Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཉ༽


  collapse section
   
   
   
   
   
   
   
   
   
   
བཅུ་པ། གཞི་རྟོག་པའི་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་ལེའུ།
   
   
   
   
  expand section


 
previousབཅུ་པ། གཞི་རྟོག་པའི་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་ལེའུ།next

བཅུ་པ། གཞི་རྟོག་པའི་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་ལེའུ།

དེ་ལྟར་བསྐྱེད་རྫོགས་ཟུང་འབྲེལ་རྣལ་འབྱོར་པས། །ཆོས་རྣམས་མ་སྐྱེས་སྟོང་པའི་ཚུལ་ལ་འཇུག །དེ་ཡང་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ཡེ་ནས་བདག་མེད་སྤྲོས་དང་བྲལ་བ་ལ། །མ་རིག་འཛིན་པས་སྲིད་པ་འདིར་འཁྱམས་ཏེ། །འཁོར་འདས་བདེ་སྡུག་སྣ་ཚོགས་སྣང་མོད་ཀྱང་། །སྣང་དུས་ཉིད་ནས་རང་བཞིན་སྟོང་པའི་ངང་། །སྒྱུ་མ་རྨི་ལམ་འདྲ་བར་མཁྱེན་པར་མཛོད། །འདི་ལྟར་ཕྱི་རོལ་སྣང་བའི་དངོས་པོ་ཀུན། །སེམས་ལ་སྣང་ཡང་སེམས་སུ་གྲུབ་པ་མེད། །སེམས་ལས་གཞན་དུའང་གྲུབ་པ་འགའ་མེད་དེ། །བག་ཆགས་དབང་གིས་གཟུང་འཛིན་གཉིས་སྤང་ཡང་། །སྣང་དུས་ཉིད་ནས་གཟུང་འཛིན་གཉིས་མེད་པ། །བཞིན་དང་མེ་ལོང་ནང་གི་གཟུགས་བཞིན་ནོ། །དེར་ནི་བྱད་ཉིད་སྣང་ཡང་མ་གྲུབ་པ། །བྱད་ལས་གཞན་གྱི་རྣམ་པ་གཏོད་བྱེད་མེད། །མེད་བཞིན་གཉིས་སུ་སྣང་བ་མངོན་སུམ་ལྟར། །སྣ་ཚོགས་ཆོས་རྣམས་དེ་བཞིན་ཤེས་པར་བྱ། །མ་བརྟགས་ཉམས་དགའ་བརྟགས་ན་ངོས་གཟུང་མེད་། །ཤིན་ཏུ་བརྟགས་ན་སྨྲ་བསམ་བརྗོད་ལས་འདས། །ཡོད་མེད་མི་དམིགས་མཐའ་བྲལ་མ་བྲལ་མེད། །སྒྱུ་མའི་ཚུལ་དུ་སྐྱེ་སོགས་སྣང་ན་ཡང་། །སྣང་དུས་ཉིད་ནས་སྐྱེ་སོགས་རང་བཞིན་མེད། །སྨིག་རྒྱུའི་ཆུ་དང་རྫིང་བུའི་ཟླ་གཟུགས་བཞིན། །ཁྱད་པར་མ་དག་འགྲོ་དྲུག་སྣང་བ་འདི། །མེད་བཞིན་སྣང་བ་བག་ཆགས་འཁྲུལ་པའི་གཟུགས། །རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་བཞིན། །དེ་བསལ་འདོད་པས་བད་ཀན་སྦྱོང་བ་ལྟར། །འཁྲུལ་སྣང་དག་འདོད་མ་རིག་ལིང་ཏོག་བསལ། །དེ་ཡི་གཉེན་པོར་རིག་པའི་ཡེ་ཤེས་ཀྱིས། །འཁོར་བའི་བག་ཆགས་སྟོང་པར་ལ་བཟླ་ཞིང་། །སྟོང་པའི་རང་བཞིན་སྣང་བར་ཐག་བཅད་དེ། །སྣང་སྟོང་གཉིས་མེད་བདེན་པ་གཉིས་དོན་ཤེས། །མཐའ་གཉིས་གནས་བསལ་དབུ་མར་བསླབས་པ་ཡིས། །སྲིད་ཞིར་མི་གནས་ནམ་མཁའི་ངང་དུ་གྲོལ། །འདི་ནི་ངེས་དོན་སྙིང་པོའི་དམ་པ་སྟེ། །རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཡིན། །སྣང་བའི་དངོས་ཀྱིས་ཕན་གནོད་གཉིས་སུ་མེད། །དེར་འཛིན་ཞེན་པས་སྲིད་པར་འཆིང་བས་ན། །སྣ་ཚོགས་སྣང་ལ་བརྟག་དཔྱད་མི་དགོས་ཀྱི། །འཛིན་པའི་སེམས་ཀྱི་རྩ་བ་བཅད་པར་མཛོད། །སེམས་ནི་སྣང་ལ་རང་བཞིན་འགའ་མེད་དེ། །བཙལ་བས་མི་རྙེད་བལྟས་པས་མཐོང་བ་མེད། །ཁ་དོག་དབྱིབས་མེད་ངོ་བོ་ངོས་གཟུང་མེད། །ཕྱི་དང་ནང་མེད་དུས་གསུམ་སྐྱེ་འགག་མེད། །ཕྱོགས་དང་རིས་མེད་གཞི་རྩ་དངོས་པོ་མེད། །འདི་ཞེས་མི་མཚོན་བསམ་ཡུལ་འདས་པའི་སེམས། །(༤༢)འགགས་པ་མི་དམིགས་མ་སྐྱེས་ཕྱོགས་ན་མེད། །ད་ལྟར་མི་གནས་རང་བཞིན་མཉམ་པའི་ངང་། །སེམས་ཀྱིས་སེམས་མ་ཚོལ་བར་དལ་དུ་ཆུག །དགག་སྒྲུབ་དྲན་རིག་སྐད་ཅིག་ཡིད་ཀྱི་ཡུལ། །སྣང་ཙམ་ཉིད་ནས་ཕྱི་དང་ནང་ནའང་མེད། །བཙལ་བྱའི་དོན་གྱིས་ཚོལ་མཁན་བྱས་པས་བསླད། །རང་གིས་རང་བཙལ་ནམ་ཡང་རྙེད་མི་འགྱུར། །ཡེ་ནས་སྐྱེ་མེད་རང་བཞིན་གཉུག་མའི་དོན། །མི་གནས་འགགས་པ་མེད་པའི་སེམས་ཉིད་ནི། །དུས་གསུམ་གཞི་རྩ་མེད་པས་སྟོང་པའི་ངང་། །སྣ་ཚོགས་འཆར་གཞི་མ་འགགས་སྣང་བ་ལ། །དངོས་པོ་མཚན་མ་མེད་པས་རྟག་པ་མེད། །རང་ཤར་འགག་པ་མེད་པས་ཆད་པ་མེད། །གཉིས་དང་གཉིས་མེད་མེད་པས་བརྗོད་དུ་མེད། །འདི་ཞེས་གྲུབ་པ་མེད་པས་ངོས་གཟུང་མེད། །རང་བཞིན་གདོད་ནས་དག་པར་ཤེས་པར་བྱ། །བརྟགས་པས་མེད་ལྟར་མ་བརྟགས་དུས་ནའང་མེད། །རང་བཞིན་གཉིས་མེད་གདོད་མའི་ངོ་བོ་ལ། །བཟང་ངན་བླང་དོར་རེ་དོགས་མི་དམིགས་པས། །བརྟག་དང་དཔྱད་པས་འདི་ལ་ཅི་བྱར་ཡོད། །དུས་གསུམ་ཡིད་ཀྱིས་ཚོལ་ཁྲོ་མ་བྱེད་ཞོག །རྟོག་གེ་སྤྲོས་པའི་སྦུན་པས་བསྐྱོད་པའི་སེམས། །རྣམ་གཡེང་རླུང་ལྟར་གཡོ་བས་མི་རྟོགས་ཀྱི། །བསལ་གཞག་འགྲོ་འོང་མེད་པའི་བྱང་ཆུབ་སེམས། །ཀུན་བྱེད་ཡེ་ཤེས་དྲི་མེད་ངོ་བོ་ཉིད། །ཇི་བཞིན་བཞག་པས་དེ་བཞིན་མཐོང་བ་ཡིན། །འདིར་ནི་སྣ་ཚོགས་གྲུབ་མཐའ་མང་པོ་དང་། །བསམ་བརྗོད་རྟོག་པ་དུ་མས་ཅི་ཞིག་བྱ། །ངེས་པའི་དོན་ལ་གྲུབ་དང་མ་གྲུབ་མེད། །མཐའ་དང་དབུས་མེད་ཐེག་པའི་རྣམ་དབྱེ་མེད། །མཁའ་བཞིན་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་མེད། །དེ་ལ་ཡོད་མེད་བློས་བརྟགས་འཁྲུལ་པས་ན། །བརྗོད་དུ་མེད་གང་ཇི་ལྟར་བཤད་དུ་ཡོད། །དོན་མེད་གནས་ལ་རབ་ཏུ་ངལ་བར་ཟད། །ཇི་ལྟར་མཁའ་དབུས་དངས་པའི་སྐྱེད་མོས་ཚལ། །མེ་ཏོག་འབྲས་མང་འབབ་ཆུས་བརྒྱན་པ་ཞིག །མངོན་དུ་བསམས་ནས་དེ་ཡི་རྣམ་དབྱེ་དང་། །མཐུན་ཕྱོགས་མི་མཐུན་ཕྱོགས་གང་རྩོད་པ་བཞིན། །གང་ཡང་དྲི་མེད་སེམས་ཉིད་དག་པ་ལ། །བཅོས་བསྒྱུར་དྲི་མས་ནམ་ཡང་མཐོང་བ་མེད། །དེ་ལ་བསྐྱེད་དང་རྫོགས་པས་ཅི་ཞིག་བྱ། །དང་བའི་བསམ་གཏན་བསྒོམས་པས་བསླད་པར་ཟད། །གདོད་ནས་རང་བཞིན་དག་པའི་སེམས་ཉིད་ལ། །སྤང་གཉེན་བྲལ་ཐོབ་མེད་ཀྱིས་དམིགས་གཏད་ཤོལ། །ཕྱི་ནང་གཟུང་འཛིན་མེད་ཀྱིས་ཆེད་འཛིན་ཐོང་། །འདི་ཞེས་ངོས་གཟུང་མེད་ཀྱིས་ཞེན་པ་ཆོད། །ཐོབ་དང་མ་ཐོབ་མེད་ཀྱིས་རེ་དོགས་སྤོངས། །གཞི་ནས་འཕོ་འགྱུར་མེད་པའི་རིག་པ་ལ། །སྣ་ཚོགས་རྐྱེན་གྱི་རྣམ་པ་ཅི་ཤར་ཡང་། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཆུ་དང་རླབས་བཞིན་ཆོས་སྐུར་ཕྱམ་གཅིག་གོ། །གང་དུ་བལྟས་ཚེ་བལྟ་མཁན་ངོ་བོ་སྟོང། །བཙལ་བས་མ་རྙེད་ཡུལ་དང་ཕྱོགས་ན་མེད། །འཚོལ་མཁན་ཉིད་ཀྱང་མི་དམིགས་སྤྲོས་དང་བྲལ། །བྱེད་པོ་མི་གནས་བྱ་བའི་ཡུལ་གྱིས་སྟོང་། །མཁའ་བཞིན་དྲི་མེད་གདོད་(༤༣)མའི་ངང་དུ་ཕྱིན། །ལྡོག་པའི་གནས་མེད་ད་ནི་གང་དུ་འགྲོ། །ཟད་པར་ཐུག་སྟེ་འོང་བ་འགའ་ཡང་མེད། །སུས་ཀྱང་མི་མཐོང་ཁོ་བོ་གང་ན་འདུག །དེ་ཉིད་ཤེས་ན་གཞན་ཞིག་དགོས་མི་འགྱུར། །གྲོལ་བ་རྣམས་ནི་ང་བཞིན་འཁྲུལ་པ་ཆད། །ད་ནི་མི་འདྲི་སེམས་ཀྱི་གཞི་རྩ་སྟོར། །གཏད་མེད་འཛིན་མེད་ངེས་མེད་འདི་ཡིན་མེད། །ཕྱལ་བ་ལྷུག་པ་ཡེངས་པ་ཕྱམ་གཅིག་པ། །འདི་ལྟར་རྟོགས་ནས་ད་ནི་གླུ་ལེན་ཏེ། །དྲི་མེད་འོད་ཟེར་ཤར་བས་བསྟན་ནས་སོང་། །ཀྱེ་ཧོ་གྲོགས་དག་སྣང་བའི་ཡུལ་ལ་ལྟོས། །ཐམས་ཅད་མ་སྐྱེས་སྟོང་པར་མཉམ་པ་ཉིད། །མེ་ལོང་གཟུགས་བརྙན་སྣ་ཚོགས་ཅི་ཤར་ཡང་། །མེ་ལོང་ངོས་ཡིན་དྭངས་པར་གཅིག་པ་བཞིན། །དེ་ཉིད་འབྱེད་པའི་ཡིད་ལ་ཚུར་ལྟོས་དང་། །སེམས་ནི་མཁའ་འདྲ་དགག་སྒྲུབ་ཀུན་དང་བྲལ། །མཁའ་ལ་སྤྲིན་རྣམས་བྱུང་ནས་ཞིག་ན་ཡང་། །ནམ་མཁའི་ཆོ་འཕྲུལ་གཉིས་མེད་དག་པ་བཞིན། །རང་བཞིན་དྲི་མེད་གདོད་མའི་སངས་རྒྱས་ཏེ། །མ་བྱས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དོ། །ཡུལ་སེམས་གཉིས་མེད་ཡེ་ནས་དག་པ་ལ། །སྤང་བླང་གཉིས་མེད་ཕྱོགས་རིས་དགག་སྒྲུབ་མེད། །གང་སྣང་བདེན་མེད་གང་ཤར་སྟོང་པ་ཉིད། །ཐམས་ཅད་མཉམ་ཉིད་གཟའ་གཏད་ཀུན་དང་བྲལ། །ཡུལ་ལ་ངེས་མེད་སྣང་བ་སྣ་ཚོགས་ལྟར། །བློ་ལ་གཏད་མེད་ཕྱོགས་བྲལ་ཆེན་པོ་ཉིད། །རང་བཞིན་རྫོགས་པ་ཆེན་པོར་ཤེས་པར་བྱ། །འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ལ། །འདས་པའི་ཆོས་རྣམས་མི་དམིགས་མཉམ་པ་ཉིད། །མ་འོངས་ཆོས་རྣམས་མ་སྐྱེས་མཉམ་པ་ཉིད། །ད་ལྟའི་ཆོས་རྣམས་མི་གནས་མཉམ་པ་ཉིད། །དུས་གསུམ་དུས་མེད་གཞི་བྲལ་མཉམ་པ་ཉིད། །ཐམས་ཅད་ཡེ་ནས་རྫོགས་པའི་ངང་ཉིད་དོ། །སྣང་སྲིད་འཁོར་འདས་སེམས་ཀྱི་གཟུགས་བརྙན་ཏེ། །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ནམ་མཁའི་རང་བཞིན་དུས་གསུམ་འཕོ་འགྱུར་མེད། །འགྱུར་མེད་རང་བཞིན་གཟོད་ནས་མྱ་ངན་འདས། །གཞི་ནས་བྱང་ཆུབ་ཀུན་ཏུ་བཟང་པོ་ཡིན། །སྣང་དང་སྟོང་པ་དབྱེར་མེད་གདོད་མའི་ངང་། །གཅིག་དང་དུ་མར་མི་དམིགས་སྤྲོས་དང་བྲལ། །ཕྱོགས་དང་རིས་མེད་ཐམས་ཅད་མཉམ་པ་ཉིད། །སྣང་མཉམ་སྟོང་མཉམ་བདེན་མཉམ་བརྫུན་པར་མཉམ། །ཡོད་མཉམ་མེད་མཉམ་མཐའ་ལས་འདས་པར་མཉམ། །དབྱིངས་གཅིག་གདོད་ནས་དག་པའི་ངང་ཉིད་དོ། །བློ་ཡིས་བརྟགས་པ་ཐམས་ཅད་ངོ་བོས་སྟོང་། །མིང་རྣམས་གློ་བུར་རང་མཚན་སྒྲོ་བཏགས་ཉིད། །བདེན་བརྫུན་གཉིས་མེད་ཡུལ་སེམས་འབྲེལ་པ་མེད། །གཅིག་གིས་གཅིག་ལ་མ་གོས་གཟུང་འཛིན་མེད། །ཇི་ལྟར་མེ་ལོང་གཟུགས་བཞིན་སྣང་བ་ནི། །ཡུལ་གྱི་རྣམ་པ་དབང་པོའི་ཤེས་ལ་ཤར། །དེ་ཉིད་བཟུང་བས་ཆགས་སྡང་སྲིད་པར་འཁྲུལ། །ནན་ཏར་གཏུགས་ནི་སེམས་ནི་མ་འཕོས་ཤིང་། །ཡུལ་གྱི་རྣམ་པའང་སེམས་ལ་ཤར་བ་མེད། །ངོ་བོ་མེད་(༤༤)ཕྱིར་གཉིས་སུ་མ་གྲུབ་བོ། །ཡུལ་རྣམས་ཐམས་ཅད་རང་བཞིན་མེད་པར་གཅིག །བློ་རྣམས་ཐམས་ཅད་ངོས་གཟུང་མེད་པར་གཅིག །སྣང་སེམས་གཉིས་མེད་གདོད་ནས་དག་པར་གཅིག །བརྟག་དཔྱད་མི་དགོས་གཞི་ནས་གྲོལ་བར་གཅིག །འཁོར་འདས་གཉིས་མེད་སེམས་ཀྱི་ངང་དུ་གཅིག །ཆུ་བོ་སྣ་ཚོགས་རྒྱ་མཚོའི་ངང་དུ་གཅིག །ཐམས་ཅད་རོ་མཉམ་ལྷན་ཅིག་སྐྱེས་པར་གཅིག །འབྱུང་བཞིའི་འཕོ་འགྱུར་ནམ་མཁའི་ངང་དུ་གཅིག །སེམས་ཀྱི་དགག་སྒྲུབ་སྟོང་པའི་ངང་དུ་གཅིག །གང་ཤར་རང་གྲོལ་གཉིས་མེད་དག་པར་གཅིག །དབའ་རླབས་རོལ་པ་ཆུ་བོའི་ངང་དུ་གཅིག །དེ་ལྟར་རྟོགས་ན་སྐྱེས་བུ་མཁས་པ་ཡིན། །སྣ་ཚོགས་ངོས་གཟུང་མེད་པའི་ཆོས་རྣམས་ཀུན། །རང་བཞིན་གཉིས་སུ་མེད་པའི་གཟུགས་བརྙན་ཏེ། །བཟང་ངན་བླང་དོར་མེད་པའི་རོལ་པ་ལ། །བློ་ཡིས་གཉིས་སུ་མ་འཛིན་གང་བདེར་ཞོག །གཏད་མེད་ཡུལ་ལ་ངེས་མེད་སྣང་བ་ཤར། །འཛིན་མེད་རིག་པ་རྣམ་ཡིན་ཆེན་པོ་ནི། །རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཡིན། །དེ་ལྟར་ཆོས་ཀུན་མཉམ་པའི་རང་བཞིན་གྱིས། །བློ་བྲལ་ངང་དུ་འཛིན་མེད་ལ་བཟླས་ནས། །ཕྱོགས་བྲལ་རིག་པ་ཁོལ་བུར་བཅིངས་པ་ཡིས། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། གཞི་རྟོག་པའི་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་ལེའུ་སྟེ་བཅུ་པའོ།། །།


previousབཅུ་པ། གཞི་རྟོག་པའི་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་ལེའུ།next