Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་བཤད་པ།next

ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་བཤད་པ།


GLG013_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་བཤད་པ། གསུམ་པ་རྣམ་མཁྱེན་གྱིས་ཆོས་འཁོར་བསྐོར་བའི་བདག་རྐྱེན་བྱེད་པའི་ཡོན་ཏན་དང་ལྡན་ཚུལ་ནི། ཤེས་བྱ་ཆོས་ཅན། ཆོས་འཁོར་བསྐོར་བ་པོའི་གང་ཟག་ཡོད་དེ། སངས་རྒྱས་སྒོ་གསུམ་མི་མཐུན་པ་ལས་ཡང་དག་པར་བསྡམས་པའི་སྐུ་ཅན་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཅན་ཉན་རང་དག་ལས་གོང་ན་མེད་པའི་དབང་ཕྱུག་ཕུན་ཚོགས་མངའ་ཞིང་། དེ་དག་ལ་བཀས་མངའ་བསྒྱུར་བས་ན་གཙོ་བོ་རྣམས་ཀྱིས་བསྐོར་བའི་ཕྱིར། བཅོམ་ལྡན་འདས་ཆོས་ཅན། ཁྱོད་ཀྱིས་ཐབས་གང་ལ་བརྟེན་ནས་བསྐོར་བ་ཡོད་དེ། ཆོས་རྣམས་ཀྱི་རྒྱུ་འབྲས་ངོ་བོའི་རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་རྣམ་མཁྱེན་གང་དང་ལྡན་ན་སྟེ། དེ་ལ་བརྟེན་ནས་བསྐོར་བའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་འབྲས་བུ་ཆོས་འཁོར་གང་བསྐོར་བ་ཡོད་དེ། གདུལ་བྱ་རྣམས་ཀྱི་ཉོན་མོངས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་རང་བཞིན་གྱི་ཆོས་ཀྱི་འཁོར་ལོ་མ་ལུས་པར་བརྗོད་བྱ་ཐབས་ཀྱི་རྣམ་པ་ཡོངས་སུ་རྫོགས་པའི་རྣམ་པ་ཐམས་ཅད་བསྐོར་བར་མཛད་པའི་ཕྱིར།


GLG013_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རང་གི་མི་མཐུན་ཕྱོགས་འཇོམས་ནུས་ཀྱི་ཡོན་ཏན་དེ་ཆོས་འཁོར་གྱི་མཚན་ཉིད་ཟེར་ན། རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། རྟོགས་པའི་ཆོས་འཁོར་ཡིན་པའི་ཕྱིར། དེར་ཐལ། ལམ་ཞུགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་མི་མཐུན་ཕྱོགས་ཡོད་པར་ཐལ། ཁྱོད་དེ་འཇོམས་ནུས་ཡིན་པའི་ཕྱིར། ཁ་ཅིག །ལུང་རྟོགས་གང་རུང་གིས་བསྡུས་པའི་དམ་ཆོས་དེའི་མཚན་ཉིད་ཟེར་ན། ཉི་ཁྲི་སྣང་བ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བསྟན་བཅོས་རྣམ་དག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལུང་གི་ཆོས་འཁོར་ཡིན་པར་ཐལ། ཆོས་འཁོར་གང་ཞིག །ཅིག་ཤོས་མ་ཡིན་པའི་ཕྱིར། འདོད་ན། བཀའ་ཡིན་པར་ཐལ་ལོ། །གཞན་ཡང་འཕགས་པ་གྲོལ་སྡེ་དེ་ཆོས་འཁོར་བསྐོར་བ་པོའི་གང་ཟག་ཡིན་པར་ཐལ། ཉི་ཁྲི་སྣང་བ་ལུང་གི་ཆོས་འཁོར་ཡིན་པའི་ཕྱིར། འདོད་ན། དེ་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བ་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གདུལ་བྱ་རིགས་ཅན་གསུམ་གྱི་ཆེད་དུ་ཆོས་འཁོར་རིམ་པ་གསུམ་བསྐོར་བ་པོ་ཡིན་པར་ཐལ་ལོ། ཁ་ཅིག །བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བྱ་འཕོ་བྱེད་གང་རུང་དུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན། དེའི་མཚན་ཉིད་ཟེར་ན། རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ནམདོ་ལས། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །རོང་ཊཱིཀ་པ་ན་


GLG013_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རེ། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག །རང་གི་མི་མཐུན་ཕྱོགས་གཅོད་པར་བྱེད་པ་དེ་དེའི་མཚན་ཉིད་ཟེར་ན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་དེར་ཐལ། སྟོན་པས་གསུངས་པ་གང་ཞིག །དམ་ཆོས་ཡིན་པའི་ཕྱིར། དང་པོ་དེར་ཐལ། སྟོན་པས་དེ་གསུངས་པའི་ཕྱིར། མ་གྲུབ་ན། སྟོན་པས་བརྗོད་བྱ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གསུངས་པར་ཐལ། དེས་རྗོད་བྱེད་འདུལ་བའི་སྡེ་སྣོད་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། དེས་སྒྲིབ་པ་སྤོང་ནུས་པའི་ཕྱིར་ཏེ། དེ་ཉམས་སུ་བླངས་པས་ལེན་པ་པོའི་སྒྲིབ་པ་སྤོང་ནུས་པའི་ཕྱིར། རྩ་བར་འདོད་ན། རྟོགས་པའི་ཆོས་འཁོར་ཡིན་པར་ཐལ། གང་རུང་གང་ཞིག །ཅིག་ཤོས་མ་ཡིན་པའི་ཕྱིར། འདོད་ན། ལམ་ཞུགས་ཀྱི་མཁྱེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། ཁ་ཅིག །བཀའ་དང་ལམ་ཞུགས་ཀྱི་སྤངས་རྟོགས་གང་རུང་གིས་བསྡུས་པའི་དམ་ཆོས་དེའི་མཚན་ཉིད་ཟེར་ན། འགོག་བདེན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ལམ་ཞུགས་ཀྱི་སྤངས་པས་བསྡུས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྟག་པ་ཡིན་པའི་ཕྱིར། ཁ་ཅིག །སྟོན་པས་ཆོས་འཁོར་གསུམ་པོ་རིམ་ཅན་དུ་བསྐོར་ཟེར་ན། མི་འཐད་པར་ཐལ། དེས་དེ་ཅིག་ཅར་དུ་བསྐོར་བའི་ཕྱིར། དེར་ཐལ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང་དུས་མཉམ་དུ་གསུངས་པའི་བཀའ་ཐ་མ་ལེགས་པར་ཕྱེ་བའི་ཆོས་འཁོར་ཡོད་པའི་ཕྱིར། མ་གྲུབ་ན། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཡིན་ན། དུས་ཐ་མར་གསུངས་པའི་མདོ་


GLG013_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ཁྱབ་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། འཁོར་ལོ་གསུམ་སྟོན་པའི་སྐུ་ཚེའི་ཚིགས་ཀྱི་སྒོ་ནས་འཇོག་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དྲང་ངེས་རྣམ་འབྱེད་ལས། དགོངས་འགྲེལ་ལས། འཁོར་ལོ་རིམ་པ་གསུམ་གསུངས་པའི་འཁོར་གྱི་འདུ་ཐེབས་དང་། སྟོན་པའི་སྐུ་ཚེའི་ཚིགས་ལ་སོགས་པས་འཇོག་པ་མིན་གྱི། ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང་། སྟོན་པས་ཡུལ་ཝཱ་ར་ཎཱ་སིར་གསུངས་པའི་བདེན་བཞིའི་ཆོས་འཁོར་དེ། སྟོན་པས་ཞིང་འདིར་ཆོས་འཁོར་བསྐོར་བའི་ཐོག་མ་ཡིན་པར་ཐལ། དེས་ཆོས་འཁོར་གསུམ་རིམ་ཅན་དུ་བསྐོར་བའི་ཕྱིར། འདོད་ན། དེ་འཚང་རྒྱ་ཚུལ་བསྟན་ནས་ཞག་ཞེ་དགུའི་བར་དུ་ཆོས་འཁོར་མ་བསྐོར་བར་བཤད་པ་དེ་སྒྲ་ཇི་བཞིན་དུ་ཁས་ལེན་རིགས་པར་ཐལ། དེ་ཆོས་འཁོར་བསྐོར་བའི་ཐོག་མ་ཡིན་པའི་ཕྱིར། འདོད་ན། གདུལ་བྱ་ལ་ཆོས་མི་སྟོན་པའི་མཆོག་གི་སྤྲུལ་སྐུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། །གཞན་ཡང་། དེས་ཆོས་འཁོར་གསུམ་ཅིག་ཅར་དུ་བསྐོར་བར་ཐལ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཀོའུ་དྱི་ནྱ་ལ་མིག་མི་རྟག་གོ་ཞེས་བཀའ་སྩལ་པ་དེའི་ཚེ་སྡུག་བསྔལ་གྱིས་འདུལ་བ་རྣམས་ཀྱིས་ནི་མིག་སྡུག་བསྔལ་ལོ་ཞེས་ཐོས་སོ། །བདག་མེད་པས་འདུལ་བ་རྣམས་ཀྱིས་ནི་མི་བདག་མེད་དོ་ཞེས་ཐོས་སོ། །སྟོང་པ་ཉིད་ཀྱིས་འདུལ་བ་རྣམས་ཀྱིས་ནི་མིག་སྟོང་པ་ཉིད་དོ་ཞེས་ཐོས་སོ། །ཞི་བས་འདུལ་བ་རྣམས་ཀྱིས་ནི་མིག་ཞི་བའོ་ཞེས་ཐོས་སོ། །དབེན་པས་འདུལ་བ་རྣམས་ཀྱིས་ནི་མིག་དབེན་པའོ་ཞེས་ཐོས་སོ། །མི་རྟག་པས་འདུལ་བ་རྣམས་ཀྱིས་ནི་མིག་མི་རྟག་གོ་ཞེས་


GLG013_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་སོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་སྟོན་པས་མཛད་པ་བཅུ་གཉིས་ཀྱི་ཚུལ་ཅིག་ཅར་དུ་བསྟན་པར་ཐལ། དེས་ཆོས་འཁོར་གསུམ་ཅིག་ཅར་དུ་བསྐོར་བའི་ཕྱིར། འདོད་ན། སྟོན་པས་ཁྱིམ་ན་བཞུགས་པའི་མཛད་པ་དང་རབ་ཏུ་བྱུང་བའི་མཛད་པ་གཉིས་ཅིག་ཅར་དུ་མཛད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱིམ་པ་དང་རབ་བྱུང་གི་གཞི་མཐུན་ཡོད་པར་ཐལ་ལོ། །ཟེར་ན་མ་ཁྱབ། ཁ་ཅིག །ཆོས་འཁོར་ཅིག་ཅར་དུ་བསྐོར་བའི་དོན་ལ་ཝཱ་ར་ཎཱ་སིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གསུངས་པའི་མཛད་པ་དང་། བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་གསུངས་པའི་མཛད་པ་ཅིག་ཅར་དུ་བསྟན་པ་ཡིན་ཏེ། སྟོན་པས་སྤྲུལ་པ་མི་འདྲ་བ་དུ་མ་ཅིག་ཅར་དུ་བསྟན་པའི་ཕྱིར་ཟེར་ན། སྟོན་པས་ཆོས་འཁོར་ཐམས་ཅད་ཅིག་ཅར་དུ་བསྐོར་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། འདུལ་བ་ལུང་སྡེ་བཞི་ཅིག་ཅར་དུ་གསུངས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོན་ཆོག་དང་ད་ཆོག་གཉིས་ཅིག་ཅར་དུ་བཅས་པར་ཐལ་ལོ། །འདོད་མི་ནུས་སོ། །གཉིས་པ་རང་ལུགས་ནི། སངས་རྒྱས་ཀྱི་བཀའ་དང་ལམ་ཞུགས་ཀྱི་མཁྱེན་པ་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་དེ་ཆོས་འཁོར་གྱི་མཚན་ཉིད། དེ་ལ་ལུང་རྟོགས་གཉིས་ལས། སངས་རྒྱས་ཀྱི་བཀས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་སྔ་མའི་མཚན་ཉིད། ལམ་ཞུགས་ཀྱི་མཁྱེན་པས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་ཕྱི་མའི་མཚན་ཉིད། དང་པོ་ལ། རྒྱས་པར་ཕྱེ་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་། གཉིས་པ་ལ་ལམ་ལྔ་གསུམ་བཅོ་ལྔ་སོགས་ཡོད། ཆོས་ཕུང་གི་ཚད་ནི་གླང་པོ་ཆེ་ས་ལ་རབ་བརྟན་གྱིས་ཇི་ཙམ་ཁུར་བར་འོས་པའི་


GLG013_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཆོས་ཀྱི་ཕུང་པོ་གཅིག་འབྲི་བར་ནུས་ཏེ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་ཚིག་གསལ་ལས། ཐེག་པ་བླ་ན་མེད་པའི་དབང་དུ་བྱས་ཏེ་དབང་པོའི་གླང་པོ་ཆེ་རབ་བརྟན་གྱིས་ཇི་ཙམ་ཁུར་བར་འོས་པའི་སྣག་ཚས་ཆོས་ཀྱི་ཕུང་པོ་གཅིག་འབྲི་བར་ནུས་སོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་འཛམ་གླིང་འདིར་གསུང་རབ་དེ་ཙམ་མེད་པ་ཅི་ཡིན་སྙམ་ན། ཕལ་ཆེར་ནི་ཀླུ་ཡུལ་ན་བཞུགས་ཏེ། སློབ་སྤྲིངས་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུས་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་བྱེད། །ཅེས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤོང་པ་ལ། ཁོ་ན་རེ། མངོན་རྟོགས་རྒྱན་ཆོས་ཅན། རང་ལུགས་ཀྱི་ཆོས་འཁོར་གྱི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དོན་མངོན་པར་རྟོགས་པ་བརྒྱད་པོ་རྟོགས་པའི་ཆོས་འཁོར་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །མངོན་རྟོགས་རྒྱན་ཆོས་ཅན། སྟོན་པས་གསུངས་པའི་དམ་ཆོས་ཡིན་པར་ཐལ། དེས་ལུང་ལས་གསུངས་པའི་དམ་ཆོས་ཡིན་པའི་ཕྱིར་ན་མ་ཁྱབ། དེར་ཐལ། སྟོན་པའི་ལུང་གི་བརྗོད་བྱར་གྱུར་པའི་དམ་ཆོས་ཡིན་པའི་ཕྱིར། ཁ་ཅིག །བསྟན་བཅོས་རྣམ་དག་ཡིན་ན་ལུང་གི་ཆོས་འཁོར་ཡིན་པས་ཁྱབ་པར་ཐལ། རྟོགས་པའི་བསྟན་པ་ཡིན་ན་རྟོགས་པའི་ཆོས་འཁོར་ཡིན་པས་ཁྱབ་པའི་ཕྱིར། ཟེར་ན། ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་བསླབ་པ་གསུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། སྦྱིར་བསླབ་པ་གསུམ་རྟོགས་པའི་བསྟན་པ་
ཡིན་པའི་ཕྱིར། དེར་ཐལ། མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་གསུངས་པའི་ཕྱིར། ཁ་ཅིག །འདུལ་བ་མདོ་རྩ་བ་སྟོན་པས་གསུངས་པར་ཐལ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་གསུངས་པའི་ཕྱིར་ན། འདུལ་བ་མདོ་རྩ་བ་སྟོན་པས་ཞལ་ནས་གསུངས་པར་ཐལ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་ཞལ་ནས་གསུངས་པའི་ཕྱིར། དེར་ཐལ། རྗོད་བྱེད་འདུལ་བའི་མདོ་ཞལ་ནས་གསུངས་པའི་ཕྱིར། འདོད་ན། མདོ་རྩ་སྟོན་པའི་ཞལ་ནས་གསུངས་པའི་ལུང་ཡིན་པར་ཐལ། འདོད་ན། དེ་སྟོན་པའི་ལུང་ཡིན་པར་ཐལ། འདོད་ན། དེ་སྟོན་པའི་བཀའ་ཡིན་པར་ཐལ། འདོད་མི་ནུས་སོ། །གཉིས་པ་བསྡུས་ཏེ་ཕྱག་འཚལ་བ་ནི། རྗེ་བཙུན་ཆོས་ཅན། ཁྱོད་ཀྱིས་རྒྱན་རྩོམ་པའི་ཐོག་མར་ཡུམ་ལ་ཕྱག་འཚལ་བ་ཡིན་ཏེ། དེའི་ཐོག་མར་སངས་རྒྱས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་ཡོངས་སུ་བསྐོར་བའི་བཞེད་དོན་དེ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཡུམ་དེ་ལ་འདུད་པའི་ཕྱིར།


previousཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་བཤད་པ།next