Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་བཅུད་ལེན།
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་བཅུད་ལེན།next

ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་བཅུད་ལེན།


JKT013_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།། །།


JKT013_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། འཆི་མེད་མཆོག་སྩོལ་བླ་མ་ལྷར། །བཏུད་ནས་རྡོ་རྗེའི་སྲོག་ཤིང་གི །སྒྲུབ་པའི་ཐབས་དང་དབང་ཆོག་བཅས། །ཉུང་གསལ་སྙིང་པོར་དྲིལ་ཏེ་དགོད། །འདི་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་པའི་ཐབས། སློབ་མ་རྗེས་འཛིན་དབང་གི་ཆོ་གའོ། །དང་པོ་ནི། སྟེགས་བུ་ཕྱག་བདར་ལེགས་པར་བྱས་པའི་སྟེང་དུ་དབུས་སུ་མཉྫིའི་ཁར་ཚེ་བུམ་ཁ་རྒྱན་དང་ལྡན་པ། གཡས་སུ་ཚེ་ཆང་། གཡོན་དུ་ཚེ་རིལ། མདུན་དུ་གཏོར་མ་དང་མཆོད་པ། གཞན་ཡང་རང་གི་མདུན་དུ་རྡོར་དྲིལ། ཌ་མ་རུ། ནང་མཆོད། མདའ་དར། ལི་ཁྲི། ལས་བུམ། མེ་ཏོག །ཉེ་ལོགས་སུ་བགེགས་གཏོར་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ། ཐོག་མར་མཚམས་ལྷ་བསྐྱེད་པ་ནི། ཨོཾ་ཧྲཱིཿཔདྨནྟ་ཀྲྀཏྲ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་


JKT013_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་རུ་དྲ་བསྣོལ་བའི་སྟེང་དུ་རང་ཉིད་སྐད་ཅིག་གིས་དབང་དྲག་རྟ་མགྲིན་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། །དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་འདོད་པའི་ཡོན་ཏན་ལྔས་ཁྱད་པར་དུ་བྱས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བརླབ་ཨོཾ་སརྦ་བིགྷཱན་སོགས་ལན་གསུམ་བརྗོད་ཅིང་བསྔོས། ཧྲཱིཿ གདོན་བགེགས་འབྱུང་པོའི་ཚོགས་རྣམས་གནས་འདི་རུ། །མ་འདུག་གཏོར་མ་འདི་ཁྱེར་གཞན་དུ་དེངས། །གལ་ཏེ་


JKT013_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲོ་དབང་ཆེན་ཁྲོས་པའི་བཀས། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །སུམྦྷ་སོགས་ཀྱིས་བགེགས་བསྐྲད། སྟེང་འོག་ཕྱོགས་མཚམས་མ་ལུས་རྡོ་རྗེ་དང་། །ཁྲོ་བོ་ཁ་དོག་སྡེ་ལྔའི་མེ་ཕུང་གིས། །བར་མཚམས་མེད་པར་གཏམས་པའི་སྲུང་བ་ཡི། །འཁོར་ལོའི་གུར་ཁང་མཚམས་ལས་མ་འདའ་ཞིག ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱས་མཚམས་བཅད། དེ་ནས་སྐྱབས་ཡུལ་ནམ་མཁའ་གང་བར་སད་པའི་སྤྱན་སྔར། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །རྩ་གསུམ་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། འཆི་མེད་རིག་འཛིན་བསྒྲུབ་པར་སེམས་བསྐྱེད་དོ། །ཞེས་སྐྱབས་སེམས་ལན་གསུམ་བྱ། ཚོགས་བསག་པའི་ཐོག་མར། རང་ཉིད་དབང་ཆེན་དུ་གསལ་བ་འོད་དུ་ཞུ་བ་ལས་མགོན་པོ་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བླ་མ་དང་གཉིས་སུ་མེད་པའི་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་


JKT013_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པས་བླ་མ་དང་ལྷག་པའི་ལྷ་ལ་ཕྱག་བྱ། ཕུན་ཚོགས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་ཡུན་རིང་བཞུགས་པར་གསོལ། །འདིས་མཚོན་དགེ་བས་ཚེ་རབས་ཐམས་ཅད་དུ། །ཚེ་དཔག་མེད་པས་རྗེས་སུ་བཟུང་གྱུར་ནས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་ཕྱིར་བསྔོ། །ཞེས་པས་ཚོགས་བསག །ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར་པར་མོས། བྱིན་འབེབས་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ཅག་རྣམས་ལ་སྩལ་དུ་གསོལ། །སྒྲུབ་པའི་དམ་རྫས་སྣོད་བཅུད་མ་ལུས་པར། །ཚེ་བཀྲག་གཟི་མདངས་ནུས་པའི་རྩལ་ཀུན་ཕོབས། །དབང་ཆེན་སྐུར་ལ་སྡིག་སྒྲིབ་བར་ཆད་སོལ། །རེ་བའི་འབྲས་བུ་ཚེ་ཡི་རིག་འཛིན་སྩོལ། །ཡེ་ཤེས་རང་སྣང་གྲུབ་པའི་ཕོ་བྲང་ནས། །མཁའ་འགྲོའི་དབང་ཕྱུག་གསང་བ་ཡེ་ཤེས་ཀྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་སོགས་གོང་བཞིན། པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་ནས། །སློབ་དཔོན་པདྨ་ཐོད་ཕྲེང་ཚེ་དབང་རྩལ། །འཆི་མེད་སོགས། མཐོ་བརྩེགས་རྡོ་རྗེ་གསང་བའི་གཞལ་


JKT013_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ནས། །ཟུང་འཇུག་སྐུ་བརྙེས་དཔལ་ལྡན་རྡོ་རྗེའི་ཞབས། །འཆི་མེད་སོགས། གྲུ་འཛིན་ཉི་འོད་འཁྱིལ་བའི་གཞལ་མེད་ནས། །རྒྱལ་བ་ཀུན་དངོས་བསོད་ནམས་རྒྱ་མཚོའི་སྡེས། །འཆི་མེད་སོགས། །བྱང་ཆུབ་ཤིང་ཁྲོད་དེ་ཝཱི་ཀོ་ཊ་ནས། །རྡོ་རྗེ་འཆང་དབང་འཁོན་སྟོན་ཆོས་ཀྱི་རྗེས། །འཆི་མེད་སོགས། གུང་ཐང་བདེ་བའི་རྡོ་རྗེའི་གཞལ་ཡས་ནས། །གཉགས་ཆེན་རྣམ་འཕྲུལ་ཆོས་དབྱིངས་རང་གྲོལ་གྱིས། །འཆི་མེད་སོགས། ལྷ་ལྡན་ཡུལ་དབུས་གྲུ་འཛིན་ཕོ་བྲང་ནས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེས། །འཆི་མེད་སོགས། གར་བཞུགས་དག་པ་རབ་འབྱམས་ཕོ་བྲང་ནས། །མཁས་ཤིང་གྲུབ་བརྙེས་བརྒྱུད་པའི་བླ་མ་ཡིས། །འཆི་མེད་སོགས། སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས། །རྩ་བའི་བླ་མ་ཁྱབ་བདག་འཁོར་ལོའི་མགོན། །འཆི་མེད་སོགས། མཐར་ཚེའི་སྙིང་པོ་བཟླ་ཞིང་སྤྲོས་རོལ་དང་བཅས་བྱིན་དབབ། སྒྲུབ་རྫས་དང་མཆོད་གཏོར་རྣམས་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་རྃ་ཡྃ་ཁྃ་གྱིས་སྒྲུབ་རྫས་དང་མཆོད་གཏོར་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་རྣམས་སྦྱངས། ངོ་བོ་ཟག་པ་མེད་པའི་བདུད་རྩི་ལ། རྣམ་པ་རང་རང་གི་བྱེད་ལས་དང་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧུྃ་ཞེས་ལན་གསུམ་གྱིས་བརླབ། དེ་ནས་བདག་བསྐྱེད་ནི། ཨོཾ་སྭ་བྷ་བ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་


JKT013_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པྃ་ལས་པདྨ་དང་། རྃ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧཱི༔དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་། དར་དང་རིན་པོ་ཆེའི་རྒྱན་དང་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་ལ། ཞི་ཞིང་འཛུམ་པ་སྒེག་པའི་ཉམས་ཅན། འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྟེང་གི་ནམ་མཁའ་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ། མཁའ་འགྲོ་གསང་བ་ཡེ་ཤེས། སློབ་དཔོན་པདྨ་འབྱུང་གནས། གྲུབ་ཆེན་དཔལ་ལྡན་རྡོ་རྗེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། འཁོན་སྟོན་ཆོས་རྗེ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་ལ་སོགས་པའི་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་


JKT013_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཧྲཱིཿ བདེ་བ་ཅན་ནས་ཚེ་དཔག་མེད་མགོན་ལ། །གསང་པ་ཡེ་ཤེས་པདྨ་འབྱུང་གནས་སོགས། །ཚེ་ཁྲིད་བརྒྱུད་པའི་བླ་མས་ཡོངས་བསྐོར་བ། །འདིར་གཤེགས་བདག་ལ་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཧྲཱིཿབཛྲ་རཱ་ག་ས་པ་རི་ཝཱ་ར་ཨེ་ཧེ་ཧི་ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཨཱཿཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་དབང་གི་ཆུས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ཡོངས་སུ་གྱུར་པ་ལས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་ཅིང་དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། མཆོད་བསྟོད་རྒྱས་པའམ། བསྡུ་ན། བཅོམ་ལྡན་འཆི་བ་མེད་པའི་མགོན་པོ་ལ། །འཆི་མེད་ལྷ་རྫས་མཆོད་སྤྲིན་ཚོགས་འདི་དག །འཆི་བདག་འཇིགས་པ་བསྐྱབ་ཕྱིར་འབུལ་བར་བགྱི། །བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཧྲཱིཿརཱ་ག་བཛྲ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་


JKT013_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱིཙྪ་སྭཱ་ཧཱའི་བར་གྱིས་ཉེར་སྤྱོད་དང་། ཨོཾ་རཱུ་པ། ཤསྡ། གནྡྷེ། རཱ་ས། སྥརྵེ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཨཱཿཧཱུྃ་གིས་འདོད་ཡོན། ཨོཾ་ཧྲཱིཿབཛྲ་རཱ་ག་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་ཀྱིས་བསྟོད། རང་གི་ཐུགས་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱི༔དམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་རང་ཉིད་ཀྱི་ཚེ་དང་བསོད་ནམས་འཆི་བདག་གཤིན་རྗེ་དང་། རྒྱལ་གདོན་ལ་སོགས་པ་འབྱུང་པོ་མི་མ་ཡིན་པ་རྣམས་ཀྱིས་འཕྲོག་པ་དང་། བརྐུས་པ་དང་། ཡར་བ་ཐམས་ཅད་བུམ་པ་དང་། ཐོད་པ་དང་། ལྷུང་བཟེད་བདུད་རྩིས་གང་བའི་རྣམ་པར་བཀུག་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཆེན་པོ་ནམ་མཁའ་རླུང་མེ་ཆུ་སའི་བཅུད་ཐམས་ཅད་འོད་དང་བདུད་རྩི་ཁ་དོག་ལྗང་སྔོ་དམར་དཀར་སེར་བའི་རྣམ་པར་སྡུས་ནས་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་ལ་སོགས་པའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། སླར་ཡང་འོད་ཟེར་


JKT013_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་གྱི་བྱིན་རླབས་ཐམས་ཅད་ལྷ་སྔགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་སྔགས་ཕྲེང་ལ་ཐིམ། མཐར་སྔགས་ཕྲེང་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པས་ལུས་ཀྱི་ནང་ཐམས་ཅད་གང་། ཚེ་དང་བསོད་ནམས་ཡར་བ་ཁུག །ཉམས་པ་སོས། གནས་པ་འཕེལ་ཞིང་བརྟན། ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཉེས་ལྟུང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཨོཾ་བཛྲ་ས་ར་ཧེ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ། ཅེས་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང་། ༀ་ན་མོ་བྷ་ག་ཝ་ཏེ་སོགས་ཚེ་གཟུངས་ཀྱང་བཟླས། མཐར་ཡི་གེ་བརྒྱ་པ་བརྗོད། ཚེ་འགུགས་པའི་ཕྲིན་ལས་བསྐུལ་བ་ནི། སླར་ཡང་བདག་ཉིད་ཚེ་དཔག་མེད་དུ་གསལ་བ་དང་། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་རང་གི་བླ་ཚེ་འཕྲོག་པ་དང་། བརྐུས་པ་དང་། ཡར་བ་དང་། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་བཅུད་དང་དྭངས་མ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པར་བསམས་ལ། མདའ་དར་གཡབ་


JKT013_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། ཧྲཱིཿ འཆི་བ་མེད་པ་མགོན་པོ་ཚེ་ཡི་ལྷ། །ཚེ་ཡི་ཌཱ་ཀི་གསང་བ་ཡེ་ཤེས་མ། །འབྱུང་བ་ལྔ་ལ་དབང་བསྒྱུར་ལྷ་མོ་ལྔའི། །འཆི་མེད་ཚེ་ཡི་ཕྲིན་ལས་དུས་ལ་བབ། །ཅེས་དང་། ༀ་བཛྲ་ས་ར་ཧེ་སོགས་བཟླས་པ་དང་བཅས་པས་སྤྱིར་ཐུགས་དམ་བསྐུལ། དེ་བཞིན་དུ། ཧྲཱིཿ དྲག་པོའི་ལས་མཛད་སྔོན་མོ་འབུམ་སྡེ་ཡིས། །འབྱུང་བ་ནམ་མཁའི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་བའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ༀ་བཛྲ་ས་ར་ཧེ་སོགས། ཧྲཱིཿ ཐམས་ཅད་ལས་མཛད་ལྗང་མོ་འབུམ་སྡེ་ཡིས། །འབྱུང་བ་རླུང་གི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་བའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ༀ་བཛྲ་ས་ར་ཧེ་སོགས། ཧྲཱིཿ དབང་གི་ལས་མཛད་དམར་མོ་འབུམ་སྡེ་ཡིས། །འབྱུང་བ་མེ་ཡི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་བའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ༀ་བཛྲ་ས་ར་ཧེ་སོགས། ཧྲཱིཿ ཞི་བའི་ལས་མཛད་དཀར་མོ་འབུམ་སྡེ་ཡིས། །འབྱུང་བ་ཆུ་ཡི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་བའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ༀ་བཛྲ་ས་ར་ཧེ་སོགས། ཧྲཱིཿ རྒྱས་པའི་ལས་


JKT013_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་སེར་མོ་འབུམ་སྡེ་ཡིས། །འབྱུང་བ་ས་ཡི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་བའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ༀ་བཛྲ་ས་ར་ཧེ་སོགས། སྲ་བརྟན་རྡོ་རྗེ་ལྟ་བུའི་ཚེ་སྲོག་ཁུག །ལེགས་ཚོགས་དཔལ་འབྱོར་རྒྱས་པའི་གཡང་སྐྱོབས་ཤིག །ཉམས་དང་ཟད་དང་འཐོར་དང་ཡར་བ་ཡི། །ཚེ་གསོས་ཚེ་ཁུག་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ས་ར་ཧེ་སོགས་སྔགས་བཟླ་བ་དང་བཅས་པས་ཚེ་དགུག་པར་བྱའོ། །དེ་ནས་ཚེ་བཅིང་བ་ནི། རང་གི་སྙིང་གར་ཚེ་རྟེན་འོད་དཀར་པོའི་དབུས་སུ་རྣམ་པར་ཤེས་པ་ཡི་གེ་སྦྲིའི་རྣམ་པར་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཡོད་པ་དེ་ཉིད་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐག་པས་བར་མཚམས་མེད་པར་བཅིངས་པར་གྱུར། སྙིང་གར་རྡོ་རྗེ་རེག་ལ། ཉི་ཟླ་གའུ་ཁ་སྦྱོར་དག །མི་ཕྱེད་སྲ་བརྟན་རྡོ་རྗེ་ཡི། །ལུ་གུ་རྒྱུད་ཀྱིས་ཉེར་བསྡམས་པས། །ནམ་ཡང་མི་གཡོ་བརྟན་པར་གྱུར། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་སྦ་བ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་གའུ་ཁ་སྦྱོར་ལ་ཐིམ། དེ་འོད་དཀར་པོ་ལ་ཐིམ། དེ་ཡི་གེ་ཧཱུྃ་ལ་ཐིམ། དེའང་འཇའ་ཡལ་བ་ལྟར་གྱུར། གང་གིས་གནོད་པར་མི་ནུས་པའི། །གདོད་ནས་དག་པའི་སྟོང་པ་ཉིད། །སྐྱེ་བ་


JKT013_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཀློང་ཡངས་སུ། །མི་འགྱུར་བརྟན་པའི་ཚེ་སླའོ། །ཨོཾ་ཨ་མཱ་ར་ཎི་ཛི་བནྟི་ཡེ་སྭཱ་ཧཱ། ཚེ་སྲུང་བ་ནི། རང་གི་སྨིན་མཚམས་སུ་ལི་ཁྲི་ཕྱུགས་ལ། སྟོང་པའི་ངང་ལས་རང་ཉིད་ཚེ་དཔག་མེད་དུ་གསལ་བའི་སྨིན་མཚམས་ཀྱི་རྩ་སྒོར་དཔལ་རྟ་མགྲིན་དེ་གྲི་གུག་དང་ཐོད་ཁྲག་འཛིན་པ་འཇིགས་སུ་རུང་བ་མེ་ཕུང་འབར་བའི་དབུས་ན་བཞུགས་ནས་ཚེའི་བར་ཆད་བསྲུངས་བར་གྱུར། སྨིན་མཚམས་རྩ་ཡི་སྒོ་བར་དུ། །རྟ་མགྲིན་ཁྲོ་རྒྱལ་དབང་གི་ལྷ། །བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ཚེ་ཡི་བར་ཆད་ཐམས་ཅད་སྲུངས། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ལན་གསུམ་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། །ཞེས་པས་བརྟན་པར་བྱའོ། །མདུན་བསྐྱེད་བུམ་པ་བསྒྲུབ་པ་ནི། མཆོད་པ་བྱིན་གྱིས་བརླབ། བུམ་པ་བསང་སྦྱང་། ཚེ་བུམ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་བུམ་པ་དམར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། དངས་ཤིང་ཐོགས་པ་མེད་པ་ཕྱི་བུམ་པའི་རྣམ་པ་ཡིན་པ་ལ་ནང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་དེའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་ཞེས་སོགས་ནས། སྣང་བ་མཐའ་ཡས་ཀྱིས་


JKT013_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དབུར་བརྒྱན་ཅེས་པའི་བར་བདག་བསྐྱེད་ལྟར་ལ། བདག་ལ་དབང་བསྐུར་བ་ཞེས་པའི་ཚབ་ཏུ་འདི་ལ་ཞེས་བསྒྱུར། དབང་གི་ལྷ་རྣམས་ཀྱང་བུམ་པའི་ལྷ་ལ་ཐིམ་པར་བསམ། མཆོད་བསྟོད་རྒྱས་བསྡུས་གང་རིགས་བྱ། བཟླས་པ་བྱ་བ་ནི། མདུན་བསྐྱེད་ཀྱི་མགོན་པོ་ཚེ་དཔག་ཏུ་མེད་པའི་ཕྱག་གི་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱི༔དམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས། རྡོ་རྗེ་སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་འཆི་བདག་གཤིན་རྗེ་དང་རྒྱལ་གདོན་ལ་སོགས་པ་འབྱུང་པོ་མི་མ་ཡིན་རྣམས་ཀྱིས་འཕྲོག་པ་དང་། བརྐུས་པ་དང་། ཡར་བ་ཐམས་ཅད་བུམ་པ་དང་། ཐོད་པ་དང་། །ལྷུང་བཟེད་བདུད་རྩིས་གང་བའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཆེན་པོ་ནམ་མཁའ་རླུང་མེ་ཆུ་སའི་བཅུད་ཐམས་ཅད་འོད་དང་བདུད་རྩི་ལྗང་སྔོ་དམར་དཀར་སེར་བའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་ལ་སོགས་པའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། སླར་ཡང་འོད་ཟེར་


JKT013_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ལྷ་སྔགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་འི་འཆི་མེད་ཚེའི་བདུད་རྩིས་གང་ཞིང་དེ་ལས་བདུད་རྩིའི་རྒྱུན་བྱུང་། རྡོ་རྗེ་སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཚེ་དང་བསོད་ནམས་ཡར་བ་ཁུག །ཉམས་པ་སོས། གནས་པ་འཕེལ་ཞིང་བརྟན། ནད་གདོན་སྡིག་གྲིབ་དམ་ཚིག་ཉམས་ཆག་ཉེས་ལྟུང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་འཆི་མེད་ཚེའི་བཅུད་ལེན་དུ་གྱུར། ཅེས་བརྗོད་ཅིང་བསམས་ལ་གོང་གི་སྔགས་གསུམ་ཅི་ནུས་བཟླས་མཐར་ཡི་གེ་བརྒྱ་པ་བརྗོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྤུ་གུས་གཏོར་མའི་བཅུད་དྲངས་ཏེ་


JKT013_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བར་གྱུར། ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པས་འབུལ། མཆོད་བསྟོད་གོང་ལྟར་བྱ། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་དང་རྡོ་རྗེ་སློབ་མ་རྣམས་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་འདོད་དོན་ལ་གསོལ་བ་གདབ། ཚེ་འགུགས་པའི་ཕྲིན་ལས་བསྐུལ་བ་ནི། སླར་ཡང་བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་རྡོ་རྗེ་སློབ་མའི་ཚེ་དང་བསོད་ནམས་འཕྲོག་པ་དང་། བརྐུས་པ་དང་། ཡར་བ་དང་། འབྱུང་བ་རྣམས་ཀྱི་བཅུད། སེམས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་ཕུན་ཚོགས་ཐམས་ཅད་དང་། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། མདུན་བསྐྱེད་ཀྱི་ཕྱག་གི་ཚེ་བུམ་ནང་དུ་ཐིམ་པས་བུམ་པ་བདུད་རྩིས་གང་། དེ་ལས་བདུད་རྩིའི་རྒྱུན་བབས་པས་རྡོ་རྗེ་སློབ་མའི་ཚེ་ཆད་པ་དང་། འཐོར་བ་དང་། ཡར་བ་ལ་སོགས་པ་མདོར་ན་འབྱུང་བ་ལྔའི་སྒོ་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད་ཅིང་། འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར། འཆི་བ་མེད་པ་མགོན་པོ་ཚེ་ཡི་ལྷ། །ཞེས་པ་ནས། ཚེ་གསོས་ཚེ་ཁུག་ཚེ་ལ་དངོས་སྒྲུབ་


JKT013_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །ཅེས་པའི་བར་གང་བཞིན་བརྗོད། ཚེ་རྟེན་འོད་དཀར་པོའི་དབུས་སུ་རྡོ་རྗེ་སློབ་མའི་རྣམ་པར་ཤེས་པ་ཡི་གེ་སྦྲིའི་རྣམ་པར་ཉི་ཟླ་གའུ་ཁ་སྦྱོར་ཞེས་པ་ནས། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱའི་བར་གོང་བཞིན་བརྗོད། ཡང་རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རྡོ་རྗེ་སློབ་མ་ལ་ཐིམ། དེ་ཉི་ཟླའི་གའུ་ཁ་སྦྱོར་ལ་ཐིམ། དེ་འོད་དཀར་པོ་ལ་ཐིམ། དེ་ཡི་གེ་ནྲྀ་ལ་ཐིམ། ཀྲྀ་དེ་ཡང་འཇའ་ཡལ་བ་ལྟར་གྱུར། གང་གིས་གནོད་པར་མི་ནུས་པའི། །ཞེས་པ་ནས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། བར་གོང་བཞིན་བྱ། སྟོང་པའི་ངང་ལས་རྡོ་རྗེ་སློབ་མ་ཚེ་དཔག་མེད་དུ་གསལ་བའི་སྨིན་མཚམས་ཀྱི་རྩ་སྒོ་ཞེས་པ་ནས། ཚེ་ཡི་བར་ཆད་ཐམས་ཅད་སྲུངས། །ཞེས་པའི་བར་དང་། ཨོཾ་ཨ་མཱ་ར་ཎི་ཛི་བནྟི་ཡེ་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པས་བརྟན་པར་བྱ། ལས་བུམ་དུ་རྟ་མགྲིན་བསྐྱེད་ཅིང་བཟླས་པས་ནུས་ལྡན་དུ་བྱའོ། །གསུམ་པ་སློབ་མ་རྗེས་འཛིན་དབང་གི་ཆོ་ག་ནི། ལས་ཀྱི་རྡོ་རྗེས་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འོངས་བ་དང་སློབ་དཔོན་གྱིས་བགེགས་གཏོར་སྦྱིན་ཞིང་སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་པ་དང་། ལོ་རྒྱུས་ཀྱི་ཁྱད་པར། དེ་ལ་འདིར་གནས་སྐབས་སུ་དུས་མ་ཡིན་པའི་འཆི་བ་ཞི་ཞིང་། འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་དང་། མཐར་ཐུག་འཇའ་ལུས་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱ་བའི་སླད་དུ་


JKT013_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མངོན་པར་དབང་བསྐུར་བ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས་དང་། དེ་ལས་འོངས་པའི་གདམས་པ་གཉིས། དང་པོ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། བཅོམ་ལྡན་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཞེས་བྱ་བ་ཉི་ཟླའི་ཁྲི་སྟན་གདུགས་དང་རྒྱན་དྲུག་སོགས་དང་ལྡན་པའི་མཚན་ཉི་ཟླའི་དངོས་གྲུབ་དང་། གཞན་ཡང་ལས་ཀྱི་དབང་མོ་ཆེར་གྲགས་པ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དབང་གསན་པས་ཡི་གེ་ཧཱུྃ་དུ་བསྒྱུར་ཏེ་མཁའ་འགྲོ་མའི་ཞལ་དུ་མིད་པ་དང་། ཕྱི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ངོ་བོ་འཆི་མེད་ཚེའི་རིག་པ་འཛིན་པའི་དབང་། ནང་འཕགས་པ་སྤྱན་རས་གཟིགས་ཀྱི་ངོ་བོ་ཕྱག་རྒྱ་ཆེན་པོ་མཆོག་གི་དབང་། གསང་བ་དཔལ་རྟ་མགྲིན་གྱི་ངོ་བོ་ལྷ་སྲིན་བྲན་དུ་འཁོལ་བའི་དབང་རྣམས་ཐོབ་པ་ལས། དེ་གསུམ་ཀའི་དོན་འདུས་པའི་ཚེ་སྒྲུབ་འཆི་མེད་སྲོག་ཤིང་འདི་ཉིད་སློབ་དཔོན་ཆེན་པོས་གྲུབ་ཆེན་དཔལ་ལྡན་རྡོ་རྗེ་ཞེས་འཇའ་ལུས་ཀྱི་སྐུ་བརྙེས་པ་དེ་ལ་དངོས་སུ་གནང་། དེ་ཉིད་ཀྱིས་འབྲས་སྤུངས་ཉི་འོད་འཁྱིལ་བའི་གཟིམས་ཆུང་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་ལ་


JKT013_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གནང་། དེས་འཁོན་སྟོན་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ལ་གནང་། དེས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལ་གནང་། དེས་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་བསྔགས་པའི་གངས་ཅན་གྱི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ལ་གནང་། དེ་ཉིད་ཀྱིས་རྒྱ་ཆེར་སྤེལ་བ་ནས་བཟུང་སྟེ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པ་ལགས། གཉིས་པ་དེ་ལས་འོངས་པའི་གདམས་པ་ལའང་རང་དོན་དུ་བདག་གི་རྣལ་འབྱོར་ལ་བརྟེན་ནས་ཚེ་སྒྲུབ་པ་དང་། གཞན་དོན་དུ་བུམ་པའི་ཆོ་ག་ལ་བརྟེན་ནས་སློབ་མ་རྗེས་སུ་བཟུང་བ་གཉིས་ལས། འདིར་སློབ་མ་རྗེས་སུ་བཟུང་བ་དབང་གི་ཆོ་ག་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་སྔོན་དུ་གྲུབ་ཟིན་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ། བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་སྐྱབས་གནས་དཀོན་


JKT013_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས། དེ་ནས་མཎྜལ་བསྟན་པ་ནི། མདུན་གྱི་ཚེ་བུམ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ། ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པད་ཉི་ཟླ་བའི་གདན་དང་བཅས་པའི་དབུས་སུ་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་སོགས་ནས། ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པ་དང་། སློབ་དཔོན་ཀྱང་དེ་ལྟ་བུའི་ཚེ་དཔག་ཏུ་མེད་པ་ཚེ་ཁྲིད་བརྒྱུད་པའི་བླ་མའི་ཚོགས་དང་བཅས་པའི་རྣམ་པར་བཞུགས་པ་དང་མངོན་སུམ་དུ་མཇལ་བའི་མོས་པ་མཛོད། དེ་ནས་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ༀ་ཧྲཱིཿཔདྨནྟ་ཀྲིཏ་ཧ་ཡ་གཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་གྱིས་བསང་། སྭ་བྷཱ་བས་སྦྱང་། སློབ་མ་རྣམས་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པྃ་ལས་པདྨ་དང་། རྃ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སོ་སོའི་སེམས་ཉིད་ཡི་


JKT013_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། སློབ་མ་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་བཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་། དར་དང་རིན་པོ་ཆེའི་རྒྱན་དང་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། ཞི་ཞིང་འཛུམ་པ་སྒེག་པའི་ཉམས་ཅན། འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུ་གིས་མཚན་པ་དང་། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པར་གྱུར༔ ཧྲཱིཿ བདེ་བ་ཅན་ནས་ཚེ་དཔག་མེད་མགོན་ལ། །གསང་བ་ཡེ་ཤེས་པདྨ་འབྱུང་གནས་སོགས། །ཚེ་ཁྲིད་བརྒྱུད་པའི་བླ་མས་ཡོངས་བསྐོར་བ། །འདིར་གཤེགས་བདག་ལ་ཚེ་ཡི་དངོས་གྲུབ་སྩོལ་། །ཅེས་དང་། སྔགས་རྣམས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་པས་ཡེ་ཤེས་པ་དབབ། ཛཿཧཱུྃ་བྃ་ཧོས་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱའོ། །དེས་གཞི་དགོད་པ་སོང་ནས་སྔགས་ཀྱི་སྒོ་ནས་གསོལ་བ་


JKT013_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་བཛྲ་ས་ར་ཧེ་ཀ་ར་རེ་ཤཱ་ར་རེ་ཧཱུྃ་ཕཊ། སླར་ཡང་དབང་གི་དངོས་གཞིའི་དོན་དུ་བླ་མ་དང་མདུན་བསྐྱེད་ཀྱི་ལྷ་ཐ་མི་དད་པ་ལ་འཆི་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ་སྙམ་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་འཆི་བ་མེད་པའི་ཚེའི་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས། ཚེའི་དབང་བསྐུར་བ་དངོས་ལ་ཚེ་བུམ་ལ་བརྟེན་ནས་བླ་ཚེ་ཡར་བ་དགུག་པ། ཉམས་པ་གསོ་བ། ཚེ་འགུགས་ཤིང་བསྟིམ་པ། མཐའ་རྟེན་དུ་ཚེ་རིལ་དང་ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ། རྗེས་མི་ཉམས་པར་བྱ་བའི་ཕྱིར་ཚེ་བཅིང་བ། ཚེ་སྦ་བ། ཚེ་བསྲུང་བ། ཚེ་དང་བཀྲ་ཤིས་ཀྱི་ལེགས་ཚོགས་སྤེལ་བ་རྣམས་སུ་ཡོད་པ་ལས། ཐོག་མར་བླ་ཚེ་ཡར་བ་དགུག་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་ཕྱག་མཚན་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱིའི་མཐར་སྙིང་པོ་དང་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་འཆི་བདག་གཤིན་རྗེ། རྒྱལ་གདོན་ལ་སོགས་པ་འབྱུང་པོ་མི་མ་ཡིན་རྣམས་ཀྱིས་ཕྲོག་པ་དང་། བརྐུས་པ། ཡར་བ་ཐམས་ཅད་བུམ་པ་དང་ཐོད་པ་དང་ལྷུང་བཟེད་


JKT013_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་གང་བའི་རྣམ་པར་བཀུག །སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་། ཕྱི་ཐམས་ཅད་བཀྲུས་པས་རྫས་ཀྱི་རྡོ་རྗེ་ཕ་ལམ་བཞིན་དུ་ཕར་ལ་དངོས་པོར་འཛིན་པ་ཐམས་ཅད་འཇོམས་ཤིང་། ཚུར་ལ་གང་གིས་ཀྱང་གཞིག་ཅིང་གཞོམ་པར་མི་ནུས་པའི་འཆི་མེད་ཀྱི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་དྲིལ་བུ་དཀྲོལ། རང་དང་སློབ་མ་གཉིས་ཀས་ཨ་མཱ་ར་ཎིའི་སྔགས་བརྗོད། སྐལ་ལྡན་རིགས་ཀྱི་བུ་འདི་དག་ལ་ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར་རོ། །བདེན་སྟོབས་འདི་འོག་མ་རྣམས་ཀྱི་མཐའ་ཐམས་ཅད་དུའང་བྱ། རྒྱལ་མཚན་རྩེ་མོ་སོགས་ཤིས་བརྗོད་ཤློ་ཀ་གཅིག་བྱའོ། །དེ་ནས་ཉམས་པ་གསོ་བ་ལ། ཚེ་ཉམས་པ་གསོ་བ། སྟོབས་ཉམས་པ་གསོ་བ། དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་གསུམ་དུ་ཡོད་པ་ལས། ཐོག་མར་ཚེ་ཉམས་པ་གསོ་བའི་སླད་དུ་ཚེ་ཉམས་པ་གསོ་བ་འདི་རྒྱས་པར་འབྱུང་ལྔ་སོ་སོའི་བཅུད་བསྡུ་ཚུལ་རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་གྲུབ་རྒྱལ་མའི་


JKT013_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་ལྟར་བྱ་བར་གསུངས་པས་སྤྲོ་ན་དེ་ལྟར་བྱ་ཞིང་། འདིར་རྗེ་དགེ་འདུན་རྒྱ་མཚོའི་ཡིག་ཆར་བསྡུས་ཏེ་བྱ་ཚུལ་གསུངས་པ་ཕྱག་ལེན་དུ་མཛད་པ་ལྟར་བཀོད་པའོ། །མཆན། མདུན་བསྐྱེད་ཚེ་དཔག་ཏུ་མེད་པའི་ཕྱག་གི་བུམ་པའི་དབུས་སུ་ཐུགས་སྲོག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས། འབྱུང་བ་ཆེན་པོ་ནམ་མཁའ་རླུང་མེ་ཆུ་སའི་བཅུད་ཐམས་ཅད་འོད་དང་བདུད་རྩི་ལྗང་སྔོ་དམར་དཀར་སེར་བའི་རྣམ་པར་བཀུག སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་། ཕྱི་ཐམས་ཅད་བཀྲུས་པས་ཟླཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག ཁྱད་པར་དུ་ལུས་ཀྱི་འབྱུང་བ་རྣམས་ཀྱི་སྒོ་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད། འཆི་མེད་ཚེའི་རིག་འཛིན་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ཅིང་སྔགས་བཟླ་ཞིང་དབང་བསྐུར། བདེན་སྟོབས་བརྗོད། ཕུན་སུམ་ཚོགས་པ་སོགས་བློ་ཀ་གསུམ་མམ། སྟོན་པ་བླ་མེད་སོགས་ནས། བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་ཤིས་བརྗོད་བྱ། སྟོབས་དང་བསོད་ནམས་ཉམས་པ་གསོ་བ་ནི། ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་བཀྲག་མདངས་གཟི་


JKT013_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་རིན་ཆེན་སྣ་བདུན། ཉེ་བའི་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་རྫས་བརྒྱད་ལ་སོགས་ཀྱི་རྣམ་པར་བཀུག །སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་། ཕྱི་ཐམས་ཅད་བཀྲུས་པས་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག ཁྱད་པར་སྟོབས་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད། ལྷའི་དབང་པོ་བརྒྱ་བྱིན་དང་། སྟོང་གསུམ་མི་མཇེད་ཀྱི་བདག་པོ་ཚངས་པ་སོགས་དང་སྐལ་བ་མཉམ་པའི་འཆི་མེད་ཀྱི་རིག་འཛིན་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ཅིང་སྔགས་བཟླ་ཞིང་དབང་བསྐུར། བདེན་སྟོབས་དང་། བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །སོགས་བརྗོད། དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་ནི། ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྐུ་གཟུགས། ཨཱ་ལི་ཀཱ་ལི་ལ་སོགས་པའི་ཡིག་འབྲུ། རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཕྱག་མཚན་གྱི་རྣམ་


JKT013_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཀུག སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་། ཕྱི་ཐམས་ཅད་བཀྲུས་པས་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་དུའང་དམ་ཚིག་དང་སྡོམ་པ་ཉམས་པ་སོར་ཆུད། འཆི་མེད་ཚེའི་རིག་འཛིན་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ཅིང་སྔགས་བཟླ་ཞིང་དབང་བསྐུར། བདེན་སྟོབས་དང་། མི་འགྱུར་ལྷུན་པོ་སོགས་བརྗོད་དོ། །དེ་ནས་ཚེ་འགུགས་པ་ནི། བླ་མ་ཕྱི་མ་འགའ་ཞིག་གིས་ཚེ་འགུགས་འདི་གོང་གི་སྔགས་ཀྱིས་གསལ་བཏབ་པའི་མཇུག་ཏུ་སྦྱར་སྣང་ནའང་། འདིར་རྩ་བའི་ཡི་གེའི་དགོངས་པ་ལྟར་བྲིས་པའོ། །མཆན། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་དང་། ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་རྡོ་རྗེ་སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་འཕྲོག་པ་དང་། བརྐུས་པ་དང་། ཡར་བ་དང་། འབྱུང་བ་ཆེན་པོ་རྣམས་ཀྱི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་དང་། རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་ཐིམ། དེ་ལས་འཆི་མེད་ཚེའི་བདུད་རྩི་དཔག་ཏུ་མེད་པ་


JKT013_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། རྡོ་རྗེ་སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་བརྟན་ཅིང་ནུས་པ་དང་ལྡན་པར་བྱས་པའི་མོས་པ་མཛོད། ཅེས་བརྡའ་སྦྱར་ལ། མདའ་དར་གཡབ་ཅིང་། ཧྲཱིཿ འཆི་བ་མེད་པ་མགོན་པོ་ཚེ་ཡི་ལྷ། །ཞེས་སོགས་ཚེ་འགུགས་བྱ། ཚེ་བསྟིམ་པ་ནི། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། བུམ་ནང་གི་ཚེ་དཔག་ཏུ་མེད་པ་ལ་ཐིམ། དེ་ལས་དེ་འདྲ་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་རྒྱལ་བ་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་དང་། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་རོ་གཅིག་ཏུ་གྱུར། འཆི་མེད་ཚེའི་རིག་འཛིན་མངོན་དུ་ཐོབ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་བུམ་པ་སྤྱི་བོར་བཞག་ཅིང་་། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ། མཁའ་འགྲོ་མ་གསང་བ་ཡེ་ཤེས། སློབ་དཔོན་པདྨ་འབྱུང་གནས། གྲུབ་ཆེན་དཔལ་ལྡན་རྡོ་རྗེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་


JKT013_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ལ་སོགས་པ་ནས། བདག་ཅག་གི་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སློབ་མ་འདི་རྣམས་ཀྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བར་ཆད་དང་ཆག་སྒོ་ཉམ་ང་ཡོད་པ། སྟེང་གདོན་གཟའ། འོག་གདོན་ཀླུ། བར་གདོན་རྒྱལ་པོའི་གནོད་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག །ཅེས་དང་། གཟུངས་རིང་བརྗོད། དེ་ནས་ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ་ནི། འཆི་མེད་ཚེའི་བདུད་རྩིའི་ངོ་བོ་ཚེ་ཆང་འདི་ཉིད་ཞལ་དུ་གསོལ་བས་ལུས་ཀྱི་ནང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འཆི་མེད་ཀྱི་བདུད་རྩིས་གང་། རང་བཞིན་བརྒྱད་ཅུའི་ཀུན་རྟོག་དབྱིངས་སུ་འགགས། ཉམས་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས། རྩ་རླུང་ཐིག་ལེའི་ནུས་པ་ཉམས་པ་ཐམས་ཅད་སོར་ཆུད། འཆི་མེད་ཀྱི་རིག་འཛིན་ཐོབ། ཁྱད་པར་དུའང་རྫོགས་རིམ་ལ་བརྟེན་ནས་ཚེ་སྒྲུབ་པའི་སྐལ་བ་དང་ལྡན་པར་བྱས་སྙམ་པ་མཛོད་ཅིག །ཅེས་དང་གཟུངས་སྔགས་བརྗོད་ལ་ཚེ་ཆང་སྦྱིན། ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་ནི། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འདུས་པའི་ངོ་བོ་ཚེའི་རིལ་བུ་འདི་ཉིད་ཞལ་དུ་གསོལ་བས་


JKT013_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བརྒྱ་རྩ་བཞིའི་ནད། སྟོང་ཕྲག་བརྒྱད་ཅུའི་བགེགས། བར་ཆད་དང་ཆག་སྒོ་ཡོད་པ་ཐམས་ཅད་བྱང་ཞིང་དག་འཆི་མེད་ཚེའི་རིག་འཛིན་ཐོབ། ཁྱད་པར་དུའང་བཅུད་ལེན་ལ་བརྟེན་ནས་ཚེ་སྒྲུབ་པའི་སྐལ་བ་ཅན་དུ་བྱས་སྙམ་པ་མཛོད་ཅིག །ཅེས་དང་། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བསྟེན་ན་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །ཞེས་དང་སྔགས་བཟླ་ཞིང་ཚེ་རིལ་སྦྱིན། དེ་ནས་རྗེས་ཚེའི་དངོས་གྲུབ་མི་ཉམས་པར་བྱ་བའི་སླད་དུ་ཚེ་བཅིང་བ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཚེ་རྟེན་འོད་དཀར་པོའི་དབུས་སུ་རྣམ་པར་ཤེས་པ་ཡི་གེ་དྲིའི་རྣམ་པ་ཉི་ཟླ་གའུ་ཁ་སྦྱོར་གྱི་ནང་དུ་ཡོད་པ་དེ་ཉིད། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐག་པས་བར་མཚམས་མེད་པར་བཅིངས་བར་མོས་པ་མཛོད། སྙིང་གར་རྡོ་རྗེ་རེག་ཅིང་། ཉི་ཟླ་གའུ་ཁ་སྦྱོར་དག །མི་ཕྱེད་སྲ་བརྟན་རྡོ་རྗེ་ཡི། །ལུ་གུ་རྒྱུད་ཀྱིས་ཉེར་བསྡམས་པས། །ནམ་ཡང་མི་གཡོ་བརྟན་པར་གྱུར། །ཞེས་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། །ཞེས་སྔགས་བཟླ། དེ་ནས་ཚེ་སྦ་བ་ནི། མདའ་དར་སྙིང་གར་བཞག་ཅིང་། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་


JKT013_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་ཐིམ། དེའང་གའུ་ལ་ཐིམ། དེ་འོད་ལ་ཐིམ། དེ་ཡི་གེ་ལ་ཐིམ། དེའང་འཇའ་ཡལ་བ་ལྟར་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམས་ལ་སྟོང་ཉིད་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་མཛོད། གང་གིས་གནོད་པར་མི་ནུས་པའི། །གདོད་ནས་དག་པའི་སྟོང་པ་ཉིད། །སྐྱེ་བ་མེད་པའི་ཀློང་ཡངས་སུ། །མི་འགྱུར་བརྟན་པའི་ཚེ་སྦའོ། །ཞེས་དང་སྔགས་བཟླ། དེ་ནས་ཚེ་སྲུང་བ་ནི། སླར་ཡང་སྐད་ཅིག་གིས་སློབ་མ་ཚེ་དཔག་མེད་དུ་གསལ་བའི་སྨིན་མཚམས་ཀྱི་རྩ་སྒོར་དཔལ་རྟ་མགྲིན་གྲི་གུག་དང་ཐོད་པ་འཛིན་པ་འཇིགས་སུ་རུང་བ་མེ་དཔུང་འབར་བའི་དབུས་ན་བཞུགས་པས་བར་ཆད་ཐམས་ཅད་བསྲུངས་པར་གྱུར་པར་བསམས་ལ། སྨིན་མཚམས་རྩ་ཡི་སྒོ་འཕར་དུ། །རྟ་མགྲིན་ཁྲོ་རྒྱལ་དབང་གི་ལྷ། །བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ཚེ་ཡི་བར་ཆད་ཐམས་ཅད་སྲུངས། །སྔགས་བཟླ་ཞིང་སློབ་མ་རྣམས་ཀྱི་སྨིན་མཚམས་ས་ལི་ཁྲིའི་ཐིག་ལེ་བྱ། ཚེ་དང་བཀྲ་ཤིས་ཀྱི་དགའ་སྟོན་སྤེལ་བ་ནི། ཁྱེད་རང་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ལྷ་མིའི་རིག་འཛིན་རྣམས་ཀྱིས་བསྐོར་བ་བཞུགས་ནས་མེ་ཏོག་གི་ཆར་འབེབས། རོལ་མོའི་སྒྲ་སྒྲོགས། བཀྲ་ཤིས


JKT013_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། རབ་ཡངས་མདུན་གྱི་ནམ་མཁའ་ལ། །རྩ་བའི་བླ་མ་ཚེ་དཔག་མེད། །བརྒྱུད་པའི་བླ་མ་སྤྲིན་ལྟར་འཐིབས། །ཡི་དམ་ལྷ་ཚོགས་འཁོར་གྱིས་བསྐོར། །མ་མོ་མཁའ་འགྲོས་གར་སྟབས་བསྒྱུར། །ཆོས་སྐྱོང་སྲུང་མ་བྲན་དུ་འཁོལ། །སྙན་པའི་དབྱངས་ཀྱི་འབྲུག་སྟོང་ལྡིར། །བཀྲ་ཤིས་མེ་ཏོག་ཆར་དུ་འབེབས། །འདིར་འདུས་སྐལ་ལྡན་ཚོགས་རྣམས་ལ། །འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག །དཔལ་འབྱོར་སྙན་གྲགས་བཀྲ༔ བདེ་ཆེན་ཡེ་ཤེས་བཀྲ༴ བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་ཅིང་མེ་ཏོག་འཐོར། རོལ་མོའི་སྒྲ་སྙན་པར་སྦྱར། དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གྱེས། རྗེས་ཆོག་ནི། མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། མཆོད་བསྟོད་གོང་ལྟར་བྱ། ཡི་གེ་བརྒྱ་པ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། བསྔོ་སྨོན་བཀྲ་ཤིས་བྱའོ། ༈ །ཚེ་དབང་བརྒྱ་རྩ་སོགས་གྲངས་གསོག་ན། ཚེ་རིལ་སྦྱིན་པ་ཡན་གོང་དུ་སྨོས་པ་ལྟར་རྒྱས་པ་ཚར་གཅིག་རྗེས་བཀྲ་ཤིས་ཚིགས་བཅད་གང་རུང་བརྗོད། དེ་ནས། སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་


JKT013_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་སྩལ་དུ་གསོལ། ཅེས་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད། བསྡུ་ན། གསོལ་འདེབས་མ་བྱས་པར་སླར་ཡང་དམིགས་པ་འདི་བཞིན་མཛོད་སོགས་ལ་འཇུག་པས་ཀྱང་རུང་ངོ་། །ཚེ་དཔག་ཏུ་མེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་གྱི་ཚེ་དང་བསོད་ནམས་འཕྲོག་པ་བརྐུས་པ་ཡལ་བ་ཐམས་ཅད་དང་། འབྱུང་བ་རྣམས་ཀྱི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་ཕུན་ཚོགས་ཐམས་ཅད་དང་། རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་། ཕྱི་ཐམས་ཅད་བཀྲུས་པས་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཚེ་དང་བསོད་ནམས་ཉམས་པ་སོར་ཆུད། བུམ་ནང་གི་ཚེ་དཔག་མེད་ལས་རང་འདྲ་གཉིས་པ་རེ་བྱུང་། ཁྱེད་རང་རྣམས་ལ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྔགས་བཟླ་ཞིང་དབང་བསྐུར། སྤྲོ་ན་བདེན་སྟོབས་བརྗོད། གང་


JKT013_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡང་ཚེ་གཟུངས་བཟླ་བཞིན་པས་ཚེ་ཆང་དང་། ཚེ་རིལ་སྦྱིན། ཤིས་བརྗོད་བློ་ཀ་གང་རུང་རེ་བྱ། དེ་ལྟ་བུའི་གྲངས་བཟུང་། རྫོགས་པ་ན་ཚེ་བཅིང་བ་མན་ཆད་གོང་བཞིན་དུ་བྱའོ། ༈ །ཞར་བྱུང་བདག་བསྐྱེད་ལ་བརྟེན་པའི་བསྙེན་པ་བྱ་ཚུལ་མདོ་ཙམ་ནི། གནས་གཙང་ཞིང་དབེན་པར་ཚེ་དཔག་མེད་ཀྱི་སྣང་བརྙན་གྱི་མདུན་མཆོད་གཏོར་བཤམ། མཚམས་དམ་པར་བཅད། ཐུན་གསུམ་མམ་བཞིར་བདག་བསྐྱེད་གོང་ལྟར་ཉམས་སུ་བླང་། ཐུན་རེ་རེ་བཞིན་བཟླས་པའི་མཐར་ཡིག་བརྒྱ་དང་། མཆོད་བསྟོད་བསྔོ་སྨོན་ཤིས་བརྗོད་བྱ། །སྔ་ཕྱིའི་ཐུན་གང་རིགས་ཀྱི་མཐར་གཏོར་མ་བསང་སྦྱང་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་སྤྱན་དྲངས། མདུན་གྱི་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམས་ལ་གཏོར་འབུལ་མཆོད་བསྟོད་བྱ། ནོངས་པ་བཤགས། མདུག་བསྐྱེད་བརྟན་བཞུགས་དང་། བསྔོ་སྨོན་ཤིས་བརྗོད་བྱ་བའོ། །དེ་ལྟ་བུའི་གྲངས་ཨ་མཱ་ར་ཎི་བཞི་འབུམ་དང་། ས་ར་ཧེ་དང་ཚེ་གཟུངས་ཅི་ནུས་བཟླ། གྲོལ་ཁར་མདུན་བསྐྱེད་རྟེན་ཚེ་བུམ་སོགས་སློབ་མ་ལ་དབང་བསྐུར་བའི་སྐབས་ལྟར་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས། ཚེ་བཅུད་རང་ལ་བསྟིམ་པའི་དམིགས་པ་དང་བཅས་མདུན་བསྐྱེད་བསྒྲུབ་ཅིང་བདག་ཉིད་འཇུག་པའི་ཚུལ་གྱིས་དངོས་གྲུབ་བླང་། རྗེས་ཆོག་རྒྱས་པར་བྱའོ། ༈ །འདིའི་གཞུང་དུ་མི་གསལ་ཡང་སྔ་འགྱུར་བའི་གསང་བ་སྤྱི་འགྲོས་དང་མཐུན་པར་ཚོགས་མཆོད་འབུལ་བར་སྤྲོ་ན། གཏོར་འབུལ་གྱི་མཐར་ཚོགས་ཀྱི་ཡོ་བྱད་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྐྱེད་སྟེང་།


JKT013_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བྷནྡྷའི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ། །བསྐོལ་ཞིང་འོད་ཞུ་ཚོགས་མཆོད་བདུད་རྩིའི་བཅུད། །འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་ཧྭ་ཧོ་ཧཱུྃཿ ཞེས་པས་བརླབ། ཧྲཱིཿ བདེ་བ་ཅན་དང་ཉི་ཤུ་རྩ་བཞིའི་ཡུལ། །པདྨ་འོད་སོགས་ཕྱོགས་བཅུའི་ཞིང་ཁམས་ནས། །འཆི་མེད་རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས། །ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ ཞེས་པས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་ཚོགས་ཕུད་སྤྲོས་ཏེ། ཧྲཱིཿ ཚེ་དཔག་མེད་མགོན་གསང་བ་ཡེ་ཤེས་ཡུམ། །པདྨ་འབྱུང་གནས་དཔལ་ལྡན་རྡོ་རྗེའི་ཞབས། །འཇིག་རྟེན་དབང་ཕྱུག་བསོད་ནམས་རྒྱ་མཚོ་སོགས། །རྩ་བརྒྱུད་བླ་མ་ཡི་དམ་ཚེ་ཡི་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །འདོད་ཡོན་བདུད་རྩི་ཚོགས་ཀྱི་འཁོར་ལོས་མཆོད། །ཐུགས་དམ་བསྐང་ཞིང་ཉམས་ཆག་མཐོལ་བཤགས་ན། །ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ། །ༀ་གུ་རུ་ཨ་པ་རི་མི་ཏ་ཨ་ཡུཛྙཱ་ན་ས་པ་རི་ཝཱ་ར་ག་ཎ་ཙ་ཀྲ་པཱུ་ཛ་ཧོཿ ཞེས་མདུན་བསྐྱེད་ལ་མཆོད་པའི་རྗེས། བདག་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ལྷའི་འཁོར་ལོར་གསལ་བས་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱོད། ལྷག་མ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཕོ་ཞེས་པས་མགྲོན་དགུག ཧྲཱིཿ འཆི་མེད་རྩ་གསུམ་ཚེ་ཡི་ལྷ་ཚོགས་ཀྱི། །དཀྱིལ་འཁོར་སྲུང་པའི་ལྷག་སྡུད་ཕོ་ཉའི་ཚོགས། །དམ་ཚིག་


JKT013_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཀྱི་བདུད་རྩི་འདི་གསོལ་ལ། །མི་མཐུན་ཀུན་སོལ་མཐུན་རྐྱེན་ལེགས་ཚོགས་སྤེལ། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་ཞེས་ཕུལ། ཚོགས་མགྲོན་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་རང་ལ་བསྟིམ། །འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམ། བསྔོ་སྨོན་བཀྲ་ཤིས་བྱའོ། །འཇམ་དབྱངས་དགའ་བའི་བཤེས་གཉེན་གྱི། །གཞུང་དོན་གསལ་བར་བསྡེབས་པའི་དགེས། །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དང་། །འགྲོ་ཀུན་འཆི་མེད་འགྲུབ་གྱུར་ཅིག །ཅེས་པའང་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་ཞལ་སྔ་ནས་སྙན་བརྒྱུད་ཀྱི་མན་ངག་ཁྲིགས་སུ་བསྡེབས་པའི་རྩ་བའི་ཡི་གེ་ལས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་ཚེ་སྒྲུབ་གྲུབ་རྒྱལ་མའི་དབང་ཆོག་ལ་ཞལ་འཕང་གནང་བ་སོགས་བླ་མའི་ཕྱག་གཞེས་ལྟར་དཀྱུས་སུ་བཅུག་སྟེ་བཀླགས་པས་གྲུབ་པར་བྱ་བྲལ་སྤོང་བ་པ་མཉྫགྷོ་ཥས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། ༈ །།འདིའི་བརྒྱུད་པ་ནི། ངག་དབང་བློ་བཟང་རྒྱ་མཚོ་ནས། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། འཕགས་པ་དགེ་ལེགས་རྒྱལ་མཚན། བླ་མ་སྐལ་བཟང་བསྟན་དར། བཀའ་བཅུ་བྱམས་པ་བློ་གྲོས། སློབ་དཔོན་འཕགས་པ་མཆོག་དགའ། ཆོས་རྗེ་ངག་དབང་འཇམ་དབྱངས། རྡོ་རྗེ་འཛིན་པ་ཀུན་དགའ་དཔལ་ལྡན། དེས་བདག་མཁྱེན་བརྩེའི་དབང་པོ་ལའོ།། །།


JKT013_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བརྒྱུད་འདེབས་བྱིན་རླབས་སྙེ་མ་ཞེས་བྱ་བ་བཞུགས་སོ། །སྣང་མཐའ་སྤྱན་རས་གཟིགས་དབང་པདྨ་འབྱུང་། །ཆོས་རྒྱལ་སྲོང་བཙན་རྡོ་རྗེ་ཐོགས་མེད་རྩལ། །པདྨ་ཕྲིན་ལས་གཏེར་བདག་གླིང་པ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ངག་དབང་ཀླུ་སྒྲུབ་ངག་དབང་འཇིགས་མེད་ཞབས། །འགྱུར་མེད་མཆོག་གྲུབ་པདྨ་ཚེ་དབང་རྩལ། །འཇིགས་མེད་གོ་ཆ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །རྒྱལ་ཀུན་ཡེ་ཤེས་ལྔ་ཡི་སྒྱུ་འཕྲུལ་གར། །འཇིག་རྟེན་དབང་ཕྱུག་རིགས་ལྔ་ལྷག་པའི་ལྷ། །སྒོ་སྐྱོང་སྲུང་མར་བཅས་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ངེས་འབྱུང་བྱང་ཆུབ་སེམས་གཉིས་མངོན་དུ་གྱུར། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རིམ་གཉིས་ལམ་ལས་ཐུགས་རྗེའི་དབང་ཕྱུག་གི། །གོ་འཕང་ཚེ་འདིར་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་མགོན་བླ་མ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པའི་བྱ་བྲལ་མ་ཎི་བ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ། །།


previousཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་བཅུད་ལེན།next