རིན་སྤུངས་པའི་སྐོར།
རིན་སྤུངས་པའི་སྐོར།དེ་ལྟར་གོང་མ་སྡེ་སྲིད་ཀྱི་བཀའ་ཁྲིམས་ཀྱི་ཤིང་རྟ་ཆེན་པོའི་ཁ་ལོ་བ་རྣམས་ལས། རིན་སྤུངས་པ་ནི། སྔོན་བོད་རྗེ་ཤ་ཁྲི་བཙན་པོའི་དུས་མ་སངས་ལ་ཁར་ཁྱེའུ་མཚན་དང་ལྡན་པ་ཞིག་བྱུང་བར་སྒེར་དཔལ་ལེགས་འོད་ནས་བཟུང་། ཕྱི་སྒེར། ནང་སྒེར། གྲུབ་ཐོབ་ཀྱི་སྒེར་(༩༠བ)
དང་གསུམ་ལས། རིམ་བཞིན་མི་རབས་ཉེར་ལྔ་པ་ན་ནང་སྒེར་རལ་པ་འཛིན་གྱིས་གྲུ་གུའི་ཡུལ་ནས་གཟིངས་བདུན་གྱིས་རིན་པོ་ཆེ་གཡུའི་ཟོང་དྲངས། ཁྲག་གི་ལུས་ལ་མགོ་ལྔ་པ་འབྲུག་གི་སྐད་འབྱིན་པ་ཞིག་རིག་སྔགས་ཀྱིས་བཏུལ་པས་ནུས་མཐུ་ཆེ་བར་གྲགས་ཤིང་ཕྱག་ན་པདྨ་མི་རྗེའི་ཚུལ་བཟུང་བ་སྲོང་བཙན་སྒམ་པོའི་ནང་བློན་མཛད། དེ་ཉིད་ཀྱི་བརྒྱུད་ལས་བློ་གྲོས་ཀྱི་རྩལ་ལྡན་ཟླ་བ་རྒྱལ་མཚན་གྱིས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཆོས་བློན་དུ་གྱུར་པ་ནས་བཟུང་མི་རབས་ཉི་ཤུའི་མཐར། སྒེར་ཤཱཀྱ་འབུམ་གྱི་སྲས་ནམ་མཁའ་རྒྱལ་མཚན་གྱིས་གོང་མ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས་གཞིས་ཀ་རིན་སྤུངས་ཀྱི་རྫོང་དཔོན། ཆུ་མིག་གི་ཁྲི་དཔོན་དཔལ་ལྡན་ས་སྐྱའི་ལྷ་ཁང་ཆེན་མོའི་དཔོན་ཆེན་དུ་བསྐོས། དེའི་སྲས་ནམ་མཁའ་རྒྱལ་པོ་ན་ཚོད་ཕྲ་མོ་ནས་ལུགས་གཉིས་ཀྱི་མཁྱེན་པའི་སྤྱན་མཆོག་ཏུ་ཡངས། དེའི་སྲས་ནོར་བུ་བཟང་པོས་གོང་མའི་ཞབས་ལ་གཏུགས་ཤིང་། ཡབ་མེས་དུས་ཀྱི་རྫོང་སྡོད་ཁྲི་དཔོན་རྣམས་ཀྱི་འཇའ་ས་གནང་། དཔུང་གི་སྦྱོར་བས་རྟ་གཡག་གི་རྫོང་དང་། ལྕགས་ཐག་མགོ་སྦྲེལ་དུ་གྲགས་པའི་རྒྱལ་ཕྲན་མང་པོའི་མངའ་འབངས་རྣམས་བླངས། ཉང་སྨད་བསམ་འགྲུབ་རྩེའི་རྫོང་དཔོན་མཛད། གཏེར་སྟོན་ཀུན་སྐྱོང་གླིང་པས། བསྟན་མ་གསོལ་ཞིང་རྗེ་ཡི་མགུར་ལྷ་མཆོད། །མི་རབས་བཅུ་གསུམ་བར་དུ་མི་རབས་བརྟན། །ཞེས་པའི་ལུང་བསྟན་བཟང་པོ་མཛད། དེ་ནས་རོང་བྱམས་ཆེན་གྱི་ཆོས་སྡེ་བཏབ། དགེ་འདུན་རྣམས་ལ་དབྱར་དགུན་དཔྱིད་ཆོས་ཀྱི་ཕོགས་སོགས་མཐུན་རྐྱེན་གྱི་ནོམས་པ་སྦྱར། སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས་པར་པཎ་ཆེན་ནགས་ཀྱི་རིན་ཅེན་གྱིས་མེ་ཏོག་(༩༡ན)
གཏོར། བྲག་དམར་ཆོས་སྡེ་རྙིང་པའི་འདབས་སུ་སྤྱིལ་པོ་བརྒྱ་ལྷག་ཙམ་བརྩིགས་ཏེ་ཐོས་བསམ་སྒོམ་པ་ཚུལ་བཞིན་དུ་བྱེད་པའི་འདུས་གྲ་བཙུགས། མདོར་ན་རིས་མེད་པའི་གྲུབ་པའི་མཐའ་ཐམས་ཅད་ལ་བསྙེན་བཀུར་བླ་ན་མེད་པ་མཛད་པས་མངོན་པར་མཐོ། ཆོས་རྗེ་བསོད་གྲགས་པས། ཆོས་རྗེ་ངོར་ཆེན་པས་རིན་སྤུངས་ནོར་བཟང་པ་ལ། རྗེ་དགེ་འདུན་གྲུབ་ཀྱིས་དགོན་པ་འདེབས་པ་འགོག་དགོས་ཚུལ་གསུངས་པ་ནི་ངག་རྒྱུན་མ་དག་པའི་འཆལ་གཏམ་ཞིག་བྲིས་པར་སྣང་སྟེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་འདེབས་སྐབས། བསམ་འགྲུབ་རྩེའི་རྫོང་དཔོན་འཕྱོང་རྒྱས་པ་ཧོར་དཔལ་འབྱོར་བཟང་པོ་ཡིན་ཞིང་། འདི་ཉིད་ཀྱིས་རྗེ་དགེ་འདུན་གྲུབ་ཀྱི་སྦྱིན་བདག་གི་མཐིིལ་མཛད་པར་མིང་ཙམ་གྱི་མཁས་པ་མ་ཡིན་པའི་གྲགས་པ་དོན་དང་མཐུན་པའི་པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བས་མཛད་པའི་ཡར་རྒྱབ་ཀྱི་གདུང་རབས་ན་གསལ་བར་གསུངས་སོ། །རིན་སྤུངས་ནོར་བཟང་པའི་སྲས་ཨུ་པ་སི་ཀ །ཀུན་བཟང་པ། དོན་གྲུབ་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཤཱཀྱ་རྒྱལ་མཚན་དང་ལྔ་ལས། དཔོན་ཆུང་ངུ་ནས་གྲོངས །ཀུན་བཟང་པས་དབང་གྲགས་པ་འབྱུང་གནས་སྐུ་མཆེད་ཀྱི་ཞབས་ལ་གཏུགས། ཡབ་མེས་ཀྱི་འཇའ་ས་ལས་ཀ་གནང་སྟེ་རིན་སྤུངས་ཀྱི་རྫོང་དཔོན་མཛད། དཔལ་ལྡན་ས་སྐྱ་པའི་རང་ལུགས་པ་ཀུན་མཁྱེན་སངས་རྒྱས་འཕེལ་དང་གོ་རམས་བསོད་ནམས་སེང་གེ་དང་མཆོད་ཡོན་དུ་འབྲེལ་ཏེ་འབྲས་ཡུལ་སྐྱེད་མོས་ཚལ་གྱི་བཤད་གྲྭ་བཙུགས་ཤིང་། རྟ་ནག་ཐུབ་བསྟན་རྣམ་རྒྱལ་གྱི་དགོན་པ་འདེབས་པའི་མཐུན་རྐྱེན་མཛད། དོན་གྲུབ་རྡོ་རྗེས་གཞིས་ཀ་(༩༡བ)
བསམ་འགྲུབ་རྩེའི་རྫོང་དཔོན་གྱི་ལས་ཀ་བཟུང་། མ་སངས་མཚོ་སྐྱེས་རྡོ་རྗེས་ཡར་ཀླུངས་མཁར་ཐོག་གི་རྫོང་བཟུང་ཞིང་སྤྱན་སྔ་དཔལ་ངག་གི་དབང་ཕྱུག་གཤེགས་རྗེས་གདུང་བརྒྱུད་སྐུ་ན་ཆེས་ཕྲ་བས། ཕོ་བྲང་སྣེའུ་གདོང་རྩེར་དཔོན་ཚབ་ཀྱི་ཐེལ་གཏོང་མཛད། ཤཱཀྱ་རྒྱལ་མཚན་གྱིས་ཉང་ཁོག་གི་རྫོང་གཞིས་སུ་བཞུགས་ནས་བདག་པོ་རྒྱལ་མཁར་རྩེ་པ་གཙེར་བ་སོགས་དགྲ་ཐབས་ཀྱི་བྱ་བ་ལ་མཁས་པར་གྲགས། ཀུན་བཟང་པ་ལ་སྲས་རྡོ་རྗེ་ཚེ་བརྟན་དང་། དོན་ཡོད་རྡོ་རྗེ་གཉིས་ལས། དོན་ཡོད་རྡོ་རྗེས་རྫོང་ཆེན་གཉིས་ཀྱི་ལས་ཀས་མཐོ་བ་དང་བཅས་དབུས་ཕྱོགས་ནོར་འཛིན་གྱི་ཆར་དཔུང་གི་འཇུག་སྒོས་གཞིས་ཀ་བྲག་དཀར་དང་ཆུ་ཤུལ་ལྷུན་པོ་རྩེ་སོགས་སྣེལ་པའི་ལག་ནས་བླངས། མི་རིང་བར་འཕྱོང་རྒྱས་པ་སོགས་བློན་པོ་གཞན་རྣམས་དང་གྲོས་ཁོག་བསྟུན་པའི་སྤྱན་སྔ་ངག་གི་དབང་ཕྱུག་ཕོ་བྲང་སྣེའུ་གདོང་རྩེའི་ཁྲིར་མངའ་གསོལ་བའི་བྱེད་པོ་མཛད། ལ་སྟོད་དང་ལྷོ་རྒྱུད་ཕྱོགས་སུ་དམག་ལན་ཁ་ཡར་མཛད་པ་རྣམས་རྒྱལ་ཞིང་། དེ་རྗེས་སྤྱན་སྔ་གོང་མ་སྐུ་གཤེགས། གདུང་བརྒྱུད་རིན་པོ་ཆེ་ནར་མ་སོན་པའི་བར་དུ་བག་ཡངས་པ་དང་། ཁྱད་པར་ལྟ་གྲུབ་ཀྱི་ཀུན་སློང་དྲག་པོ་སྙིང་ལ་གཟེར་བའི་འགྲོ་བའི་འདྲེན་པར་རློམ་པ་མེ་ཏོག་མདའ་ཅན་གྱི་ཞགས་པས་བཅིངས་པ་འགའ་ཞིག་གིས་ཡིད་རྣམ་པར་བསྐྱོད་པ་ལ་བརྟེན་ནས་སྐྱིད་ཤོད་ཕྱོགས་སུ་དཔུང་འཇུག་བྱས་པར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་མཁས་ཤིང་གྲུབ་པའི་དབང་ཕྱུག་ཀུན་མཁྱེན་སྨོན་ལམ་དཔལ་བས་མགོན་པོ་ཕྱག་དྲུག་པའི་གཏོར་ཆེན་གྱི་ལས་སྦྱོར་མཛད་པར་བརྟེན། དམག་ལན་གཉིས་རྐྱེན་གཞན་གྱི་དབང་གིས་ཕྱིར་བཟློག་དགོས་པ་བྱུང་། སླར་ཀུན་(༩༢ན)
མཁྱེན་སྨོན་ལམ་དཔལ་བ་སྐུ་གཤེགས་པའི་གཏམ་བྱུང་རྗེས་དམག་གི་འཇུག་སྒོ་བྱས་པ་དང་། དགའ་ལྡན་པ་ནམ་མཁའ་རྒྱལ་པོ་ངོ་བལྟས་པ་སོགས་ཀྱིས་སྡེ་གཟར་ཆབས་སུ་བརྒྱུགས་ཏེ་གཞིས་ཀ་སྣེའུ་རྩིས་ལེན་པ་སོགས་མཛད་འོན་ཀྱང་གོང་མ་ཆེན་པོ་སྣེའུ་གདོང་རྩེའི་ཁྲི་ཐོག་ཏུ་གདན་འདྲེན་པར་བློན་པོ་གཞན་རྣམས་ཀྱི་གྲོགས་སུ་འགྱུར་བའི་མཛད་པས་ངོ་ཚ་ཁྲེལ་ཡོད་ཀྱི་གོས་དང་ལྡན། ཞྭ་དམར་ཆོས་ཀྱི་གྲགས་པ་དང་མཆོད་ཡོན་བཀའ་བགྲོས་ནས་ཡངས་པ་ཅན་གྱི་གཙུག་ལག་ཁང་སྡེ་དང་བཅས་པ་འཛུགས་པའི་མཐུན་རྐྱེན་མཛད། རྗེ་དྲུང་ཆོས་གྲགས་རྒྱ་མཚོའི་བཞེད་པ་ལྟར་ལྷ་ལྡན་ཉེ་འདབས་སུ་དགོན་པ་བཏབ་ནའང་། ལས་འབྲས་ཀྱི་ཤུགས་འདི་གང་གིས་ཀྱང་དགག་པར་མ་ནུས་པས་ཡུན་དུ་མ་གནས། མཚོ་སྐྱེས་རྡོ་རྗེའི་སྲས་ངག་དབང་རྣམ་རྒྱལ་གོང་མ་སྤྱན་སྔའི་ཞབས་ལ་གཏུགས་ནས་རྫོང་དཔོན་གྱི་ལས་ཀ་བླངས། རིག་གནས་ཆུང་བ་ལྔ་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་སོགས་ལ་བློ་གྲོས་ཀྱི་འཇུག་པ་གསལ་བར་ཤར། ཨེ་གཉལ་གྱི་ཕྱོགས་སུ་དམག་གི་མཛད་སྒོ་སོགས་ལ་བརྟེན། གོང་མ་ཆེན་པོའི་ཐུགས་ལ་ཕོག་པར་རྗེ་འབངས་གོ་རིམ་མ་ལོག་པའི་དགོངས་བསངས་ཁེངས་དྲེགས་ཀྱི་དབང་གིས་མ་མཛད་པར་བརྟེན། དབུས་ཕྱོགས་ཀྱི་སྣེའུ་སོགས་རྫོང་གཞིས་རྣམས་ཤོར་ཏེ་མངའ་ཐང་ཅུང་ཟད་ཉམས། འོན་ཀྱང་གཙང་ཕྱོགས་སུ་སེང་གེ་རྩེ་པ་དང་། ལ་སྟོད་ལྷོ་སོགས་འོག་ཏུ་བཅུག །བྱམས་ཆེན་གྱིས་གཙོས་པའི་གཙང་རོང་གི་ཆོས་སྡེ་རྣམས་ལ་འཚོ་རྐྱེན་སོགས་དགེ་རྒྱུན་བཟང་པོ་སྦྱར། རིན་སྤུངས་ཉིད་དུ་ཕོ་བྲང་ཆེན་པོའི་མིག་ལྟོས་ཀྱིས་གསང་བ་སྔགས་ཀྱི་དུས་རིམ་གྱི་སྲོལ་བཙུགས། དེ་ཉིད་ལ་སྲས་གསུམ་(༩༢བ)
ལས། ཆེ་བ་ཆུང་ངུ་ནས་གྲོངས། དེ་འོག་དོན་གྲུབ་ཚེ་བརྟན་རྡོ་རྗེས་སྔར་ཡབ་མེས་ཀྱི་དུས་མ་ལོན་པའི་པ་སྣམས་ལྷུན་གྲུབ་རྩེའི་རྫོང་མངའ་འབངས་དང་བཅས་པ་རང་དབང་དུ་བྱས། རྗེ་དྲུང་མི་བསྐྱོད་རྡོ་རྗེའི་གསུང་བཞིན་གསུང་རབ་གླིང་གི་དགོན་པ་བཏབ། བཀྲ་ཤིས་དཔལ་བཟང་བླ་མར་བསྟེན་ནས་ཐེག་པའི་རྩེ་མོ་ཉམས་སུ་བླངས། གཅུང་ངག་དབང་འཇིགས་གྲགས་མཁྱེན་རབ་ཀྱི་ཀློང་རྣམ་པར་ཡངས་པས་རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ་ཕྲག་གཅིག་ལ་སློབ་དཔོན་མཁས་པ་བསྟེན་ནས། རྒྱལ་པོ་པཎྜི་ཏའི་རྣམ་ཐར་བཟུང་། ཧོར་གོས་བཟང་པོའི་རྒྱུ་ལས་གྲུབ་པའི་རིགས་ལྡན་ཡོལ་བར་གྲགས་པའི་བཀོད་པས་ཁྱད་པར་དུ་འཕགས་པ་དེ་ཉིད་བཞེངས། རྗེ་ཀུན་དགའ་གྲོལ་མཆོག་པ་རབ་གནས་སུ་སྤྱན་དྲངས། དཎྜིའི་དགོངས་རྒྱན་འཇིགས་མེད་སེང་གེའི་རྒྱུད་ཀྱི་ང་རོས་ཐོག་དྲངས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་བསྟན་བཅོས་ཀྱི་རྩོམ་པ་མང་དུ་མཛད། ལུགས་གཉིས་ལ་རྣམ་དཔྱོད་ཀྱི་སྒོ་འཕར་མཆོག་ཏུ་ཡངས། འོན་ཀྱང་ཕག་ཚང་ཡོས་ལྟར་དཀྲུག་པའི་ལུང་བསྟན་ཐོག་ཏུ་བབ་པའི་མཚན་རྟགས་ཀྱིས་ཞིང་གཤག་པས་འབངས་གྱེན་ལོག་བྱས་སྐབས་སྲས་པདྨ་དཀར་པོ་བཀྲོངས་པའི་གཏམ་བྱུང་བ། རིན་ཅེན་སྤུངས་པར་དམག་འཁྲུག་དར་བ་འབྱུང་། ཞེས་པའི་དུས་སུ་མངོན། སྐུ་ཚེའི་མཇུག་ཏུ་མངའ་ཐང་ཕལ་ཆེར་ཤོར། སྲས་ཟླ་བ་བཟང་པོའི་བརྒྱུད་དེང་སང་ཡང་སྣང་ངོ་། །གོང་མའི་བློན་པོ་ཧོར་གཞོན་ནུ་བཟང་པོ་ནི། ཟ་ཧོར་གྱི་རྒྱལ་རིགས་ཏེ་གྲོང་ཁྱེར་ཤིང་ཐབས་ཅན་ན་རྒྱལ་པོ་ཤིང་རྟ་བཅུ་པ་ཞེས་བྱ་བ་བྱུང་བའི་སྲས་ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བ་བདེན་ཚིག་གི་མཐུས་མཆོད་རྟེན་བྱེ་བ་བཞེངས་པ། དེའི་སྲས་(༩༣ན)
རྒྱལ་པོ་ཛ་ཞེས་པ་སྨོན་ལམ་གྱི་མཐུས་རྡོ་རྗེ་སེམས་དཔའི་གླེགས་བམ་གྱི་ཆར་ཕོ་བྲང་གི་སྟེང་དུ་བབ་པས་མདོ་སྡེ་ཟ་མ་ཏོག་རླུང་གིས་ཁྱེར་ཏེ་ཕོ་བྲང་ཡུམ་བུ་བླ་སྒང་གི་སྟེང་དུ་བབས་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་གཉན་པོ་གསང་བར་བཏགས་ལ། དེའི་སྲས་ཟ་ཧོར་རྒྱལ་པོ་ཨིནྡྲ་བྷཱུ་ཏི་སྔགས་ལ་མོས་པས། པོ་ཏི་གཉིས་ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས་རྙེད་ཀྱང་བརྡ་མ་འཕྲོད་པས་གྲུབ་ཐོབ་ཀུ་ཀུ་རཱ་ཛ་སྤྱན་དྲངས་ཏེ་སྨིན་པར་མཛད། དེ་ལ་སྲས་མོ་གོ་མ་ད་ཝ་དང་། སྲས་ཤ་ཀྲ་གཉིས་ཀྱིས་རིག་པ་འཛིན་པའི་ས་གྲུབ་ཅིང་། དེའི་སྲས་རྒྱལ་པོ་གཙུག་ལག་འཛིན་བྱ་བ་སློབ་དཔོན་ཆེན་པོའི་ཟབ་མོའི་ཆོས་དང་ལུང་གིས་དབུགས་དབྱུང་བ། དེ་ལ་སྲས་དྷརྨ་རཱ་ཛ། མཁན་ཆེན་ཞི་བ་འཚོ། ལྷ་ལྕམ་མན་དྷ་ར་བ་གསུམ་ལས། བར་པ་གནས་ལྔ་རིག་པའི་ཕ་རོལ་དུ་བྱོན་ཞིང་། གངས་ཅན་བསྟན་པའི་རྩ་ལག་མཛད། ཕྱི་མ་ཡེ་ཤེས་མཁའ་འགྲོ་ཀུན་གྱི་གཙོ་བོ་གྱུར། དང་པོས་རྒྱལ་སྲིད་བསྐྱངས་པའི་དྷརྨཱ་པཱ་ལ། ཤཱཀྱ་དེ་ཝ། མ་ཧཱ་དེ་ཝ་གསུམ་བྱུང་ལ། དེ་ཡང་གངས་ཅན་གྱི་ལྗོངས་སུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་བཞེང་བའི་སྲུང་མར། སློབ་དཔོན་ཆེན་པོས་ཀླུ་ཟུར་ཕུད་ལྔ་པ་ལ་བཀའ་བསྒོས་པས། ངེད་ཀྱིས་མི་འོངས། ཟ་ཧོར་གྱི་ཡུལ་ན་དམུའི་རིགས་ལ་ཀླུའི་ཚ་བོ་རྒྱལ་པོ་ཧུ་ཞེས་བྱ་བ་ནོར་རྒྱ་ཁབ་ཙམ་གྱི་རྗེས་ལ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་འགྲོ་བ་ཞིག་ཡོད་པས་དེ་བསྐོ་བར་ཞུས་པས། རྣམ་སྲས་སེང་སྔོན་ཅན་རྟ་བདག་བརྒྱད་དང་བཅས་པ་བཀུག་ནས་གཟུགས་བརྙན་བྲིས་པའི་རུ་དར་ལ་བསྟིམས་ནས། ཁམས་ཀྱི་གཡེར་མ་ཐང་དུ་དམག་སྒར་བཏབ། སློབ་དཔོན་(༩༣བ)
ཆེན་པོས་ཏིང་ངེ་འཛིན་གྱིས་པེ་དཀར་བཀུག་ནས་ལན་ཅིག་བོད་དུ་ཡོངས་ཀྱང་ཧ་ཅང་གདུག་རྩུབ་ཆེ་བར་བྱུང་ཞིང་། སླར་མཁན་སློབ་ཆོས་གསུམ་གྱིས་ཟ་ཧོར་དུ་ཕོ་ཉ་མངགས་ནས། རྒྱལ་པོ་དྷརྨ་པཱ་ལ། གཡུའི་ཐུབ་པ་རང་བྱོན། ཞལ་བརྙན་བསེ་འབག །ཆིབས་ཤེལ་གྱི་སེང་གེ་དང་བཅས་ཏེ་སྣ་དྲངས་པེ་དཀར་ཡང་རིན་པོ་ཆེས་སྤྲས་པའི་ཤིང་བྱ་ལ་ཞོན་ནས་ལྷ་མི་རྣམས་བོད་དུ་བྱོན། སློབ་དཔོན་ཆེན་པོས་སྤྱི་བོར་རྡོ་རྗེ་བཞག་སྟེ་དམ་ཚིག་བསྒྲགས། དེང་སང་ཡང་རྒྱལ་པོ་ངེས་པར་བརླམས་ན་སྤྱི་གཙུག་ཏུ་རྡོ་རྗེའི་རྗེས་ཡོང་། རྣམ་སྲས་སྤྲིན་གསེབ་མའི་ལོ་རྒྱུས་དང་པེ་དཀར་ཨར་གཏད་ཀྱི་ལོ་རྒྱུས་གཉིས་འདི་དང་གུང་འགྲིག་པར་མངོན། དྷརྨ་པཱ་ལས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་བླ་མ་མཛད། དཔལ་ཆུ་བོ་རིར་ཐེག་པ་མཆོག་གི་རྣལ་འབྱོར་ཟབ་མོའི་གྲུབ་པའི་རྟགས་ཁྱད་ཅན་བརྙེས། དེས་ཕོ་ཡོང་བཟའ་བྱ་བ་མཁའ་འགྲོའི་རིགས་ཅན་ཞིག་ཁབ་ཏུ་བཞེས་པའི་སྲས་དཔལ་གྱི་རྡོ་རྗེ་དང་རིན་ཅེན་རྡོ་རྗེ་གཉིས་ལས། གཅུང་རྒྱ་གར་དུ་བྱོན། ཐོས་བསམ་སྒོམ་པ་མང་དུ་མཛད། སི་ཏའི་གྲོང་ཁྱེར་དུ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དཔལ་གྱི་རྡོ་རྗེས་པ་ཚབ་ཀྱི་རིགས་ཀྱི་ཇོ་མོ་ཞིག་བླངས་པར་སྲས་རྡོ་རྗེ་གྲགས་པ། རིན་ཅེན་གྲགས་པ། ཆོས་ཀྱི་གྲགས་པ་གསུམ་ལས། གཅུང་ནི་རབ་ཏུ་བྱུང་། གཅེན་གྱིས་སྒྲུབ་པ་མཛད་པས་ཡི་དམ་གྱི་ལྷ་མང་པོ་ཞལ་གཟིགས། ཞིང་སྐྱེས་ཀྱི་ཌཱ་ཀཱི་ཞིག་ཕྱག་རྒྱར་བསྟེན་པས་སྲས་ཟླ་བ་གྲགས། དེའི་སྲས་རིག་པ་སེང་གེ །དེ་ལ་སྲས་ཤཱཀྱ་བློ་གྲོས། ཡོན་ཏན་བློ་གྲོས། གྲགས་པ་ཡེ་ཤེས་གསུམ་གྱིས་གཡོན་རུ་སའི་ལྟེ་བ་ཡར་ཀླུངས་སུ་ཕེབས། གཅེན་གྱི་གཡོན་རུ་ཁྲ་འབྲུག་དང་ཁད་ཉེ་བའི་གཡུ་སྲིད་སྨོན་མཁར་དུ་བཞུགས་(༩༤ན)
འབྲིང་གནམ་ལྡེ་འོད་སྲུངས་ཀྱི་བླ་མ་མཛད་ནས་མཁར་ཐོག་བཏབ། ཆུང་བས་ལྷ་སྨན་ཇོ་མོས་ས་སྐྱོང་བའི་ཕྱོགས་སུ་ལྷ་ཁང་བཏབ་ནས་བཞུགས། འགའ་ཞིག་བྱེས་ལྷ་ཁང་ཡིན་ཟེར། ཡོན་ཏན་བློ་གྲོས་ཀྱི་སྲས་རྡོ་རྗེ་གསལ་བ་དང་རྡོ་རྗེ་རིན་ཅེན་གཉིས། འདིའི་དུས་རྒྱ་དང་ཤར་ག་བྱ་དང་རྔོག་དང་ཁུ་དང་དབུས་དཀར་སོགས་རུས་ཆེན་གྱི་འབངས་མང་དུ་བྱུང་། གཅེན་གྱི་སྲས་ཡེ་ཤེས་རྡོ་རྗེ། དེས་གཡུ་རུ་ནམ་མཁའ་རི་ཁུ་མོ་སྐྱིད་ཁབ་ཏུ་བཞེས་པ་ལ་སྲས་མོ་ཞིག་ལས་མ་འཁྲུངས་པར་མཁར་ཐག་དང་བཅག་གནས་རྒྱ་ལ་བྱིན་པས་ཕོ་བྲང་རྒྱའི་མཁར་ཐོག་ཏུ་མིང་ཆགས། རིན་ཅེན་རྡོ་རྗེ་མངའ་བདག་དཔལ་འཁོར་བཙན་གྱིས་གདན་དྲངས། ཕུ་ལུང་འདི་ངན་ལམ་རྒྱ་མཚོ་དང་གཙང་པ་མི་བདུན་དུ་གྲགས་པའི་རིགས་སྔགས་པས་ཀྱང་མ་ཐུལ་ཚུལ་ཞུས་ནས། གསེར་གྱི་ཕྱགས་ཤིང་ཁྲུ་དོ་པ་ཞིག་ཕུལ། བླ་མཆོད་དུ་བཀུར་བས་ཕུ་ལུང་གི་ལྷ་འདྲེ་རྣམས་བཏུལ། དེར་དགོན་པ་སྟེགས་ཁ་མོ་བཏབ། ཇོ་མོ་མཆིལ་མོ་ཞིག་ཁབ་ཏུ་བཞེས་པར་སྲས་རྡོ་རྗེ་གྲགས་པ་དང་རྡོ་རྗེ་འབར་བ་གཉིས་འཁྲུངས། ཡབ་སྲས་གསུམ་གྱིས་ཧོར་པ་སར་བྱོན། སྒང་ཁ་སྤེལ་ཞེས་བྱ་བའི་ཕོ་བྲང་ཞིག་བཏབ། རྒྱ་གར་གྱི་སྲོལ་བཞིན་སྲས་ཆེ་བ་ཁང་པ་ཕྱི་མར་ཕོག་པས་སྲས་ཁང་ཕྱི་པར་གྲགས། རྡོ་རྗེ་འབར་གླུ་སྡིངས་སུ་ཕོག་པས་ལྕང་ལྡུར་བར་གྲགས། མཆེད་གཉིས་ཀྱིས་གཡུ་སྲིད་ཀུན་དགའ་བར་ས་དཔྱད་ལེགས་པར་མཁྱེན་ནས་ཕྱག་ཕབ། ཡབ་བསྙེན་པར་རྫོགས་པའི་མཚན་རྡོ་རྗེ་རྒྱལ་པོར་གསོལ། རྡོ་རྗེ་འབར་པ་ལ་སྲས་ཧོར་ད་དར་པ་ཞེས་བྱ་བ་སྦས་པའི་རྣལ་འབྱོར་ནུས་མཐུའི་མངའ་བདག་ཆེན་པོ་ཞིག་བྱུང་བས། ཧོར་སེ་ཆེན་རྒྱལ་པོས་གསན་ནས་གསེར་ཡིག་པ་མངགས་ཏེ་སྤྱན་(༩༤བ)
དྲངས་ཀྱང་། ཐབས་མཁས་ཀྱི་མཛད་པས་བཏུལ་ཏེ་མ་ཕེབས། དེའི་སྲས་ཧོར་བཀྲ་ཤིས་འབུམ་དང་མཁན་ཆེན་ཚུལ་དར་བ་གཉིས་ལས། མཁན་ཆེན་པ་དཔལ་ལྡན་རླངས་ཀྱི་གདུང་ལས། སྤྱན་སྔ་བཅུ་གཉིས་རིན་པོ་ཆེར་སོ་སོར་ཐར་པའི་སྡོམ་པ་མནོས། བཀའ་བརྒྱུད་རིན་པོ་ཆེའི་ཟབ་ཆོས་མང་དུ་གསན་ཞིང་། སྤྱན་སྔ་གྲགས་པ་ཤེས་རབ་དང་། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གཉིས་ཀྱི་དབུ་སྐྲའི་ཕུད་བཞེས་ཏེ་བླ་མ་མཛད། ཧོར་བཀྲ་ཤིས་འབུམ་ལ་སྲས་གཞོན་ནུ་བཟང་པོ་དང་བཀྲ་ཤིས་བསམ་གྲུབ། གཉིས་ཀས་གོང་མ་སི་ཏུའི་ཞབས་ལ་གཏུགས། ཁྱད་པར་གཅེན་གྱི་གསོལ་ཇ་བ་ནས་བཟུང་བཀའ་བློན་གྱི་བར་ལས་ཚན་རིམ་པར་མཛད། དཔོན་ཆེན་རྒྱལ་བཟང་པས་སི་ཏུ་བཙོན་དུ་བཟུང་པའི་སྐབས། དམག་གིས་བསྡིགས་པའི་བསྐོར་གཡང་མང་དུ་བྱས་ཀྱང་སྣེ་གདོང་རྩེར་འཁྲ་ཕུར་བཟུང་ཞིང་། དཔོན་ཆེན་དབང་བརྩོན་གྱིས་ཁྲི་བསྐོར་བཅུ་གསུམ་གྱི་དམག་ཡར་ཀླུངས་སུ་བཏེག་པ་དུས་ཀྱི་མེ་ལྕེའི་འཕྲེང་བ་ལ་ཕྱེ་མ་ལེབ་མཆོངས་པའི་ངང་ཚུལ་བཞིན་བཅོམ་པས། སྟོབས་འབྱོར་གྱི་དྲེགས་པས་མྱོས་པའི་ས་སྐྱའི་དཔོན་ཆེན་ཀྱང་སྤ་དཀོང་པར་མཛད་པ་སོགས་ཀྱིས་སྡེ་སྲིད་ཕག་མོ་གྲུ་པའི་བསྟན་ཇུས་ཚུགས་པའི་རྩ་བ་ལྟ་བུར་བྱུང་བས། སི་ཏུས། གཞོན་ནུས་སྙིང་བགྱིས། གཞན་རྣམས་ཡན་ལག་གི་ཚུལ་བགྱིས་ཞེས་དང་། གཞན་ཡང་ཡ་གི་གཙང་ས་སྐྱ་ནས། སྨད་འཇང་ཞབས་ལྷོ་མོན་དང་བཅས་པ་མངའ་འོག་ཏུ་འདུ་བ་གཞོན་ནུ་བཟང་པོའི་དྲིན་ཡིན་གསུངས། གཅུང་བཀྲས་བསམ་པའི་སྲས་གཞོན་ནུ་རྒྱལ་མཚན། ཀུན་དགའ་དཔལ་བཟང་། ནམ་མཁའ་རིན་ཆེན། དབང་ཕྱུག་རིན་ཅེན་དང་བཞི་བྱུང་བ་རྣམས་ཀྱིས་སྤྱན་སྔ་རིན་པོ་ཆེ་དང་གོང་མ་སི་(༩༥ན)
ཏུའི་ཞབས་ལ་གཏུགས། རྒྱལ་སྲིད་སྐྱོང་བའི་བློན་པོའི་བྱ་བ་རྣམས་གོང་སའི་དགོངས་པ་དང་བསྟུན་པར་མཛད། ཀུན་དགའ་དཔལ་བཟང་གི་སྲས་དཔལ་འབྱོར་བཟང་པོ། བསོད་ནམས་དཔལ་ལྡན། སངས་རྒྱས་སྐྱབས། དཀོན་ཅོག་རིན་ཅེན་བཞི་འཁྲུངས། དཔལ་འབྱོར་བཟང་པོས་ཚེས་བཞི་གསར་མ་བའི་ཞབས་ལ་གཏུགས། ཉང་སྨད་བསམ་འགྲུབ་རྩེའི་རྫོང་དཔོན་དང་། ཕྱིས་སུ་དམག་དཔོན་ལ་བསྐོས་པས་དགྲ་ཤ་དྲོད་མ་ཡལ་བར་བླངས་པས་སྲིན་པོ་ཡང་བྱིན་ཤ་འདར་ཞེས་དཔའ་རྟགས་བྱུང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དང་མཆོད་ཡོན་དུ་འབྲེལ་བས། རྒྱལ་བ་གཉིས་པ་ཙོང་ཁ་པའི་རིང་ལུགས་ལ་མོས་པ་ཐོབ། བསམ་རྩེ་ན་ཀུན་མཁྱེན་བུའི་ཕྱག་བྲིས་དང་ཕྱག་རྟགས་འབྱོར་པའི་བཀའ་འགྱུར་བཞུགས་པ་ཕྱིང་བར་སྟག་རྩེར་གདན་དྲངས། གཅུང་གསུམ་གྱིས་ས་སྐྱོང་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས། ཁྱད་པར་ནང་སོ་དཀོན་ཆོག་རིན་ཅེན་གོང་མའི་ལུགས་གཉིས་ཀྱི་མཛད་པ་མཐའ་དག་སྤེལ་བའི་ནང་བློན་མཛད། བོད་ཀྱི་བློན་པོ་རིག་པ་ཅན་རྒྱུན་མར་འབྱུང་བའི་རྟེན་འབྲེལ་གྱི་རི་བོའི་འདབས་རོལ་དུ་ཕྱིང་བར་སྟག་རྩེའི་བཙན་རྫོང་ལྷའི་གྲོང་ཁྱེར་མི་ཡུལ་དུ་འཕོས་པ་ལྟ་བུར་ཡིད་དུ་འོང་བ་བརྩིགས། དེའི་སྐབས་སྲས་ཉག་ཕྲ་བར་བྱུང་བས། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཆོས་རྗེ་ཞ་ལུ་པ་ལེགས་པ་རྒྱལ་མཚན་གདན་དྲངས། གཤེད་དམར་གྱི་སྒོ་ནས་རིགས་བསྐྲུན་པའི་ཆོ་ག་མཛད་པས་ཧོར་རྡོ་རྗེ་ཚེ་བརྟན་འཁྲུངས། སྐབས་ཤིག་ལྷ་མོ་འོད་ཟེར་ཅན་མའི་ལས་ཚོགས་ལ་བརྟེན་ནས། རྒྱ་ཁབ་རྩེར་བརྒྱུས་དགྲ་ཕྱོགས་སུ་བསྟན་པས་དམག་དཔུང་ཆེན་པོར་མཐོང་བ་དང་། རྫོང་ལ་(༩༥བ)
ཆུ་མེད་པར་དབྱངས་འཆར་གྱི་སྒོ་ནས་ལུམ་བཏོན་པ་སོགས་བཀའ་དྲིན་ཆེ་བས་དགའ་ལྡན་དོས་སྐྱེལ་དུ་གྲགས་པ་ཞལ་ངོ་རིམ་པར་མཛད། ཧོར་རྡོ་རྗེ་ཚེ་བརྟན་དབང་གྲགས་པ་འབྱུང་གནས་སྐུ་མཆེད་ཀྱི་ཞབས་ལ་གཏུགས་ནས་བཀའ་ཁྲིམས་སྒྱུར་བའི་བློན་པོ་མཛད། ཕྱིང་བར་སྟག་རྩེའི་གླང་པོ་ཆེ་ལྟ་བུའི་ངོས་སུ་རི་བོ་བདེ་ཆེན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ཐོན་མི་སམྦྷོ་ཊའི་གདུང་ལས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བ་མི་ཕམ་དགའ་བའི་བཤེས་གཉེན་སྤྱན་དྲངས་ནས་རབ་ཏུ་གནས་པ་མཛད། འཕགས་པའི་ཡུལ་གྱི་མཁས་གྲུབ་རྣམས་ཀྱི་གསུང་གངས་ཅན་གྱི་ལྗོངས་འདིར་འགྱུར་བའི་གླེགས་བམ་རྣམས་ཀྱི་སྟེང་དུ། རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་པོ་ཏི་བཅུ་དྲུག་བསྣན་པའི་པུ་སྟ་ཀ་མཁའ་མདའ་མིག་གི་གྲངས་ལྡན་བཞུགས་ཤིང་། བསྟན་འགྱུར་སྔ་མ་རྣམས་ལ་མེད་པའི་སྐད་གཉིས་སྨྲ་བའི་དབང་པོ་ཞ་ལུ་ལོ་ཆེན་གྱིས་བསྒྱུར་བའི་མངོན་པའི་འགྲེལ་པ་གནམ་ལྕགས་ཐོག་གཟེར་ཡང་ཡོད་དོ། །མཆེད་རྣམས་ཀྱི་སྲས། ཚེ་དབང་རྣམ་རྒྱལ་དང་རིན་ཅེན་རྒྱལ་མཆོག་གཉིས་ལས་གཅེན་ནི་རིག་པའི་གནས་བཅོ་བརྒྱད་དང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པར་བྱུང་ཞིང་། ཧོར་རིན་ཅེན་རྒྱལ་མཆོག་ནི་སྲིད་ཞིའི་ཡོན་ཏན་ནོར་བུའི་འཕྲེང་བ་མགྲིན་པའི་དོ་ཤལ་དུ་སྤུད་ཅིང་། དཔའ་མཛངས་རྟུལ་ཕོད་སོགས་ལུགས་གཉིས་ཀྱི་བླ་ན་མཐོ་བའི་གོང་མ་ཆེན་པོས་ཐུགས་ཤིན་ཏུ་འཇོག་པའི་བློན་པོ་རྣམས་ཀྱི་གཙོ་བོ་ལྟ་བུར་གྱུར། གོང་མའི་བཀའ་ཤོག་ཧུང་རྒྱ་མའི་ནང་དུ། དབུས་གཙང་གི་ཆིངས་ཀྱི་སྐོར་ལ་གནས་ཚུལ་དྲི་བར་བཏང་འདུག་པ། འདི་ཚོར་ཆེ་ཆུང་ཇི་འདྲ་ཞིག་བྱེད་ཀྱང་ཁྱོད་རང་ལ་འདྲི་བ་ལས་འོས་མེད་པས་(༩༦ན)
སྒོ་གང་ཟབ་ཀྱི་ཐག་དེ་ཁ་ནས་ཆོད་གསུང་བ་སོགས་རྒྱལ་པོ་ལས་བློན་པོ་གཙོ་བོའི་གཏམ་ཕྱག་ལེན་དུ་མཛད། སྲོང་བཙན་གཞིས་ཀར་ཞྭ་དམར་ཆོས་ཀྱི་གྲགས་པ་སྤྱན་དྲངས། ཡངས་པ་ཅན་གྱི་ཆོས་སྡེར་མཆོད་གཞིས་སོགས་ཀྱི་མཐུན་རྐྱེན་གོང་སར་ཞུ་བ་གནང་། བདེ་སྐྱིད་གླིང་དུ་སྤྱན་སྔ་བཀའ་བརྒྱུད་བྲིས་འབུར་དང་། བཀའ་འབུམ་ཡོངས་རྫོགས་གསེར་གྱིས་འདྲི་བ་གནང་། ཇོ་མོ་ལ་བསམ་ཡས་རྒྱལ་པོའི་གནོད་པ་བྱུང་བར། གསོལ་ཁ་བཤོལ་ནས་ཨར་ལ་གཏད་པས་ཆོས་སྐྱོང་གིས་ཚུར་བཏུད་དེ། དངོས་གྲུབ་སྟེར་བར་གསུངས་པ་བཞིན་ཉི་མ་གཅིག་ལ་རྫོང་བཅུ་གསུམ་བླངས། དབུས་གཙང་གི་ཆིངས་བདག་མཛད་པས། གྲམ་པ་ཤར། སྟོད་ལུང་རྨད་སོགས་སྨྱུ་གུ་མཆུ་རིན་ལ་བཞེས། དེའི་སྲས་བསོད་ནམས་མགོན་པོ། ཚེ་དབང་བཀྲ་ཤིས་རིན་ཅེན་ཚེ་བརྟན་རྣམས་ལས། གཅེན་གོང་མའི་ཐུགས་ལ་བཏགས་པས་དམག་དཔོན་གྱི་ལས་ཀ་བཟུང་། སྐྱིད་ཤོད་དཔལ་འབྱོར་ལྷུན་པོ་ཐབ་སྐྱོང་ལ་གནང་། འབྲིང་པོ་འཇིགས་པ་མེད་པ་དཔའ་བོའི་དབང་ཕྱུག་སྟེ། རྒྱལ་པོ་རཱ་མ་ཎ་ལྟར་དགྲ་ཐབས་ལ་མཁས་པས་ཡན་ལག་རྣམ་བཞིའི་ཁྱུ་མཆོག་ཡིན་ལ། ཆུང་བ་ཡང་རྣམ་དཔྱོད་ཟླ་བ་གསར་པའི་ངོས་སུ་གཙུག་ལག་རི་དྭགས་ཀྱི་གཟུགས་བརྙན་འཆར་བ་ཞིག་གོ །མཆེད་རྣམས་ལ་བྱ་བཀྲ་ཤིས་དར་རྒྱས་ཀྱི་སྲས་མོ་དོན་ཡོད་སྒྲོལ་མ་ཇོ་མོར་བཞེས་པར་སྲས་ཧོར་བསོད་ནམས་དར་རྒྱས་དང་། དོན་གྲུབ་རྡོ་རྗེ་གཉིས་ལས། གཅེན་ལུགས་གཉིས་ཀྱི་གཙུག་ལག་མཐའ་དག་ལ་མཁྱེན་པའི་སྤྱན་དང་ལྡན་ཞིང་། ཁྱད་པར་བཀའ་བརྒྱུད་ཀརྨ་ཀ་ཚང་གི་རིང་ལུགས་པ་དོན་དང་མཐུན་པའི་མཁས་པའི་དབང་པོ་དཔལ་ཁང་ལོ་ཙཱ་བའི་དྲུང་དུ་ཐུན་མོང་པའི་རིག་པའི་གནས་མཐའ་(༩༦བ)
དག་ལ་ཕུལ་དུ་བྱུང་བའི་སྦྱངས་པ་མཛད། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་གདན་དྲངས་ཏེ་དམ་པའི་ཆོས་ཀྱི་བགོ་སྐལ་སྩལ། གཅུང་འཁོར་བའི་ཕུན་ཚོགས་མཐའ་དག་ཆུ་ཤིང་གི་སྙིང་པོ་ལྟར་གཟིགས་ཏེ། སྡོམ་གསུམ་རིམ་གྱིས་མནོས་པའི་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། ཧོར་བསོད་པའི་ཇོ་མོར་དགའ་ལྡན་པ་ས་སྐྱོང་བཀྲ་ཤིས་རབ་བརྟན་གྱི་ལྕམ་སྲིང་ཚེ་དབང་རྒྱལ་མོ་བླངས་པར་སྲས་བསོད་ནམས་སྟོབས་ཀྱི་རྒྱལ་པོ། ཚེ་དབང་བསོད་ནམས་བསྟན་འཛིན། ཀརྨ་ངག་དབང་གྲགས་པ་གསུམ་གྱི་ཆེ་བ་ཕུན་སུམ་ཚོགས་པའི་གཟི་བརྗིད་ཀྱིས་ནམ་མཁའི་ནོར་བུ་ལ་སྐྱེངས་པ་སྟེར་བར་ནུས་ལ། གཡུལ་ངོར་ཆས་པའི་དྲག་ཤུལ་གྱིས་ཐོབ་རྒྱལ་ལྷ་རྩེའི་རྫོང་མངའ་ཞབས་དང་བཅས་པ་ཆབ་འོག་ཏུ་བཙུད། དུས་གསུམ་མཁྱེན་པ་མཚོ་སྐྱེས་རྡོ་རྗེའི་རིང་ལུགས་པ་སློབ་དཔོན་བཻ་རོ་ཙ་ནའི་ཐུགས་སྤྲུལ་གཏེར་སྟོན་ཤེས་རབ་འོད་ཟེར་ཏི་ཤྲིར་བསྟེན་ནས། ས་འཛིན་དཔལ་གྱི་རི་ལ་ཐེག་མཆོག་སྒྲུབ་པའི་འདུས་སྡེ་བཏབ། ཤེར་ཕྱིན་སུམ་བརྒྱ་པ། ཤེལ་བྲག་གི་ཐང་ཡིག །སེམས་ཉིད་ངལ་གསོ་རྣམས་པར་དུ་བཞེངས། འབྲུག་ནས་སྤྲུལ་པའི་སྐུ་ཀུན་མཁྱེན་ངག་དབང་ནོར་བུ་སོགས་དམ་པ་དུ་མ་ལ་ཕུ་དུད་མཛད། དཀར་ཕྱོགས་རྫོགས་པ་གཉིས་པའི་ཚེས་ལ་དཔའ་བོ་མཁའ་འགྲོའི་དགའ་སྟོན་སྤྲོས་བཅས་དང་སྤྲོས་མེད་ཀྱི་ཟློས་གར་ལེའུ་བརྒྱད་པའི་ཆོག་བསྒྲིགས་བཞིན་བཙུགས། གདན་ས་ཆེན་པོ་རི་བོ་དགའ་ལྡན་གྱི་ཤར་པ་ཆོས་རྗེ་ནམ་མཁའ་རྒྱལ་མཚན་ཞེས་རིག་པའི་གནས་ལྔ་ལ་མ་རྨོངས་པའི་མཁས་པ་དེ་སྤྱན་དྲངས་ནས་རི་བོ་བདེ་ཆེན་སེར་ཁྱིམ་པ་ལྟ་བུར་སོང་བ་སླར་གཙང་དགོན་མཛད། འབྲིང་པོས་རྒྱལ་བའི་བསྟན་པ་(༩༧ན)
སྤྱི་དང་། ཁྱད་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྟན་པ་ལ་རྨད་དུ་བྱུང་བའི་བཀུར་སྟི་དང་ཕུ་དུད་མཛད། ཆུང་བ་གཙུག་ལག་རྩིས་ཀྱི་གཞུང་ལུགས་ལ་མཁྱེན་པའི་སྤྱན་ཡངས་སོ། །མཆེད་རྣམས་ལ་ཇོ་མོ་འོད་གསལ་ལྷའི་གདུང་བརྒྱུད་མི་དབང་བྱམས་པ་རབ་བརྟན་གྱི་སྲས་མོ་དོན་གྲུབ་བླངས་པར་སྲས་ངག་གི་དབང་པོ་བསོད་ནམས་གྲགས་པ་འཇིག་རྟེན་དགའ་བའི་རྒྱན་དང་། ལྷའི་དབང་ཕྱུག་མཆེད་གཉིས་དང་ལྕམ་གསུམ་འཁྲུངས། དང་པོ་ནི། ལྷུམས་སུ་ཞུགས་པའི་སྐབས་མཚན་མ་ཁྱད་པར་ཅན་མང་དུ་བྱུང་ཞིང་། ལུགས་གཉིས་ལ་མཁྱེན་པའི་སྤྱན་ཡངས། འཆི་མེད་གྲུབ་པའི་རིང་ལུགས་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཡོན་ཏན་གྱི་སྤྲུལ་པ་བྱང་པ་བདག་ཆེན་ཏི་ཤྲིར་བསྟེན། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པ་ལ་རྩལ་དུ་ཐོན་པས་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ལ་ཐུགས་དམ་གྱི་མཐིལ་དུ་མཛད། ཡི་དམ་དང་ཆོས་སྲུང་གི་གནང་བ་ཐོབ་པས་ལྷ་སྲིན་དྲན་དུ་འཁོལ་ནུས་པའི་མཐུ་སྟོབས་དབང་ཕྱུག་གི་སྙན་པ་ཆེ་ཞིང་། སྟག་རྩེ་ལ་ཞུགས་ཀྱི་གནོད་པ་བྱུང་སྐབས། སྔགས་ཆས་ཀྱི་ན་བཟའ་སྐོར་རྣམས་མ་ཚིག་ཅིང་། ཞལ་དཀར་མ་ཆག་པ་སོགས་བྱིན་རླབས་དང་ཐུགས་རྗེའི་ངོ་མཚར་བླ་ལྷག་ཏུ་ཆེ། མེའི་གནོད་པ་འདི་ཡང་། རིག་པ་འཛིན་པའི་དབང་ཕྱུག་འདི་ཉིད་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་སྐྱེ་བའི་མཐའ་མ་ཡིན་པས་ལས་ཀྱི་རྣམ་པར་སྨིན་པའི་མཐའ་བརྟུལ། པདྨ་འོད་ཀྱི་གཞལ་ཡས་སུ་ཐེགས་ཁར། དྲུང་འཁོར་འགའ་ཞིག་ལ་སློབ་དཔོན་ཆེན་པོའི་རྣམ་ཐར་ཞལ་ཐང་གྲ་ཚར་ཁྲོད་ནས་གང་ཟིན་པ་ཞིག་ཁྱེར་ཤོག་གསུང་བ་ལྟར་ཕྱག་ཏུ་ཕུལ་བས། སློབ་དཔོན་རྒྱལ་སྲིད་སྤངས་ནས་བརྟུལ་ཞུགས་(༩༧བ)
ཀྱི་སྤྱོད་པ་མཛད་པའི་ཐད་དེ་འབྱུང་ན་ནས། ད་བུ་ཆུང་གིས་ཀྱང་སྡེ་སྲིད་འདི་ཟིན་པ་ཞིག་མི་འོང་བར་འདུག་གསུང་བ་སོགས་མ་འོངས་པ་མངོན་སུམ་དུ་མཁྱེན་པའི་བཀའ་སྩལ་ཏོ། གཅུང་ནི་ཐུན་མོང་བའི་གཙུག་ལག་རྣམས་ལ་བློ་གྲོས་པད་དཀར་རྣམ་པར་སྤྲོ་ཞིང་། མཆོད་སྦྱིན་བརྒྱ་པའི་དཔུང་ཚོགས་རྩུབ་འགྱུར་གྱི་ཚལ་དུ་སླེབ་པ་ལྟ་བུར་ཤུགས་དྲག་དམག་གི་སྦྱོར་བ་ལ་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་གྱོན་པ་ཞིག་སྟེ། མཆེད་གཉིས་སྲས་དང་བཅས་པ་རིམ་པར་བྱོན་ནོ། །ཏའི་སི་ཏུའི་བློན་པོ་དྲུང་ཆེན་གྲགས་པ་བཟང་པོ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་མཁན་སློབ་རྣམ་གཉིས་ཀྱི་སློབ་མ་གྲུབ་པའི་དབང་ཕྱུག་ཉང་ཏིང་འཛིན་བཟང་པོའི་གདུང་ལས་རིམ་པར་བརྒྱུད་དེ། བཙན་ཐང་ཤར་ཕྱོགས་སུ་ཉང་གྲགས་པ་བཟང་པོ་འཁྲུངས། གོང་མ་ཏའི་སི་ཏུའི་ཞབས་ལ་གཏུགས་ཏེ་འོལ་ཁ་སྟག་རྩེའི་རྫོང་དཔོན་མཛད། དེའི་སྲས་བཙན་ཐང་སྒོམ་གྲགས་དང་སྒོམ་ཤེ་གཉིས་ཀྱིས་ཡར་ཀླུངས་མགོན་ནག་གི་སྲས་མོ་བཀྲ་ཤིས་སྐྱིད་མོ་ཇོ་མོར་བླངས་པ་ལ་སྲས་དྲུང་ཆེན་ཤེས་རབ་བཀྲ་ཤིས། ཀུན་གྲགས་པ། ཀུན་དབང་བ་གསུམ་ལས། འབྲིང་པོས་འོལ་ཁ་རྩེའི་རྫོང་དཔོན་དང་། ཆུང་བས་རྩེས་ཐང་དུ་སློབ་གཉེར་མཛད། ཤེས་རབ་བཀྲ་ཤིས་གོང་མའི་ཞབས་ལ་གཏུགས། ས་སྐྱ་པ་བླ་མ་ཀུན་དགའ་རྒྱལ་མཚན་དང་། ཚལ་པ། གཡའ་བཟང་པ་སོགས་ཀྱིས་ཧོར་རྒྱལ་པོ་ལ་ཞུ་ལོག་ཕུལ་བས། དགོངས་པ་དག་བྱེད་ཀྱི་རྒྱུ་མཚན་འབུལ་བར་ཤེར་བཀྲས་པས་ལུས་སྲོག་ལ་བལྟོས་པ་མེད་པར་ཧོར་རྒྱལ་པོ་ཐོ་གན་ཐི་མུར་གྱི་དྲུང་དུ་བྱོན། རྒྱུ་མཚན་འབུལ་མཁས་པས་འཕྲལ་ཡུན་དུ་ཕན་པའི་འཇའ་ས་འགྲུབ། སྡེ་སྲིད་ཀྱི་ཞབས་ཏོག་ཏུ་འགྱུར་བ་བྱུང་བར་དཔགས། གཞིས་(༩༨ན)
ཀ་བྲག་དཀར་ཁྱོད་ཤེས་རབ་བཀྲ་ཤིས་མི་བརྒྱུད་དང་བཅས་པས་ཤེས་སུ་ཆུག་གི་བཀའ་ཤོག་གནང་། དེའི་སྲས་དྲུང་རིན་ཅེན་དཔལ་དང་། དགེ་སློང་གཉིས་ལས་ཆེ་བ་ལ་གོང་མ་ཆོས་རྒྱལ་ཆེན་པོས་རྫོང་དཔོན་གྱི་ལས་ཀ་གནང་། རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྦྱིན་བདག་གི་མཐིལ་ལེན་མཛད་ནས། རི་བོ་དགའ་ལྡན་གྱི་དགོན་པ་འདེབས་པའི་མཐུན་རྐྱེན་སྔ་ཕྱིར་བསྒྲུབས། དེ་ལ་འཕྱོང་རྒྱས་ནས་ཇོ་མོ་སངས་རྒྱས་མ་བླངས་པར་སྲས་རིན་ཅེན་ལྷུན་པོ། ལྷུན་གྲུབ་པ། གྲགས་པ་རྒྱལ་མཚན། དངོས་གྲུབ། ཀུན་དགའ་འཛོམ་པ་རྣམས་ལས། ཆེ་བ་གོང་མ་ཆེན་པོས་རྫོང་དཔོན་དུ་བསྐོ་བཞག་གནང་། རི་བོ་དགའ་ལྡན་གྱི་རྩ་བའི་སྦྱིན་བདག་མཛད། དེ་འོག་གོང་མའི་གསོལ་དཔོན་གྱི་ལས་ཀ་བཟུང་། དེ་འོག་རབ་ཏུ་བྱུང་སྟེ་གསུང་རབ་ལ་སྦྱངས་ནས་སེ་ར་ཐེག་ཆེན་གླིང་གི་གདན་ས་མཛད། དེ་འོག་ཆེ་ས་སངས་རྒྱས་རྒྱལ་མཚན་གྱི་གསོལ་དཔོན་དང་། དེ་འོག་གོང་མ་ཀུན་དགའ་ལེགས་པས་རྫོང་དཔོན་གྱི་ལས་ཀ་གནང་། མཆེད་རྣམས་ལ་གཞིས་ཀ་རིན་སྤུངས་ནས་སྲས་མོ་ལྷ་མོ་ཆོས་སྐྱོང་ཇོ་མོར་བླངས་པ་ལ། ནང་སོ་དཀོན་ཅོག་པ་དང་སྲི་ཆོད་རྒྱལ་པོ་གཉིས་ལས། ཆེ་བས་རབ་ཏུ་བྱུང་། ཆུང་བ་ལ་ཚེས་གཉིས་རིན་པོ་ཆེས་རྫོང་དཔོན་གྱི་ལས་ཀ་གནང་། གནས་རྙིང་ཀུན་དགའ་བདེ་ལེགས་དང་། ཆོས་རྗེ་སྨོན་ལམ་དཔལ་བ་སོགས་མཁས་པ་རྣམས་ལ་དམ་པའི་ཆོས་ཀྱི་གསན་པ་མང་དུ་མཛད། དེ་ལ་རྒྱ་མ་བའི་སྲས་མོ་བུ་ཁྲིད་ཁབ་ཏུ་བཞེས་པ་ལ། ནང་སོ་འཇམ་དཔལ་ཚེ་རིང་། བདུད་འདུལ་རྒྱལ་པོ། མ་ཞིག་པ། བསོད་ནམས་རྒྱལ་པོ། ལྕམ་གཉིས་དང་དྲུག་ལས། འཇམ་དཔལ་བའི་ཇོ་མོར་ཡར་རྒྱབ་ནས་ཚེ་རིང་དཔལ་འཛོམ་བླངས་པར། (༩༨བ)
སྲས་ཚེ་བརྟན་རྡོ་རྗེས་རྫོང་དཔོན་གྱི་ལས་ཀ་བཟུང་། ཆབ་སྲིད་བསྐྱངས་སོ། །