Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་བཞི་པ།

11 occurrences of དེའི་འོག་ཏུ་
[Clear Hits]


  
  
  
11  collapse section
  
 
 
 
 
 
  
ཡལ་འདབ་རེ་གཅིག་པ་ནས་བདུན་ཅུ་པའི་བར།
 
 
  
 
  


11 occurrences of དེའི་འོག་ཏུ་
[Clear Hits]

 
previousཡལ་འདབ་རེ་གཅིག་པ་ནས་བདུན་ཅུ་པའི་བར།next

ཡལ་འདབ་རེ་གཅིག་པ་ནས་བདུན་ཅུ་པའི་བར།


GTN004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་གཅིག་པ་ནི་གོ་སླའོ། ། ༈ ཡལ་འདབ་རེ་གཉིས་པ་ནི། འདུལ་བ་༼ང༽དབྱེན་གྱི་གཞིར་འབྱུང་བ་འགོད་ན། བཅོམ་ལྡན་འདས་ཝཱ་རཱ་ཎ་སཱིར་འབབ་ཆུ་གནོད་པ་ཅན་གྱི་འགྲམ་ན་བཞུགས་སོ། །དེའི་ཚེ་ཝཱ་རཱ་ཎ་སཱིར་རིགས་ཀྱི་གཙོ་བོ་ཞེས་བྱ་བ་ལ་བུ་གྲགས་པ་ཡོད། དེ་ཉིན་རེ་བཞིན་བུད་མེད་ཀྱིས་བྱས་པའི་རོལ་མོས་རྩེ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པས་ལུས་སྐམ་ནས་དུབ་སྟེ་རྒུད་པས་གཉིད་ལོག་གོ །བུད་མེད་རྣམས་ཀྱང་དེ་ལྟ་བུར་གྱུར་ནས་གཉིད་ལོག །གྲགས་པ་མཚན་མོར་གཉིད་སད་དེ་བལྟས་པས་བུད་མེད་ཐམས་ཅད་སྒྲེན་མོ་བྱུང་ལ་སྐྲ་ཞིག་ལག་པ་བརྐྱང་སྟེ་བྱུང་རྒྱལ་དུ་བླ་བ་མཐོང་ནས་རང་གི་ཆུང་མ་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་ཏེ། མྱུར་བར་རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཟུང་གཅིག་གོན་ནས་སྒོར་བུད་དེ། གྲོགས་པོ་བདག་ནི་གཙེས་སོ། །


GTN004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོ་བདག་ནི་ཉམས་སོ་ཞེས་སྨྲེ་སྔགས་འདོན་ནོ། །དེར་མི་མ་ཡིན་རྣམས་ཀྱིས་ཉལ་ཁང་དང་། ཁྱིམ་གྱི་སྒོ་དང་། གྲོང་ཁྱེར་གྱི་སྒོ་རྣམས་རིམ་པར་ཕྱེ་ནས་གྲགས་པས་སྐད་ངན་འདོན་པའང་མི་ཐོས་པར་བྱས་སོ། །དེ་ནས་འབབ་ཆུ་གནོད་པ་ཅན་གྱི་འགྲམ་དུ་སོང་བ་དང་། བཅོམ་ལྡན་འདས་ཆུ་དེའི་ཕ་རོལ་ན་གཙུག་ལག་ཁང་དུ་བཞུགས་ཡོད་པར། གྲགས་པ་འོང་བར་མཁྱེན་ནས་ཕྱི་རོལ་དུ་འཆག་པར་བྱེད་པ། དེས་ཀྱང་འབབ་ཆུའི་ཚུར་རོལ་ནས་མཐོང་སྟེ། དགེ་སྦྱོང་བདག་ནི་གཙེས་སོ། །དགེ་སྦྱོང་བདག་ནི་ཉམས་སོ་ཞེས་སྐད་ངན་ཕྱུང་བས། སྟོན་པས། གཞོན་ནུ་ཚུར་ཤོག །འདི་ནི་ཁྱོད་ལ་འཚེ་བ་དང་ཉམས་པ་མེད་པ་ཡིན་ནོ་གསུངས། དེས་རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཆུ་འགྲམ་དུ་ཕུད་ནས་འབབ་ཆུ་གནོད་པ་ཅན་བརྒལ་ཏེ་སངས་རྒྱས་ཀྱི་དྲུང་དུ་ཕྱིན་པ་དང་། སྟོན་པས་གྲགས་པ་ཁྲིད་དེ་གཙུག་ལག་ཁང་དུ་གདན་བཤམས་པ་ལ་བཞུགས་སོ། །གྲགས་པས་ཞབས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་པ་ན། སྟོན་པས་གྲགས་པ་དབུགས་དབྱུང་གཟེངས་བསྟོད། སྦྱིན་པ་དང་ཚུལ་ཁྲིམས་དང་། མཐོ་རིས་ཀྱི་གཏམ། འདོད་པ་རྣམས་ལ་མནོག་ཆུང་ཞིང་ཉེས་དམིགས་སོགས་ཆོས་ཀྱི་གཏམ་རྒྱ་ཆེན་པོར་མཛད། དེ་ནས་དེའི་སེམས་མཁྱེན་བཞིན་དུ་བདེན་པ་བཞིའི་ཆོས་བསྟན་པས་གྲགས་པ་སྟན་དེར་འདུག་བཞིན་དུ་བདེན་པ་མཐོང་ནས་ཆོས་རྣམས་ལ་མི་འཇིགས་པ་ཐོབ་སྟེ་བཅོམ་ལྡན་འདས་ལ་བཏུད་ནས་ཡང་དག་པར་སྐྱབས་སུ་བཟུང་ངོ་། །


GTN004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་བྲན་མོ་ཞིག་མཚན་མོར་གཉིད་སད་པས་གྲགས་པ་མལ་ན་མི་སྣང་བར་མཐོང་སྟེ་ཁྱིམ་བདག་རིགས་ཀྱི་གཙོ་བོའི་གམ་དུ་སོང་ནས་དེ་ལྟར་བཤད་པས། གཞོན་ནུ་ནོར་གྱི་ཕྱིར་དུ་ཆོམ་རྐུན་ནམ་གཡོན་ཅན་གྱིས་ཁྲིད་དམ་སྙམ་དུ་ཡིད་རྟབ་རྟབ་པོར་གྱུར་ནས་ཕྱོགས་བཞིར་ཕོ་ཉ་བཀྱེ། རང་ཉིད་མི་ལག་ན་སྒྲོན་མེ་ཐོགས་པ་མང་པོ་དང་བཅས་འབབ་ཆུ་གནོད་པ་ཅན་གྱི་འགྲམ་དུ་སོང་བས་རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཟུང་གཅིག་ཕུད་པ་མཐོང་ནས། གཞོན་ནུ་ཆུ་འདི་ཉིད་དུ་བརྒལ་བར་གྱུར་ཏོ་སྙམ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་བ་དང་། སྟོན་པས་གྲགས་པ་མི་མཐོང་བར་བྱིན་གྱིས་བརླབས་སོ། །རིགས་ཀྱི་གཙོ་བོས་སྟོན་པ་ལ། གཞོན་ནུ་གྲགས་པ་གཟིགས་སམ་ཞུས་པས། ཁྱིམ་བདག་དེའི་ཕྱིར་འདུག་ཅིག་དང་། སྟན་འདི་ཁོ་ནར་གཞོན་ནུ་གྲགས་པ་མཐོང་བའི་གནས་ཡོད་དོ་གསུངས། དེར་རིགས་ཀྱི་གཙོ་བོས་ངེས་པར་སྟོན་པས་གཞོན་ནུ་གཟིགས་སོ་སྙམ་ནས་ཡིད་ཤིན་ཏུ་དགའ་སྟེ། སྟོན་པ་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་པ་དང་ཆོས་ཀྱི་གཏམ་མཛད། དེའི་བསམ་པ་དང་མཐུན་པར་ཆོས་བསྟན་པས་བདེན་པ་མཐོང་། ཚེ་དང་ལྡན་པ་གྲགས་པ་ཡང་དགྲ་བཅོམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྲགས་པ་སྣང་བར་བྱས་ཏེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྒྱན་གྱིས་བརྒྱན་བཞིན་དུ་ནི་ཆོས་སྤྱད་དེ། །དུལ་ཞིང་ཡང་དག་སྡོམ་པ་ཚངས་སྤྱོད་ལ། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་ནི། །དེ་ནི་བྲམ་ཟེ་དགེ་སྦྱོང་དགེ་སློང་ཡིན། །གསུངས་སོ། །


GTN004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་གསུམ་པ་ནི། འོད་སྲུང་གི་རིགས་ལས་བྲམ་ཟེ་ནྱ་གྲོ་དྷཱ་སྐྱེས་ཞེས་བྱ་བ། འདོད་པ་སྤངས་པ་ཞིག་ཡོད་པ་ཡབ་ཀྱིས་བག་མ་ལེན་པར་བརྩམ་པ་ན། ཛམྦུ་ཆུ་གསེར་ལས་བུད་མེད་མཆོག་གི་གཟུགས་བྱས་ཏེ། འདི་འདྲ་བ་རྙེད་ན་བླང་ངོ་སྨྲས་པས། དེས་ཀྱང་དེ་འདྲ་བ་བཞི་བྱས་ཏེ་ཕྱོགས་བཞིར་འཚོལ་དུ་བཏང་བ་ལས། ནུབ་ཕྱོགས་སུ་སོང་བ་དག་གིས་ཀ་ལིངྒའི་གྲོང་ཀ་པི་ལ་ཞེས་བྱ་བ་ན། བྲམ་ཟེ་སེར་སྐྱའི་བུ་མོ་སེར་སྐྱ་བཟང་མོ་ཞེས། ཛམྦུའི་ཆུ་གསེར་ལས་ཀྱང་ལྷག་པའི་ཁ་དོག་ཏུ་འདུག་ནས་བྲམ་ཟེ་ཕོ་ཉ་རྣམས་ཀྱིས་དེ་ལ་སློང་བ་ན། དེས་ཀྱང་ཉེ་དུ་རྣམས་དང་གྲོས་བྱས་སེར་སྐྱ་བཟང་མོ་བྲམ་ཟེ་ནྱ་གྲོ་དྷཱ་སྐྱེས་ཀྱི་བག་མར་བཏང་ངོ་། །དེ་ནས་དེ་གཉིས་མིང་སྲིང་གི་འདུ་ཤེས་ཀྱིས་ཁྱིམ་དུ་གནས་ཀྱང་ཚངས་པར་སྤྱོད་ཅིང་། གཅིག་ཉལ་བའམ་འདུག་པ་ན་ཅིག་ཤོས་འཆག་པའི་སྤྱོད་ལམ་གྱིས་གནས་སོ། །དེ་ནས་དེ་གཉིས་ཀ་རབ་ཏུ་འབྱུང་བར་འདོད་ཀྱང་ཕ་མས་མ་གནང་བས་ལོ་བཅུ་གཉིས་ཀྱི་བར་དུ་ཁྱིམ་དུ་གནས་ནས་ཚངས་པར་སྤྱོད་དོ། །ཕ་མ་དག་འདས་པའི་འོག་ཏུ་འོད་སྲུང་ནྱ་གྲོ་དྷཱ་སྐྱེས་ཀྱིས་ཞིང་ལ་སོགས་པ་ཕྱིའི་ལས་ཀྱི་མཐའ་ལ་བལྟས། སེར་སྐྱ་བཟང་མོས་ཁྱིམ་གྱི་ལས་ཀྱི་མཐའ་ལ་བལྟས་ན་ཐམས་ཅད་སྡུག་བསྔལ་དང་བཅས་པར་མཐོང་སྟེ། ཁྱིམ་གྱི་འབྱོར་པ་ཐམས་ཅད་སྦྱིན་པར་བཏང་བ་


GTN004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉེན་བཤེས་སོགས་ལ་བགོས་ཏེ་གཏད། བྲན་ཕོ་མོ་དང་དུད་འགྲོ་རྣམས་མི་འཕོངས་ཤིང་མི་སྐོལ་བར་བྱས། འདི་སྐད་ཅེས། བྲེའུ་ཆུང་གང་གི་འབྲས་ཆན་བརྡུངས། །མལ་གཅིག་གིས་ནི་བདེ་བར་སྐྱེད། །རས་བཅོས་ཟུང་ཞིག་བཅང་བར་བྱ། །ལྷག་མ་གཏི་མུག་ཡོངས་སུ་འཛིན། །ཞེས་བརྗོད་དེ་འོད་སྲུང་ནྱ་གྲོ་དྷཱ་སྐྱེས་དང་སེར་སྐྱ་བཟང་མོ་གཉིས་དུས་གཅིག་ཏུ་ཁྱིམ་ནས་ཕྱི་རོལ་དུ་བྱུང་སྟེ། རས་ཡུག་ཆེན་རེ་རེ་ཁྱེར་ནས་ཕན་ཚུན་ཅི་བདེ་བར་གནང་བ་སྦྱིན་ཏེ་ལམ་ཁ་ཕྲག་གཅིག་ནས་སོ་སོར་གྱེས་སོ། །སེར་སྐྱ་བཟང་མོ་ནི་མུ་སྟེགས་བྱེད་རྫོགས་བྱེད་ཅེས་བྱ་བ་གཅེར་བུའི་སྤྱོད་པ་ཅན་རྣམས་ཀྱི་དྲུང་དུ་རབ་ཏུ་བྱུང་། འོན་ཀྱང་ཕྱིས་ཡུན་རིང་ཞིག་ལོན་ནས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཡང་ཐོབ་བོ། །འོད་སྲུང་ནྱ་གྲོ་དྷཱ་སྐྱེས་ནི། སྟོན་པ་དྲུག་ལ་སོ་སོར་ཚངས་པར་སྤྱོད་པའི་ལམ་དྲིས་ཀྱང་ལོག་པར་སྟོན་པར་བྱེད་པས་ཡིད་མ་མགུ་སྟེ། མཐར་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བུ་མངས་ཀྱི་མཆོད་རྟེན་ན་བཞུགས་པ། འོད་སྲུང་ནྱ་གྲོ་དྷཱ་སྐྱེས་ཤིང་གཅིག་པའི་དྲུང་ན་ཡོད་པས་མཐོང་སྟེ། ཨེ་མ་བདག་གིས་སྟོན་པ་མཐོང་ངོ་སྙམ་སྟེ་རབ་ཏུ་དགའ་བ་ཆེན་པོས་སངས་རྒྱས་ཀྱི་དྲུང་དུ་ཕྱིན་ནས་ཞབས་ལ་ཕྱག་བྱས་ནས་བཙུན་པ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ཏེ། བདག་ནི་ཁྱོད་ཀྱི་ཉན་ཐོས་ལགས་སོ་ཞེས་ལན་གསུམ་དུ་ཞུས་པས་སྟོན་པས་མཐུན་འགྱུར་སྩལ་ཏེ། ཁས་བླངས་དེ་ཁོ་ནས་རབ་ཏུ་བྱུང་ཞིང་བསྙེན་


GTN004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའོ། །བཀའ་སྩལ་པ། འོད་སྲུང་དེ་ལྟ་བས་ན། འདི་ལྟར་བསླབ་པར་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་སྐྱེ་བ་དང་འཇིག་པས་རྗེས་སུ་གནས་པས་བལྟ་བར་བྱའོ། །ཞེས་སོགས་གསུངས་ཏེ་དེ་བཞིན་གཤེགས་པ་བཞུད་དོ། །འོད་སྲུང་གིས་གདམས་ངག་དེ་བསྒོམས་པས་ཉི་མ་དེ་ལ་རྒྱུན་ཞུགས་ཐོབ་ཅིང་ཞག་བརྒྱད་ཀྱི་བར་དུ་སློབ་པའི་ལམ་ལས་འདས་པར་བྱས་ནས་ཉི་མ་དགུ་པ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། ཁྱད་པར་ཐོབ་པ་གཞན་རྣམས་ལས་ཀྱང་ཆེས་ཁྱད་པར་ཐོབ་པས་འོད་སྲུང་ཆེན་པོ་ཞེས་བྱ་བར་གྲགས་སོ། །དེ་ནས་ལན་གཅིག་འོད་སྲུང་གིས་རས་འབུམ་རི་བའི་སྣམ་སྦྱར་ཁ་དོག་བཟང་པོ་གྱོན་ཞིང་། སྟོན་པས་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གསོལ་ཏེ་ལྷན་ཅིག་ཏུ་གཤེགས་པ་ལ། གང་དུ་སྟོན་པ་བཞུགས་པ་དེར་བདག་གི་སྣམ་སྦྱར་གདིང་ངོ་སྙམ་པ་ལས་སྟོན་པ་བཞུགས་པར་བརྩམས་པ་ན། དེས་སྣམ་སྦྱར་བལྟབ་ནས་བཏིང་པའི་སྟེང་དུ་ཅུང་ཟད་བཞུགས་ནས། ཁྱོད་ཀྱི་སྣམ་སྦྱར་ཡང་ངོ་འཇམ་མོ་ཞེས་གསུངས་སོ། །འོད་སྲུང་གིས་སྟོན་པ་ལ། བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་གི་སྣམ་སྦྱར་བཞེས་སུ་གསོལ། །ཅེས་ཞུས། དེ་ནས་འོད་སྲུང་གི་སྣམ་སྦྱར་སྟོན་པས་བཞེས། སྟོན་པའི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་འོད་སྲུང་ཆེན་པོ་ལ་གནང་ངོ་། །


GTN004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་བཞི་པ་ནི། འདུལ་བ་༼ཁ༽སྨན་གྱི་གཞི་ལས་འབྱུང་བ་བསྡུ་བར་བྱ་སྟེ། སྔོན་བྱང་ཕྱོགས་ལྔ་ལེན་དང་། ལྷོ་ཕྱོགས་ལྔ་ལེན་གྱི་རྒྱལ་པོ་འདྲ་མཉམ་ལ། བྱང་ཕྱོགས་ལྔ་ལེན་གྱི་རྒྱལ་པོ་ནོར་ཅན་ཞེས་པ་ཡིན་པས་རྒྱལ་སྲིད་ཆོས་བཞིན་སྐྱོང་བས་གྲོང་ཁྱེར་གླང་པོའི་ཁྱིམ་ཞེས་འབྱོར་ཞིང་རྒྱས་སོ། །དེ་ན་མཚོ་ཡིད་དུ་འོང་བར་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་གནས་པས་ཆར་འབེབས་ཤིང་ལོ་ཏོག་ཀྱང་ལེགས་སོ། །ལྷོ་ཕྱོགས་ལྔ་ལེན་རྒྱལ་པོ་ཆོས་མིན་སྤྱོད་པས་རྒྱལ་ཁབ་འགྲིབ་ཅིང་། འབངས་རྣམས་ཀྱང་བྱང་ཕྱོགས་ལྔ་ལེན་གྱི་ཡུལ་དུ་ཕལ་ཆེར་དོང་ངོ་། །ལྷོ་ཕྱོགས་རྒྱལ་པོས་རང་གི་ཡུལ་རྣམས་བརྟག་པ་ན། གྲོང་རྡལ་དང་གྲོང་ཁྱེར་གང་ཡིན་པ་དག་སྟོངས་ཤིང་སྐྱེད་ཚལ་དང་ལྷ་ཁང་རྣམས་ནི་ཞིག་རལ་དུ་གྱུར་པ་མཐོང་ནས་བློན་པོ་རྣམས་ལ་དྲིས་པས་སྔར་གྱི་རྒྱུ་མཚན་སྨྲས་ཤིང་། ཡུལ་དེར་ཀླུ་སྐྱེ་བ་སྣ་ཚོགས་པ་རྫིང་བུར་གནས་པའི་མཐུར་སྨོས་པས། དེ་སྔགས་མཁན་ཞིག་ལ་འགུགས་སུ་འཇུག་པར་བསྒོས་ཤིང་རྒྱལ་པོ་རང་གིས་རྒྱལ་མཚན་གྱི་རྩེར་གསེར་གྱི་ཐུམ་པོ་བཅིངས་ནས། གང་ཀླུའི་བུ་དགུག་ནུས་པ་དེ་ལ་གསེར་ཐུམ་སྦྱིན་པ་དྲིལ་བསྒྲགས་སོ། །ཇི་ཙམ་ནས། སྔགས་མཁན་ཞིག་གིས་བདག་ལ་གསེར་གྱི་ཐུམ་པོ་བྱིན་ཞིག་དང་ལས་དེ་བགྱིའོ་ཞེས་སྨྲའོ། །གླང་པོའི་ཁྱིམ་དུ་སོང་ནས་མཚོ་དེའི་ཁོ་ར་


GTN004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཁོར་ཡུག་བརྟགས་ན་མཚན་མ་ལ་མཁས་པས་དེར་ཡོད་པ་མཐོང་སྟེ། གཏོར་མ་དང་ཡོ་བྱད་ཀྱི་ཕྱིར་སླར་སོང་ནས་བློན་པོ་རྣམས་ལ། གཏོར་མ་དང་ཡོ་བྱད་རྣམས་སྩོལ་ཅིག་དང་ཞག་བདུན་ནས་ཁྲིད་འོང་ངོ་། །དེ་ཀླུའི་བུས་ཤེས་ཏེ་ཞག་བདུན་ན་ཕ་མ་བྲལ་བའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་གྱིས་སུ་ལ་སྐྱབས་བཙལ་སྙམ་ནས་བརྟགས་པས། རྔོན་པ་སྤང་ལེབ་ཅན་ཞེས་མཚོ་དེའི་དྲུང་དུ་གནས་བཅས་ནས་སྲོག་ཆགས་སྣ་ཚོགས་གསོད་པ་ཞིག་ཡོད་པ་དེས་སྐྱོབ་ནུས་པར་ཤེས་ཏེ། མིའི་གཟུགས་ཀྱིས་དེའི་གམ་དུ་སོང་ནས། ཀྱེ། ནང་རྗེ། ནོར་ཅན་གྱི་ཡུལ་འདིར་ལོངས་སྤྱོད་ཕུན་སུམ་ཚོགས་པ་སུའི་མཐུ་ལས་བྱུང་ཤེས་སམ། དེས་སྨྲས་པ། ཤེས་ཏེ་རྒྱལ་པོ་ཉིད་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བས་སོ། །གཞན་ཡང་། མཚོ་འདིར་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་གནས་པས་ལོ་ཏོག་ལྷག་པར་ལེགས་པར་བྱེད་དོ། །ཀླུའི་བུ་ན་རེ། གལ་ཏེ་ཀླུའི་བུ་རྒྱལ་པོ་དང་ཡུལ་མིས་འཕྲོག་ན་ཁྱོད་ཀྱིས་ཇི་ལྟར་བྱ། སྲོག་དང་བྲལ་བར་བྱའོ། །ཀླུའི་བུ་གང་ཡིན་པ་དེ་ནི་ང་ཡིན་ཏེ་ལྷོ་ཕྱོགས་ལྔ་ལེན་པའི་སྔགས་པས་ཞག་བདུན་ན་འཕྲོག་པར་འགྱུར་གྱི། དེ་འོངས་པའི་ཚེ་ཁྱོད་ཡིབས་ནས་འདུག་དང་། དེས་མཚོ་ངོགས་སུ་སེང་ལྡེང་གི་ཕུར་པ་གྲྭ་བཞིར་བཙུགས་ལ་ཚོན་སྐུད་སྣ་ཚོགས་བྲེས་ཏེ་གསང་སྔགས་རྗོད་པས། མཚོ་ཁོལ་ཞིང་ལུང་པར་འགྱུར་ནས་ང་ཡང་འོངས་པ་ན་ཁྱོད་ཀྱིས་སྔགས་པ་དེར་མདས་གནད་དུ་སྣུན་ལ་དེ་མ་ཐག་དྲུང་དུ་སོང་སྟེ། གསང་སྔགས་སླར་སྡུས་ཤིག །མ་བསྡུས་ན་ཁྱོད་ཀྱི་མགོ་བྲེག་གོ་ཞེས་སྨྲོས་


GTN004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །དེས་གསང་སྔགས་མ་བསྡུས་པར་འཆི་སོང་ན་བདག་ཇི་སྲིད་འཚོའི་བར་དུ་གསང་སྔགས་ཀྱི་ཞགས་པས་བཅིངས་པར་འགྱུར་རོ་ཟེར། རྔོན་པས་ཁས་བླངས་ནས་ཞག་བདུན་གྱི་ཉིན་པར་གབ་སྟེ་འདུག་པ་དང་། སྔགས་པ་དེས་ཆོ་ག་བྱས་པ་དང་། རྔོན་པས་མདའ་རྒྱབ་པ་སོགས་སྔར་བསླབས་པ་བཞིན་བྱས། གསང་སྔགས་བསྡུས་པ་དང་རྔོན་པས་དེ་བསད་དོ། །དེར་ཀླུའི་བུ་ཤིན་ཏུ་དགའ་ནས་རང་གནས་སུ་ཁྲིད་ནས་བཟའ་བཏུང་རྣམ་པ་སྣ་ཚོགས་བྱིན། དེ་དང་དེའི་ཕ་མ་དག་གིས་རིན་པོ་ཆེ་སྣ་ཚོགས་བྱིན་ནས་སླར་འོངས་སོ། །མཚོ་དེའི་ཉེ་ལོགས་བསྟི་གནས་ཕུན་སུམ་ཚོགས་པ་ཞིག་ཏུ་དྲང་སྲོང་བྱམས་སྙིང་རྗེ་ཅན་ཞིག་ཡོད་པ་དེའི་མདུན་དུ་རྔོན་པ་སོང་ནས་སྔར་གྱི་ལོ་རྒྱུས་བཤད་པས། དེ་ལ་དོན་ཡོད་པ་ཞེས་བྱ་བའི་ཞགས་པ་ཞིག་ཡོད་པ་དེ་སློངས་ཤིག་ཅེས་དྲང་སྲོང་གིས་ལུང་བསྟན་པ་ལྟར་སླར་ཀླུའི་གམ་དུ་སོང་ནས་ནན་གྱིས་བསླངས་པས། ཞགས་པ་དེས་ནམ་མཁའ་ལྡིང་གི་འཇིགས་པ་ལས་སྐྱོབ་ཀྱང་། རྔོན་པ་དྲིན་ཆེ་བས་བྱིན་ནོ། །ཇི་ཙམ་ན། རྒྱལ་པོ་ནོར་ལྡན་ལ་རིགས་སྲས་གང་ཡང་མ་བྱུང་བས་ཞི་བ་དང་། ཆུ་ལྷ་ལ་སོགས་པ་ལ་གསོལ་བ་འདེབས་སོ། །འཇིག་རྟེན་ན་དེས་བུ་འབྱུང་བའི་གཏམ་ཡོད་ཀྱང་མི་བདེན་ཏེ། གལ་ཏེ་དེས་བུ་འབྱུང་ན་འཁོར་ལོས་སྒྱུར་རྒྱལ་བཞིན་དུ་བུ་སྟོང་སྟོང་ཡོད་པར་འགྱུར་རོ། །ཇི་ཞིག་ན། བསྐལ་བཟང་གི་བྱང་སེམས་ཤིག་བཙུན་མོའི་མངལ་དུ་ཞུགས་སོ། །དཀུ་གཡས་པར་རྟེན་པས་བུ་ཕོ་ཡིན་པར་ཤེས་ཏེ། ནོར་ལྡན། དགྱེས་པར་མཛོད་ཅིག །


GTN004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བུ་ཕོ་ཞིག་ཞུགས་པར་གྱུར་ཏོ་སྨྲས་པས། དེ་ཤིན་ཏུ་དགའ་སྟེ་སྨོན་ལམ་ལེགས་པར་བཏབ་ནས་བཙུན་མོ་ལ་བཀུར་སྟི་དང་རིམ་གྲོ་ཆེར་སྐྱེད། ཟླ་བ་དགུ་ནས་ཁྱེའུ་གཟུགས་མཛེས་བལྟ་ན་སྡུག་པ། གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟར་འདུག་པ། ལག་པ་རིང་ལ་དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟེངས་མཐོ་བ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་རྒྱལ་པོས་ཐོས་ནས་དགའ་སྤྲོ་དཔག་མེད་སྐྱེས་ཏེ། ཕོངས་པ་ལ་སྦྱིན་པ་བྱིན། བཙོན་པ་ཐམས་ཅད་མངགས་སོ། །ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་སྟོན་བྱས་ནས་མིང་ནོར་བཟངས་སུ་བཏགས་སོ། །དེ་མ་མ་བརྒྱད་ཀྱིས་སྐྱེད་སྲིང་ནས་ཆེན་པོར་གྱུར་པ་ན་གཙུག་ལག་ཡོངས་སུ་རྫོགས་པ་ཁོང་དུ་ཆུད་དོ། །དེའི་ཕས་ཆུང་མ་གསུམ་པོ་བླངས་ནས་གནས་པའི་ཁང་པ་གསུམ་ཡང་བརྩིགས་སོ། །དུས་གཞན་ཞིག་ན་རྔོན་པ་སྤང་ལེབ་ཅན་རི་དྭགས་ཚོལ་ཞིང་སོང་བ་ལས། བསྟི་གནས་ལེགས་པ་ཞིག་ཏུ་དྲང་སྲོང་སྤྱོད་ལམ་རྣམ་པར་མཛེས་པ་ཞིག་རྩྭའི་སྤྱིལ་བུ་ན་འདུག་པར་མཐོང་ནས་དེར་སོང་སྟེ་ཞབས་ལ་ཕྱག་བྱས་ནས་ལེགས་ལྡན་ཁྱོད་འདིར་བཞུགས་ནས་ཡུན་ཇི་སྲིད་སོང་། ལོ་བཞི་བཅུ་ལོན་ནོ། །དེ་སྲིད་དུ་ངོ་མཚར་ཆོས་འགའ་གསན་གཟིགས་བྱུང་ངམ་བྱུང་སྟེ། མཚོ་ཕ་གི་ཚངས་པ་འདུ་བའི་རྫིང་ཞེས་བྱ་ལ། ཚེས་བཅོ་ལྔའི་དུས་མིའམ་ཅིའི་རྒྱལ་པོའི་བུ་མོ་ཡིད་འཕྲོག་མ་ཞེས་བྱ་བ་མིའམ་ཅི་མོ་ལྔ་བརྒྱས་བསྐོར་ཏེ་ཁྲུས་ལ་འོངས་ཤིང་། དེ་ཡི་


GTN004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བྲོ་གར་དང་གླུ་ལ་སོགས་པའི་སྒྲ་སྙན་པོས་བྱ་དང་རི་དྭགས་རྣམས་ཀྱང་ཡིད་འཕྲོག་པར་བྱེད། ཁོ་བོའང་དེའི་སྒྲ་ཐོས་ནས་དགའ་བ་དང་བདེ་བས་ཞག་བདུན་ཁྱབ་སྟེ་རྨད་བྱུང་གི་ཆོས་འདི་དག་མཐོང་ངོ་སྨྲས་སོ། །རྔོན་པས་དེ་ཡིད་ལ་བརྣག་ནས་ཚེས་བཅོ་ལྔའི་ཚེ་དོན་ཡོད་ཞགས་པ་བཟུང་ནས་མཚོ་འགྲམ་དུ་ཡིབ་སྟེ། ཡིད་འཕྲོག་མ་བྱུང་བ་དང་ཞགས་པ་བཏབ་པས་ཟིན་ཏོ། །དེའི་ཚེ་མཚོའི་ནང་དུ་མཆོང་རྒལ་ཞིང་འཇིགས་པའི་སྒྲ་ཡང་ཕྱུང་བ་དང་། མིའམ་ཅི་མོ་ལྔ་བརྒྱས་མཐོང་སྟེ་སྐྲག་ནས་བྲོས་སོ། །རྔོན་པས་བཟུང་བར་བརྩམས་པ་ན། དེ་ན་རེ། མ་རབས་ཁྱོད་ནི་ང་ལ་མ་རེག་ཅིག །ཁྱོད་ཀྱི་འདི་ནི་ཐོག་ཏུ་བབ་མ་ཡིན། །ང་ནི་གཟུགས་བཟང་རྒྱལ་གྱི་འོས་ཡིན་པས། །འཛིན་པ་ལེགས་པར་འགྱུར་བ་མ་ཡིན་ནོ། །རྔོན་པ་ན་རེ། མ་བཟུང་ན་ཁྱོད་འབྲོས་པར་འགྱུར་རོ། །དེས་སྨྲས་པ། ཁོ་མོ་མི་འགྲོས་ཀྱི་ཡིད་མི་ཆེས་ན་གཙུག་གི་ནོར་བུ་འདི་སུའི་ལག་ན་གནས་པ་དེའི་ཁོ་མོ་དབང་དུ་འགྱུར་རོ་བྱས་ནས་ནོར་བུ་རྔོན་པ་ལ་གཏད་ནས་དེས་ཁྲིད་སོང་ངོ་། །དེའི་ཚེ་གཞོན་ནུ་ནོར་བཟང་རི་དྭགས་བཤོར་དུ་འོངས་པ་རྔོན་པས་མཐོང་ནས་ངོ་ཤེས་ཏེ། གལ་ཏེ་ཡིད་འཕྲོག་མ་འདི་དང་པོར་ཕུལ་ན་ངོ་སོ་དང་བཅས་པར་འགྱུར་ལ། མ་ཕུལ་ན་འཕྲོག་པར་འགྱུར་རོ་སྙམ་ནས། ཞགས་པས་བཅིངས་བཞིན་དུ་གཞོན་ནུ་ལ་ཕུལ་ལོ། །གཞོན་ནུས་བལྟས་པས། མིའམ་ཅི་མོ་ཡིད་འཕྲོག་མ། བུད་མེད་ཀྱི་མཚན་བཅོ་བརྒྱད་ཀྱིས་བརྒྱན་ཞིང་། ཡོན་ཏན་ཐམས་ཅད་འདུས་པ། བུད་མེད་ཕལ་པ་གང་གིས་ཀྱང་མཚོན་ཏུ་མི་བཏུབ་པ་ལྟ་ན་སྡུག་པ་དེ་ལྟ་བུ་


GTN004_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་མ་ཐག་ཏུ་འདོད་ཆགས་ཀྱི་ཚོར་བ་དྲག་པོས་གཟིར་ཏེ་ཚིགས་བཅད་ཀྱང་སྨྲས་པ། དབྱར་གྱི་ཆར་སྤྲིན་ནང་ནས་གློག་ནི་འགྱུ་བ་ལྟར། །བཞིན་རས་ཟླ་བ་འདྲ་དེ་ནོར་བཟངས་ཀྱིས་མཐོང་སྟེ། །དེ་ལ་ཆགས་པའི་འདོད་པ་སྟེག་ཚོལ་ལས་བྱུང་བའི། །འདོད་ཆགས་མདའ་ཡིས་དེ་ཡི་སེམས་ལ་ཕོག །ཅེས་སོ། །དེ་ནས་ནོར་བཟང་གིས་ཡིད་འཕྲོག་མ་ཁྲིད་དེ་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་སོང་ནས་རྔོན་པ་ལ་ཡང་གྲོང་ཁྱེར་མཆོག་ཅིག་བྱིན་ནོ། །དེ་དག་སྟེང་གི་ཁང་བཟང་གི་གཞིར་དོང་ནས་ལྷན་ཅིག་རྩེ་དགའ་ལོངས་སུ་སྤྱོད་ཅིང་ཡིད་འཕྲོག་མ་དང་གཞོན་ནུ་ནོར་བཟང་སྐད་ཅིག་ཀྱང་འབྲལ་མི་ཕོད་དོ། །ཇི་ཙམ་ན། བྲམ་ཟེ་གཉིས་ཤིག་ལྗོངས་རྒྱུ་ཞིང་འོངས་པ་ལས་གཅིག་ནི་རྒྱལ་པོར་རྟེན་བཅས་པས་མདུན་ན་འདོན་དུ་བཅུག །ལོངས་སྤྱོད་ཀྱི་སྐལ་བ་ཡང་བྱིན་ཏོ། །གཅིག་ནི་གཞོན་ནུ་ལ་རྟེན་བཅས་པས་ལོངས་སྤྱོད་ཀྱི་སྐལ་བ་ཙམ་ཞིག་བྱིན་པ་དང་། དེ་ན་རེ། ཁྱོད་རྒྱལ་པོར་གྱུར་པའི་ཚེ་བདག་ཇི་ལྟར་བྱ། ཁྱོད་ཀྱི་གྲོགས་པོ་བཞིན་དུ་ངའི་མདུན་ན་འདོན་དུ་གཞུག་གོ །ཞེས་པའི་གཏམ་དེ་བྲམ་ཟེ་མདུན་ན་འདོན་གྱིས་ཐོས་ནས། གཞོན་ནུ་རང་གིས་ཀྱང་རྒྱལ་སྲིད་མི་ཐོབ་པ་ཞིག་ངས་བྱ་ན་མདུན་ན་འདོན་དུ་གཞུག་པ་ལྟ་ཞོག་སྙམ་མོ། །དུས་ཤིག་ན་རི་འོར་བ་མི་སྲུན་པ་འགས་སྡོ་བར་གྱུར་པ་ལ། དེ་ཆོམ་འབེབས་པར་དམག་ཆེན་ལན་བདུན་དུ་བཏང་ཡང་ཐམས་ཅད་བཅོམ་ནས་སླར་ལོག་གོ །དེའི་ཚེ་བློན་པོ་རྣམས་ཀྱིས། ལྷ། མངའ་འོག་ན་མཚོན་ཐོགས་ཇི་སྙེད་མཆིས་


GTN004_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཐམས་ཅད་བསྡུ་ནས་རི་འོར་བ་འདུལ་དུ་གསོལ། བྲམ་ཟེ་མདུན་ན་འདོན་གྱིས་གཞོན་ནུ་ནོར་བཟང་བསད་པར་འགྱུར་བའི་དུས་ནི་འདི་ཡིན་ནོ་སྙམས་ནས། ལྷ། དེ་ལྟ་བུས་ནི་རྔོ་མི་ཐོག་གི་གཞོན་ནུ་ནོར་བཟང་དར་ལ་བབ་ཅིང་མཐུ་རྩལ་ལྡན་པ་འདི་དམག་དཔོན་དུ་བཏང་ན་ལེགས་སོ། །རྒྱལ་པོས་ཀྱང་རིགས་པར་བསམ་ནས། གཞོན་ནུ་བོས་ཏེ་བསྒོ་བ་ན། དེས་ཀྱང་ཁས་བླངས་ནས་བཙུན་མོ་རྣམས་ཀྱི་གན་དུ་སོང་བ་དང་ཡིད་འཕྲོག་མ་མཐོང་བས་ཐམས་ཅད་བརྗེད་དོ། ཡང་རྒྱལ་པོས་བསྒོ་བ་དང་། ཡང་མཐོང་མ་ཐག་ཏུ་བརྗེད་དོ། །མདུན་ན་འདོན་གྱིས། ཚུལ་དེ་རྒྱལ་པོ་ལ་ཞུས་ནས་ད་ཡིད་འཕྲོག་མའི་དྲུང་དུ་མི་མཆི་བར་གཏང་བར་མཛོད་ཅིག་གསོལ་པས་རྒྱལ་པོས་ཀྱང་གནང་སྟེ། བློན་པོ་རྣམས་ཀྱིས་དཔུང་ཚོགས་ཡན་ལག་བཞི་སྟ་གོན་དུ་བྱས། གཞོན་ནུ་ཕྱིར་བྱུང་བ་དང་ཡིད་འཕྲོག་མའི་དྲུང་དུ་མ་བཏང་ནས་འགྲོ་བར་ཞུས་པས། ནོར་བཟང་མའི་གན་དུ་སོང་ནས། ཡུམ། བདག་རི་འོར་བ་རྣམས་འབེབས་སུ་འགྲོ་བས། གཙུག་གི་ནོར་བུ་འདི་ཁྱོད་ཀྱིས་ཤིན་ཏུ་དམ་པར་སྦོས་ལ་ཡིད་འཕྲོག་མ་འགུམ་པར་གྱུར་པ་ལ་ཐུག་ན་མ་གཏོགས་མ་སྩལ་ཅིག་བྱས་ཏེ་གཙུག་གི་ནོར་བུ་གཏད་ནས་མཆི་ཕྱག་བྱས་ཏེ། དཔུང་གི་ཚོགས་དང་རོལ་མོའི་སྒྲ་སྣ་ཚོགས་པ་བཅས་སོང་ནས་རི་འོར་དང་ཧ་ཅང་མི་རིང་བ་ཞིག་ན་ཤིང་ལྗོན་པ་ཞིག་གི་དྲུང་དུ་ཕྲུ་མ་བཏབ་སྟེ་འདུག་གོ །དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཇི་ལྟར་གྱུར་པ་རྟོགས་ནས། བྱང་ཆུབ་སེམས་དཔའ་ལ་གྲོགས་བྱ་བའི་ཕྱིར། རི་འོར་བ་སྲོག་ཆགས་གཅིག་


GTN004_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་མི་གནོད་བཞིན་དུ་དབང་དུ་བྱེད་པའི་ཐབས་བཤམས་ནས། ལྔ་ལེན་ཞེས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཞིག་ཡོད་པ་ལ་དེ་ལྟར་གྱིས་ཤིག་བསྒོ་བས། དེས་ལྷའི་དཔུང་ཚོགས་ཡན་ལག་བཞི་པ་ཤིང་ཏ་ལ་ཙམ་གྱི་སྐྱེས་པ་དང་། གླང་པོ་ཆེ་རི་ཙམ། རྟ་གླང་ཆེན་ཙམ། གཞལ་མེད་ཁང་ཙམ་གྱི་ཤིང་རྟ་རྣམས་སྤྲུལ་ནས། རལ་གྲི་ལ་སོགས་མཚོན་ཆའི་རིགས་བྱེད་མང་པོ་ཐོགས། སིལ་དཀྲོལ་སྒྲ་རྣམ་པ་སྣ་ཚོགས་འབྱིན་ནས་འཇིགས་པ་ཆེན་པོ་སྟོན་ཅིང་རི་འོར་དུ་ཕྱིན་པ་ན། སྒྲ་རྣམས་དང་གནོད་སྦྱིན་གྱི་མཐུས་ར་བ་དག་རལ་བར་གྱུར་ཏོ། །དེ་ནས་རི་འོར་རྣམས་ཀྱིས་མཐོང་སྟེ་ཡ་མཚན་སྐྱེས་ནས། དཔུང་གི་ཚོགས་འདི་གང་ནས་འོངས། དེ་རྣམས་ཀྱིས་སྨྲས་པ། མྱུར་དུ་སྒོ་ཕྱེས་ཤིག་གཞོན་ནུ་ནོར་བཟངས་མཇུག་ནས་འོང་སྟེ་དཔུང་གི་ཚོགས་འདི་དེའི་ཡིན་ནོ། །དེ་རྣམས་ཀྱིས། བདག་ཅག་རྒྱལ་ལ་མི་ལྡོག་སྟེ། །གཞོན་ནུ་བློ་དང་ལྡན་ལ་མིན། །རྒྱལ་པོ་ཞོ་ཤས་འཚོ་རྣམས་ཀྱིས། །བདག་ཅག་འཇིགས་ཤིང་སྐྲག་གྱུར་མོད། །ཅེས་སྨྲས་ནས་སྒོ་ཕྱེས་ཏེ། རྒྱལ་མཚན་དང་བ་དན་བསྒྲེངས་ནས་བུམ་པ་གང་བ་དང་རོལ་མོའི་སྒྲ་སྣ་ཚོགས་ཀྱིས་གཞོན་ནུ་ནོར་བཟངས་བསུའོ། །དེས་ཀྱང་དབུགས་ཕྱུང་ནས་དེ་རྣམས་འདྲོང་བ་ལས་སྣ་བོ་བསྐོས་ཏེ་དཔྱ་ཐང་བཅད། གཏེའུ་ཡང་བཟུང་ངོ་། །དེ་ནས་རི་འོར་བ་རྣམས་ཆམ་ལ་ཕབ་ནས་གཞོན་ནུ་ནོར་བཟངས་སླར་ལོག་གོ །རྒྱལ་པོ་ནོར་ཅན་གྱིས་དེ་ཉིད་ཀྱི་ནུབ་མོའི་རྨི་ལམ་ན་བྱ་རྒོད་ཅིག་འོངས་ཏེ་རྒྱལ་པོའི་ལྟོ་དྲལ་ནས་རྒྱུ་མ་ཐོགས་ཏེ་གྲོང་ཁྱེར་དེ་རྣམས་ཀྱི་མཐའ་བསྐོར་བ་དང་


GTN004_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་སྣ་བདུན་ཁྱིམ་དུ་འོངས་པར་མཐོང་ངོ་། །ནང་པར་ཡིད་ཁོང་དུ་ཆུད་པ་ལས་བྲམ་ཟེ་མདུན་ན་འདོན་དེ་འོངས་པ་དང་རྨི་ལམ་རྨིས་ཚུལ་བཤད་པས། དེས་བསམ་པ། ངེས་པར་གཞོན་ནུས་རི་འོར་བ་རྣམས་ཆམ་ལ་ཕབ་ནས་འཁོར་འོང་གི་ལོག་པ་ཞིག་བསྟན་སྙམ་སྟེ། ལྷ་རྨི་ལམ་དེ་ནི་ངེས་པར་བཟང་བ་མ་ལགས་ཏེ། འོན་ཀྱང་ཟློག་པའི་ཐབས་ཡོད་ཅིང་། དེའང་བྲམ་ཟེ་རྣམས་ཀྱིས་གསང་ཚིག་ལས་མཐོང་ངོ་། །ལྷ་སྐྱེད་མོས་ཚལ་དུ་རྫིང་དབྱིབས་ལེགས་པ་ཚད་ལ་བབ་པ་བགྱིས་ལ། དེ་ནས་རྡོ་ཐལ་གྱིས་བྱུག་སྟེ་ལེགས་པར་བསྟར་ལ་རི་དྭགས་ཕྲ་མོ་རྣམས་ཀྱི་ཁྲག་གིས་བཀང་ལ་དེ་ནས་ལྷ་ཁྲུས་ལ་གཤེགས་པ་ན་རྫིང་དེ་ལ་ཐེམ་སྐས་གཅིག་ལས་འཇུག་པར་བགྱིའོ། །དེ་ལས་གཉིས་པ་ནས་བཞི་པའི་བར་དུ་འཛེག་པར་བགྱིའོ། །དེ་ནས་བྲམ་ཟེ་རིག་བྱེད་ཡན་ལག་དང་བཅས་པའི་ཕ་རོལ་ཏུ་སོན་པ་བཞིས་ལྷའི་ཞབས་ལ་ལྕེས་བལྡགས་ཤིང་། མི་མ་ཡིན་པའི་ཚིལ་གྱི་དུད་པས་བདུག་གོ །དེས་ལྷའི་དངོས་སྡིག་འབྱང་ཞིང་ཡུན་རིང་པོར་རྒྱལ་སྲིད་སྐྱོང་བར་འགྱུར་རོ། །རྒྱལ་པོས་དེ་ཐམས་ཅད་གྲུབ་ན་མི་མ་ཡིན་པའི་ཚིལ་ནི་ཤིན་ཏུ་དཀོན་ནོ། །བྲམ་ཟེ་ན་རེ། མོད་པ་གང་ཡིན་པ་དེ་དཀོན་ནམ། ཡིད་འཕྲོག་མ་མི་མ་ལགས་པ་མཁྱེན་ནམ། རྒྱལ་པོ་ན་རེ། མདུན་ན་འདོན། འདི་ལ་གཞོན་ནུའི་སྲོག་འདུག་གི་དེ་སྐད་མ་སྨྲ་ཞིག །ཅེས་གསུངས་ཀྱང་བློན་པོ་བྲམ་ཟེས་ནན་གྱིས་བསྐུལ་བས་ཡིད་འཕྲོག་མ་བཀུམ་པར་ཐག་ཆོད་དོ། །དེ་ནས་ཆོ་ག་དེ་རྣམས་ཚང་བར་བསགས། དེ་ཚུལ་ནོར་བཟངས་ཀྱི་བཙུན་མོ་གཞན་རྣམས་ཀྱིས་ཐོས་ནས་ཤིན་ཏུ་དགའ་བ་


GTN004_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དང་མགུ་བ་སྐྱེས་པ། ཡིད་འཕྲོག་མས་མཐོང་ནས་ལྷག་པར་དགའ་བ་ཅི་ཡིན་དྲིས་པས། གཞན་ཞིག་གིས་གནས་སྐབས་དེ་བཤད་པས་ཡིད་འཕྲོག་མ་སྡུག་བསྔལ་ཏེ་ནོར་བཟངས་ཀྱི་མའི་གམ་དུ་སོང་ནས་དོན་དེ་བཤད་པས། མས་ཀྱང་ཡིན་མིན་ལེགས་པར་བརྟག་ནས་ངེས་པའི་རིགས་སུ་འདུག་པ་དང་། གཙུག་གི་ནོར་བུ་གཏད་ནས་དུས་ལ་མ་བབ་པར་མ་འགྲོ་ཞིག །ཁོ་མོ་ལ་ཁ་མཆུ་འོང་ངོ་ཞེས་བསྒོའོ། །དེ་ནས་རྒྱལ་པོས་སྔར་གྱི་ཆོ་ག་རྣམས་ཚར་ནས་ཡིད་འཕྲོག་མ་ཁྲིད་དེ་ཤོག་ཅིག་བསྒོ་བ་དང་། དེ་མ་ཐག་ཡིད་འཕྲོག་མ་ནམ་མཁར་འཕགས་ཏེ་ཚིགས་སུ་བཅད་པ་སྨྲས་པ། བདག་ནི་རེག་དང་ཕྲད་པ་དང་། །བདག་ནི་བགད་དང་རྩེས་པ་ལས། །བན་གླང་མོ་བཏགས་ཐར་བ་ལྟར། །དེ་ནི་བདག་མོར་འགྲོ་བར་བྱ། །རྒྱལ་པོས་ཀྱང་དེ་མཐོང་ནས་སྐྲག་སྟེ། མདུན་ན་འདོན། འབད་པར་བྱ་བ་ནི་མ་གྲུབ་བོ། །དེ་ན་རེ། ལྷ་ད་ནི་དོན་གྲུབ་སྟེ་དངོས་སྡིག་དང་བྲལ་ལགས་སོ། །དེ་ནས་ཡིད་འཕྲོག་མ་ནམ་མཁའི་ལམ་ལས་སྔར་གྱི་དྲང་སྲོང་མདུན་དུ་སོང་སྟེ། གནས་ཚུལ་རྣམས་རྒྱས་པར་བཤད་ནས། གལ་ཏེ་གཞོན་ནུ་ནོར་བཟངས་བདག་ཚོལ་ཞིང་མཆིས་ན་སོར་གདུབ་འདི་སྩོལ་ལ་འདི་སྐད་གསུངས་ཤིག །གཞོན་ནུ་ལམ་བགྲོད་ཤིན་ཏུ་དཀའ་བས་སླར་ལོག་ཅིག །གལ་ཏེ་ཉན་དུ་མ་བཏུབ་ན། འདི་ནས་བྱང་ཕྱོགས་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་རི་ཡི་རྒྱལ་པོ་གངས་ཅན། དེ་འདས་པའི་ཕ་རོལ་ན་རི་བོ་ཕུར་པའི་རྩེ་ཞེས་བྱ་བ་ནས་བཟུང་། མིའམ་ཅིའི་རྒྱལ་པོའི་ཕོ་བྲང་ཡོད་དོ་ཞེས་པའི་བར་གྱི་ལམ་ངོ་རྒྱས་པར་བསྟན། གནོད་


GTN004_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་རྣམས་ལ་སོ་སོའི་གཉེན་པོ་བཅས་བསྟན་ནས་དྲང་སྲོང་གི་རྐང་པ་ལ་ཕྱག་བྱས་ནས་སོང་ངོ་། །ཇི་ཞིག་ན། གཞོན་ནུ་ནོར་བཟངས་གླང་པོའི་གྲོང་དུ་འོངས་ནས་ཡབ་ཀྱི་མདུན་དུ་སོང་སྟེ་ཕྱག་བྱས་ནས་གནས་ཚུལ་རྒྱས་པར་བཤད། ཡབ་ཀྱིས་ཀྱང་མཆོག་ཏུ་དགའ་བའི་གཏམ་བྱས་ནས་ནོར་བཟངས་བཙུན་མོའི་འཁོར་གྱི་ནང་དུ་སོང་བ་དང་ཡིད་འཕྲོག་མ་མེད་པར་མཐོང་ནས་སྙིང་སྟོར་ཏེ་ཕན་ཚུན་དུ་རྒྱུ་ཞིང་མྱ་ངན་གྱི་སྐད་ཕྱུང་ངོ་། །དེ་ཤིན་ཏུ་སྡུག་བསྔལ་བ་ལ་བཙུན་མོའི་འཁོར་རྣམས་ཀྱིས་ཡང་ནས་ཡང་དུ་བྲིད་ཀྱང་བཟློག་ཏུ་མ་འདོད་དེ་གཞོན་ནུ་མའི་གམ་དུ་སོང་ནས་སྨྲས་པ། ཡུམ། ཡིད་བཞིན་ཡོན་ཏན་ལྡན་གྱུར་ཞིང་། །གཟུགས་མཛེས་ཕུན་སུམ་ཚོགས་པ་ཡི། །ཡིད་འཕྲོག་མ་ནི་མི་གདའ་ན། །བདག་གི་ཡིད་འཕྲོག་གང་དུ་མཆིས། །ཞེས་སོགས་ཚིགས་བཅད་སྨྲས་པས། བུ། ཡིད་འཕྲོག་མ་སྡུག་བསྔལ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་གྱི་ཁོ་མོས་བཏང་ངོ་ཞེས་སོགས་སྔར་གྱི་ཚུལ་རྒྱས་པར་བཤད་ནས་གཞོན་ནུ་དབུགས་དབྱུང་ཀྱང་ཉན་དུ་མ་བཏུབ། དེ་ནས་ཕན་ཚུན་དུ་བཙལ་བར་བརྩམས་ཏེ་རྔོན་པ་སྤང་ལེབ་ཅན་གྱི་དྲུང་དུ་སོང་ནས་ཡིད་འཕྲོག་མ་དང་པོ་གང་ནས་རྙེད་དྲིས་པས། དེས་ཁུངས་བཤད་པ་ན། དྲང་སྲོང་རྩར་འགྲོའོ་སྙམ་མོ། །སྐབས་དེ་རྒྱལ་པོས་ཐོས་ནས་གཞོན་ནུ་བོས་ཏེ་ལན་དུ་མར་བཟློགས་ཀྱང་། སྔོན་ནས་ཕ་སྙིང་རྗེ་མེད་ཅིང་བྱས་པ་ཆུད་གསན་པ་ཐོས་བཞིན་པས་བཟློག་ཏུ་མ་བཏུབ་བོ། །དེར་རྒྱལ་པོས་གཞོན་ནུ་བསྲུང་


GTN004_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆེད་དུ་གྲོང་ཁྱེར་གྱི་སྒོ་དང་ར་བའི་ཁར་སྲུང་མ་དག་བཀོད་དོ། །དེ་ནས་གཞོན་ནུ་ནི་མཚན་ཐོག་མི་ཉལ་ཞིང་ཅི་ནས་ཀྱང་ཡིད་འཕྲོག་མ་འཚོལ་དུ་འགྲོའོ་སྙམ་ནས། མགོ་བོར་བཅིངས་པའི་ཨུཏྤལ་སྔོན་པོའི་ཕྲེང་བ་རྒྱལ་མཚན་ལ་བཏགས་ཏེ། སྲུང་མ་མེད་པའི་ཕྱོགས་ནས་སར་བབས་པ་དང་ཟླ་བ་ཤར་རོ། །དེས་ཀྱང་ལྷག་པར་ཡིད་འཕྲོག་མ་དྲན་ནས། སྨྲེ་སྔགས་འདོན་བཞིན་དུ་སོང་བ་ལས། རིམ་བཞིན་རི་དྭགས་མོ་དང་། པདྨའི་ཚལ་དུ་བུང་བ་འཁོར་བ་དང་། སྦྲུལ་དང་ཁུ་བྱུག་སྒྲ་འབྱིན་པ་དང་། ཤིང་མྱ་ངན་འཚང་མེ་ཏོག་རྒྱས་པ་རྣམས་མཐོང་བས་ཀྱང་ཆེས་ཆེར་གདུང་ངོ་། །དེ་ནས་དྲང་སྲོང་གི་གམ་དུ་སོང་སྟེ་ཕྱག་བྱས་ནས། བཟོད་འཕགས་གོས་སུ་ཤིང་ཤུན་དང་ནི་གཡང་གཞི་མནབས། །རྩ་བ་མྱུ་གུ་སྐྱུ་རུ་བིལ་བ་ཀ་པིད་གསོལ། །དྲང་སྲོང་མགོས་བཏུད་ཕྱག་འཚལ་བདག་གི་ཡིད་འཕྲོག་མ། །ཁྱོད་ཀྱིས་གཟིགས་སམ་ཁྱོད་ནི་བདག་ལ་མྱུར་དུ་གསུངས། །ཞེས་སྨྲས་པ་དང་། དེས་གཞོན་ནུ་བྱོན་པ་ལེགས་སོ་བྱས་ནས་སྟན་བཏིང་། རྩ་བ་དང་འབྲས་བུ་སོགས་བྱིན་ནས་སྔར་གྱི་རྒྱུ་མཚན་དང་ཡིད་འཕྲོག་མས་བསླབ་པའི་ལམ་བགྲོད་ཚུལ་རྣམས་རྒྱས་པར་བཤད་དེ་སོར་གདུབ་བྱིན་ནོ། །དེ་ནས་གཞོན་ནུས་ལམ་ལ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་བཙལ་བསྒྲུབས་བྱས་ཏེ་ཐབས་རྣམས་པ་སྣ་ཚོགས་དང་བཅས་རིམ་གྱིས། རི་དང་། ཆུ་བོ་དང་། ཕུག་དང་། གཡང་ས་ལ་སོགས་པ་བགྲོད་པར་དཀའ་བ་དཔག་ཏུ་མེད་པ་བརྒལ་ནས་མིའམ་ཅིའི་རྒྱལ་པོའི་ཕོ་


GTN004_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་དང་ཉེ་བ་ཞིག་ཏུ་སོན་པ་ན་མིའམ་ཅི་མོ་རྣམས་ཆུ་ལེན་དུ་འོངས་པ་མཐོང་ནས་སྨྲས་པ། ཆུ་མང་པོ་འདིས་ཅི་ཞིག་བྱ། དེ་རྣམས་ན་རེ། མིའམ་ཅིའི་རྒྱལ་པོ་ལྗོན་པའི་སྲས་མོ་ཡིད་འཕྲོག་མ་མིའི་ལག་ཏུ་སོན་པར་གྱུར་པས་ད་མིའི་དྲི་མ་བཀྲུའོ། །གཞོན་ནུས་དྲིས་པ། ཅི་བུམ་པ་འདི་དག་དུས་གཅིག་ཏུ་ལྡུགས་སམ། མ་ཡིན་ཏེ་རིམ་གྱིས་སོ། །དེས་མིའམ་ཅི་མོ་གཅིག་གི་བུམ་པར་སོར་གདུབ་མ་ཚོར་བར་གཞུག་ནས། ཁྱོད་ཀྱིས་བུམ་པ་འདིས་ཐོག་མར་ཡིད་འཕྲོག་མ་ལ་ཁྲུས་གྱིས་ཤིག །དེས་བསམ་པ། ངེས་པར་འདི་ལ་དགོས་པ་ཞིག་ཡོད་འདུག་སྙམ་ནས་དེ་ལྟར་བྱས་པས་སོར་གདུབ་ཀྱི་རྒྱ་པང་དུ་ལྷུང་བ་དང་ཡིད་འཕྲོག་མས་འཕྲིགས་ནས། འདིར་མི་འགའ་ཞིག་མ་འོངས་སམ། འོངས་སོ། །སོང་ལ་དབེན་ས་ཞིག་ཏུ་ཞོག་ཅིག །མིའམ་ཅི་མོ་དེས་ནོར་བཟངས་ནང་དུ་ཁྲིད་ནས་དབེན་པ་ཞིག་ཏུ་བཞག་གོ །དེ་ནས་ཡིད་འཕྲོག་མས་ཕའི་གམ་དུ་སོང་ནས་ཕྱག་བྱས་ཏེ། ཡབ། གལ་ཏེ་བདག་གི་ཁྱིམ་ཐབ་ནོར་བཟངས་དེ་འདིར་འོངས་ན་ཁྱོད་ཀྱིས་ཅི་བགྱི། དེས་སྨྲས་པ། དེ་མ་ཡིན་ཏེ་ཅིར་ཡང་མི་མཁོ་བས་ངས་དེའི་ལུས་དུམ་བུར་གཏུབ་བོ། །ཡིད་འཕྲོག་མ་ན་རེ། ཡབ། མིར་གྱུར་པས་འདིར་ག་ལ་མཆི། བདག་དེ་སྐད་གླེང་བར་ཟད་དོ། །དེ་ནས་རྒྱལ་པོ་ལྗོན་པ་ཁྲོ་བ་རྣམ་པར་ཞི་བ་དང་སྨྲས་པ། གལ་ཏེ་གཞོན་ནུ་དེ་འདིར་འོངས་ན། ངས་ཁྱོད་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་ནོར་དང་ཡོ་བྱད་མང་པོ་དང་། མིའམ་ཅི་མོ་སྟོང་གིས་ཡོངས་སུ་བསྐོར་ཏེ། དེ་ལ་ཆུང་


GTN004_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དོན་དུ་སྦྱིན་ནོ། །དེ་ནས་ཡིད་འཕྲོག་མ་དགའ་མགུ་ཡི་རངས་ཏེ་གཞོན་ནུ་ནོར་བཟངས་ལྷའི་རྒྱན་གྱིས་བརྒྱན་ནས་ཡབ་ལ་བསྟན་ཏོ། །དེར་གཞོན་ནུ་ནོར་བཟངས་གཟུགས་བལྟ་ན་སྡུག་པ་དེ་མཐོང་ནས་མཆོག་ཏུ་ངོ་མཚར་སྐྱེས་སོ། །དེའི་ཚོད་བལྟ་ཕྱིར། གསེར་གྱི་སྡོང་པོ་བདུན་དང་། ཤིང་ཏ་ལ་བདུན་དང་། རྔ་བོ་ཆེ་བདུན་དང་། ཕག་བདུན་བཙུགས་སོ། །ནོར་བཟངས་ནི་བཟོའི་གནས་ལ་བྱང་ཆུབ་པ་ཡིན་པས། མིའམ་ཅི་བརྒྱ་སྟོང་དུ་མའི་དབུས་སུ་རལ་གྲི་ཨུཏྤལ་སྔོན་པོའི་འདབ་མ་འདྲ་བ་ཐོགས་ཏེ། གསེར་གྱི་སྡོང་པོ་བདུན་ནི་ཏིལ་གྱི་འབྲུ་མ་ཙམ་དུ་བརླགས་སོ། །མདས་ནི། ཤིང་ཏ་ལ། རྔ། ཕག་བདུན་བདུན་རྣམས་འབིགས་ནས་རི་རབ་བཞིན་དུ་མི་གཡོ་བ་གནས། ནམ་མཁའི་ལྷ་དང་། མིའམ་ཅི་རྣམས་ཀྱིས་ཨ་ལ་ལ་ཞེས་སྒྲ་ཆེན་པོ་བྱུང་། རྒྱལ་པོ་ལྗོན་པ་མཆོག་ཏུ་ངོ་མཚར་བར་གྱུར་ཏོ། །དེ་ནས་རྒྱལ་པོས། ཡིད་འཕྲོག་མ་དེ་ཁོ་ན་འདྲ་བ་སྟོང་གི་དབུས་སུ་བཞག་སྟེ། གཞོན་ནུ། ཡིད་འཕྲོག་མ་ངོ་ཤེས་པར་གྱིས་ཤིག །གཞོན་ནུས་སྨྲས་པ་ཇི་ལྟར་ཁྱོད་ནི་ལྗོན་པའི་བུ་ཡིན་ལ། །ཁོ་བོའི་སྡུག་པ་ཡིད་འཕྲོག་ཡིན་ཞེ་ན། །བདེན་པ་འདི་ཡིས་མྱུར་བ་ཁོ་ནར་ནི། །ཡིད་འཕྲོག་གོམ་པས་མྱུར་དུ་འགྲོ་བར་ཤོག །དེ་ནས་དེ་མ་ཐག་ཏུ་གོམ་པས་སོང་བ་དང་། མིའམ་ཅི་རྣམས་ཀྱང་ངོ་མཚར་ནས་རྒྱལ་པོ་ལ་ཡིད་འཕྲོག་མ་བྱིན་ཅིག་པར་བསྐུལ་ལོ། །དེ་ནས་ཡིད་འཕྲོག་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་དགྱེས་བཞིན་དུ་ནོར་བཟངས་ལ་བྱིན་ཏོ། །དེ་དག་ལྷན་ཅིག་ཏུ་མིའམ་ཅིའི་ཁང་པ་ན་འདུག་སྟེ་རྩེ་དགའི་


GTN004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལོངས་སུ་སྤྱོད་དོ། །དུས་གཞན་ཞིག་ན་ནོར་བཟངས་རང་གི་ཡུལ་དྲན་ནས་ཕ་མ་དང་བྲལ་བའི་སྡུག་བསྔལ་གྱིས་གདུངས་པ་ན། ཡིད་འཕྲོག་མ་ལ་བཤད་པས། དེས་ཡབ་རྒྱལ་པོར་ཞུས་པ་ན། དེ་ན་རེ། ད་གཞོན་ནུ་དང་ལྷན་ཅིག་སོང་ལ། མི་རྣམས་ནི་ངོ་མི་རྟག་པས་ཁྱོད་ཀྱིས་བག་ཡོད་པར་གྱིས་ཤིག་བྱས་ཏེ། ནོར་བུ་དང་། མུ་ཏིག་དང་། གསེར་སོགས་རིན་པོ་ཆེ་མང་དུ་བརྫངས་ནས་མིའམ་ཅིའི་ཤུགས་ཀྱིས་དེ་དག་སྟེང་གི་ནམ་མཁའི་ལམ་ལས་སོང་ནས་རིམ་གྱིས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ཕྱིན་ཏོ། །དེར་ལམ་གྱིས་དུབ་པའི་ངལ་བ་གསོས་ཏེ་རིན་པོ་ཆེ་སྣ་ཚོགས་ཁྱེར་ནས་ཕའི་གམ་དུ་སོང་སྟེ་སྐད་ཆ་རྒྱས་པར་བཤད་དོ། །དེ་ནས་རྒྱལ་པོ་ནོར་ཅན་གྱིས་བསམ་པ། གཞོན་ནུ་འདི་ནི་སྟོབས་དང་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཅན་ནོ་སྙམ་སྟེ་རྒྱལ་སྲིད་ལ་དབང་བསྐུར་རོ། །ནོར་བཟངས་ཀྱིས་བསམ་པ། གང་བདག་ཡིད་འཕྲོག་མ་དང་ལྷན་ཅིག་ཚོགས་པ་དང་རྒྱལ་སྲིད་ཀྱི་དབང་བསྐུར་བ་ཐོབ་པར་འགྱུར་བ་འདི་ནི་སྔོན་ཚོགས་བསགས་པ་ལས་བྱུང་གི། ད་ཡང་བདག་གིས་སྦྱིན་པ་དག་བཏང་། བསོད་ནམས་དག་བྱའོ་སྙམ་ནས། དེས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ལོ་བཅུ་གཉིས་སུ་གཏན་པ་མེད་པའི་མཆོད་སྦྱིན་བྱས་སོ། །ནོར་བཟངས་ནི་སྟོན་པ་དང་། ཡིད་འཕྲོག་མ་ནི་གྲགས་འཛིན་མའོ། །


GTN004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་ལྔ་པ་ནི། འདུལ་བ་༼ང༽དབྱེན་གྱི་གཞིར་འབྱུང་བ་དང་དོན་གཅིག་པས་འཆད་ན། སྔར་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་བྱམས་པའི་རང་བཞིན་ཅན་ཞིག་གི་བསྟི་གནས་སུ་རི་དྭགས་རྣམས་ཀྱང་གནས་སོ། །དེས་ཁུ་བ་དང་བཅས་པའི་དྲི་ཆུ་དོར་བ་རི་དྭགས་མོ་ཞིག་གིས་འཐུངས་ནས་ལྕེས་མོ་མཚན་བལྡགས་སོ། །སེམས་ཅན་ལས་ཀྱི་རྣམ་སྨིན་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་བཙའ་བའི་དུས་སུ་ཕྱོགས་དེར་འོངས་ནས་ཁྱེའུ་ཞིག་བྱུང་བ་དང་། དེས་དྲི་བསྣམས་ན་རིས་མི་མཐུན་པའི་སེམས་ཅན་ཡིན་ཏེ་སྐྲག་ནས་གཅིན་རྟུག་ཤོར་ཏེ་སོང་ངོ་། །ནམ་ཞིག་དྲང་སྲོང་དེས་མཐོང་ནས་རང་གི་བུ་ཡིན་པར་མཐོང་སྟེ་བསྟི་གནས་སུ་ཁྱེར་ཞིང་བསྐྱེད་བསྲིངས་པས་ཆེན་པོར་གྱུར་པ་ན་མགོ་ལ་རི་དྭགས་ཀྱི་རྭ་སྐྱེས་པས་དྲང་སྲོང་རྭ་ཅན་ཞེས་གྲགས་སོ། །དེ་ནས་ཡབ་དྲང་སྲོང་ནད་ཀྱིས་གཟིར་ཏེ་དཔྱད་སོགས་ཀྱིས་ཀྱང་མ་འཆོས་པར་འཆིར་ཐུག་པའི་ཚེ་བུ་ལ་སྨྲས་པ། བསྟི་གནས་འདི་ཕྱོགས་སྣ་ཚོགས་ནས་དྲང་སྲོང་མང་པོ་དུས་དུས་སུ་འོང་གིས་ཁྱོད་ང་ལ་དགའ་བས་དེ་རྣམས་ལ་ཀུན་ཏུ་སྤྱོད་པའི་ཆོས་ཀྱིས་འོངས་པ་ལེགས་སོ་ཞེས་ཡང་དག་པར་དགའ་བར་བྱ་ཞིང་། སྟན་ལ་མགྲོན་དུ་བོས་ནས་རྩ་བ་དང་འབྲས་བུ་ཅི་ནུས་སུ་སྟོབས་ཤིག་ཅེས་སྨྲས་ནས་འཆིའོ། །དེས་དེ་དྲང་སྲོང་གི་ཆོས་བཞིན་དུ་བསྲེགས་ཏེ་ཕ་དང་


GTN004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བས་སྐྱོ་བ་སྐྱེས་ནས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །ནམ་ཞིག་ལྷས་ཆར་ཆེན་པོ་ཕབ་པ་ན། དྲང་སྲོང་དེ་ཆུ་ལེན་སོང་བས་འགྲེད་ནས་ཆུ་བུམ་ཆག་པ་དང་། དྲང་སྲོང་རྣམས་ནི་མྱུར་དུ་ཁྲོ་བ་ཡིན་པས་ཆུ་ཉུང་ཟད་གཏོར་ཏེ། ལོ་བཅུ་གཉིས་སུ་ཆར་མི་འབེབས་པར་གྱུར་ཅིག་ཅེས་དམོད་བོར་བས་ཝཱ་རཱ་ཎ་སཱིར་མུ་གེ་ཆེན་པོ་བྱུང་ནས་སྐྱེ་བོའི་ཚོགས་ཀུན་ཏུ་སོང་བ་ན། རྒྱལ་པོས་ལྟས་མཁན་ལ་དྲིས་པས། དེས་དྲང་སྲོང་གི་མཐུ་ཡིན་པ་ལུང་བསྟན་ཏེ། དྲང་སྲོང་དེ་དཀའ་ཐུབ་དེ་ལས་བསྐྱོད་པར་ནུས་ན་ཕན་ཞེས་ཟེར་རོ། །རྒྱལ་པོ་ཡིད་ཁོང་དུ་ཆུད་ཅིང་འདུག་པ་ལས་དེའི་བུ་མོ་ཞི་ལྡན་མ་ཞེས་བྱ་བས། ལྷ། ཐུགས་ལས་ཆུང་ངུར་མཛོད་དང་། བདག་གིས་དྲང་སྲོང་དེ་དཀའ་ཐུབ་དེ་ལས་གཡོ་བར་བྱའོ་ཞེས་ཁས་བླངས་ནས། བསྟི་གནས་ཕུན་སུམ་ཚོགས་པ་ཞིག་བཤམས། བུད་མེད་གཞན་དང་བཅས་བྲམ་ཟེ་ལས་གསང་ཚིག་བསླབ། དེར་དབང་དུ་བྱེད་པའི་ལ་དུ་བྱས་ནས། རང་ཉིད་དྲང་སྲོང་དུ་སྤྲུལ་ནས་བུད་མེད་རྣམས་དང་ལྷན་ཅིག་བྲམ་ཟེ་རྣམས་ལ་གསང་ཚིག་འདོན་ཞིང་དྲང་སྲོང་དེའི་བསྟི་གནས་སུ་སོང་ངོ་། །དྲང་སྲོང་སློབ་མ་རྣམས་ཀྱིས་མཐོང་ནས་མཁན་པོ་ལ་སྨྲས་པས་ནང་དུ་བོས་ཤིག་གསུངས། དེ་རྣམས་ནང་དུ་ཞུགས་པ་དེས་མཐོང་ནས་སྨྲས་པ། བརྟགས་པ་མེད་པར་འགྱིང་ཞིང་འགྲོ་བ་དང་། །བཞིན་ཡང་ཁ་སྤུ་རྣམས་དང་བྲལ་གྱུར་ཅིང་། །འདི་རྣམས་བྲང་ནི་མཐོ་དམན་གྱུར་པ་དེ། །ཨེ་མ་དྲང་སྲོང་ཆ་བྱད་སྔོན་མ་བྱུང་། །དེས་དེ་རྣམས་ལ་ཐེ་ཚོམ་བཞིན་དུ་རྩ་བ་དང་འབྲས་བུས་བསྟབས་སོ། །དེ་ཟོས་ནས་དྲང་སྲོང་ལ་


GTN004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ཁྱོད་ཀྱི་འབྲས་བུ་འདི་དག་ནི་བསོད་པ་མ་ཡིན་ཏེ། ངེད་ཀྱི་བསྟི་གནས་སུ་འབྲས་བུ་ནི་བདུད་རྩི་དང་འདྲ་བ་ཡོད་པས་ཁྱོད་ཀྱང་གཤེགས་ཤིག །དེས་ཀྱང་ཁས་བླངས་ནས་དེར་སོང་བ་དང་། སྔར་གྱི་ལ་དུ་བྱིན་པས་དྲང་སྲོང་དེ་ཞི་ལྡན་མ་དང་ལྷན་ཅིག་དགའ་མགུར་སྤྱད་པས་རྫུ་འཕྲུལ་ཉམས་སོ། །དེར་ཞི་ལྡན་མས་ཡབ་ལ་དྲང་སྲོང་དེ་བསྟན་པས། རྒྱལ་པོས་ཞི་ལྡན་མ་འཁོར་བཅས་དྲང་སྲོང་དེ་ལ་ཆུང་མ་བྱིན་ནོ། །དེ་ནས་ལྷས་ཆར་དབབ་པར་བརྩམས་ནས་ལོ་ལེགས་པར་གྱུར་ཏོ། །དྲང་སྲོང་དེས་ཆུང་མ་གཞན་ཞིག་དང་བསྡོངས་པ་ན། ཞི་ལྡན་མ་ལ་ཕྲག་དོག་གི་བསམ་པ་སྐྱེས་ཏེ། དྲང་སྲོང་དང་རྩོད་ནས་མཆིལ་ལྷམ་དང་བཅས་པའི་རྡོག་པ་མགོར་བསྣུན་པས་དྲང་སྲོང་སྐྱོ་བ་སྐྱེས་ཏེ། བརྩོན་འགྲུས་བརྩམས་པས་སླར་ཡང་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེའི་ཚེ་དྲང་སྲོང་རྭ་གཅིག་ནི་བཅོམ་ལྡན་འདས་དང་། ཞི་ལྡན་མ་ནི་གྲགས་འཛིན་མའོ། །ཞེས་གསུངས་སོ། ། ༈ ཡལ་འདབ་རེ་དྲུག་པ་ནི་གོ་སླའོ། །༈ ཡལ་འདབ་རེ་བདུན་པ་ནི། མཉན་ཡོད་ན་ཁྱིམ་བདག་སངས་རྒྱས་འཚོ་ཞེས་ཕྱུག་པོ་ནོར་མང་བ་ལོངས་སྤྱོད་ཆེ་བ་དེའི་ཆུང་མ་བཅས་ཤཱ་རིའི་བུ་ལ་དད་པར་བྱས་ཏེ། གང་གི་ཚེ་


GTN004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བྱུང་ན་ཞམ་རིང་དུ་དབུལ་བར་ཆེད་བཞིན། བུ་དགེ་འདུན་འཚོ་ཡིན། དེ་དང་ན་མཉམ་པའི་ཚོང་པ་ལྔ་བརྒྱའི་བུ་ཡང་བཙས་པ་དེ་རྣམས་ཆེར་སྐྱེས་པར་གྱུར། དགེ་འདུན་འཚོ་ཤཱ་རིའི་བུ་ལ་བསྟེན་ནས་རབ་ཏུ་བྱུང་ཞིང་ཀུན་ཏུ་སྤྱོད་པའི་ཆོས་དག་བསླབས་ཏེ་ལུང་བཞི་ཀློག་ཏུ་བཅུག །དེའི་ཚེ་ཚོང་པའི་བུ་ལྔ་བརྒྱ་པོ་རྒྱ་མཚོར་འགྲོ་བའི་ལམ་སྲུང་དུ་དགེ་འདུན་འཚོ་སངས་རྒྱས་ལ་གཏོང་བར་ཞུས་པས། དགེ་འདུན་ཚོ་ལ། ཁྱོད་རྒྱ་མཚོ་ཆེན་པོར་སོང་ལ་འཇིགས་པ་དང་འཇིགས་སུ་རུང་བ་དག་བཟོད་པར་གྱིས་ཤིག་གསུངས་ནས་གནང་ངོ་། །དེ་ནས་ཚོང་པ་དང་བཅས་རྒྱ་མཚོར་འགྲོ་བའི་གྲུ་བོ་ཆེ་ཀླུས་བཟུང་སྟེ། དགེ་འདུན་འཚོ་ངེད་ལ་བྱོན་ཅིག་ཟེར་བའི་སྒྲ་གྲགས་པ་ན་ཚོང་པས་བཤོལ་ཡང་མ་ཉན་པར་དགེ་འདུན་འཚོ་རྒྱ་མཚོ་ཆེན་པོར་མཆོངས་མ་ཐག་ཀླུ་རྣམས་ཀྱིས་གྲུ་བོ་ཆེ་དེ་བཏང་ངོ་། །ཀླུ་ཕོ་མོ་རྣམས་ཀྱིས་སངས་རྒྱས་དཔའ་བོ་བདུན་གྱི་དྲི་གཙང་ཁང་དང་མཆོད་རྟེན་དག་བསྟན་པར་དགེ་སློང་གིས་ཕྱག་ཕུལ་ནས་ཀླུ་ལ་ཆོས་བསྟན། སྔར་སངས་རྒྱས་ལ་ཀླུའི་བུ་བྱེ་ཚན་གྱི་འཇིགས་པས་སྡུག་བསྔལ་བ་རབ་ཏུ་བྱུང་ཡང་སྤྲུལ་པ་ཡིན་པས་དགེ་འདུན་གྱི་གྲལ་ནས་དབྱུང་བ་དེ། འདིར་ཡོད་པས་གུས་འདུད་བཀུར་སྟི་ལྷུར་བླངས། གཞན་ཀླུ་མཐོང་བའི་དུག་ཅན་གྱིས་མིག་བཙུམས་ཏེ་ལུང་ནོད། དེ་བཞིན་ཁ་རླངས་དུག་ཅན་གྱིས་རྒྱབ་ཀྱིས་ཕྱོགས། རེག་པའི་དུག་ཅན་ནི་ཐག་རིང་བར་འདུག་གོ །སྤྲུལ་པ་དེ་ནི་མཚེ་བའི་དུག་ཅན་ཡིན། དེར་དགེ་འདུན་འཚོ་ཡིད་སྐྱོ་བས་ཀླུ་རྣམས་ཀྱིས་གྲུ་བོ་ཆེ་ཚུར་འཁོར་བ་ན།


GTN004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་ནང་དུ་བདེ་བར་བསྐྱལ་ལོ། །དེ་ནས་རྒྱ་མཚོའི་མཐར་ཕྱིན་པ་དང་ཐམས་ཅད་ངལ་ཞིང་དུབ་པས་གཉིད་ལོག་པ་ན། དགེ་འདུན་འཚོ་ནམ་སྟོད་དུ་རྒྱ་མཚོ་ཆེན་པོ་ལྟ་བས་དུབ་སྟེ་ཐོ་རངས་གཉིད་སྟུག་པོས་ནོན་པས་ནམ་ལངས་པ་ན་ཚོང་པ་རྣམས་ཁལ་བཀལ་ཏེ་སོང་བས་དགེ་འདུན་འཚོ་ལུས་སོ། །ཇི་ཞིག་ན། ཚོང་པས་མེད་པར་ཤེས་ཏེ་རྩད་གཅོད་ཀྱང་མ་རྙེད་པས་འདི་ནི་རྫུ་འཕྲུལ་དང་ལྡན་ཞིང་རྒྱ་མཚོར་ཞུགས་ཀྱང་མ་གནོད་པས་ལུས་པའི་སྐབས་མེད་དོ་སྙམ་མོ། །དགེ་འདུན་འཚོ་བྱེ་མའི་ཐང་དུ་ཉལ་བ་ཉི་མ་འཆར་བ་ན་གཉིད་སད་པས་འོང་བར་བརྩམས་པ། དེ་ས་སྟོང་ཞིག་ཏུ་གཙུག་ལག་ཁང་ཕུན་སུམ་ཚོགས་པར་དགེ་འདུན་གྱི་ཚོགས་ཡོད་པར་མཐོང་སྟེ་སོང་བ་ན། དེ་རྣམས་ཀྱིས་མཆོད། དེ་ལ་གསོར་བཅུག་ནས་སླད་ཀྱིས་འདིར་ཉེས་དམིགས་འབྱུང་ངོ་སྨྲས་སོ། །དྲོ་ལ་བབ་པ་ན་གཎྜི་བརྡུང་སྟེ་དགེ་འདུན་རྣམས་ལྷུང་བཟེད་ཐོགས་པས་གྲལ་རིམ་བཞིན་འཁོད་ཟིན་པ་ན་གཙུག་ལག་ཁང་ཡང་མི་སྣང་བར་གྱུར། དགེ་སློང་དག་གི་ལག་ཏུ་བཟུང་བའི་ལྷུང་བཟེད་ཀྱང་ལྕགས་ཀྱི་ཐོ་བར་གྱུར་ནས་ཕན་ཚུན་རྩོད་པས་ཀླད་པ་གཞོམ་ཞིང་ཉམ་ཐག་པའི་སྐད་འབྱིན་དྲོ་ཡོལ་བ་ན་སྔ་མ་ཁོ་ན་བཞིན་གྱུར་པ། རྒྱུ་མཚན་དྲིས་པས། སངས་རྒྱས་འོད་སྲུང་གི་ཉན་ཐོས་རྣམས་ཟན་གྱི་གྲལ་དུ་འཐབ་མོ་བྱས་པའི་རྣམ་སྨིན་དུ་བརྗོད། ཡང་དེ་བཞིན་དུ་སོང་ནས། གཙུག་ལག་ཁང་གཉིས་པ་དང་། གསུམ་པ་དག་མཐོང་བར་དགེ་སློང་རྣམས་དྲོ་ལ་བབ་པ་ན་གཙུག་ལག་ཁང་མི་སྣང་ཞིང་། བཟའ་བཅའ་དག་ལྕགས་


GTN004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཞུན་ཁོལ་མར་གྱུར་པས་ཕན་ཚུན་གཅིག་ལ་གཅིག་གཏོར་བས་ཚིག་ཅིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དང་། གཙུག་ལག་ཁང་མེ་འབར་བས་དེ་དག་ཀྱང་བསྲེགས་ནས་ལུས་ཚིག་ཅིང་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་ཉམ་ཐག་པའི་སྐད་འབྱིན་པའི་སྔ་མ་ནི། འོད་སྲུང་གི་ཉན་ཐོས་སུ་གྱུར་པ་ན་དགེ་སློང་གློ་བུར་དུ་འོངས་པ་ལ་སེར་སྣས་བཅིངས་ཏེ་ཞག་བདུན་དུ་ཡུལ་ངན་བྱུང་བའི་ཚེ་བཟའ་བཏུང་རྣམས་སྦས་པས་རུལ་ནས་དད་ཟས་ཆུད་ཟོས་པའི་རྣམ་སྨིན་དང་། ཉན་ཐོས་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་བདག་ཅག་ཚུལ་ཁྲིམས་འཆལ་བ་མང་པོ་གནས་ནས་བསྐྲད་པ་གཙུག་ལག་ཁང་སྟོངས་པ་ཞིག་ཏུ་བསྡད་པས། དེར་ཡང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་མང་པོ་རིམ་བཞིན་འཁོད་པས། བདག་ཅག་བསྐྲད་པ་ན། ཞེ་སྡང་གི་དབང་གིས་གཙུག་ལག་ཁང་དགེ་འདུན་དང་བཅས་པ་མེར་བསྲེགས་པའི་རྣམ་སྨིན་ཡིན་ཞིང་འདི་ནས་ཚེ་འཕོས་ནས་ཀྱང་དམྱལ་བ་རྣམས་སུ་སྐྱེ་བས་འཛམ་བུའི་གླིང་དུ་ཚངས་པར་མཚུངས་པ་སྤྱོད་པ་ལ་ཉེས་དམིགས་འདི་དག་ཤོད་ལ་སྤང་བླང་གོ་མ་ནོར་བར་དགོས་པའི་ལས་འབྲས་ཀྱི་གཏམ་ཤོད་ཅིག་ཟེར། དེ་ནས་ཡང་སོང་བ་དང་རྩིག་པ་འདྲ་བ་སོགས་ཉི་ཚེ་བའི་དམྱལ་བ་མཐོང་ཞིང་། མཐར་ཡུལ་ལྗོངས་ཤིག་ཏུ་ཕྱིན་པས་བསྟི་གནས་ཤིག་ན་དྲང་སྲོང་ལྔ་བརྒྱ་ཙམ་འཁོད་པས། དགེ་འདུན་འཚོ་འོངས་པ་མཐོང་སྟེ། ཤཱཀྱའི་དགེ་སློང་འདི་དག་སྨྲ་བ་མང་བས་འདི་ལ་སུས་ཀྱང་ཚིག་མི་སྟེར་རོ་ཞེས་ཁྲིམས་བཅས། དགེ་འདུན་འཚོ་སྤྱོད་ལམ་ཞི་བས་དེ་དག་གི་གན་དུ་སོང་ནས་


GTN004_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཡར་བརྩམས་ཀྱང་ལན་མ་བྱིན་ནོ། །དེར་དྲང་སྲོང་བསོད་སྙམས་འདོད་པ་ཞིག་གིས་སྔར་གྱི་རྒྱུ་མཚན་བཤད་དེ། སྨྲ་བ་མི་མང་བར་ཆེད་ནས་དྲང་སྲོང་ལྗོངས་རྒྱུར་སོང་བ་ཞིག་གི་སྤྱིལ་བུ་སྟོངས་པ་གཡར་ནས་དེར་ཉོལ་ཅིག་ཟེར། དགེ་འདུན་འཚོ་གཙང་སྦྲ་དང་བཅས་སྐྱིལ་མོ་ཀྲུང་གིས་འཁོད་དོ། །བསྟི་གནས་དེར་ལྷ་མོ་ཞིག་འདུག་པས་ཆོས་གསུངས་པར་ཡང་ཡང་བསྐུལ་ཀྱང་སྔར་གྱི་དམ་བཅས་པས་ནམ་སྨད་བར་ཁས་མ་བླངས་སོ། །མཚན་གྱི་ཐུན་ཐ་མར་ནན་གྱིས་བསྐུལ་བས་ཐོག་མར་དྲང་སྲོང་རྣམས་དགའ་བར་བྱེད་པའི་ཚིག་བཅད་བྲམ་ཟེ་ལ་བསྔགས་པ། སོམ་ཉི་མ་རྒལ་གཅེར་བུའི་སྤྱོད་པ་དང་། །རལ་པ་རྫབ་དང་སྣ་ཚོགས་ཟས་དང་ནི། །ཐང་ལ་ཉལ་དང་རྡུལ་དང་དྲི་མ་དང་། །ཙོག་པུའི་སྤོང་བས་མི་དག་འབྱུང་མི་འགྱུར། །འབྱུང་པོ་ཀུན་ལ་འཚེ་བ་རྣམས་སྤངས་ཏེ། །ཆོས་སྤྱོད་ཞི་དུལ་ཡང་དག་སྡོམ་པ་དང་། །ཚངས་སྤྱོད་ལྡན་པ་རྒྱན་གྱིས་བརྒྱན་གྱུར་ཀྱང་། །དེ་ཉིད་བྲམ་ཟེ་དགེ་སྦྱོང་དགེ་སློང་ཡིན། །ཞེས་དང་། གྲོང་ཁྱེར་ལྟ་བུའི་མདོ་འདོན་པ་ན། དྲང་སྲོང་རྣམས་ཀྱང་རིམ་པར་ཆོས་ཉན་དུ་འོང་བས་ཐམས་ཅད་ཀྱིས་ཀྱང་བདེན་པར་མངོན་པར་རྟོགས་མ་ཐག་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ། །དེ་དག་གིས་ལེགས་སོ་བརྗོད་ཅིང་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བར་ཞུས་པས་གནང་། སྐབས་དེར་དགེ་འདུན་འཚོ་དེ་རྣམས་ཀྱིས་རྐྱེན་བྱས་ཏེ་དགྲ་བཅོམ་པ་ཐོབ་ཅིང་རྫུ་འཕྲུལ་དང་ལྡན་པས་དྲང་སྲོང་ལྔ་བརྒྱ་དང་ལྷན་ཅིག་ནམ་མཁར་འཕུར་


GTN004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་ཡུལ་དུ་བདེ་བར་བགྲོད་པ་ན་ཚོང་པ་རྣམས་ཀྱིས་ཀྱང་མཐོང་ནས་ལེགས་སོ་བརྗོད་ཅིང་། དེ་དག་གི་རྫས་ཚོང་བ་ན་ཚོང་པ་ལྔ་བརྒྱའང་རབ་ཏུ་འབྱུང་བར་འདོད་པས་སྟོང་ཚང་བ་ཁྲིད་དེ་སྟོན་པའི་སྤྱན་སྔར་འོང་བ་དང་། སྟོན་པས་ཀྱང་གཟིགས་པ་ཙམ་ནས་ལེགས་སོ་བརྗོད་ཅིང་། དྲང་སྲོང་ལྔ་བརྒྱ་བཅས་སྟོན་པ་ལས་བསྙེན་པར་རྫོགས་ནས་དགྲ་བཅོམ། སྐབས་འདིར་ཉི་ཚེ་བའི་དམྱལ་བ་རྩིག་པ་འདྲ་བ་སོགས་ཀྱི་ལོ་རྒྱུས་ཞུས་པ་དཔལ་གྱི་དུམ་བུར་གསལ་བ་ལྟར་རོ། །༈ ཡལ་འདབ་རེ་བརྒྱད་པ་ནི་གོ་སླའོ། །༈ ཡལ་འདབ་རེ་དགུ་པ་ནི། རྒྱལ་པོ་མྱ་ངན་མེད་ཀྱིས་གནོད་སྦྱིན་ཤིང་རྟའི་རིག་སྔགས་ཀྱང་གྲུབ་སྟེ། གླང་པོ་ཆེ་ཙམ་གྱི་རྟ་དང་། ཏཱ་ལའི་སྡོང་པོ་ཙམ་གྱི་སྐྱེས་བུ་སོགས་གནོད་སྦྱིན་གྱི་དཔུང་ཡན་ལག་བཞི་པ་མང་པོ་བྱུང་སྟེ། འབིགས་བྱེད་ཀྱི་ལྷོའི་ཡུལ་སོགས་ཡུལ་གཞན་ཐམས་ཅད་ཀྱང་གནོད་པ་མེད་པར་མངའ་འོག་ཏུ་ཚུད། བྱང་ཕྱོགས་ཁ་བ་ཅན་དང་། ལི་ཡུལ་གྱི་རྒྱབ་ཀྱི་གངས་དང་། ཤར་ལྷོ་ནུབ་གསུམ་རྒྱ་མཚོ་ལ་ཐུག་པའི་འཛམ་བུའི་གླིང་གི་ས་གཞི་དང་གླིང་ཕྲན་ལྔ་བཅུ་ཙམ་ལ་དབང་བསྒྱུར་བར་གྱུར་ཏོ། །དེའི་རྗེས་སུ་དགྲ་བཅོམ་གྲགས་པས་སྟོན་པའི་ལུང་བསྟན་བཤད་དེ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་མང་པོས་ས་སྟེང་བརྒྱན་པར་


GTN004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཤིག །ཅེས་བསྐུལ་བ་ལ་སངས་རྒྱས་ཀྱི་རིང་བསྲེལ་དགོས་པ་བྱུང་ནས་རྒྱལ་པོ་མ་སྐྱེས་དགྲའི་གདུང་སྐལ་རྣམས་རྒྱལ་པོའི་ཁབ་ཀྱི་མཆོད་རྟེན་ཆེན་པོའི་ས་འོག་ཏུ་གཏེར་དུ་སྦས་ནས་ཡོད་པ་འདོན་པའི་ཕྱིར། རྒྱལ་པོ་དང་དགྲ་བཅོམ་གྲགས་པ་སྐྱེ་བོའི་ཚོགས་བཅས་དེར་བྱོན་ནས་མི་འགྲེང་གསུམ་ཙམ་བྲུས་པའི་འོག་ཏུ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་དྲག་ཏུ་འཁོར་བས་ལེན་པའི་གནས་མ་རྙེད་པའི་ཚེ། ཡུལ་གྱི་རྒན་མོ་ཞིག་གིས་ཐབས་བསྟན་ཏེ། ས་དེ་ནས་ནུབ་ཕྱོགས་དཔག་ཚད་གསུམ་གྱི་རི་དྲུང་ཞིག་ན་ཆུ་བབ་པ་ཁ་བསྒྱུར་བས་འཁོར་ལོ་འཁོར་བ་ཆད་ཅིང་མེ་ཞིའོ། །སླར་ཡང་ས་དྲུས་པས་ཟངས་ཀྱི་གླེགས་བུ་ལ་འདི་ན་དེ་བཞིན་གཤེགས་པའི་རིང་བསྲེལ་མ་ག་དྷའི་བྲེ་བོ་ཆེན་པོ་གཅིག་ཡོད་དེ། མ་འོངས་པ་ན་རྒྱལ་པོ་དབུལ་པོ་ཞིག་གིས་འདོན་པར་འགྱུར་རོ་བྲིས་པ་མྱ་ངན་མེད་ཀྱིས་མཐོང་ནས། འདི་འདོན་མཁན་ནི་བདག་མ་ཡིན་ཏེ་དབུལ་པོ་ཉིད་ཀྱི་ཕྱིར་རོ་ཟེར་བ་ན་དགྲ་བཅོམ་གྲགས་པས་སླར་ཡང་བསྐུལ་ཏེ། མཐར་མི་འགྲེང་བདུན་ཙམ་གྲུབ་པར་ལྕགས་ལ་སོགས་པའི་སྒྲོམ་ཕྱི་ནང་རིམ་པ་བདུན་ཙམ་ཁ་ཕྱེ་བའི་དབུས་ན། སངས་རྒྱས་ཀྱི་གདུང་སྔོན་མ་ག་དྷཱའི་བྲེ་བོ་ཆེའི་གང་ཡིན་པ་འཕེལ་ནས་ཁལ་དྲུག་གི་ཚད་ཙམ་དུ་ཡོད་པ་དང་། སྒྲོམ་གྱི་གྲ་བཞིར་ནོར་བུ་རིན་པོ་ཆེ་རང་འོད་རྒྱང་གྲགས་རེར་འབར་བ་བཞི་མཆོད་པའི་ཡོ་བྱད་དུ་བཞག་པའི་ནོར་བུ་རེ་རེ་ལའང་རིན་ཐང་གཞལ་ན་རྒྱལ་པོ་མྱ་ངན་མེད་ཀྱི་རྒྱལ་སྲིད་ཀྱི་ལོངས་སྤྱོད་ཐམས་ཅད་ཀྱིས་མི་དཔོག་པར་མཐོང་ནས་རྒྱལ་པོའི་སྔར་


GTN004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ང་རྒྱལ་ཞི། དེ་ལས་སྐུ་གདུང་བྲེ་བོ་ཆེན་པོ་གཅིག་བླངས་ཏེ། སླར་ཡང་སྔར་བཞིན་སྦས་སོ། །དེ་ནས་ཡུལ་ཐ་དད་དུ་སྐྱེ་བོ་རྣམས་ལ་ཡང་བཀའ་བསྒོས་ནས། ཕོ་ཉ་དང་ལས་ཀྱི་གྲོགས་ཐམས་ཅད་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་བྱས་ཏེ། གནས་ཆེན་བརྒྱད་ཀྱི་མཆོད་རྟེན་དང་། རྡོ་རྗེ་གདན་གྱི་བར་སྐོར་དང་། གཞན་ཡང་བྱང་ངོགས་སུ་ལི་ཡུལ་ཚུན་ཆད་ཀྱི་ཛམ་བུའི་གླིང་གི་ཡུལ་ཐམས་ཅད་དུ་ཐུབ་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བརྩེགས་པས། ཉིན་མཚན་གཅིག་ལ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་གྲུབ་བོ། །དེ་ནས་ཡུལ་ཐམས་ཅད་དུ་བཀའ་བསྒོས་ཏེ་མཆོད་རྟེན་ཐམས་ཅད་ལ་མར་མེ་དང་། བདུག་སྤོས་དང་། མེ་ཏོག་གི་ཕྲེང་བ་སྟོང་སྟོང་གིས་ཉིན་རེ་བཞིན་མཆོད་པར་བྱེད་ཅིང་། བྱང་ཆུབ་ཀྱི་ཤིང་ལ་གསེར་དང་། དངུལ་དང་། བཻཌཱུརྱའི་བུམ་པ་སྟོང་ཕྲག་བཅུ་སྙེད་དྲི་བཟང་པོའི་ཆུ་དང་བདུད་རྩི་ལྔས་ཡོངས་སུ་བཀང་སྟེ་མཆོད་པར་བྱེད་ཅིང་། རྒྱང་རིང་པོ་ནས་སྤོས་དང་མར་མེ་སྟོང་ཕྲག་བཅུ་སྙེད་ཀྱིས་མཆོད་པར་བྱས་སོ། །དེར་ཟླ་བ་གསུམ་དུ་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་སྤྱན་དྲངས་ནས་ཉིན་རེ་བཞིན་པ་ཊ་ལི་པུ་ཏྲའི་སྟེང་གི་ནམ་མཁར་བཞུགས་སུ་གསོལ་ཏེ་ཡོ་བྱད་ཐམས་ཅད་ཀྱིས་མཆོད། འཕགས་པ་སློབ་པ་རྣམས་དང་སོ་སོ་སྐྱེ་བོའི་དགེ་འདུན་རྣམས་ནི་ས་སྟེང་དུ་མཆོད་པར་བྱེད། དེ་མཐར་དགེ་སློང་རེ་རེ་ལ་གོས་འབུམ་རི་བ་རེ་རེ་བསྐོན་ནོ། །དེའི་ནུབ་མོ་མཆོད་རྟེན་རྣམས་བལྟ་བའི་ཕྱིར་དུ་རྒྱལ་པོ་འཁོར་བཅས་གནོད་


GTN004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་ཕྲག་པ་ལ་ཁྱེར་ཏེ། ཞག་བདུན་གྱི་ནང་དུ་ཛམྦུའི་གླིང་གི་ས་ཐམས་ཅད་ཀྱི་དཀོན་ཅོག་གི་མཆོད་རྟེན་ཐམས་ཅད་བསྐོར་ཞིང་མཆོད་པ་དཀྱུས་ལས་བཅུ་འགྱུར་གྱི་ལྷག་པ་དང་། སངས་རྒྱས་དང་། ཉན་ཐོས་ཀྱི་མཆོད་རྟེན་ཐམས་ཅད་ལ་གསེར་གྱི་རྒྱན་རེ་རེ་ཕུལ། བྱང་ཆུབ་ཀྱི་ཤིང་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱིས་ལྷག་པར་བརྒྱན་པར་བྱས་སོ། །ཞག་བརྒྱད་པའི་ཉིན་པར། བདག་གི་དགེ་བའི་རྩ་བ་འདིས་མིའི་མཆོག་སངས་རྒྱས་སུ་གྱུར་ཅིག །ཅེས་སྨོན་ལམ་ཡང་ནས་ཡང་དུ་བཏབ་སྟེ་སྐྱེ་བོའིཚོགས་རྣམས་ལ་རབ་ཏུ་དགའ་བས་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་སྨྲས་པས། སྐྱེ་བོ་མང་པོ་ཞིག་རྒྱལ་པོས་རྩོམ་པ་འདི་ནི་བྱ་བ་མང་ཡང་འབྲས་བུ་ཆུང་བ་སྟེ། རེ་ཞིག་བླ་ན་མེད་པའི་བྱང་ཆུབ་ཅེས་བྱ་བ་ཡང་མེད་ན་རྒྱལ་པོའི་སྨོན་ལམ་འདི་འགྲུབ་པར་འགྱུར་རོ་སྐན་ཟེར་བ་ལས། གལ་ཏེ་བདག་གི་སྨོན་ལམ་འདི་འགྲུབ་ན་ས་ཆེན་པོ་འདི་ཡང་གཡོ་བར་གྱུར་ཅིག །ནམ་མཁའ་ལས་ཀྱང་མེ་ཏོག་གི་ཆར་འབབ་པར་གྱུར་ཅིག །ཅེས་བརྗོད་མ་ཐག་ཏུ་ས་ཡང་གཡོས་ཤིང་མེ་ཏོག་གི་ཆར་འབབས་པ་ལ་སྐྱེ་བོ་དེ་རྣམས་ཀྱང་དད་པས་སྨོན་ལམ་འདེབས་པར་བྱེད་དོ། །གང་གི་ཚེ་མཆོད་རྟེན་ཞལ་བསྲོའི་དོན་དུ་དགེ་སློང་རྣམས་ཟླ་བ་གསུམ་དུ་མཆོད་པ་བྱས་ལ་གྲོལ་བའི་ཉིན་པར་སོ་སོ་སྐྱེ་བོའི་དགེ་སློང་མང་པོ་གློ་བུར་དུ་ལྷགས་པ་ལ་རྒྱལ་པོས་སྐྱེད་མོས་ཚལ་དུ་མཆོད་པ་ཆེན་པོ་བྱས་ཤིང་། དེ་རྣམས་ཀྱི་གྲལ་གྱི་ཐོག་མར་འདུག་པའི་དགེ་སློང་རྒན་པོ་ཞིག་ལ་ལྷག་པར་ཡང་མཆོད་པ་


GTN004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བྱས་སོ། །དགེ་སློང་དེ་ནི་ཐོས་པ་ཉུང་ཞིང་ཤིན་ཏུ་བླུན་པ། ཚིགས་བཅད་གཅིག་ཀྱང་འདོན་མི་ནུས་ལ། དགེ་སློང་གཞོན་ནུ་དེ་རྣམས་ཀྱི་ནང་ན་སྡེ་སྣོད་འཛིན་པའང་མང་པོ་ཡོད་དོ། །ཁ་ཟས་ཀྱི་བྱ་བ་ཟིན་པ་ན་གྲལ་འོག་ན་གནས་པའི་དགེ་སློང་རྣམས་ཀྱིས་དགེ་སློང་རྒན་པོ་ལ། རྒྱལ་པོས་བཀུར་སྟི་ལྷག་པར་བྱེད་པ་ནི་ཆོས་ཉན་འདོད་པས་ཁྱོད་ཀྱིས་དགོས་སོ་སྨྲས་པས་དེ་གནད་དུ་ཕོག་པ་བཞིན་གྱུར་ནས་བསམ་པ། བདག་བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལོན་ཀྱང་ཚིགས་སུ་བཅད་པ་གཅིག་ཀྱང་མི་ཤེས་པས་གལ་ཏེ་སྔར་དོན་དེ་གོ་ན་ཁ་ཟས་བཟང་པོ་དེ་རྣམས་དགེ་སློང་གཞན་ལ་བྱིན་ཏེ་ཆོས་སྨྲ་བ་འཚོལ་བ་ཞིག་ན། ད་ནི་ཟོས་ཟིན་པས་ཅི་ཞིག་བྱས་ན་ལེགས་སྙམ་ནས་སྡུག་བསྔལ་བར་གྱུར་བ་ལ་ཚལ་དེར་གནས་པའི་ལྷས་གལ་ཏེ་རྒྱལ་པོ་དགེ་སློང་འདི་ལ་མ་དད་པར་གྱུར་ན་མི་རུང་ངོ་སྙམ་ནས་སྤྲུལ་པའི་གཟུགས་ཀྱིས་དགེ་སློང་དེའི་མདུན་དུ་འོངས་ནས་རྒྱལ་པོ་ཆོས་ཉན་དུ་བྱུང་ན་རྒྱལ་པོ་ཆེན་པོ་ས་གཞི་རི་དང་བཅས་པ་འདི་ཡང་འཇིག་པར་འགྱུར་ན། རྒྱལ་པོའི་རྒྱལ་སྲིད་ནི་ལྟ་ཅི་སྨོས་ཏེ། རྒྱལ་པོ་ཆེན་པོ་འདི་ཉིད་བསམ་པར་རིགས་སོ་ཞེས་སྨྲོས་ཤིག་ཟེར། རྒྱལ་པོ་མདུན་དུ་འོངས་ནས་གོས་གསེར་གྱི་མདོག་ཅན་ཕྲུགས་གཅིག་སྐོན་ནས་ཆོས་ཉན་པའི་ཕྱིར་འདུག་པ་ལ། གོང་བཞིན་སྨྲས་པས། རྒྱལ་པོ་དད་པ་ཅན་ཡིན་པའི་ཕྱིར་ཤིན་ཏུ་བདེན་པར་བསམས་ཏེ་སྤུ་ཟིང་ཞེས་བྱེད་ཅིང་དོན་དེ་ཉིད་སེམས་པར་བྱེད་དོ། །དེ་ནས་ཡང་ཚལ་གྱི་ལྷ་དེས་དགེ་སློང་རྒན་པོ་ཁྱེད་དད་པ་ཅན་གྱིས་བྱིན་པའི་རྫས་ཆུད་མ་


GTN004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བར་གྱིས་ཤིག །དེས་ཀྱང་སློབ་དཔོན་ལ་གདམས་ངག་ཞུས་ཏེ་རྩེ་གཅིག་ཏུ་བསྒོམས་པས་ཟླ་བ་གསུམ་ནས་དགྲ་བཅོམ་པ་ཐོབ་སྟེ་སུམ་ཅུ་རྩ་གསུམ་གྱི་གནས་ཡོངས་འདུ་ས་བརྟོལ་གྱི་ཚལ་དུ་དབྱར་གནས་པར་མཛད་དེ། སླར་པ་ཊ་ལི་པུ་ཏྲར་དགེ་འདུན་དང་སྐྱེ་བོའི་ཚོགས་མང་པོའི་དབུས་སུ་འོངས་པ་ན། རྒྱལ་པོས་བྱིན་པའི་གོས་ལ་ཤིང་ཡོངས་འདུའི་དྲི་བཟང་པོ་ཆགས་པས་ས་ཕྱོགས་དེ་ཐམས་ཅད་དྲི་བསུང་གིས་ཁྱབ་བོ། །དེར་དགེ་སློང་གཞན་རྣམས་ཀྱིས་རྒྱུ་དྲིས་པས་དེས་ཀྱང་སྔར་གྱི་ལོ་རྒྱུས་བཤད་པས་ཐམས་ཅད་ངོ་མཚར་དུ་གྱུར་ཅིང་རིམ་གྱིས་གཏམ་དེ་རྒྱལ་པོས་ཀྱང་ཐོས་པ་ན། དགེ་སློང་བློ་ཤིན་ཏུ་རྟུལ་བ་ཡང་དགྲ་བཅོམ་པ་ཐོབ་པས་ཆོས་ཀྱི་ཡོན་ཏན་དང་། དེ་ཡང་རང་གི་གོས་ཕུལ་བའི་རྐྱེན་ལས་བྱུང་བའི་ཕྱིར་སྦྱིན་པའི་གཞན་དོན་གྱི་ཕན་ཡོན་མཐོང་ནས་སླར་ཡང་དགེ་སློང་འབུམ་ཕྲག་གསུམ་ལ་ལོ་ལྔའི་དུས་སྟོན་ཆེན་པོ་བྱས་ཏེ། སྔ་དྲོའི་ཆ་དང་པོ་ལ་དགྲ་བཅོམ་པ་རྣམས་དང་། གཉིས་པ་ལ་འཕགས་པ་སློབ་པ་རྣམས་དང་། གསུམ་པ་སོ་སོ་སྐྱེ་བོའི་དགེ་འདུན་རྣམས་ལ་ཁ་ཟས་དང་གོས་མཆོག་དག་གིས་མཆོད་པར་བྱས་སོ། །༈ ཡལ་འདབ་བདུན་ཅུ་པ་ནི། འཕགས་པ་ཀུན་དགའ་བོས་སྔ་ཕྱིར་དགེ་སློང་ཁྲི་ཁྲག་ཙམ་དགྲ་བཅོམ་པའི་གནས་ལ་ཡོངས་སུ་བཀོད་ནས། ཡུལ་ཡངས་པ་ཅན་གྱི་ལིཙྪ་བི་རྣམས་དང་།


GTN004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་གཉིས་ཀས་གདུང་སྐལ་ཐོབ་པའི་དོན་དུ་ཡུལ་དེ་གཉིས་ཀྱི་བར་ཆུ་བོ་གངྒཱའི་དབུས་སུ་བཞུགས་པ་ལ། དྲང་སྲོང་ལྔ་བརྒྱས་བསྙེན་པར་རྫོགས་པ་ཞུས་པ་ལ། ཆུའི་དབུས་སུ་གླིང་སྤྲུལ། དེར་དགེ་སློང་རྣམས་འདུས་པས་རྫུ་འཕྲུལ་གྱིས་ཆུ་ཚོད་གཅིག་ཁོ་ནར་ལྔ་བརྒྱ་པོ་རྣམས་རིམ་གྱིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ལ་བཀོད་པས་ཉི་མ་གུང་པ་ལྔ་བརྒྱ་དང་། ཆུ་དབུས་པ་ལྔ་བརྒྱ་ཞེས་གྲགས། དེའི་གཙོ་བོ་ནི་ཉི་མ་གུང་པ་ཆེན་པོ་དང་། ཆུ་དབུས་པ་ཆེན་པོ་ཞེས་གྲགས། དེ་ནས་དེར་མྱ་ངན་ལས་འདས་ཏེ་སྐུ་གདུང་རང་བྱུང་གི་མེས་ཞུགས་ལ་གཞེན་ཏེ། རིན་པོ་ཆེའི་གར་བུ་ལྟ་བུ་ཆ་གཉིས་སུ་གྱུར་པ་ཆུའི་རླབས་ཀྱིས་བདས་ཏེ་འགྲམ་གཉིས་སུ་ཕྱིན་ནས། བྱང་གི་ནི་སྤོང་བྱེད་པས་ཁྱེར། ལྷོའི་ནི་མ་སྐྱེས་དགྲས་ཁྱེར་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བྱས་སོ། །འཕགས་པ་ཉི་མ་གུང་པ་ཡུལ་ཝཱ་རཱ་ཎ་སཱིར་བཞུགས་ཏེ་འཁོར་རྣམ་པ་བཞི་ལ་ལུང་འབོགས་པར་བྱེད། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དུས་གཞན་ཞིག་ན། ཝཱ་རཱ་ཎ་སཱིའི་བྲམ་ཟེ་དང་ཁྱིམ་བདག་མང་པོ་ཞིག་དགེ་སློང་སློང་བ་པོ་མང་པོས་ཡིད་སུན་པར་གྱུར་ཏེ། དགེ་སློང་རྣམས་ལ་བསོད་སྙོམས་ཀྱི་སྤྱོད་ཡུལ་གཞན་ན་མེད་པ་ལྟ་ཞེས་ཁ་ཟེར་བར་གྱུར་པ་དང་། ཝཱ་རཱ་ཎ་སཱི་ལས་ལོངས་སྤྱོད་མོད་པ་འགའ་ཡང་མེད་ཟེར་བ་དང་། བདག་ཅག་གིས་ཁྱེད་རྣམས་གསོ་དགོས་ན་ཁྱེད་དག་གིས་ཁོ་བོ་ཅག་ལ་ཅུང་ཟད་ཅིག་ཀྱང་མི་སྦྱིན་པ་ལྟ་ཟེར་


GTN004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན། འཕགས་པ་ཉི་མ་གུང་པ་དགྲ་བཅོམ་ཁྲི་ཁྲག་གཅིག་གིས་འཁོར་དུ་བསྐོར་ནས་ནམ་མཁའི་ལམ་ལ་འཕུར་ཏེ་གཤེགས་ནས་བྱང་ཕྱོགས་རི་ཨུ་ཤི་རར་བྱོན་ནོ། །དེར་ཁྱིམ་བདག་ཨ་ཛ་ཞེས་བྱ་བས་ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་ཏེ། དུས་སྟོན་གྱི་མཆོད་པ་ལོ་གཅིག་ཏུ་བྱས་པས། དགྲ་བཅོམ་པ་བཞི་ཁྲི་བཞི་སྟོང་འདུས་སོ། །རྐྱེན་དེ་ལ་བརྟེན་ནས་བྱང་ཕྱོགས་སུ་བསྟན་པ་ལྷག་པར་དར་བར་གྱུར་ཏོ། །དེ་ནས་རྫུ་འཕྲུལ་གྱིས་ཁ་ཆེའི་གནས་སུ་བྱོན། །ཀླུ་གནས་པའི་མཚོའི་འགྲམ་དུ་བཞུགས་སོ། །དེའི་ཚེ་ཀླུའི་རྒྱལ་པོ་ཨཽ་དུཥྚ་འཁོར་དང་བཅས་པ་རྣམས་ཁྲོས་པས། རྫི་ཆར་དྲག་པོ་ཕབ་ཀྱང་ཆོས་གོས་ཀྱི་མཐའ་མ་གཡོས་སོ། །མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་པ་མེ་ཏོག་ཏུ་གྱུར་པས། ཀླུ་དངོས་སུ་འོངས་ཏེ། འཕགས་པ་ཅི་བཞེད་ཟེར་བ་ལ། ས་གཞི་བྱིན་ཅིག་གསུངས་པས། ས་གཞི་ཇི་ཙམ་སྐྱིལ་ཀྲུང་གཅིག་གིས་ཁྱབ་པའི་སའོ། །འོ་ན་འབུལ་ལོ། །དེར་རྫུ་འཕྲུལ་གྱིས་སྐྱིལ་ཀྲུང་གཅིག་དེས་ཁ་ཆེ་ཡུལ་དགུའི་ས་ནོན་པར་མཛད་པས་ཀླུ་ན་རེ། འཕགས་པ་ལ་འཁོར་ཇི་ཙམ་ལྔ་བརྒྱའོ། །དེ་ལས་གཅིག་མ་ཚང་ན་ས་སླར་འཕྲོག་གོ་ཟེར་བ་ན། ས་འདི་ནི་སྟོན་པས་ལྷག་མཐོང་དང་མཐུན་པའི་གནས་སུ་ལུང་བསྟན་པ་ཡིན་ན། གང་ན་སྦྱིན་པ་པོ་ཡོད་པ་དེར་སློང་བ་པོ་ཡོད་པས། བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་འཇུག་དགོས་སོ་གསུངས་ནས། ཨུ་ཤི་ར་ནས་འཁོར་ཉི་མ་གུང་པ་ལྔ་བརྒྱ་པོ་རྣམས་དང་། ཝཱ་རཱ་ཎ་སཱི་ནས་ཆོས་ལ་མངོན་པར་དད་པའི་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཁ་ཆེར་
ཞུགས་སོ། །དེ་ནས་རིམ་གྱིས་ཡུལ་སྣ་ཚོགས་ནས་སྐྱེ་བོ་དུ་མ་འོངས་ཏེ། ཉི་མ་གུང་པ་ཉི་གཞུང་པའི་དུས་ལ་ཡང་གྲོང་ཁྱེར་ཆེན་པོ་དགུ་དང་། རི་འོར་གྱི་གྲོང་མང་པོ་དང་། རྒྱལ་པོའི་ཕོ་བྲང་གཅིག་དང་། གཙུག་ལག་ཁང་བཅུ་གཉིས་དགེ་འདུན་ཤིན་ཏུ་མང་པོ་དང་བཅས་པས་ཡུལ་བརྒྱན་པར་གྱུར་ཏོ། །དེ་ནས་ཁ་ཆེའི་སྐྱེ་བོ་རྣམས་རྫུ་འཕྲུལ་གྱིས་རི་སྤོས་ངད་ལྡན་དུ་ཁྲིད་ནས་བྱོན་ཏོ། །མེ་འབར་བའི་ཆོ་འཕྲུལ་གྱིས་ཀླུ་རྣམས་བཏུལ། ཆོས་གོས་ཀྱི་གྲིབ་མས་ནོན་པའི་གུར་གུམ་རྣམས་འབུལ་བར་བྱས་པས། དགྲ་བཅོམ་པས་ཆོས་གོས་ཆེན་པོར་སྤྲུལ་ཏེ་དེའི་གྲིབ་མས་ཕོག་ནས་སྐྱེ་བོ་ཐམས་ཅད་ཀྱིས་གུར་གུམ་བླངས་ཏེ། སླར་ཡང་ཡུད་ཙམ་གྱིས་ཁ་ཆེར་སླེབས་པ་དང་། ཁ་ཆེའི་ཡུལ་གུར་གུམ་གྱི་སྐྱེ་གནས་ཀྱིས་ཁྱབ་པར་བྱས་ནས། ཁྱེད་རྣམས་ཀྱི་ལོངས་སྤྱོད་འཕེལ་བའི་ཁྱད་པར་འདི་ཡིན་ནོ་ཞེས་བསྟན་ཅིང་ཁ་ཆེ་ན་གནས་པ་ཐམས་ཅད་བསྟན་པ་ལ་བཙུད་ནས་མྱ་ངན་ལས་འདས། ཁ་ཆེའི་ཡུལ་དུ་ལོ་ཉི་ཤུ་ཙམ་ཆོས་བསྟན་པར་གྲགས་སོ། །


previousཡལ་འདབ་རེ་གཅིག་པ་ནས་བདུན་ཅུ་པའི་བར།next