Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཏ༽


  collapse section
   
   
   
   
   
   
  collapse section
   
   
   
གསུམ་པ། ཐ་མར་དགེ་བ་བླ་ན་མེད་པ་རྫོགས་པ་ཆེན་པོའི་གནས་བསྟན་པ།


 
previousགསུམ་པ། ཐ་མར་དགེ་བ་བླ་ན་མེད་པ་རྫོགས་པ་ཆེན་པོའི་གནས་བསྟན་པ།no next

གསུམ་པ། ཐ་མར་དགེ་བ་བླ་ན་མེད་པ་རྫོགས་པ་ཆེན་པོའི་གནས་བསྟན་པ།

སྤྱི་དོན་གསུམ་པ་གསང་བ་ངེས་དོན་སྙིང་པོའི་འབྲས་བུ་རྫོགས་པ་ཆེན་པོ་བླ་ན་མེད་པའི་ཐེག་པ་ཐ་མར་དགེ་བའི་ཁྲིད་ཀྱི་རིམ་པ་རྒྱ་ཆེར་བསྟན་པ་ལས། དེའང་རྒྱུ་འབྲས་ཀྱི་ཐེག་པ་བླང་དོར་བྱ་རྩོལ་དང་བཅས་པ་ལས་ཆེས་འཕགས་པ། རང་བྱུང་གི་ཡེ་ཤེས་ལ་ལྷུན་གྱིས་གྲུབ་པར་ཡེ་ནས་གནས་པས་སྒོ་གསུམ་བྱ་རྩོལ་ལས་འདས་པའི་ཆོས་ཉིད་རྡོ་རྗེ་རྩེ་མོ་ཨ་ཏི་དོན་གྱི་སྙིང་པོ་ངེས་དོན་མངོན་དུ་སྟོན་པའི་ཚུལ་ཉམས་སུ་བླང་བ་ལ་དོན་རྣམ་པ་གཉིས་ཏེ། བླ་མ་བརྒྱུད་པའི་རིམ་པ་དང་གདམས་ཁྲིད་བསྟན་པའོ། །

དང་པོ་ནི། སྤྱིར་རྫོགས་པ་ཆེན་པོ་སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་གསུམ་བསྡུས་པའི་སྙིང་པོ་ཡིན་པས་རྒྱུད་རིམ་ཐ་དད་དུ་བགྲང་དུ་ཡོད་ནའང་། གཙོ་བོ་གནད་ཐོག་གི་མེ་བཙའ་ལྟར་སྟོན་པས་མན་ངག་གི་སྡེ་ཡིན་ལ། དེའི་ནང་ནས་ཀྱང་བླ་ན་མེད་པ་མན་ངག་གི་སྡེ་ལས། དམིགསས་པ་ཡུལ་གྱི་བློ་ཅན་རྣམས་འཇུག་པ་དང་ཁྲེགས་ཆོད་དབང་པོ་ཡང་རབ་ཀྱི་ཆོས་སུ་བསྟན་པ་དག་གི་ཉམས་ལེན་དང་མཐུན་པར་བསྟན་པའི་ཕྱིར། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ་གསུམ་ལས།

དང་པོ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེའོ། །

གཉིས་པ་ནི། སྤྲུལ་སྐུ་དགའ་རབ་རྡོ་རྗེ། གུ་རུ་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིདྷ། རྒྱལ་བ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མ་ལ་མི་ཏྲའོ། །

གསུམ་པ་ནི། ཉང་ཏིང་འཛིན་བཟང་པོ། གནས་བརྟན་ལྡང་མ་ལྷུན་གྱི་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག །སྤྲུལ་སྐུ་རྒྱལ་བ་ཞང་སྟོན། གུ་རུ་མཁས་པ་ཉི་འབུམ། ཆོས་བདག་གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་པ། གྲུབ་ཆེན་ཟླ་བ་མུན་སེལ། རིག་འཛིན་གྱི་ས་ལ་གཤེགས་(༤༤)པ་ཆོས་ཀྱི་རྗེ་རིན་པོ་ཆེ་ཀུ་མཱ་རཱ་ཙ། ཀུན་མཁྱེན་ངག་གི་དབང་པོ་མན་ཆད་གོང་བཞིན་ནོ། །རང་བཞིན་རྣམ་དག་ཆོས་སྐུ་ཀུན་བཟང་དང་། །ལྷུན་གྲུབ་འོད་གསལ་བདེ་ཆེན་ལོངས་སྤྱོད་རྫོགས། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པ། །བརྒྱུད་གསུམ་བླ་མ་རྣམས་ལ་གུས་ཕྱག་འཚལ། །དོན་གཉིས་པ་གདམས་ཁྲིད་རྒྱ་ཆེར་བསྟན་པ་ལ་གསུམ་སྟེ། ལྟ་བས་ཐག་བཅད། སྒོམ་པས་ངང་སྐྱོང་། འབྲས་བུས་རེ་དོགས་སྤང་བའོ། །

དང་པོ་ལ་གཉིས་ཏེ། ཕྱི་གཟུང་བ་ཡུལ་མེད་སྟོང་པར་བསྟན་པ་དང་། ནང་འཛིན་པ་གཞི་མེད་རྩ་བྲལ་དུ་བསྟན་པའོ། །དང་པོ་ལའང་། སྣང་བ་བདེན་མེད་ཀྱི་གཟུགས་བརྙན་སྒྱུ་མའི་དཔེ་བརྒྱད་དུ་བསྟན་པ་དང་། དེ་ཉིད་དཔྱད་ན་མི་རྙེད་པ་ཡུལ་མེད་སྟོང་པར་བསྟན་པའོ། །

དང་པོ་ནི། འདི་ལྟར་སྣང་སྲིད་འཁོར་འདས་སྣོད་བཅུད་ཀྱིས་བསྡུས་པའི་གཟུགས་སོགས་ཡུལ་ལྔར་སྣང་བའི་ཆ་ཐམས་ཅད་ནི་མེད་བཞིན་རང་སྣང་ཙམ་དུ་སྣང་བ་སྟེ། དེའང་བདེ་བར་གཤེགས་པ་ལ་དག་པའི་སྣང་བ་དང་། སེམས་ཅན་ལ་འཁྲུལ་པའི་སྣང་ངོ་ཅོག་ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་སྣང་བར་བསྟན་ལ། དེ་གཉིས་ཀ་ཡང་ཇི་ལྟར་སྣང་བཞིན་པའི་དུས་ནས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ནམ་མཁའི་འཇའ་ཚོན་ལྟར་གནས་ཏེ། ཡེ་ཤེས་ཀྱི་དག་སྣང་ལ་གཟུང་འཛིན་གྱི་དྲི་མ་མེད་པས་ཡོད་མེད་ཀྱི་མཐའ་ལས་འདས་ཤིང་། སྐྱེ་འཇིག་དང་འཕོ་འགྱུར་མེད་པས་འདུས་བྱས་ཀྱི་མཚན་ཉིད་ཆད་པ། འདུས་མ་བྱས་ཀྱི་སྟོང་གཟུགས་སྣང་བ། ཀུན་ཏུ་སྤྲོས་པ་དང་བྲལ་བའི་རང་བཞིན་ཅན་ནོ། །སེམས་འཁྲུལ་སྣང་ལ་བདག་འཛིན་གྱི་ཡུལ་དུ་བྱེད་པ། ཡོད་མེད་ཀྱི་རིས་སུ་ཆད་ཅིང་འདུས་མ་བྱས་ཀྱི་མཚན་ཉིད་ཆད་པ། རྐྱེན་སྣང་གློ་བུར་བའི་རང་སྣང་བག་ཆགས་བརྟས་པ་པའི་རང་བཞིན་དུ་དེ་ལྟར་སྣང་བ་ཙམ་སྟེ། སྐབས་འདིར་གཟུང་བ་སེམས་ཀྱི་འཁྲུལ་སྣང་བདེན་མེད་དུ་ཤེས་པར་བྱེད་དོ། །དེའང་འདི་ལྟར་ཕྱི་རོལ་དཀར་དམར་སྣ་ཚོགས་སུ་སྣང་བ་འདི་དག་རྨི་ལམ་ལྟར་བག་ཆགས་བརྟས་པ་པའི་སྣང་བ་མ་རིག་པའི་གཉིད་ཀྱིས་མྱོས་པ་ལ་སྣང་བ་ཙམ་ལས། དོན་ལ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། སྣང་བའི་དུས་ནས་སེམས་ཀྱང་མ་ཡིན་ཏེ། ཁ་དོག་དང་ཆེ་ཆུང་དང་ངོས་གཟུང་ལ་སོགས་པ་སེམས་ཀྱི་མཚན་ཉིད་དང་རྫས་འགལ་བར་འཇུག་པའི་ཕྱིར་དང་། སེམས་ལས་གཞན་ཡང་མ་ཡིན་ཏེ་འཁྲུལ་པའི་སྣང་བ་ཙམ་ལས་དོན་གཞན་བདེན་པ་གང་དུའང་མ་གྲུབ་པའི་ཕྱིར་རོ། །སེམས་ལ་སྣང་བ་ནི་ཐོག་མ་མེད་པ་ནས་བརྒྱུད་པའི་བག་ཆགས་བརྟས་པ་བ་གོམས་པའི་རྣམ་པ་ཙམ་སྟེ། སྒྱུ་མའི་ལྟད་མོ་ཁར་རྩང་མཐོང་བའི་བག་ཆགས་མདང་གི་རྨི་ལམ་དུ་སྣང་བའི་རྣམ་པ་དང་འདྲའོ། །དེའི་ཕྱིར་ཇི་ལྟར་སྣང་ཡང་མེད་པ་གསལ་བར་སྣང་བ། རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མིག་ཡོར་དང་། ཆུ་ཟླ་དང་། སྤྲུལ་པ་དང་། དྲི་ཟའི་གྲོང་ཁྱེར་(༤༥)གྱི་རྣམ་པ་ལྟར། རྟེན་མེད་པ། གནས་མེད་པ། རང་བཞིན་མེད་པ། ངོས་གཟུང་མེད་པ་སྟོང་པའི་རང་བཞིན་གསལ་བར་སྣང་བ་ཙམ་མོ་སྙམ་དུ། བདག་གཞན། དགྲ་གཉེན། ཡུལ་གྲོང་། གནས་ཁང་། བཟའ་བཏུང་། ལོངས་སྤྱོད། ཟ་ཉལ། འགྲོ་འདུག་ལ་སོགས་པ་གང་ཅི་བྱེད་ཅི་སྣང་བ་ཐམས་ཅད་ལ་བདེན་མེད་དུ་ལམ་ལམ་རྩལ་སྦྱང་ཞིང་། སྦྱོར་དངོས་རྗེས་གསུམ་ཚང་བས་ཉམསས་སུ་བླང་ངོ་། །ཁྲིད་རྐང་བརྒྱ་དང་བཅོ་ལྔ་པའོ། །

དེ་ནས་དཔྱད་ན་ཡུལ་མེད་སྟོང་པར་བསྟན་པ་ནི། འདི་ལྟར་སྣང་བ་ཐམས་ཅད་ཀྱང་རགས་ཕྲ་རྡུལ་ཕྲན་དུ་བརྟགས་ན་ཆ་མེད་ཅི་ཡང་མ་གྲུབ་པས་གཟུགས་སྟོང་པ་དང་། ཁ་དོག་ངོས་གཟུང་གིས་བརྟགས་པས་སྒྲ་སྟོང་པ་དང་། རྣམ་པ་ངོ་བོ་བརྟགས་པས་དྲི་སྟོང་པ་དང་། མྱོང་བ་ཆ་ཤས་ལ་བརྟགས་པས་རོ་སྟོང་པ་དང་། ཁྱད་པར་སྐྱེ་མཆེད་ལ་བརྟགས་པས་རེག་སྟོང་པར་ཐུག་སྟེ། ཡུལ་དུ་སྣང་བ་མི་འདྲ་ཡང་རང་ངོ་སྟོང་པར་ཁྱད་པར་མཚུངས་པས། ཡུལ་ཐ་དད་ཀྱི་སྟོང་པ་ལ་རིས་སོ་སོ་བ་མེད་པར་བར་སྣང་དག་པ་ལྟར་ཐ་དད་མ་ཡིན་གཅིག་ལས་འདས་པའི་རང་བཞིན་ནི། ཡུལ་སྣང་ངོ་བོ་ཉིད་ཀྱིས་སྟོང་པར་གནས་པའི་རང་བཞིན་ལ། སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་བརྒྱ་དང་བཅུ་དྲུག་པའོ། །

དེ་ནས་འཛིན་པ་གཞི་མེད་རྩ་བྲལ་དུ་བསྟན་པ་ལ་གཉིས་ལས། ཤེས་པ་རང་གསལ་རྟེན་མེད་དུ་བསྟན་པ་ནི། འདི་ལྟར་གཟུགས་སོགས་ལྔར་འཆར་བ་དབང་པོའི་ཤེས་པ་ལྔ་དང་། དོན་སྤྱི་སེམས་ཀྱིས་བརླབས་ཤིང་ཡུལ་དུ་བྱས་པ་ཡིད་ཀྱི་ཤེས་པ་དང་། དགག་སྒྲུབ་ཆགས་སྡང་དུ་རྟོགས་པ་ཉོན་ཡིད་ཀྱི་ཤེས་པ་དང་། བར་མ་ཡུལ་དུ་བྱེད་པ་ཡིད་ཀྱི་ཤེས་པ་ཚོགས་དྲུག་གི་རྗེས་ལས་སྐྱེས་ཅན་དང་། རྟོག་མེད་རང་གསལ་ཡུལ་དང་མ་འབྲེལ་བ་ཀུན་གཞིའི་རྣམ་ཤེས་ཏེ། ཚོགས་བརྒྱད་དམ་དྲུག་གི་རང་དུས་ན་ཤེས་པའི་རྣམ་པ་ཅིར་རྟོགས་ཀྱང་སལ་ལེ་བ། ཝལ་ལེ་བ། རྟེན་མེད་ལ་རང་གསལ་བ། གསལ་བར་འཆར་ཡང་དངོས་པོ་མེད་པ། མེད་ལ་སྣང་ལ་བར་སྣང་དག་པ་དང་སེར་བུ་རྡུལ་མེད་ལྟ་བུ། གསལ་ཆ་རང་གནས་པས་ནམ་མཁའ་སྤྲིན་དེངས་ལྟ་བུ། འགྱུ་ཆ་ངོས་གཟུང་གི་དངོས་པོར་མེད་པས་རླུང་ལྟ་བུ། འཛིན་པར་སྣང་བའི་དུས་ནས་རང་སངས་ངོས་གཟུང་མེད་པ་ལ། འཆར་དུས་བལྟ། གནས་དུས་བལྟ། ཕྱམ་མེ་གློད་ནས་ཀྱང་འཛིན་པ་རང་གི་སྣང་ཚུལ་ལ་བལྟས་པས། མེད་པ་གསལ་སྣང་། སྟོང་པ་རིས་མེད། རང་གསལ་རྟེན་མེད་ཙམ་གྱི་ངོ་བོར་རྟོགས་པར་འགྱུར་རོ། །འདི་ཡང་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་བརྒྱ་དང་བཅུ་བདུན་པའོ། །

དེ་ནས་དཔྱད་ན་རྩ་བྲལ་སྟོང་པར་བསྟན་པ་ནི། དེ་ལྟར་རང་གསལ་རྟེན་མེད་ཀྱི་ཤེས་པའང་ཕྱི་སྣང་བ། ནང་ཕུང་པོ། བར་འགྱུ་བ། རང་གནས་ཤེས་པ་རང་གི་ངོ་བོ་ལ། དབྱིབས་ཁ་དོག །སྐྱེ་འགག་གནས་གསུམ། ངོ་བོ་ངོས་གཟུང་ལ་སོགས་པར་(༤༦)གཞིག་ཅིང་བརྟགས་པས་ཅིའི་ངོ་བོར་ཡང་མ་གྲུབ་པར་རྩ་བ་མེད་པ། རྟེན་མེད་པ། ཡོད་མེད་ཀྱི་མཐའ་དང་བྲལ་བའི་གནས་ལུགས་རྟོགས་པར་འགྱུར་རོ། །འདི་དག་གི་དུས་ན་བླ་མའི་མོས་གུས་ཁོ་ན་གལ་ཆེ་སྟེ། ཁྲིད་རྐང་བརྒྱ་དང་བཅོ་བརྒྱད་པའོ། །

དོན་གཉིས་པ་བསྒོམས་པས་ངང་ལ་བསྐྱང་བ་ལ་གཉིས་ཏེ། དབང་པོ་གསུམ་གྱི་བསྒོམ་ཚུལ་སྤྱིར་བསྟན་པ་དང་། ཐབས་ལ་མཁས་པའི་ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གཞུང་དུ་ལྟ་བ་རྟོགས་པ་དང་འབྲེལ་བས་གོ་སླ་བར་བྱ་བའི་ཕྱིར་དབང་པོ་ཡང་རབ་ནས་སྔོན་ལ་སྨོས་ཀྱང་། སྐབས་འདིར་འཇུག་ཚུལ་གོ་རིམ་གྱི་དབང་དུ་བྱས་ཏེ། དབང་པོ་ཐ་མ། འབྲིང་། རབ་ཀྱི་བསྒོམ་ཚུལ་རིམ་པས་བསྟན་པར་བྱ་བ་ལས། དང་པོ་དབང་པོ་ཐ་མའི་རིམ་པ་ལ། ཞི་གནས་བཙལ། ལྷག་མཐོང་བསྐྱེད། ཟུང་འཇུག་བསྒོམ་པའོ། །དང་པོ་ལ་གསུམ་ལས། རྣམ་རྟོག་གདུལ་བ་ནི། བླ་མའི་རྣལ་འབྱོར་བསྒོམས་པའི་རྗེས་ལ། རྣམ་སྣང་གི་ཆོས་བདུན་ལས། ཁྱད་པར་དུ་ལག་པ་གཉིས་པུས་མོར་བཀབ། མཇིང་པ་ཅུང་ཟད་དགྱེ་བར་བྱས་ཏེ། རྩ་གསུམ་གསལ་བཏབ་པའི་རོ་རྐྱང་གི་མར་སྣ་ནས་འོད་གསལ་གྱི་རླུང་དུ་བ་ལྟ་བུ་དཀར་ལ་དྭངས་པ་སྔོ་ལ་འཕྱུར་བ། དམར་ལ་གདངས་པ། སེར་ལ་གསལ་བ། ལྗང་ལ་གནག་པ། མཐིང་ལ་སྐྱ་བ་ལྔ་སྒྲིལ་ཐག་པ་བརྐྱང་བ་ལྟར་ཕར་སོང་། རླུང་ཚུར་འཇུག་དུས་ནང་དུ་ཞུགས་པའི་ཁུག་པ་ལ་སེམས་ཀྱིས་གཅིག་ནས་ལྔའི་བར་བགྲང་ཞིང་ཕྲེང་བ་རེ་བསྐྱུར་བས་རྣམ་རྟོག་རགས་པ་ཀུན་ངང་གིས་ཞི་བར་འགྱུར་རོ། །ཁྲིད་རྐང་བརྒྱ་དང་བཅུ་དགུ་པའོ། །

དེ་ནས་སེམས་གཟུང་བ་ནི། སྔོན་འགྲོ་དེ་དང་འདྲ་བ་ལས། དངོས་གཞི་མདུན་དུ་བྲིས་སྐུའམ་པོ་ཏིའམ་རྡེའུ་ཤིང་བུ་ལ་སོགས་པའི་མཚན་མ་གཅིག་གཞག་པ་ལ། སེམས་མ་ཡེངས་པར་ཅེ་རེ་མིག་མི་འགུལ་བར་བལྟ་བའི་ངང་ལ་གཞག་གོ། །དེའི་དུས་སུ་དགྲ་ལྷང་བའམ། དྲིའམ། རྟོག་པ་འཕྲོ་བ་གང་བྱུང་ཡང་དེ་དག་ལིང་བསྐྱུར་རྦད་བཅད་ནས། དམིགས་རྟེན་ལ་ཧ་རེ་ཆེར་བལྟའོ། །དེ་ནས་སེམས་རྩེ་གཅིག་ཏུ་འདུག་ན་མིག་བཙུམས་ནས་དེའི་རྣམ་པ་ལམ་མེ་བ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་བསྒོམ་མོ། །འཕྲོ་ན་ཡང་མིག་ཕྱེ་ལ་རྟེན་ལ་བལྟའོ། །དེ་ལྟར་བྱས་པས་དབང་པོ་ལྔའི་སྣང་ཡུལ་ལྔ་དང་། ཡིད་ཀྱི་ཡུལ་ཆོས་ལ་སེམས་རྩེ་གཅིག་འཛིན་པའི་ཞི་གནས་སྐྱེའོ། །ཁྲིད་རྐང་བརྒྱ་དང་ཉི་ཤུ་པའོ། །

དེ་ནས་ཞར་ལ་སྒྲའི་ཡུལ་ལའང་དེ་ལྟར་བསླབས་ཏེ། སྔོན་འགྲོ་འདྲ་བ་ལས། དངོས་གཞི་མི་སྒྲ་རླུང་སྒྲ་ཁྱི་སྒྲ་ལ་སོགས་པ་ལ་རྣ་བ་མ་ཡེངས་པར་གཏད་ནས་བསྒོམ། ཡང་དེའི་རྣམ་པ་ཡིད་ལ་བྱས་ལ་ནང་དུ་བལྟ་ཞིང་སྒྲ་དངོས་ཀྱི་ཉན་འཕྲོ་བོར་ལ་བསྒོམ། དེ་གཉིས་རེས་མོས་སུ་བྱས་པས་སྒྲ་ལ་སེམས་ཟིན་པར་འགྱུར་རོ། །དེ་བཞིན་དུ་དྲི་དང་རོ་དང་རེག་ལའང་སྦྱོར་ནས་ཉམས་སུ་བླངས་པས། ཕྱིས་བསྒོམ་དུས་ཡུལ་(༤༧)ལྔས་མི་གནོད་ཅིང་གྲོགས་སུ་འགྱུར་བ་ཡིན་ནོ། །གནད་གལ་པོ་ཆེའོ། །ཁྲིད་རྐང་བརྒྱ་དང་ཉི་ཤུ་རྩ་གཅིག་པའོ། །

དེ་ནས་ཆོས་ལ་སྦྱང་བ་ནི་སྔོན་འགྲོ་སྔར་བཞིན་བྱས་ནས། དངོས་གཞི་ལ་བདག་ཉིད་ལྷར་བསྐྱེད་པའི་ངང་ལས་མ་ཡེངས་པར་བཞག་པས་རྩེ་གཅིག་ཏུ་ཟིན་དུས་དམིགས་པ་བསྒྱུར་ཏེ། འོད་ཟེར་གྱི་འཕྲོ་འདུས་སེམས་ཅན་གྱི་དོན་བྱེད་པའམ། བྱམས་སོགས་ཚད་མེད་བཞིས་སེམས་ཅན་ལ་བསྒོམས་པའི་སེམས་རྩེ་གཅིག་པ་ས་ལ་ལ་བ་དེ་ངོས་གཟུང་ཞིང་མ་ཡེངས་པར་བྱའོ། །དེ་གཉིས་སྤེལ་མར་སྦྱངས་པས་འཕྲོ་གནས་མཉམ་པའི་ངང་ལ་སེམས་ཟིན་པའི་ཞི་གནས་སྐྱེའོ། །འདི་ནི་དམིགས་གནད་གལ་པོ་ཆེའོ། །གནད་འདི་དག་གིས་ཞི་གནས་སྐྱེ་བ་ལ་ཐོགས་པ་མེད་པར་འགྲུབ་བོ། །ཁྲིད་རྐང་བརྒྱ་དང་ཉི་ཤུ་རྩ་གཉིས་པའོ། །

དེ་ནས་ལྷག་མཐོང་བསྐྱེད་པ་ལ་གཉིས་ལས། ཕྱི་གཟུང་བ་ཡུལ་མེད་ནམ་མཁའ་ལྟར་མཉམ་པའི་ངང་ལ་གཞག་པ་ནི། སྔོན་འགྲོ་སྔར་བཞིན། དངོས་གཞི་འདི་ལྟར་སྣ་ཚོགས་སུ་སྣང་བའི་ཡུལ་རྣམས་རྨི་ལམ་སྒྱུ་མ་ལྟར་སྣང་ལ། དཔྱད་ན་རྡུལ་ཕྲན་ཆ་མེད་དུའང་མ་གྲུབ་པས་སྟོང་པ་སྟེ། ཡུལ་སྣང་དུ་འཇལ་བ་གཟུང་བའི་ཤེས་པ་དང་བཅས་པ་རང་གསལ་སྟོང་པའི་ངང་ལ་ཕྱམ་གྱིས་མཉམ་པར་གཞག་གོ། །དེས་ནི་ཡུལ་དང་གཟུང་བའི་ཤེས་པ་བདག་མེད་པར་རྟོགས་པའི་གནད་དོ། །ཁྲིད་རྐང་བརྒྱ་དང་ཉི་ཤུ་རྩ་གསུམ་པའོ། །

དེ་ནས་ནང་འཛིན་པ་རྩ་བྲལ་སྟོང་པར་བསྟན་པ་ནི། ཡུལ་དང་ཡུལ་ཅན་དུ་འཇལ་བྱེད་སེམས་ཀྱི་རང་བཞིན་ལ། འདས་མ་འོངས། དངོས་པོ་དངོས་མེད། བྱུང་གནས་འགྲོ་གསུམ། དབྱིབས་ཁ་དོག་ལ་སོགས་པར་བརྟགས་ཤིང་བཙལ་བས་གང་དུའང་མ་རྙེད་པའི་ཚེ། རྟེན་མེད་ཀྱི་ཤེས་པ་འཛིན་མེད་ཀྱི་ངང་དུ་ལྷོད་ཀྱིས་གློད་ལ་གཞག་གོ། །འདིས་ནི་ང་དང་བདག་ཏུ་འཛིན་པ་སྟོང་ཉིད་དུ་རྟོགས་པར་བྱེད་དོ། །ཁྲིད་རྐང་བརྒྱ་དང་ཉི་ཤུ་རྩ་བཞི་པའོ། །

དེ་ནས་ཟུང་འཇུག་བསྒོམ་པ་ནི། སྔར་ཞི་ལྷག་སོ་སོར་བསྒོམས་པ་སྟེ་འདིར་གཅིག་ཏུ་བསྲེས་ནས་བསྒོམ་པ་ཡིན་ཏེ། སྔོན་འགྲོ་སྔར་བཞིན། དངོས་གཞི་གང་སྣང་ལ་དཔྱད་ར་མེད་པར་རང་བབས་སུ་ཕྱལ་ལེ། བདེ་ལུགས་སུ་ཤིགས་སེ། རྗེས་མེད་དུ་སངས་ཏེ། རྒྱ་ཡན་དུ་ཕྱལ་ལེ། མཐའ་བྲལ་དུ་ཁྲོལ་ལེ་གཞག་གོ། །དེའི་ཚེ་ཕྱི་ནང་བར་མེད་ནམ་མཁའ་ལྟ་བུའི་དགོངས་པ་འཆར་ཏེ། གནས་པས་ཞི་གནས། གསལ་བས་ལྷག་མཐོང་། ཐ་དད་མེད་པ་ཟུང་འཇུག་གཅིག་གི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ཡིན་ནོ། །ཁྲིད་རྐང་བརྒྱ་དང་ཉི་ཤུ་རྩ་ལྔ་པའོ། །

དེ་ནས་དབང་པོ་འབྲིང་གིས་བསྒོམ་ཚུལ་ལ་གསུམ་ལས། སྟོང་པ་ནམ་མཁའ་ལྟ་བུའི་བསྒོམ་ཚུལ་ནི། ལུས་མི་གཡོ་བ་རི་རྒྱལ་ལྟར་རྣམ་སྣང་ཆོས་བདུན་བཅའ། དབང་པོ་མ་འགགས་པ་རང་གསལ་དུ་དྭངས་པ་རྫིང་བུའི་ཟླ་གཟུགས་ལྟར་བཞག་ནས། གང་སྣང་ཡང་སྣང་ཐོག་དེར་མི་བཞག་པར་སྟོང་(༤༨)ཐོག་གི་སྟེང་ཕྱི་ནང་བར་མེད་ཧར་སངས་སུ་བུན་ནེ་ཤིགས་སེ་ལྟ་སྟངས་གཅུན་ནས་བཞག་པས། ཐམས་ཅད་སྟོང་པ་བར་མེད་ནམ་མཁའ་ལྟར་རྟོགས་པར་འགྱུར་རོ། །ཁྲིད་རྐང་བརྒྱ་དང་ཉི་ཤུ་རྩ་དྲུག་པའོ། །

དེ་ནས་གསལ་བ་མེ་ལོང་ལྟ་བུའི་བསྒོམ་ཚུལ་ནི། ལུས་གནད་དབང་གནད་དེ་དང་འདྲ་བ་ལ། སྟོང་ཐོག་ཏུ་མི་གཏད་བར་སྣང་བ་རང་གསལ་འཛིན་མེད་ཀྱི་ངང་ལ་སལ་ལེ་ཝལ་ལེ་ཡེར་རེ་བསྒོམས་པས། སྣང་ལ་འཛིན་མེད་ཁྲལ་མ་ཁྲོལ་གྱི་རྟོགས་པ་འཆར་རོ། །ཁྲིད་རྐང་བརྒྱ་དང་ཉི་ཤུ་རྩ་བདུན་པའོ། །

དེ་འཆར་བ་རྦ་རླབས་ལྟ་བུའི་བསྒོམ་ཚུལ་ནི། ལུས་དང་དབང་གནས་སྔར་བཞིན། ཁྱད་པར་རིག་པའི་དྭངས་ནས་འཕྲོ་འདུའི་རྟོག་པ་འཆར་བ་ལ་གཏད་པས། རྟེན་མེད་དུ་འཛིན་མེད་གྲོལ་བ་རྦ་རླབས་ཆུར་ཐིམ་པ་ལྟ་བུའི་རྟོགས་པ་འཆར་རོ། །ཁྲིད་རྐང་བརྒྱ་དང་ཉི་ཤུ་རྩ་བརྒྱད་པའོ། །

དེ་ནས་དབང་པོ་ཡང་རབ་ཀྱི་བསྒོམ་པ་ནི། བར་མེད་ཆུ་བོ་རྒྱུན་གྱི་རང་བཞིན་གཙང་ཆབ་ཀྱི་གཞུང་ལྟ་བུ་སྟེ། རིག་པ་ཆོས་སྐུར་རྟོགས་པས་འདུ་འཕྲོ་ཆོས་ཉིད་རོལ་པར་ཤར་ཅིང་ནུབ་པའི་ཕྱིར། སྤང་བླང་དང་གོལ་སྒྲིབ་གང་ཡང་མེད་པར་ཐམས་ཅད་རྟོགས་པའི་གསལ་སྦྱང་དུ་ཤར་བ་ནི། རིན་པོ་ཆེ་གསེར་གླིང་དུ་ཕྱིན་དུས་ས་རྡོ་ཕལ་པ་བཙལ་གྱིས་མི་རྙེད་པ་ལྟར། བློ་ལ་ཅི་ཤར་རང་བྱུང་གི་ཡེ་ཤེས་སུ་ཤར་བས་འཛིན་རྟོག་ཡེ་གྲོལ་ཀུན་བཟང་གི་དགོངས་པ་ལས་མ་འདས། ཡུལ་དུ་ཅི་སྣང་སྟོང་པའི་རང་གཟུགས་སུ་ཤར་བས་གཟུང་རྟོག་ཡེ་གྲོལ་ཀུན་ཏུ་བཟང་མོའི་ཀློང་ཡངས་ལས་མ་འདས། ཡུལ་དང་སེམས་ཞེས་ཐ་དད་དུ་འཛིན་པའི་ཆོས་ཐམས་ཅད་གཉིས་མེད་རྫོགས་པ་ཆེན་པོའི་དབྱིངས་སུ་མྱ་ངན་ལས་འདས་ཏེ། ཕྱི་དང་ནང་མེད་པར་ཡེ་ཤེས་ཀྱི་ཀློང་དུ་ཤར། སྟེང་དང་འོག་མེད་པར་གདལ་ཁོད་ཀྱི་ཁོད་དུ་སྙོམས། ཕྱོགས་དང་མཚམས་མེད་པར་རང་བྱུང་གི་ཡེ་ཤེས་སུ་ཤར། ཕྱོགས་དང་རིས་མེད་པར་ཆོས་ཉིད་ཀྱི་རོལ་པར་ཤར། བདག་དང་གཞན་མེད་པར་གནས་ལུགས་ཀྱི་ངང་དུ་ཕྱིན། གནས་དང་དུས་མེད་པར་གདོད་མའི་ཀློང་དུ་ཕེབས་ཏེ། བློ་ཟད་ཀྱི་རྣལ་འབྱོར་པ་ཆོས་ཟད་ཀྱི་ངང་ན་བསམས་ཀྱང་བདེ་བའི་དུས་སོ། །འདི་ཉིད་རྟོགས་པ་བར་མེད་དང་ངོ་སྤྲད་དེ་རིག་པ་རྗེན་ལ་ཕུད་ནས་ཟང་ངེ་ཐལ་ལེ་གཅེར་བུར་ལྡིང་བའི་ཤེས་པ། རང་བབ་མ་བསྒོམས་རྣལ་མ་ལ་ཐག་བཅད་ནས་སྐྱོང་དུ་གཞུག་གོ། །ཁྲིད་རྐང་བརྒྱ་དང་ཉི་ཤུ་རྩ་དགུ་པའོ། །

དེ་ནས་ཐབས་ལ་མཁས་པའི་ཁྱད་པར་བྱེ་བྲག་ཏུ་བཤད་པ་ནི། བསྒོམ་ཚུལ་དང་པོ་གཉིས་ཀྱི་གྲོགས་དང་རྩལ་སྦྱང་བསྟན་ལ། ཐ་མའི་རྐང་སྟེགས་ཙམ་དུ་བྱུང་སྟེ། འདི་ལ་ཞི་གནས་ལྷག་མཐོང་ཟུང་འབྲེལ་ལ་བཟླ་དང་བཞི་ལས། དང་པོ་ལའང་ཞི་གནས་བསྒྲུབ་པ་དང་། དེའི་བོགས་འབྱིན་གཉིས་ལས། དང་པོ་ལ་སྣང་བཅས་སྣང་མེད་ཀྱི་ཡུལ་གཉིས་ལས། སྣང་མེད་ལ་སེམས་གཟུང་བ་ལ། ཕྱིའི་དམིགས་རྟེན་སྣང་བཅས་བྲིས་སྐུ་ལ་(༤༩)སོགས་པ་སྟེ་སྔར་སྨོས་པ་བཞིན་ནོ། །ནང་གི་སྣང་བཅས་ནི་ཤེས་པ་ཧ་ཅང་འཕྲོས་ཏེ་མི་གནས་པའི་ཚེ། སྙིང་གི་ནང་ནས་པདྨ་དཀར་པོའམ། རྡོ་རྗེ་རྒྱ་གྲམ་ལ་སོགས་པ་རྩ་བ་ཟུག་པ་མར་མར་ནས་དབང་ཆེན་གསེར་གྱི་ས་གཞིའི་བར་དུ་སོང་བས་ཤེས་པ་བརྟན་པར་བསམ་མོ། །སེམས་ཟིན་པ་དང་སྙིང་གར་བསྡུས་ལ་རྩེ་གཅིག་ཏུ་བསྒོམས་ན་མི་རྟོག་པ་སྐྱེའོ། །ཁྲིད་རྐང་བརྒྱ་དང་སུམ་ཅུ་པའོ། །

དེ་ནས་སྣང་བ་མེད་ཀྱི་ཡུལ་ལ་གཟུང་བ་ནི། གང་ཡང་ཡིད་ལ་མི་བྱེད་པའི་ངང་ལ་འཇོག་པ་སྟེ། དེའང་ཕྱི་ནང་གི་དངོས་པོ་གཞིག་ནས་སྟོང་པར་སོང་བའི་ངང་ལྟ་བུའམ། ལྷའི་ཞལ་ཕྱག་བསྒོམས་པས་རྟོག་པ་གཞན་རྣམས་དེར་ནུབ། དེ་ཉིད་ཀྱང་རྣམ་པ་མི་གསལ་བའི་ངང་དེར་འཇོག་པ་ལྟ་བུ་ལ་བསླབ་པར་བྱའོ། །དམིགས་པ་མེད་པའི་ཞི་གནས་སྐྱེའོ། །འདི་ཉིད་མཐོང་མཐོང་འདྲ་ལ་མ་ངེས་པའི་གནད་ཟབ་ཡང་དག་པའོ། །ཁྲིད་རྐང་བརྒྱ་དང་སུམ་ཅུ་རྩ་གཅིག་པའོ། །

དེ་ནས་བོགས་འབྱིན་ནི། འགྲོ་འདུག་ཅུང་ཟད་བྱས་ལ་སྔར་གྱི་དེ་ཉིད་ལ་བལྟ། སྨྲ་བརྗོད་དང་དྲན་རྟོག་ཅུང་ཟད་བསྲེས་ལ་ཞི་གནས་ལ་བལྟས་པས་གོམས་ཏེ་གོང་འཕེལ་དུ་འགྱུར་རོ། །ལྟེངས་ན་ལུས་སེམས་གཡེངས་ནས་རྒོད་དུ་བཅུག་ལ། དེ་ནས་བསྒོམས་པས་མཆོག་ཏུ་གསལ་ལོ། །ཁྲིད་རྐང་བརྒྱ་དང་སུམ་ཅུ་རྩ་གཉིས་པའོ། །

དེ་ནས་ལྷག་མཐོང་ལ་བསྐྱེད་པ་དང་། བོགས་འབྱིན་གཉིས་ལས། དང་པོ་ལའང་སྣང་བ་དང་སྟོང་པ་གཉིས་ཀྱི་སྣང་བ་ནི། འདི་ལྟར་ཆོས་ཅན་ཡུལ་གྱི་སྣང་བ་འདི་དག་སྒྱུ་མར་འདུག །རྨི་ལམ་དུ་འདུག་སྙམ་དུ་གང་སྣང་སྣང་བདེན་མེད་དུ་ས་ལ་ལ་བསྒོམ་མོ། །དེ་ཡང་སྒྱུ་མ་ལྟ་བུ་དང་སྒྱུ་མར་འདུག་སྙམ་པ་ལ་ཁྱད་པར་ཆེ་བས། སྔར་ལྟ་བུར་བསྟན་ཡང་། འདི་དངོས་སུ་བསྒོམ་པ་ལ་སྦྱར་རོ། །ཁྲིད་རྐང་བརྒྱ་དང་སུམ་ཅུ་རྩ་གསུམ་པའོ། །

དེ་ནས་སྟོང་པ་ལ་སྦྱང་བ་ནི། ཆོས་སུ་སྣང་དུས་ནས་ཆེར་ཆེར་བལྟས་ཚད་སྟོངས་སང་སང་རྗེས་མེད་དུ་བལྟ་ཞིང་ཡིད་ལ་མི་བྱེད་པ་ནམ་མཁའ་ལྟ་བུའི་ངང་ལ་གཞག་གོ། །སྔར་དཔྱད་ཅིང་གཞིགས་པའི་སྟོང་པ་ཡིན་ལ། འདིར་རང་སངས་ཐུག་ཕྲད་ཀྱི་སྟོང་པར་བསྟན་པས་ཁྱད་པར་ཆེའོ། །ཁྲིད་རྐང་བརྒྱ་དང་སུམ་ཅུ་རྩ་བཞི་པའོ། །

དེ་ནས་བོགས་འབྱིན་ནི། སྤྱོད་ལམ་གང་བྱེད་དང་སྣང་སྟོང་གཏད་ཡལ་སྟོང་པ་གཉིས་བསྲེས་ནས་བསྒོམ་ཞིང་། ལྟེངས་ནས་གཟུགས་སོགས་དུ་མའི་ཡུལ་ལ་སྐད་ཅིག་ཀྱང་མ་ཡེངས་པར་གསལ་སྟོང་འཛིན་མེད་དུ་ཕྱམ་ཕྱམ་སྦྱང་བས་འགྲུབ་བོ། །ཁྲིད་རྐང་བརྒྱ་དང་སུམ་ཅུ་རྩ་ལྔ་པའོ། །

དེ་ནས་ཟུང་འབྲེལ་ལའང་དངོས་དང་བོགས་འབྱིན་གཉིས་ལས། དང་པོ་ནི་ལུས་གནད་བཅས་ལ། གང་སྣང་གང་ཤར་ལ་འདེམ་ཁ་མི་བྱེད་པར་དེ་ཉིད་ཀྱི་རང་དུས་འཆར་གཞིའི་རིག་པ་ལ་ཆེར་ཆེར་བལྟ་ཞིང་། ཕར་མི་དཔྱད་པ་ཚུར་བཞག་པ་ནི། གནད་ཀྱི་ཡང་ཟབ་གལ་པོ་ཆེའོ། །དེ་ནས་འཕྲོ་གནས་(༥༠)མཉམ་པའི་ངང་ལ་རྟག་ཏུ་གནས་པས། འགྱུ་བས་གནས་པ་ལ་མི་གནོད་པ། རིག་པ་སྟོང་གསལ་འཆར་བ་གསུམ་འདྲེས་ཀྱི་ངོ་བོ་སྐུ་གསུམ་རང་མལ་གྱི་དགོངས་པ་ལ་སླེབས་པ་ཡིན་ནོ། །ཁྲིད་རྐང་བརྒྱ་དང་སུམ་ཅུ་རྩ་དྲུག་པའོ། །

དེ་ནས་བོགས་འབྱིན་ནི། ནམ་མཁའ་དྭངས་ཤིང་སྤྲིན་མེད་པའི་ཚེ། ཉི་མ་ལ་རྒྱབ་ཕྱོགས་པས་ནམ་མཁའི་མཐོངས་སུ་ལྟ་སྟངས་གཅུན་ནས་བལྟས་པས། ཕྱིའི་དཔེས་ནམ་མཁའ་དག་པ་ལྟར། ནང་ཤེས་པའི་ནམ་མཁའ་དག་དུས། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་དག་པ་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་བ་ནི། བལ་པོ་ཀཱ་མ་ཤྲཱིའི་གདམས་པ་མཆོག་ཏུ་ཟབ་མོའོ། །ལྟེངས་ན་ཞི་ལྷག་སོ་སོར་རྩལ་སྦྱངས་། བྱིང་ན་གསེང་། རྒོད་ན་དབབ། སྤྱོད་ལམ་ཀུན་དང་བསྲེ་བ་རྩ་སྦྱང་གི་གནད་དོ། །ཁྲིད་རྐང་བརྒྱ་དང་སུམ་ཅུ་རྩ་བདུན་པའོ། །

དེ་ནས་ལ་བཟླ་བ་ནི། དེ་ལྟར་བསྒོམ་དུས་ཉམས་དང་སེམས་གནས་ཀྱི་སྒོམ་པ་དང་། བཟང་རྟོག་ངན་རྟོག་དག་སྣང་འཁྲུལ་སྣང་ཐམས་ཅད་རྟེན་མེད་སྟོང་པ་ཆེན་པོ། ཆོས་ཟད་བློ་འདས་ཆེན་པོ། རིས་མེད་མཉམ་པ་ཆེན་པོ། གཞི་བྲལ་ཡངས་པ་ཆེན་པོར་རོ་གཅིག་པས། གང་དུའང་མ་འཛིན། ཅི་ལའང་མ་རྟོག །སུ་ལའང་མ་འདྲི། གར་ཡང་མ་བརྟེན། སྙེམས་དང་རེ་དོགས་ཀྱི་འཁྲི་བ་ཆོད་ལ་ཆོས་ཟད་བློ་འདས་ཆེན་པོའི་ངང་ལ་སྐྱོལ་ཅིག །གདོད་མ་བྱར་མེད་ཆེན་པོའི་དབྱིངས་སུ་ལ་ཟློས་ཤིག །ཕྱིར་མ་ལྡོག་ཅིག་ཅེས་ཡིན་ཐོག་ཏུ་བློ་བྲལ་གྱི་གདིང་བཅའ་འོ། །ཁྲིད་རྐང་བརྒྱ་དང་སུམ་ཅུ་རྩ་བརྒྱད་པའོ། །

དོན་གསུམ་པ་འབྲས་བུ་རེ་དོགས་སྤང་བ་ལ་གསུམ་སྟེ། ཆོས་ཉིད་དབྱིངས་ཀྱི་རང་ངོ། དབྱིངས་སྣང་སྐུའི་རང་བཞིན། སྐུ་ལས་ཡེ་ཤེས་ཀྱི་རོལ་པའོ། །

དང་པོ་ནི། འཁོར་འདས་གང་དུའང་མ་གྲུབ་ལ་གར་ཡང་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ། གང་གིའང་འཆར་གཞིའི་བྱེད་པ་ནི་དབྱིངས་དོན་དམ་པའི་བདེན་པ། རྟོགས་བྱ་རྣམས་ཀྱི་མཐར་ཐུག །ཟད་པ་རྣམས་ཀྱི་ཕྱི་མོ། ཐུག་པ་རྣམས་ཀྱི་མཐར་ཐུག །གདོད་མའི་ཆོས་དབྱིངས་ཞེས་བྱ་སྟེ། དེ་ཉིད་ཀྱང་སོ་སོ་རང་བྱུང་གི་ཡེ་ཤེས་ལས་གཞན་ན་མེད་དེ། བླ་མས་ངོ་སྤྲད་པའི་རང་རིག་སྤྲོས་བྲལ། རྒྱ་ཆད་ཕྱོགས་ལྷུང་མེད་པ་འདི་རང་ཡིན་ནོ། །གཞན་ནས་བཙལ་དུ་མེད་དོ། །གསང་སྙིང་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་ནས་བཙལ་དུ་མེད། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཞེས་གསུངས་སོ། །དེ་ཡང་སངས་རྒྱས་ཀྱི་དབྱིངས་དེ་གློ་བུར་གྱི་དྲི་མས་བསྒྲིབས་པས་རང་བཞིན་རྣམ་དག་ཏུ་བཞག་པ་ཙམ་ལས། ངོ་བོ་ལ་བཟང་ངན་མེད་པར་ཤེས་པར་མཛོད་ཅིག་ཅེས་ད་ལྟར་གྱི་རིག་སྟོང་ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་ཐག་བཅད་དོ། །ཁྲིད་རྐང་བརྒྱ་དང་སུམ་ཅུ་རྩ་དགུ་པའོ། །

དེ་ནས་དབྱིངས་སྣང་སྐུའི་རང་བཞིན་ལ་ལྔ་ལས། དེ་ཡང་(༥༡)དབྱིངས་དེ་ལྟ་བུའི་ངང་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པར་བཞུགས་པ་ལས། ཆོས་ཀྱི་སྐུ་ནི་དབྱིངས་དེའི་རང་བཞིན་སྐྱེ་འགག་འཕོ་འགྱུར་མེད་པ་སྨྲ་བསམ་བརྗོད་མེད་ཆེན་པོར་གནས་པའི་ཆ་དེ་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི། འོད་གསལ་དབྱིངས་ན་འཁྱིལ་པ། རྟག་ཆད་མཐའ་ལས་འདས་ཤིང་མཚན་དཔེ་ལྷུན་གྲུབ་ཏུ་འཆར་བའི་ཆ་དེ་ཡིན་ནོ། །སྤྲུལ་པའི་སྐུ་ནི་འཆར་ཚུལ་གོ་མ་འགགས་པས་ཐུགས་རྗེ་ཕྱོགས་མེད་དུ་འཕྲོ་བའི་ཆ་དེ་ཡིན་ནོ། །མངོན་པར་བྱང་ཆུབ་ཀྱི་སྐུ་ནི་དབྱིངས་ན་དྲི་མ་ཡེ་ནས་དག་ཅིང་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལྷུན་གྲུབ་ཏུ་མངའ་བའི་ཆ་དེ་ཡིན་ནོ། །མི་འགྱུར་རྡོ་རྗེའི་སྐུ་ནི་དགོངས་པ་དབྱིངས་ཀྱི་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་པ་དེ་ཡིན་ནོ། །དེའང་གློ་བུར་བའི་དྲི་མ་དག་མ་དག་ཙམ་ལས། སེམས་ཅན་པའི་དུས་ཀྱི་རིག་པའི་རང་ངོ་སྟོང་། རང་བཞིན་གསལ། འཆར་ཚུལ་ལ་མ་འགགས། གང་ཡང་འབྱུང་། ཤེས་པའི་རང་བཞིན་ལས་མི་འགྱུར་བ་འདི་ཁོ་ན་སྐུ་ལྔའི་ཆར་ད་ལྟ་ཉིད་ནས་གནས་པས། སྐུ་ལྔ་གཞན་ནས་མི་ཚོལ་བར་རང་ཆས་ལྷུན་གྲུབ་ཆེན་པོར་ཐག་ཆོད་ཅིག་ཅེས་རིག་སྟོང་ཟང་ཀ་སྐུ་ལྔ་ལྷུན་གྲུབ་ཏུ་ཐག་བཅད་དོ། །ཁྲིད་རྐང་བརྒྱ་དང་བཞི་བཅུ་པའོ། །

དེ་ནས་སྐུ་ལས་ཡེ་ཤེས་ཀྱི་རོལ་པ་ནི། ཆོས་ཀྱི་སྐུའི་ཡེ་ཤེས་སྨྲ་བསམ་བརྗོད་འདས་ཆེན་པོ། ལོངས་སྤྱོད་རྫོགས་པ་སྐུའི་ཡེ་ཤེས་མཚན་ཉིད་ལྔ་ལྡན། སྤྲུལ་པའི་སྐུའི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པ་ཞེས་བྱ་བ་ཡང་། གློ་བུར་བའི་དྲི་མས་དག་མ་དག་ལས། རང་ཆས་སུ་དབྱིངས་ལ་ཆ་ཚང་དུ་ཡོད་པས། ད་ལྟའི་གནས་སྐབས་ཀྱི་རིག་པ་ལ་ཚང་སྟེ། རིག་སྟོང་སོ་སོ་རང་རིག །དུག་ལྔ་རང་གྲོལ་རྗེས་མེད། ངོ་བོ་དང་ཁྱད་པར་རམ། ཆོས་ཅན་དང་ཆོས་ཉིད་རིག་པའི་ཆ་ཆ་ཙམ་ལས་ཚང་ཞིང་། ཁྱད་པར་དུའང་འདོད་ཆགས་ཀྱི་རྟོག་པ་རང་ཀར་སྐྱེས་པ་དེ་ཉོན་མོངས་རང་མཚན་ཡིན་ཡང་། དེའི་ངོས་ཟིན་ནས་ངང་ལ་བཞག་དུས་བདེ་ལ་འཛིན་མེད་དུ་ཤར་བ་དེ་སོ་སོར་རྟོག་པའི་ཡེ་ཤེས། ཡུལ་ལ་སྡང་བར་སྐྱེས་པ་དེ་ཞེ་སྡང་རང་ཀ །ངོས་ཟིན་ནས་དྭངས་གསལ་སྤྲོས་དང་བྲལ་བ་དེ་མེ་ལོང་ཡེ་ཤེས། གང་ཡིན་ངོ་མི་ཤེས་པར་སྐྱེས་པ་དེ་གཏི་མུག །ངོས་ཟིན་ནས་རྟོག་མེད་རང་གསལ་དུ་ཤར་བ་དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཁོ་བས་ང་མཆོག་ཏུ་རློམ་པ་དེ་ང་རྒྱལ་རང་ཀ །ངོས་ཟིན་ནས་གཉིས་མེད་རང་མཉམ་དུ་རྟོགས་དུས་མཉམ་ཉིད་ཡེ་ཤེས། གཞན་ལ་འགྲན་སེམས་སུ་སྐྱེས་པ་དེ་ཕྲག་དོག་རང་ཀ །ངོས་ཟིན་ནས་རིས་མེད་དུ་དྭངས་པ་དེ་བྱ་གྲུབ་ཡེ་ཤེས་ཏེ། རིག་པ་ལ་རང་མ་རིག་པའི་རྩལ་དུག་ལྔར་ཤར་ཡང་། (༥༢)རང་རིག་དུས་ཡེ་ཤེས་ལྔའི་རྩལ་ལམ་རོལ་པར་འཆར་བས། ད་ལྟ་ཉིད་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རང་ཆས་སུ་ཡོད་པར་ཐག་ཆོད་ལ། རེ་དོགས་དང་སོམ་ཉི་མ་བྱེད། ཐག་ཆོད་དཔའ་གདིང་བསྐྱེད་ཅིག་ཅེས་ལེགས་པར་ངོ་སྤྲད་དོ། །ཁྲིད་རྐང་བརྒྱ་དང་བཞི་བཅུ་རྩ་གཅིག་པའོ། །

འདི་ནི་ཡང་གསལ་རྫོགས་པ་ཆེན་པོའི་གནས། །རྒྱུ་འབྲས་ཐེག་པ་ཀུན་ལས་འཕགས་པ་སྟེ། །བློ་རབ་སྐལ་བ་ཅན་གྱི་སྤྱོད་ཡུལ་ལས། །ཀུན་གྱི་ཡུལ་མིན་རྡོ་རྗེ་རྩེ་མོ་ཡིན། །དེ་ལྟར་བཀོད་པའི་དགེ་བས་འགྲོ་བ་ཀུན། །ཀུན་བཟང་རྫོགས་པ་ཆེན་པོའི་གནས་ཐོབ་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་དོན་ཁྲིད་བྱང་ཆུབ་ལམ་བཟང་ལས། ཐ་མར་དགེ་བ་བླ་ན་མེད་པ་རྫོགས་པ་ཆེན་པོའི་གནས་བསྟན་པ་སྟེ་གསུམ་པའོ།། །།

དེ་ལྟར་རྒྱུ་འབྲས་ལམ་བཟང་སྙིང་པོའི་དོན། །མདོ་རྒྱུད་བསྟན་བཅོས་མན་ངག་རྒྱ་ཆེ་ལས། །ཡང་ཟབ་གནད་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། །ཁྲིད་དུ་བསྡེབས་ནས་སྐལ་བཟང་རྣམས་ལ་འབུལ། །ཕྱི་རབས་དད་ལྡན་རྗེས་འཇུག་རིགས་ཀྱི་བུ། །ཐར་ལམ་འདྲེན་པའི་དེད་དཔོན་མཆོག་རྣམས་ཀྱིས། །སྐལ་ལྡན་སློབ་མའི་ཚོགས་རྣམས་འཁྲིད་པ་ནའང་། །ལོ་ཁྲིད་ལ་སོགས་ཤིན་ཏུ་འབྱོར་པར་གདབ། །བསྡུས་འབྲིང་རྒྱས་པ་ཤིན་ཏུ་རྒྱས་པ་བཞི། །བསྡུས་ཁྲིད་ཞག་རེ་དམིགས་པ་རེ་རེ་དབོག །ཟླ་བ་བཞི་དང་ཞག་གྲངས་ཉེར་གཅིག་ན། །ཕྱི་ནང་གསང་བའི་ཆོས་ཀྱི་མཛོད་ཁང་ཕྱེ། །འབྲིང་ཁྲིད་ཞག་གསུམ་དམིགས་པ་རེ་རེ་སྟེ། །ལོ་གཅིག་ཟླ་བ་གཉིས་དང་ཞག་གསུམ་ན། །རྒྱུ་འབྲས་བླ་མེད་ཐེག་པའི་དྲོད་ཚད་རྙེད། །ཐར་ལམ་བྱང་ཆུབ་སྙིང་པོར་ངེས་པ་ལགས། །རྒྱས་ཁྲིད་ཞག་ལྔ་དམིགས་པ་རེ་རེ་སྟེ། །ལོ་གཅིག་ཟླ་བ་བཅུ་གཅིག་དེ་བཞིན་དུ། །ཞག་གི་གྲངས་ནི་བཅོ་ལྔ་རྫོགས་པ་ན། །མཆོག་གསུམ་སྙིང་པོའི་ངེས་དོན་མཆོག་ལ་རེག །ཤིན་ཏུ་རྒྱས་ཁྲིད་ཞག་བདུན་དམིགས་པ་རེ། །ལོ་གཉིས་ཟླ་དྲུག་ཞག་གྲངས་ཉེར་བདུན་ན། །ཐེག་མཆོག་སྙིང་པོའི་དོན་ཁྲིད་རབ་རྫོགས་པས། །མི་ལྡོག་བྱང་ཆུབ་སྙིང་པོའི་ས་ལ་ཞུགས། །དེ་འདྲའི་སྐྱེ་བོ་སྐལ་བཟང་བརྩོན་འགྲུས་ཅན། །རྒྱལ་བའི་གདུང་འཚོབ་རིགས་མཆོག་འཛིན་པ་དེས། །རང་གཞན་དོན་གཉིས་རྫོགས་པའི་སར་གཞོལ་ཏེ། །མྱུར་དུ་ཞི་བ་བྱང་ཆུབ་སྙིང་པོར་འགྲོ། །དེ་ཕྱིར་ཕྱི་རབས་སྐྱེ་བོའི་ཚོགས་རྣམས་ལ། །ཕན་པའི་གདམས་ངག་ངེས་དོན་སྙིང་པོར་གདམས། །ཉིན་མཚན་མི་དལ་དད་བརྩོན་ལྡན་པ་ཡིས། །ཐར་ལམ་སྒྲུབ་ཅེས་དེ་སྐད་ཐལ་མོ་སྦྱོར། །ཚུལ་འདི་བློ་གྲོས་ཡངས་པའི་ནམ་མཁའ་ལས། །ཏིང་འཛིན་འོད་གསལ་རྟོགས་པའི་ཉི་འོད་ཅན། །དྲི་མེད་འོད་ཟེར་སྟོང་ལྡན་ཤར་བ་དེས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །སྲིད་པའི་ནགས་ཁྲོད་ཐིབས་པོར་རབ་བརྒལ་ཏེ། །ཞི་(༥༣)བ་ཐར་ལམ་བྱང་ཆུབ་མཆོག་ཞུགས་ནས། །རྣམ་གྲོལ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཆོས་ཚུལ་འདི་ཡང་བསྟན་པ་གནས་ཀྱི་བར། །འཇིག་རྟེན་ཀུན་ཏུ་འགྲོ་ལ་སྣང་གྱུར་ཏེ། །དད་བརྒྱའི་གཙུག་གི་གུས་པས་འཛིན་བྱེད་ཅིང་། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་གནས་གསུམ་དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་ཞེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ལ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ། མེ་ཏོག་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་། ཀུན་ཏུ་བཟང་པོའི་ཁང་བཟངས་སུ་ཆོས་མཐོ་བའི་ཁྲི་རབ་ཏུ་བཟང་པོ་ལ་སྦྱར་བ། ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་ཀྱི་དཔལ་དུ་འབར་བས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །


previousགསུམ་པ། ཐ་མར་དགེ་བ་བླ་ན་མེད་པ་རྫོགས་པ་ཆེན་པོའི་གནས་བསྟན་པ།no next