Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

1 occurrence of དང་ཚ་ལ་དབང་
[Clear Hits]


  
  
  
  
  
  
  
  
  
  
  
གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་གོང་ཁུག་ལྷ་དགུ་དང་། ལྷ་ལྔའི་དབང་གི་མཚམས་སྦྱོར་འགྲེས་ཆོག་ཏུ་བཀོད་པ་བདུད་རྩིའི་བུམ་བཟང་།
  
  
  
  
  
 
  
  
  
  
  
  
  
  


1 occurrence of དང་ཚ་ལ་དབང་
[Clear Hits]

 
previousགྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་གོང་ཁུག་ལྷ་དགུ་དང་། ལྷ་ལྔའི་དབང་གི་མཚམས་སྦྱོར་འགྲེས་ཆོག་ཏུ་བཀོད་པ་བདུད་རྩིའི་བུམ་བཟང་།next

གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་གོང་ཁུག་ལྷ་དགུ་དང་། ལྷ་ལྔའི་དབང་གི་མཚམས་སྦྱོར་འགྲེས་ཆོག་ཏུ་བཀོད་པ་བདུད་རྩིའི་བུམ་བཟང་།

གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་གོང་ཁུག་ལྷ་དགུ་དང་། ལྷ་ལྔའི་དབང་གི་མཚམས་སྦྱོར་འགྲེས་ཆོག་ཏུ་བཀོད་པ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །འཆར་ཀའི་མདངས་ལྟར་དམར་བའི་མཛེས་སྐུའི་གཟིས། །འཆི་བདག་མུན་པའི་གོ་སྐབས་ཡོངས་བཅིལ་ཞིང་། །ཚེ་དང་ཡེ་ཤེས་སྣང་བ་སྦྱིན་པའི་ལྷ། །དཔག་མེད་རིགས་ཀྱི་ཅོད་པན་འཛིན་དེར་བདུད།། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བཞད་པ་རྡོ་རྗེ་ཡབ་སྲས་ཀྱི་ཕྱག་བཞེས་ལས་བྱུང་བ། གྲུབ་པའི་རྒྱལ་མོ་ལུགས་ཀྱི་ཚེ་དཔག་མེད་གོང་ཁུག་མ་ལྷ་དགུ་དང་། ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པས། དེའི་ཚུལ་ལ་བཞི། སྦྱོར་བ་བཤམ། དངོས་གཞི་སྒྲུབ་མཆོད། བྱིན་རླབས་དབང་བསྐུར། རྗེས་རིམ་མོ། །ཐོག་མར་ཡིད་དང་མཐུན་པའི་གནས་སུ། ཚེ་དཔག་མེད་ཀྱི་སྐུ་བྲིས་འབུར་གང་རུང་བཤམས་པའི་མདུན་དུ། སྟེགས་བུར་མཎྜྻལ་ལ་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་དམ། ཡང་ན་རས་བྲིས་ཀྱི་ལྟེ་བར་དབུས་དང་ཕྱོགས་བཞིར་ལྷ་མཚན་སྲཱིཿཡིག་རེ་རེ། མཚམས་བཞིར་ཤར་ལྷོ་ནས་བརྩམས་གཡས་བསྐོར་དུ། ཨ་པ་ས་ཨ་རྣམས་བཀོད། ལྷ་ལྔའི་ཚེ་འདི་རྣམས་མི་དགོས། བསྡུ་ན་མཎྜྻལ་ལ་ཚོམ་བུ་དམར་པོ་ལྷ་གྲངས་དང་མཐུན་པར་བཀོད་ཀྱང་རུང་། གང་ལྟར་དེའི་སྟེང་དུ་མཉྫྱིའི་ཁར། བུམ་པ་བཟང་པོ་དམ་ཚིག་གི་རྫས་བཏབ་དྲི་བཟང་པོའི་ཆུས་སུམ་ཉིས་བཀང་། མགུལ་ཆིངས་དམར་པོས་དཀྲིས་ཤིང་། དུང་ཆོས་ཀྱི་དྲིའི་ཆུ་ལ་སྲཱིཿབཟླས་པ་གཟུངས་ཐག་རྡོ་རྗེ་དང་བཅས་པ་བུམ་པའི་སྟེང་བཞག གཡས་སུ་ཀ་པཱ་ལ་བདུད་རྩིས་བཀང་བ། གཡོན་དུ་ལས་བུམ་བཅུད་ལྡན་ཆིངས་དམར་ཁ་བརྒྱན་དང་ལྡན་པ་བཀོད། རྒྱབ་ཏུ་ཚེ་མདའ་སྒྲོ་ལྡན་སྣ་ལྔའི་དར་གྱིས་བརྒྱན་པ་མཐའ་མར་ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པའི་རྫས་དང་གཏོར་མ་ཕྱག་བཞེས་བཞིན་བཤམས། སློབ་དཔོན་གྱི་མདུན་དུ་ནང་མཆོད་ཌཱ་དྲིལ་འཐོར་ནས་གུལ་ཡུངས་སོགས་དང་བགེགས་གཏོར་ཉེར་མཁོ་རྣམས་འདུ་བྱའོ། །གཉིས་པ་ནི། བདག་མདུན་བུམ་སྒྲུབ་གཏོར་འབུལ་བདག་ཉིད་འཇུག་པའི་བར་གཞུང་དང་ཟུར་འདེབས་ཀྱི་ཆོ་ག་རྒྱས་བསྡུས་སྐབས་སུ་གང་བབ་ཆ་ཚང་གྲུབ་པར་བྱ་དགོས་སོ། །གསུམ་པ་དབང་གི་ཆོ་ག་ནི། སློབ་མ་ལས་ཆུས་སྒོ་དྲུང་ནས་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་སོགས་བརྗོད་ནང་དུ་འཇུག་ཅིང་གྲལ་དུ་འཁོད། གཏོར་མར་ཆབ་ཀྱིས་བྲན། ཨོཾ་སྭ་བྷཱ་ཝས་སྦྱངས། གཏོར་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ། ཁཾ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་ཡོན་ལྔ་ལྡན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཨོཾ་ཨ་ཀཱ་རོ་མུ་ཁཾཿ སོགས་ལན་གསུམ་གྱིས་བསྔོས། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། འདིར་དབང་བསྐུར་བའི་རིམ་པ་བགྱི་བ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་འབྱུང་པོའི་ཚོགས་རྣམས་ལ་སྦྱིན་ནོ་ཚིམ་ཞིང་མགུ་བར་གྱིས་ལ་རང་རང་གི་གནས་སུ་ཕྱིར་དེངས་ཤིག གསང་སྔགས་ཉན་པར་མི་དབང་བའི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དབང་ཆེན་རྟ་མགྲིན་དཔལ། །ང་ཡི་བཀའ་ལས་མ་འདའ་བར། །བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཡེ་ཤེས་ཐོད་དབྱུག་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །ལུས་རྣམས་སྟོང་དུ་གྱུར་ནས་ནི། །རྣམ་པར་འཇོམས་པར་གདོན་མི་ཟ། །དེ་བས་ཁྱོད་རྣམས་གཞན་དུ་དེངས། །ཨོཾ་བཛྭ་ཀྲོ་དྷ་་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄ཿ ཅེས་དང་ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཡུངས་ཐུན་དང་གུ་གུལ་དུད་པས་བསྐྲད། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དང་མདའི་དྲ་བ། ཕྱི་རོལ་མེ་ཁ་དོག་ལྔ་རབ་ཏུ་འབར་བས་བསྐོར་བར་གྱུར། ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་པས་སྲུང་འཁོར་བསྒོམ། མཎྜྻལ་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་པ་སོགས་སྤྱི་ལྟར་བྱ་བའམ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་འགལ་རྐྱེན་ཚེའི་བར་ཆད་ཞི་ཞིང་། མཐར་ཐུག་ཏུ་སྐུ་བཞིའི་བདག་ཉིད་མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་རྟག་པ་དམ་པ་ཐོབ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བྱ། དེའི་ཕྱིར་དུ་བཅོམ་ལྡན་འདས་ཚེ་དཔག་མེད་ལྷ་དགུའམ། ལྷ་ལྔའི་དཀྱིལ་འཁོར་དུ་ཞེས་གང་བབ་བསྒྱུར། གང་ལྟར་བྱིན་རླབས་དབང་བསྐུར་བའི་རིམ་པ་ཞུ་སྙམ་པའི་སེམས་བསྐྱེད་གསལ་གདབ་ནས་གསན་པར་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལྷ་དགུའམ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྟེ། དེ་ཡང་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་འདི་ནི་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ་རང་ཉིད་སྐུ་ཚེ་གྲངས་མེད་པར་བྱིན་གྱིས་བརླབས་ཤིང་། སེམས་ཅན་གཞན་དག་དུས་དང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་སྐྱོབས་པར་སྨོན་ལམ་དུ་མཛད་ཅིང་ཐུགས་བསྐྱེད་པས། ཕྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་བདེ་བ་ཅན་གྱི་ཞིང་ཡོངས་སུ་འཛིན་པ་དང་། བསྐལ་པ་གྲངས་མེད་མང་པོར་འཚོ་ཞིང་བཞེས་ཏེ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་གཞན་རྣམས་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ལས་བྱུང་བ་ཡིན་ཞིང་། འདི་ལྟ་བུའི་བཅོམ་ལྡན་འདས་འདི་ལ་སྒྲུབ་པའི་རིམ་པ་མཐའ་ཡས་པ་ཞིག་བྱུང་བའི་ནང་ནས་ཁྱད་པར་དུ་འཕགས་པ་ཟབ་ཅིང་གསང་བ་འདི་ཉིད་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ལྷ་ལྕམ་མེ་ཏོག་མནྡ་ར་བ་སོགས་སྐུ་དང་མཚན་གྱི་རྣམ་གྲངས་དུ་མར་སྟོན་ཀྱང་ཡོངས་སུ་གྲགས་པ་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ་དེ་ཉིད་ཀུ་རུ་ཀུལླེའི་རིག་སྔགས་གྲུབ་པར་བརྟེན། མགོན་པོ་ཚེ་དཔག་མེད་ཀྱིས་རྗེས་སུ་བཟུང་ནས་རྡོ་རྗེའི་སྐུས་བསྐལ་པ་མ་སྟོང་བར་དུ་འགྲོ་བའི་དོན་མཛད་པར་བྱིན་གྱིས་བརླབས་པ་དེ་ཉིད་ཀྱིས་འཆི་མེད་ཚེའི་གདམས་ངག་རྒྱ་མཚོ་ལྟ་བུས་སྐལ་ལྡན་མཐའ་དག་རང་གི་གོ་འཕང་ལ་འགོད་བཞིན་ད་ལྟར་ཡང་འཚོ་ཞིང་བཞེས་པ་དེ་ལ། རྗེ་བཙུན་རས་ཆུང་པས་ཁྱད་ཆོས་སུ་ནོད་པ་སྟེ། དེ་ཡང་ལྷོ་བྲག་མར་པའི་ལུང་ལྟར་མི་ལ་བཞད་པ་རྡོ་རྗེས་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཞུ་བའི་སླད་དུ་རྒྱ་གར་དུ་བརྫངས། དེས་ཀྱང་བལ་པོ་བྷ་རི་མ་དང་། བ་ལ་ཙཎྜྻ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་པ་ལས་གཙོ་བོར་གྱུར་པ་ཏི་བུ་གསང་སྔགས་སྡོང་པོ་ཞེས་དཔལ་ནཱ་རོ་པའི་ཐུགས་སྲས་གྲུབ་པའི་དབང་ཕྱུག་དེ་ལས་གདམས་ངག་ཟབ་ཅིང་རྒྱ་ཆེ་བ་བུམ་པ་གང་བྱོའི་ཚུལ་དུ་ནོད་ནས་བོད་དུ་ཕེབས་པར་ཉེ་བ་ན། སྐུ་ཚེའི་ཚད་ཟླ་བ་བདུན་ལས་མེད་པར་ལུང་བསྟན་པས་བླ་མའི་བཀའ་ལྟར་མ་གཅིག་གྲུབ་པའི་རྒྱལ་མོའི་དྲུང་དུ་བྱོན་ནས་ཚེའི་དབང་བསྐུར་དང་གདམས་ངག་དཔག་ཏུ་མེད་པ་གསན་ཟླ་བ་བདུན་དུ་བསྒོམས་པས་སྔར་ལོ་བཞི་བཅུ་བཞེས་པ་ལས། སླར་ཡང་བཞི་བཅུ་ཞེ་བཞི་བསྲིངས་ཏེ་ཡོངས་བསྒྲིལ་དགུང་ལོ་གྱ་བཞིའི་བར་དུ་འགྲོ་བའི་དོན་མཛད་ཅིང་། མཐར་སྐུ་ལུས་དེ་ཉིད་ཀྱིས་ལྕང་ལོ་ཅན་དུ་གཤེགས་ཤིང་ད་ལྟའང་འཇའ་ལུས་རྡོ་རྗེའི་སྐུར་བཞུགས་སོ། །སྐྱེས་བུ་རས་ཆུང་པ་བོད་དུ་ཕེབས་ནས་རྗེ་བཙུན་མི་ལ་དང་མཇལ་བ་ན། བཀའ་ལས་ཁྱོད་ཀྱིས་སྐྱེས་སུ་སྔར་བོད་དུ་མ་གྲགས་པའི་ཟབ་ཆོས་ཁྱད་པར་ཅན་ཞིག་ཕུལ་དགོས་གསུངས་པ་ལྟར་གདམས་པ་འདི་ཉིད་ཐོག་མར་ཕུལ་བས་རྗེ་མི་ལའང་དགུང་ལོ་བརྒྱད་ཅུ་རྩ་བཞི་བཞུགས་པར་གདའ། དེ་ལྟ་བུའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་སམ་རས་ཆུང་ལུགས་སུ་གྲགས་པ་འདི་ནི། རྣལ་འབྱོར་ཕའི་རྒྱུད་ལས་པདྨ་གར་གྱི་དབང་པོའི་རྩ་བའི་རྒྱུད་འབུམ་པ་དང་། བཤད་པའི་རྒྱུད་འོད་ཟེར་དྲ་བ་ལ་བརྟེན་ནས་གྲུབ་པའི་རྒྱལ་མོས་མན་ངག་ཏུ་བསྡེབས་པ་ལ། ཕྱི་ནང་གསང་བ། ཁྱད་པར། དེ་ཁོ་ན་ཉིད་ཀྱི་སྒྲུབ་པ། ལས་ཁ་ཚར་དང་བཅས་པའི་སྐོར་སོགས་མང་དུ་བཞུགས་པ་ལས། འདིར་ཟབ་ཅིང་འདྲིལ་བའི་སྙིང་པོ་རྗེ་བཙུན་ཡབ་སྲས་ཀྱི་ཐུགས་དམ་གོང་ཁུག་ཏུ་སྦ་བར་མཛད་པའི་ཁྱད་པར་གྱི་ཆོས། ཚེ་དཔག་མེད་ལྷ་དགུའམ། ལྷ་ལྔ་ཞེས་སྐབས་སུ་གང་བབ་བསྒྱུར། དཀྱིལ་འཁོར་དུ་འཆི་མེད་ཚེའི་དབང་བཞི་བསྐུར་བ་ལ་གཉིས་ལས། སློབ་དཔོན་གྱི་བགྱི་བར་འོས་པ། བདག་མདུན་བུམ་པ་བསྒྲུབ་ཅིང་དབང་ལེན་པའི་རིམ་པ་རྣམས་ལེགས་པར་གྲུབ་ཟིན། ད་ནི་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། ཐོག་མར་བླ་མ་དང་མགོན་པོ་ཚེ་དཔག་མེད་ཐ་མི་དད་པའི་དྲུང་དུ་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜྻལ་ཞིང་ཁམས་རྒྱ་མཚོའི་བཀོད་པ་འབུལ་བར་འཚལ། ཞེས་མཎྜྻལ་འབུལ་དུ་གཞུག སྙིམ་པ་མེ་ཏོག་གིས་བཀང་ཏེ་ཐལ་མོ་སྦྱར་བ་བཅས་སྡོམ་པ་འཛིན་པའི་དོན་དུ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་མཐུ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད།། ཞེས་ལན་གསུམ་བརྗོད་དུ་གཞུག དེ་ནས་ཁྱེད་རང་རྣམས་ཀྱི་རྒྱུད་དག་པར་བྱ་བའི་ཕྱིར་དུ་མདུན་གྱི་ནམ་མཁར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དབུས་ན་རྣམ་པར་བརྗིད་པའི་བླ་མ་དང་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་མངོན་སུམ་བཞུགས་པའི་སྤྱན་སྔར། རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ལན་གསུམ། དེ་ནས་ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་འཆི་མེད་ཚེ་དབང་བཞི། །དེ་རིང་བདག་ལ་སྩལ་དུ་གསོལ།། ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་དགོད་པའི་སླད་དུ་ཁྱེད་རང་རྣམས་ལྷར་བསྐྱེད་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་མ་ལས་ཆུས་བསངས་ཞིང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཉིད་སྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ། ཉི་མའི་འོད་ཀྱིས་ལི་ཁྲིའི་རི་བོ་གཞུ་བའི་མདོག་ལྟར་དམར་སེར་ཞལ་གཅིག་ཤིན་ཏུ་ཞི་བའི་སྐུ། མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་གང་ལ་རེག་པའི་འཆི་བ་མེད་པའི་རིག་འཛིན་དུ་འགྱུར་བ། གསེར་འགྱུར་གྱི་རྩི་ལྟ་བུའི་བདུད་རྩིའི་སྙིང་ཁུ་འདྲ་བས་བཻཌཱུརྻ་མཐོན་མཐིང་གི་ལྷུང་བཟེད་བཀང་སྟེ་བསྣམས་པ། རལ་པའི་ཟུར་ཕུད་ཡིད་བཞིན་གྱི་ནོར་བུའི་སྤྲས་ཤིང་ལྷ་རྫས་ཀྱིས་གཞལ་དུ་མེད་པའི་རིན་པོ་ཆེའི་ཅོད་པན། སྙན་ཆ་མགུལ་རྒྱན། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ། པཉྩྨ་ལི་ཀའི་སྟོད་གཡོགས་དང་སྨད་ཤམ་ཅན། མཚན་དང་དཔེ་བྱད་ཀྱིས་ལྟ་བས་མིག་ངོམས་པ་མེད་པས་ཕྱི་ཕྱིར་བལྟ་བར་འདོད་པ། འོད་ཟེར་གྱི་ཕྲེང་བ་འཁྲིགས་པའི་ཀློང་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར། ཞེས་གསལ་གདབ། དེ་ནས་དངོས་གཞི་ལ། བུམ་པ། གསང་བ། ཤེས་རབ། བཞི་པའི་དབང་རྣམས་ལས། དང་པོ་ནི། བླ་མ་དང་བཅོམ་ལྡན་འདས་ལ་མོས་གུས་དུང་བ་ཞིག་བྱས་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་འཆི་མེད་བདུད་རྩིའི་དབང་། །དེ་རིང་བདག་ལ་སྩལ་ཏུ་གསོལ།། ལན་གསུམ། ཐུགས་ཀ་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་འཁོར་ལོའི་གཙོ་བོ་ལ་ཕོག་དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ་ཆིལ་གྱི་ལུད་པས། སློབ་མའི་སྤྱི་བོར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་སྤྱི་བོའི་ཨོཾ་ཡིག་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་བབ་བཞིན་པ་སློབ་མའི་སྤྱི་བོར་ཐིམ་པར་མོས་མཛོད། སློབ་དཔོན་གྱི་ཚེའི་བུམ་པ་ཐོགས་ནས་སྤྱི་བོར་བཞག སངས་རྒྱས་ཀུན་གྱི་སྐུར་གྱུར་པ། མགོན་པོ་ཚེ་དཔག་མེད་པ་ཡིས། །ལུས་ལ་མངོན་པར་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་གྱུར་ཅིག །ཨོཾ་བུདྡྷ་ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩྨ་ཨོཾ། ཞེས་དབང་བསྐུར་ཞིང་ཚེ་ཆུ་བླུག་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འཆི་བ་མེད་པའི་ཡེ་ཤེས་ཀྱི་ཆུས་གང་། ཉོན་མོངས་པ་གཏི་མུག་དང་དེས་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་སྐུའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ། །དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་གང་ལགས་པས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བ་གོང་འོག་ཀུན་ལ་འགྲེ། ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པདྨ་ཚེ་དཔག་མེད་ལ་ཕོག དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ། ཆིལ་གྱི་ལུད་པས། སློབ་མའི་མགྲིན་པར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་མགྲིན་པའི་ཨཱཿཡིག་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་བབ་བཞིན་པ། སློབ་མའི་མགྲིན་པར་ཐིམ་པར་མོས་མཛོད། ཚེ་བུམ་མགྲིན་པར་བཞག སངས་རྒྱས་ཀུན་གྱི་གསུང་གྱུར་པ། །པདྨ་ཚེ་དཔག་མེད་པ་ཡིས། །ངག་ལ་མངོན་པར་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་གྱུར་ཅིག །ཨོཾ་པདྨ་ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩྨ་ཨཱཿ ཞེས་མགྲིན་པར་དབང་བསྐུར་ཞིང་ཚེ་ཆུ་བླུག་པས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་གང་། །ཉོན་མོངས་པ་འདོད་ཆགས་དང་དེའི་དབང་གིས་བསགས་པའི་སྒྲིབ་པ་ཐམས་ཅད་དག་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་གསུང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་གང་ལགས་པས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་རྡོ་རྗེ་ཚེ་དཔག་མེད་ལ་ཕོག དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ། ཆིལ་གྱི་ལུད་པས། སློབ་མའི་སྤྱི་བོར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་ཐུགས་ཀའི་ཧཱུྃ་ཡིག་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་བབ་བཞིན་པ། སློབ་མའི་སྙིང་གར་ཐིམ་པར་མོས་མཛོད། ཚེ་བུམ་སྙིང་གར་བཞག སངས་རྒྱས་ཀུན་གྱི་ཐུགས་གྱུར་པ། །རྡོ་རྗེ་ཚེ་དཔག་མེད་པ་ཡིས། །ཡིད་ལ་མངོན་པར་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་གྱུར་ཅིག །ཨོཾ་བཛྭ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩྨ་ཧཱུྃ། ཞེས་སྙིང་གར་དབང་བསྐུར་ཞིང་ཚེ་ཆུ་བླུག་པས། སྙིང་ག་ཆོས་ཀྱི་འཁོར་ལོ་གང་། ཉོན་མོངས་པ་ཞེ་སྡང་དང་དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཤར་གྱི་ཕྱོགས་ནས་བཀྲ་ཤིསྎ རྡོ་རྗེ་སེམས་དཔའི་བཀྲ་ཤིསྎ རྡོ་རྗེ་སེམས་དཔའ་བཀྲ་ཤིསྎ བཀྲ་ཤིས་དེས་ཀྱང་དེང་འདིརྎ ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་རིན་ཆེན་ཚེ་དཔག་མེད་ལ་ཕོག དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ། ཆིལ་གྱི་ལུད་པས། སློབ་མའི་ལྟེ་བར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་ལྟེ་བའི་ཏྲཱྃ་ཡིག་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་བབ་བཞིན་པ། སློབ་མའི་ལྟེ་བར་ཐིམ་པར་མོས། ཚེ་བུམ་ལྟེ་བར་བཞག སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །རིན་ཆེན་ཚེ་དཔག་མེད་པ་ཡིས། །ཡོན་ཏན་གནས་སུ་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་པར་ཤོག །ཨོཾ་རཏྣ་ཨཱ་ཡུརྫྙཱན་ཨ་བྷི་ཥིཉྩྨ་ཏྲཱྃ། ཞེས་ལྟེ་བར་དབང་བསྐུར་ཞིང་ཚེ་ཆུ་བླུག་པས། ལྟེ་བ་སྤྲུལ་པའི་འཁོར་ལོ་གང་། །ཉོན་མོངས་པ་ང་རྒྱལ་དང་། །དེའི་དབང་གིས་བསགས་པའི་སྒྲིབ་པ་ཐམས་ཅད་དག མཉམ་ཉིད་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་ཡོན་ཏན་གྱི་དངོས་གྲུབ་ཐོབ་པར་བསམ། ལྷོ་ཡི་ཕྱོགས་ནས་བཀྲ་ཤིསྎ རིན་ཆེན་འབྱུང་ལྡན་བཀྲ་ཤིསྎ རིན་ཆེན་འབྱུང་ལྡན་བཀྲ་ཤིས་གངྎ བཀྲ་ཤིས་དེས་ཀྱང་དེང་འདིརྎ ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྲིན་ལས་ཚེ་དཔག་མེད་ལ་ཕོག དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ། ཆིལ་གྱི་ལུད་པས། སློབ་མའི་གསང་བར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་གསང་བའི་ཨ་ཡིག་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་བབ་བཞིན་པ། སློབ་མའི་གསང་བར་ཐིམ་པར་མོས། ཚེ་བུམ་གསང་བར་བཞག སངས་རྒྱས་ཀུན་གྱི་ཕྲིན་ལས་མཆོག །ཕྲིན་ལས་ཚེ་དཔག་མེད་པ་ཡིས། །ཕྲིན་ལས་གནས་སུ་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་གྱུར་ཅིག །ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩྨ་ཨ། ཞེས་གསང་བར་དབང་བསྐུར་ཞིང་ཚེ་ཆུ་བླུག་པས། གསང་བ་བདེ་སྐྱོང་གི་འཁོར་ལོ་གང་། ཉོན་མོངས་པ་ཕྲག་དོགས་དང་། དེའི་དབང་གི་བསགས་པའི་སྒྲིབ་པ་ཐམས་ཅད་དག བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ། བྱང་གི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །དོན་ཡོད་གྲུབ་པ་བཀྲ་ཤིས་དོན་གྱི་ལྷ། །དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ལགས་པས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ལྟར་འཆི་བ་མེད་པའི་ཡེ་ཤེས་ཀྱི་ཆུས་ལུས་ཐམས་ཅད་གང་། ཕུང་སོགས་ཀྱི་དྲི་མ་ཐམས་ཅད་སྦྱངས། བུམ་པའི་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་བུམ་དབང་ངོ་། །གཉིས་པ་ནི། བླ་མ་བཅོམ་ལྡན་འདས་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་གསང་བའི་དབང་བསྐུར་ཡང་། །དེ་རིང་བདག་ལ་སྩལ་དུ་གསོལ།། ལན་གསུམ། ཀ་པཱ་ལའི་བདུད་རྩི་སློབ་མའི་སྤྱི་བོར་བཞག་སྟེ། ཨོཾ་ཨ་མཱ་ར་ཎི་ཛི་བནྟི་ཡེ་ཨཱ་ཡུ་དེ་ཝ་རེ་ཀ་ས་ར་ཤ་ནི་ཧཱུྃ་ཕཊ྄་སྭཱ་ཧཱ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷ་ཝ་བི་ཤུདྡྷེ། མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་སྤྱི་སྔགས་བརྗོད་ཅིང་། ཀ་པཱ་ལའི་ལྷ་ཚོགས་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་དཀར་དམར་གྱི་རྣམ་པར་ཞུ་བ་སྤྱི་བོ་ནས་རྡོ་རྗེ་ནོར་བུའི་སྣ་རྩེའི་བར་དུ་བབས་པས་ཉི་ཟླའི་རྒྱུ་བ་འགགས། དབུ་མའི་སྟོབས་རྒྱས་པས་སླར་གྱེན་དུ་གཤེགས་ཏེ། རྩ་འཁོར་ལོ་ལྔ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་བརྟན་པར་གང་། འཁོར་ལོ་སོ་སོའི་ལྟེ་བར་རིགས་ལྔའི་ས་བོན་གྱི་ཡི་གེ་རྣམས་སུ་གྱུར་པ། དུས་མ་ཡིན་པར་འཆི་བ་ལ་སོགས་པའི་རྐྱེན་ངན་དང་བར་ཆད་གང་གིས་ཀྱང་མི་ཤིགས་པའི་སྲོག་གི་གཟུངས་སུ་བརྟན་པར་གནས་པར་བསམ། སློབ་དཔོན་གྱིས། ཨོཾ་ཨཱཿཧཱུྃ་ཏྲཱྃ་ཨ། ཞེས་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་པས་རེག་སྟེ། སྤྱི་མགྲིན་སྙིང་ཁ་ལྟེ་གསང་སྟེ་གནས་སོ་སོར་བདུད་རྩི་དྲིའི་ཐིག་ལེ་བྱ་ཞིང་ཁར་བླུད། དེས་ལུས་ཐམས་ཅད་འཆི་མེད་བདུད་རྩིས་གང་། ལས་རླུང་གིས་རྒྱུ་བ་སྦྱངས། གསང་བའི་དབང་ཐོབ། རྩ་རླུང་བསྒོམ་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསང་དབང་ངོ་། །གསུམ་པ་ནི། བླ་མ་དང་བཅོམ་ལྡན་འདས་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་ཤེས་རབ་ཡེ་ཤེས་དབང་། །དེ་རིང་བདག་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་འོད་ཀྱིས་ལྷ་མོ་བཞི་བསྐུལ་བས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འཆི་བ་མེད་པ་ཚེའི་གཟུངས་སུ་གནས་པ་ཐམས་ཅད། ལྷ་ལྔའི་ཚེ།ཐུགས་ཀ་ནས་ལྷ་མོ་བཞི་སྤྲོས་པས་སངས་རྒྱས་ཀྱི་ཞིང་སོགས་བསྒྱུར། ལྷ་མོ་ལྕགས་ཀྱུ་མས་སློབ་མའི་ལུས་ངག་ཡིད་གསུམ་ལ་བཀུག ཞགས་པ་མས་ལྷན་ཅིག་ཏུ་བཅིངས། ལྕགས་སྒྲོག་མས་གཉིས་སུ་མེད་པར་བསྡམས། དྲིལ་བུ་མས་རོ་མཉམ་པའི་ཚུལ་གྱིས་དབང་དུ་བྱས་པར་དམིགས་ཏེ། རོལ་མོའི་སྒྲ་དྲག་པོ་དང་བཅས། རྡོ་རྗེ་དང་བཅས་པའི་ལྕགས་ཀྱུའི་ཕྱག་རྒྱ་གཡབ་ཅིང་། ཨོཾ་ཨཾ་ཀུ་ཤ་ས་མ་ཡ་ཛཿ ཨཱ་ཡུརྫྙཱ་ན་སྲཱིཿབྷྲཱུྃ། དེ་བཞིན་ཏུ། ཨོཾ་པཱ་ཤ་ས་མ་ཡ་ཧཱུྃ། ཨོཾ་ཀྵྨྱོ་ཊ་ས་མ་ཡ་བཾ། ཨོཾ་ཨ་ཝེ་ཤ་ཡ་ས་མ་ཡ་ཧོཿ སོ་སོའི་མཐར་ཨཱ་ཡུརྫྙཱ་ན་སྲཱིཿབྷྲཱུྃ་བཏགས་པ་དྲག་ཏུ་བརྗོད། ཞགས་པ་ལ་སོགས་པའི་ཕྱག་རྒྱ་ལྷག་མ་རྣམས་ཀྱིས་མནན། འདིར་གཞུང་ལས་དངོས་སུ་མ་བཤད་ཀྱང་། སྤྲོ་ན་མདའ་དར་གཡབ་ཅིང་ཚེ་ཆོག་སོགས་ལས་འབྱུང་བ་ལྟ་བུའི་ཚེ་འགུགས་སྤྱི་ལྟར་བགྱིས་ཀྱང་ལེགས་ལ་མི་འགལ་བར་སེམས། གང་ལྟར་ཡང་། དེས་ལུས་འཆི་བ་མེད་པ་སྐུ་རྡོ་རྗེ། ངག་འཆི་བ་མེད་པ་གསུང་རྡོ་རྗེ། ཡིད་འཆི་བ་མེད་པ་ཐུགས་རྡོ་རྗེ་གྱུར་པ་ཡིན་ནོ།། ཞེས་བརྗོད་དེ་རྡོ་རྗེ་དང་བཅས་པའི་ལག་པ་སློབ་མའི་སྤྱི་བོར་བཞག་ལ། ཏིཥྛ་བཛྭ། ཞེས་བརྗོད་པས་བསྐལ་པའི་བར་དུ་མི་འགྱུར་བར་བརྟན་པར་བྱས་པར་མོས་ལ། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གིྎ མཐའ་བྲལ་འཁྲུལ་མེད་ཐུགསྎ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག། ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། ཨོཾ་སུ་པྲ་ཏིཥྛ་བཛྭེ་སྭཱ་ཧཱ། ཞེས་པས་རབ་ཏུ་གནས་པར་བྱའོ།། དེ་ནས། སློབ་དཔོན་ཚེ་དཔག་མེད་ཏུ་གསལ་བའི་ཐུགས་ཀར་སྲཱིཿདམར་པོའི་མཐར་སྔགས་ཕྲེང་གི་བསྐོར་བ་ལས་སྔགས་ཀྱི་ཕྲེང་བ་གཉིས་པ་འཕྲོས་ཞལ་ནས་ཐོན་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས་ཐུགས་སྲོག་སྲཱིའི་མཐའ་མར་འཁོད་པའི་མོས་པ་མཛོད། སློབ་དཔོན་གྱིས་གོང་གི་སྤྱི་སྔགས་གཉིས་པོ་ལན་བདུན་བརྗོད་པའི་མཐར་སློབ་མ་རྗེས་ཟློས་ཁྱེད་དུ་བཅུག་སྟེ། མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རིག་སྔགས་འདིའི་མཐུ་ནུས་བྱིན་རླབས་མྱུར་དུ་འཇུག་པར་གྱུར་ཅིག ཅེས་དང་། དུས་འདི་ནས་བཟུང་འཆི་བ་མེད་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཡི་དམ་གྱི་ལྷར་བཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ།། ཞེས་བཟླས་ལུང་ཡང་སྦྱིན་ནོ།། དེས་ཐིག་ལེའི་འཛག་པའི་དྲི་མ་སྦྱངས། ཤེེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་གསུམ་པའོ། །བཞི་པ་ནི། བླ་མ་དང་བཅོམ་ལྡན་འདས་ལ་མོས་གུས་དྲག་པོས་གསོལ་བ་འདེབས་བ་འདིའི་རྗེས་ཟློས་མཛོད། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་བཞི་པའི་དབང་བསྐུར་ཡང་། །དེ་རིང་བདག་ལ་སྩལ་དུ་གསོལ།། ལན་གསུམ། ཞེས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་སྤྱི་བོར་བྱོན་ཁྱེད་རང་རྣམས་ཀྱི་གནས་ལྔ་དང་། ལུས་ལ་ཐིམ་པས། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་དུ་དབུགས་དབྱུང་ཞིང་། ཡེ་ཤེས་ལྔའི་རང་བཞིན་དུ་རྒྱས་བཏབ་པས། །འཇིག་རྟེན་གསུམ་གྱིས་རྒྱལ་བར་མ་ནུས་པའི་འཆི་བདག་ལ་སོགས་པའི་བདུད་བཞིའི་དགྲ་ལས་རྒྱལ་བའི་ཚེའི་རིག་འཛིན་ཐོབ་པར་བསམ། ཞེས་མཎྜྻལ་དུ་བཀོད་པའི་ལྷ་མཚན་སྤྱི་བོར་བཀོད་ཅིང་། སྤྱི་སྔགས་གཉིས་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གུ་ཎ་སིདྡྷི་ཏྲཱྃ། ཀརྨ་སིདྡྷི་ཨ། ཞེས་བརྗོད། དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། །འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དབང་བཞི་པའོ། །སླར་ཡང་ནམ་མཁའ་གང་བའི་ལྷ་ཚོགས་རྒྱ་མཚོ་རྣམས་ཀྱིས་བདེན་ཚིག་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཏེ། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་ཤིས་བརྗོད་རྒྱས་པར་སྤེལ་ཞིང་མེ་ཏོག་འཐོར་རོ།། དེ་དག་གིས། མ་གཅིག་གྲུབ་པའི་རྒྱལ་མོའི་ཐུགས་བཅུད། རྗེ་བཙུན་འཇའ་ཚོན་སྐུ་ཅན་རས་ཆུང་རྡོ་རྗེ་གྲགས་པ་ནས་བརྒྱུད་པའི་ཚེ་དཔག་མེད་གོང་ཁུག་ལྷ་དགུའམ། ལྷ་ལྔའི། གང་བབ་བསྒྱུར། བྱིན་རླབས་ཚེའི་དབང་བཞིའི་རིམ་པ་ཐུན་མོང་མ་ཡིན་པ་བླ་མའི་ཕྱག་བཞེས་བཞིན་ལེགས་པར་བསྐུར་གྲུབ་པ་ཡིན་པས། སྤྱི་དང་ཁྱད་པར་གྱི་བསྡུས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་མི་ཉམས་པར་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། །གཙོ་བོའི་ཇི་ལྟར་བཀའ་སྩལ་པ།། སོགས་ལན་གསུམ། དབང་བསྐུར་ལེགས་པར་ཐོབ་པའི་གཏང་རག་ཏུ་མཎྜྻལ་ཕུལ། ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་ལྷ་དང་བླ་མ་ལ་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་བདག་བྲན་དུ།། སོགས་དང་། དབང་བསྐུར་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བའང་མཁའ་ཁྱབ་སེམས་ཅན་གྱི་དོན་དུ་འཁོར་གསུམ་ཡང་དག་གི་བསྔོ་བས་རྒྱས་འདེབས་པ་དང་། འདིའི་སྒོ་ནས་ཀྱང་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་དགེ་བ་བསྔོས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ། གོང་བཞིན་མཆོད་བསྟོད་བྱ། མ་འབྱོར་པ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཞིང་ཡིག་བརྒྱ་བརྗོད། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་སྤྱི་ལྟར་བྱ། །དམ་ཚིག་པ་རང་ལ་ཐིམ། རང་ཉིད་ཚེ་དཔག་མེད་པར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པས་བར་ཆད་ལས་བསྲུང་བར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་སོགས་དགེ་བསྔོ་དང་། བཀྲ་ཤིས་བརྗོད་པས་དགེ་ལེགས་སུ་བྱའོ། །འཆི་མེད་ཡེ་ཤེས་རྡོ་རྗེ་བདུད་རྩིའི་ཆུས། །བདག་གཞན་རྟག་པ་དམ་པའི་སྲོག་རྩ་འགྲུབ། ཚེ་མཆོག་དཔག་མེད་གྲུབ་པ་ལྷག་པའི་ལྷའི། །གོ་འཕང་བླ་ན་མེད་པ་མྱུར་འགྲུབ་ཤོག །ཅེས་པའང་། སྐུ་ཞབས་ཚེས་བཅུ་རིན་པོ་ཆེ་དང་། བླ་མ་ཕྲིན་ལས་ལྷན་རྒྱས་མཆོག་ནས་འདི་ལྟར་སྦྱོར་བར་འོས་པར་རྗེས་སུ་བསྐུལ་བ་དང་། ཆོས་འདིའི་ཞབས་ཏོག་ཏུ་དམིགས་ཏེ། ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་སྒྲུབ་དཀྱིལ་ལས་དབང་གི་ཆོ་ག་ཁོལ་ཕྱུང་བཀླག་པས་གྲུབ་པར་བསྡེབས་པ་འདི་ནི། འབྲུག་བཙུན་རྨོངས་པ་ཀུན་ཏུ་རྒྱུ་ངག་དབང་བློ་གྲོས་ཀྱིས། འཆི་མེད་པདྨ་ཚེའི་གནས་མཆོག་མཱ་ར་ཏི་ཀར། རབ་རྒྱལ་དཔལ་གདོང་ཆུ་བྱ་མགོ་ཟླའི་ཚེས་ ༡༠ ལ་གྲུབ་པར་བགྱིས་པ་ཨ་ཡུཛྙྱཱ་ན་པུཥྚིཾ་ཀུརྦནྟུ།།


previousགྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་གོང་ཁུག་ལྷ་དགུ་དང་། ལྷ་ལྔའི་དབང་གི་མཚམས་སྦྱོར་འགྲེས་ཆོག་ཏུ་བཀོད་པ་བདུད་རྩིའི་བུམ་བཟང་།next