Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 collapse section
  
  
  
  
  
  
  
 collapse section
  
མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousམཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།next

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།


GLG012_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།ཚོགས་གཉིས་བྱེད་པོའི་མཐུ་ཡིས་ལེགས་བསྐྲུན་སྐུ་གསུམ་གོ་འཕང་ངོ་མཚར་ཡིད་འོང་མ་ལ་ཡ་ཡི་དགའ་བའི་ཚལ་ཡངས་ལས། །


GLG012_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ནས་མི་ཕྱེད་མཛའ་བའི་ཅུག་ཕྲན་དམ་པོས་རབ་བཅིངས་ཀུན་ལ་བརྩེ་ཆེན་དལ་བུར་སྤྱོད་པའི་དྲི་བཞོན་གྱིས་དྲངས་པས། །


GLG012_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་མེད་པའི་མཁྱེན་བརྩེ་ནུས་མཐུའི་དྲི་བསུང་མངར་པོར་ཕྱོགས་བྲལ་ཀུན་ཏུ་ཡང་ཡང་འཐུལ་བའི་སིམ་པའི་རེག་བྱ་ཡིས། །ལུས་ཅན་དུག་གསུམ་ཚ་གདུང་ཀུན་བཅོམ་ཕན་བདེའི་ངལ་གསོ་ཅི་ཡང་སྟེར་མཛད་རྣམ་འདྲེན་ཤཱཀྱ་སེང་གེ་རྒྱལ་གྱུར་ཅིག །གང་གི་ལྗགས་ཡངས་རབ་དཀའ་འོ་མཚོའི་རྫིང་བུའི་ངོས་སུ་ཚངས་དབྱངས་གཉིས་སྐྱེས་ལུས་དཀར་ཅན། །འབྱུང་འགྱུར་ལུང་དུ་བསྟན་པའི་གླུ་འཕྲེང་བརྗོད་དོན་ཇི་བཞིན་འཁྲུལ་མེད་ངེས་པ་སྟེར་མཛད་པའི། །ཡོད་མེད་ཆུ་གཏེར་མཐའ་ལས་ཡོངས་འདས་དཔག་ཡས་གཏིང་ཟབ་དབུ་མར་གནས་པའི་ཀླུ་དབང་ཆེ། །སྲིད་སྒྲུབ་མདའ་ལྟར་རིགས་པའི་རྩལ་གྱིས་ལོག་སྨྲ་ཀུན་འཇོམས་ཤིང་རྟ་ཆེན་པོ་ཕྱག་གི་ཡུལ། །ཆོས་རྣམས་རང་བཞིན་གྲུབ་པར་ཞེན་བློའི་མི་སྡུག་ར་རིའི་དྲི་མ་སྤངས། །ཐ་


GLG012_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་བྱ་བྱེད་འཐད་པའི་བཞིན་རས་ཟླ་བ་ལྟ་བུར་དཀར་མཛེས་ཅན། །རྣམ་དག་རིགས་པའི་མིག་དཀྱུས་ཆེས་ཕྲ་ཁུངས་ལྡན་ལུང་གི་ལན་མཚར་གཡོ། ལེགས་བཤད་གླུ་ཡིས་དཔྱོད་ལྡན་ཁེངས་འཕྲོག་གྲགས་པ་དོན་ལྡན་ཁྱོད་མིན་སུ། །གསུང་རབ་རིན་ཆེན་བྱེ་བའི་འབྱུང་ཁུངས་དབུས་འགྱུར་འཆང་གི་གྲོང་ཁྱེར་ནས། །ཀླུ་སྒྲུབ་ཞལ་ལུང་གཅིག་ཏུ་རབ་བསྡུས་མ་རྨད་ནོར་བུ་བཻཌཱུཪྱ། །རྣམ་དཔྱོད་ཤིང་རྟས་ཕྱོགས་འདིར་འདྲེན་པའི་བླ་མེད་སྙིང་སྟོབས་གྱད་ཀྱི་རིགས། །སྐད་གཉིས་སྨྲ་བ་རྒྱུ་སྐར་དབུས་སུ་ཉི་མ་ལྟར་གྲགས་འཇིག་རྟེན་མིག །བློ་གྲོས་ཟེར་གྱིས་གསུང་རབ་ཆུ་སྐྱེས་ཕལ་ཆེར་འབྱེད་པར་ཆེས་རློམ་སྔོན་བྱོན་མཁས་མཆོག་རྟ་བདུན་པས། །ཆེས་ཕྲ་དངོས་བསྟན་སྟོང་ཉིད་རིམ་པའི་བ་ཀུ་ལ་ཡི་འདབ་མ་ཅུང་ཟད་འཛུམ་པའི་མཐུས་དམན་ཚེ། །ཕུལ་བྱུང་འཇམ་མགོན་གཞོན་ནུའི་མཁྱེན་བཟང་གཡོན་མིག་འགྲམ་པའི་ཆང་གིས་ཡོངས་སུ་རྫོགས་པར་ཕྱེ་བ་ཡིས། །སྙན་གྲགས་སྲིད་པའི་རྩེ་མོར་འཕྱུར་བའི་རྒྱལ་བའི་ཏོག་གྱུར་ཀུན་མཁྱེན་ཙོང་ཁ་བ་ལ་གུས་ཕྱག་འཚལ། །འཇམ་དབྱངས་མཁྱེན་པའི་རིན་ཆེན་ཤེལ་གྱི་ཆ་ཤས་ལས་གྲུབ་རྣམ་དཔྱོད་མེ་ལོང་གསར་པའི་ནང་། ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་གྱི་གཟུགས་བརྙན་མ་ལུས་འགོག་པ་མེད་པར་རྟག་འཆར་བའི། །གསུང་རབ་རྒྱ་མཚོའི་སྒྱུ་འཕྲུལ་དྲ་བའི་གར་མཁན་མ་ལ་གཅིག་ཏུ་གཟིགས་མོར་མཚར་བ་ཡི། ཆོས་ཀུན་གནས་ལུགས་རྗེན་པར་སྟོན་མཁས་དཀོན་མཆོག་ཆོས་འཕེལ་མཁས་མང་ཡོངས་ཀྱི་གཙུག་ན་མཛེས། །སྲིད་འདིར་


GLG012_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་དཀོན་སྟོང་པ་ཉིད་ཀྱི་ང་རོའི་དབྱངས། །འཁྲུལ་མེད་འཕགས་མཆོག་ཀླུ་སྒྲུབ་དགོངས་དོན་མགྲིན་པ་ནས། །ལེན་མཁས་ཐལ་འགྱུར་ཆོས་ཚུལ་འཕེལ་བའི་མཛད་པ་ཅན། །བཤེས་གཉེན་ཁྱོད་ནི་ཟླ་གྲགས་གཉིས་པར་ད་གདོད་འཁུམས། །ཡིད་བཞིན་ནོར་ལྟར་རབ་དཀོན་རིན་ཐང་གི །མཆོག་ཏུ་རྣམ་པར་ཆེ་བའི་ལེགས་བཤད་རྣམས། །ཆོས་ཀུན་གནས་ལུགས་རྟོགས་པར་འཆད་མཁས་པའི། །བློ་གྲོས་འཕེལ་མཛད་ཡོངས་འཛིན་བླ་མ་རྒྱལ། །བློ་དང་བརྩོན་པ་རབ་ཞན་ལྕགས་ཀྱི་ཁམས། །སྨྲ་བའི་དབང་ཕྱུག་འགྲུབ་པའི་ཐབས་ཤེས་རྩིས། །མང་ཐོས་གསེར་དུ་བསྒྱུར་ཚེ་བདག་འདྲ་ཡི། །རྨོངས་རྣམས་ཁྱོད་ཀྱི་བཀའ་དྲིན་ཕ་མཐའ་ཡས། མཁས་གྲགས་ལོ་འདབ་ཕང་ཕུང་གཡོ་དཀའ་ཡང་། །གཞུང་དོན་འབྲས་བུ་སྨིན་ལ་མ་རྡུགས་ཙམ། །རིགས་ལམ་སྨྲ་བའི་ཁྲོད་དུ་གནས་པའི་ཚེ། །བྱ་རོག་ལུས་དཀར་མིན་འདི་ཁྱོད་ཀྱི་དྲིན། །ཞི་གནས་ཅུང་ཟད་འབྱམས་པའི་ཉམས་མྱོང་དང་། །ཕྲ་མོའི་ཡིག་ཆུང་དག་ལ་ལྟོས་མིན་པར། །ཟླ་གྲགས་གཞུང་དོན་བཤད་ཚེ་དབུ་མ་པའི། །ལྟ་བ་ཞར་གྱིས་ཤེས་འདི་མཁས་པའི་ལུགས། །རྣམ་དཔྱོད་ལུང་དང་རིགས་པའི་འདབ་གཤོག་གིས །ཡང་དག་ལྟ་བའི་མཁའ་ལ་བགྲོད་པའི་ཚེ། །སེམས་གནས་འདབ་གཤོག་ཆུང་ངུས་བགྲོད་འདོད་པའི། །བླུན་སྒོམ་ཕ་ཝང་ལོག་པའི་མཚོ་ལ་ལྷུང་། །སྦས་དོན་མངོན་རྟོགས་རིན་ཆེན་སྣ་བདུན་སྟོང་ཉིད་གསེར་འཁོར་རྩིབས་སྟོང་ལྡན། སྒྲ་ཚད་དཔུང་ཚོགས་རྣམ་བཞིས་ཡོངས་


GLG012_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བཟོ་གསོའི་རྫོགས་ལྡན་དགའ་སྟོན་ཅན། །སྙན་ངག་སྡེབ་སྦྱོར་མངོན་བརྗོད་ཟློས་གར་འདོད་དགུར་སྤྱོད་ལ་ཆེས་དབང་བའི། །དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རིས་སུ་སོན་པའི་གཟི་བྱིན་གྱིས། །མཁས་རློམ་ཉི་འོག་རྒྱལ་ཕྲན་ཁེངས་པ་དང་། །བསྟན་བཅོས་ཨེ་རཎྜ་ཡི་སྙིང་པོ་ལྟར། །གྱུར་ཚེ་ཚིག་འགྲེལ་སྤྱི་དོན་མཐའ་དཔྱོད་ཀྱི། །གང་བུའི་ཁུར་ལྡན་རྣམ་བཤད་འདི་ན་བསྐྲུན། ཁུང་བུར་བདེ་བའི་ཉམས་ལྡན་དུག་སྦྲུལ་ལྟར། །སྟོབས་འབྱོར་ནོར་གྱིས་གཏན་བདེར་མངོན་རློམ་ལ། །བཤད་ཀྱང་དབྱར་སྐྱེས་ལྗང་པ་གཞོན་ནུ་ཡིས། །གཅན་གཟན་རྣམས་ཀྱི་ཁ་ཟས་ག་ལ་རུང་། །སྙིང་ནས་ངེས་འབྱུང་བསམ་པས་རྒྱུད་བསྐུལ་ཞིང་། །བྱང་གྲོལ་དོན་དུ་གཉེར་བའི་སྐྱེས་བུ་རྣམས། །འཛམ་གླིང་རིན་ཆེན་གསེར་གྱིས་བཀང་བ་ལས། །ལེགས་བཤད་འདི་ལྷག་སྒྲ་འཛིན་ལེགས་པར་ཉོན། །ཅེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། འོ་སྐོལ་གྱི་སྟོན་པ་སྤངས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་རྒྱལ་བ་ཟས་གཙང་གི་སྲས་པོ་ཞེས་འགྲོ་བ་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་དེ་ཉིད་ཀྱིས། གྲངས་མེད་པའི་གདུལ་བྱའི་ཁམས་དང་། བསམ་པ་དང་། བག་ལ་ཉལ་གཟིགས་པའི་སྒོ་ནས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་ཕུང་པོའང་གྲངས་དེ་སྙེད་དུ་བཀའ་སྩལ་པའི་ནང་ནས་མཆོག་ཏུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ཡིན་ལ། དེ་ལ་ཡང་དངོས་བསྟན་


GLG012_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ལས། དང་པོ་ནི། རྟོགས་དཀའ་ཞིང་མ་རྟོགས་ན་འཁོར་བ་ལས་མི་གྲོལ་བས། རྒྱལ་བས་ཐབས་དུ་མའི་སྒོ་ནས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་འདི་ཉིད་ཀྱི་དོན་རྟོགས་པའི་ཐབས་གཙོ་བོར་མཛད་པའི་རྒྱུ་མཚན་གྱིས། མགོན་པོ་ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་དང་། བཞི་བརྒྱ་པ་ལས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར་ན། ཚུལ་འདི་འཁྲུལ་པ་མེད་པར་སྟོན་པའི་ཤིང་རྟ་ཆེན་པོ་ཡབ་སྲས་གཉིས་ཀྱི་དགོངས་པ་གསལ་བར་མཛད་པའི་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་འཇུག་བྱ་རྩ་བ་ཤེས་རབ་ཀྱི་དགོངས་འགྲེལ་དུ་མཛད་པའི་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་འདི་ཉིད། བསིལ་ལྡན་ཁ་བས་བསྐོར་བའི་ལྗོངས་འདིར་འགྲེལ་བྱེད་གཞན་ལ་མ་ལྟོས་པར། བླ་མ་འཇམ་དཔལ་དབྱངས་ལ་དངོས་སུ་ཆོས་གསན་ཏེ། དངོས་བསྟན་སྟོང་པ་ཉིད་ཀྱི་སྒྲ་དབྱངས་སྲིད་རྩེའི་བར་དུ་སྒྲོགས་པའི་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བཞེད་པ་ལྟར། ཚིག་དོན། སྤྱི་དོན། མཐའ་དཔྱོད་གསུམ་གྱི་སྒོ་ནས་གཏན་ལ་འབེབས་པ་ནི། གཞུང་ལུགས་ཀྱི་ཚུལ་འདི་དག་ལ་ཐོས་བསམ་མ་བྱས་པ་དང་། བྱེད་པར་རློམ་ཡང་མ་ཤེས་པར་མུན་ཁུང་སྐྱབས་སུ་འཛིན་པའི་སྦྱོར་བས་མཐོན་པོའི་ཁྲི་དང་། འཁོར་གཡོག་གི་འདུ་འགོད་ཙམ་ལྷུར་
ལེན་པ་ལ་སྙིང་པོ་མེད་པར་མཐོང་ནས། ཡོངས་འཛིན་བླ་མའི་དྲུང་དུ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་སྦྱངས་པའི་དོན་ལེགས་པར་གྲུབ་བོ་སྙམ་པའི་ཡིད་དགའ་བ་དང་བཅས་ཏེ་བརྗོད་པར་བྱའོ།།


previousམཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།next