Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
ངེས་དོན་དབུ་མ་ཆེན་པོ་ལ་འཁྲུལ་རྟོག་ཉེར་གསུམ་གྱི་འབུར་འཇོམས་པ་ལེགས་བཤད་གསེར་གྱི་ཐོ་བ།
  
  
  
  
  
  
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousངེས་དོན་དབུ་མ་ཆེན་པོ་ལ་འཁྲུལ་རྟོག་ཉེར་གསུམ་གྱི་འབུར་འཇོམས་པ་ལེགས་བཤད་གསེར་གྱི་ཐོ་བ།next

ངེས་དོན་དབུ་མ་ཆེན་པོ་ལ་འཁྲུལ་རྟོག་ཉེར་གསུམ་གྱི་འབུར་འཇོམས་པ་ལེགས་བཤད་གསེར་གྱི་ཐོ་བ།


LT36_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་དབུ་མ་ཆེན་པོ་ལ་འཁྲུལ་རྟོག་ཉེར་གསུམ་གྱི་འབུར་འཇོམས་པ་ལེགས་བཤད་གསེར་གྱི་ཐོ་བ་ཞེས་བྱ་བ་བཞུགས་སོ། །


LT36_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཆོས་རྗེ་ཀུན་མཁྱེན་སྲས་དང་བཅས། །རྫོགས་ལྡན་ཆོས་སྟོན་རྣམས་ལ་ཕྱག་བྱས་ནས། །འཁྲུལ་མེད་སངས་རྒྱས་བསྟན་ལ་ཤིན་ཏུ་གུས། །ཁྱད་པར་ཕྱིར་མི་ལྡོག་པའི་གཏམ་ལ་མོས། །ཤིང་རྟ་གཉིས་ཀྱི་གཞུང་ལ་དད་པ་ཐོབ། །ཆོས་མིག་རྡུལ་བྲལ་འཕགས་བོད་མཁས་ལ་མོས། །རྒྱ་བོད་ཕྱོགས་ལྷུང་ཅན་རྣམས་གང་ཟེར་བླ། །རང་རྟོག་མཐའ་ཡང་ལེགས་པར་མི་དཔྱོད་ན། །ཆོས་དབྱིངས་བསམ་མི་ཁྱབ་ལ་འགག་སྒྲུབ་ཅི། །འོན་ཀྱང་དེ་ཉིད་མ་རྟོགས་མུན་པའི་བློས། །ལོག་པའི་ལམ་དུ་སྐལ་མཉམ་ཁྲིད་མཐོང་ནས། །ཐོལ་བྱུང་མགྲིན་པ་སྙིང་རྗེའི་ཤུགས་ཀྱིས་བཏེགས། ༡ ཀུན་རྟོགས་དཔྱད་པས་གནས་ལུགས་མཐོང་ངོ་ཞེས། །དོན་དམ་བློ་ཡི་སྤྱོད་ཡུལ་ཁས་བླངས་ཏེ། །སྲས་བཅས་རྒྱལ་ལ་ཐོག་མར་རྒྱབ་ཀྱིས་ཕྱོགས། །ནམ་མཁའ་འདོམས་ལ་འཇལ་བའི་རྟོག་གེ་པ། ༢ འཁྲུལ་ངོར་ཀུན་རྫོབ་མ་འཁྲུལ་དོན་དམ་བདེན་གཅིག་ལ་གཅིག་ཤོས་མ་གྲུབ་དབུ་མའི་རྩེ། །ཀུན་རྫོབ་རྟག་ལྟ་དོན་དམ་ཆད་པར་ལྟ། །མུར་འདུག་རྗེས་སུ་འབྲང་བའི་རྟོག་གེ་པ། ༣ ཡེ་ཤེས་བདེན་གྲུབ་དངོས་མིན་བློ་ལས་འདས། །མི་རྟོག་སྒོམ་ལས་རིགས་འདྲའི་ཆོས་སྐུ་འཁྲུངས། །གང་ཡང་མིན་འཛིན་ལུང་མ་བསྟན་ལྟ་ཡིས། །སྨན་མཆོག་དུག་ཏུ་སོང་བའི་རྟོག་གེ་པ། ༤ རིགས་གཉིས་རྒྱུ་གཉིས་སྐུ་གཉིས་འབྲེལ་པར་གྲུབ། །ས་བོན་ལ་མེད་འབྲས་བུ་


LT36_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དང་། །འདུས་བྱས་རྒྱུ་ལས་ནམ་མཁའ་གྲུབ་ཅེས་པ། །གནག་རྫིའི་རིགས་པ་སྨྲ་བའི་རྟོག་གེ་པ། ༥ གདམས་ངག་མེད་པར་གླེགས་བམ་གཡེང་བ་ན། །ཕྱི་ནང་དཔྱད་འཇོག་ཙམ་ཡང་མ་ཕྱེད་པར། །ཁོ་བོས་བློས་བྱས་གནས་ལུགས་སྒོམ་མོ་ཞེས། །མཁས་རྣམས་སྙིང་རྗེ་སྐུལ་བའི་རྟོག་གེ་པ། ༦ དགོས་པ་བསྟན་ཚད་དྲང་བའི་དོན་ཡིན་ན། །སྔགས་བཅས་ངེས་དོན་རྣམ་བཞག་མེད་པར་འགྱུར། །ཐུབ་པས་བཞག་པའི་མདོ་སྡེའི་ཚུལ་དཀྲུགས་ནས། །རྒྱལ་ལ་མི་མཉེས་སྒྲུབ་པའི་རྟོག་གེ་པ། ༧ ཐོགས་མེད་གཞུང་ལུགས་རང་བཞེད་མ་ཡིན་ན། །རིག་ཚོགས་འཕགས་བཞེད་ཡིན་པའི་གཏན་ཚིག་ཅི། །ལུང་བསྟན་བརྙེས་ཀྱང་དེ་དོན་མ་བསྒྲུབས་ཞེས། །འཕགས་ལ་སྐུར་པ་འདེབས་པའི་རྟོག་གེ་པ། ༨ ཟབ་དོན་གོ་བའི་སྐལ་མེད་རང་འདོད་དང་། །མི་མཐུན་གཞུང་ཀུན་དྲང་དོན་ཡིན་དགོས་ན། །ཁྱོད་བློར་ངེས་དོན་སྟོན་པ་ཆེས་ཉུང་བས། །ཆོས་ཀྱི་མུ་གེ་ཕོག་གོ་རྟོག་གེ་པ། ༩ དོན་དམ་གསུང་གསང་བྱིས་བློས་བསམ་མི་ཁྱབ། །ཀུན་རྫོབ་འདུལ་བྱའི་བློ་སྦྱོང་རྣམ་པར་བཞག །རིམ་པའི་དོན་ཀྱང་འཕགས་ལ་མི་འདོད་ན། །ཐེག་གསུམ་རིགས་པ་མཚུངས་སོ་རྟོག་གེ་པ། ༡༠ བདེན་གྲུབ་གནམ་སའི་ཁྱད་པར་མ་ཕྱེད་པས། །སེར་པོ་ཐམས་ཅད་ར་གན་ཡིན་པར་བསྒྲུབས། །བྱམས་གཞུང་ཐུབ་པའི་རིང་ལུགས་མ་ཡིན་པའི། །


LT36_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིག་སྒྲིབ་མེད་སྟོན་ཅིག་རྟོག་གེ་པ། ༡༡སྤྲོས་བྲལ་ལྟ་ཕུག་གཅིག་པས་བཀག་པ་མེད། །དེ་ཉིད་རྣམ་པ་ཐམས་ཅད་འཆར་བའི་གསང་། །མ་ཤེས་འབྲལ་ལུགས་ཅི་སྨྲས་སྐྱེལ་སོ་ནི། །མེད་དགག་ཙམ་ལས་མི་འདའ་རྟོག་གེ་པ། ༡༢ ངོ་བོ་རང་བཞིན་གནད་གསང་མ་རིག་པར། །གླེགས་བམ་མཐོང་བ་ཙམ་གྱིས་ཁོང་སྦོས་ཏེ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་གླང་པོ་ཆེར། །དམུས་ལོང་མཛུབ་མོ་བཙུགས་པའི་རྟོག་གེ་པ། ༡༣ ལེགས་པར་རྣམ་ཕྱེའི་ཚིག་ཙམ་མ་དཔྱོད་པར། །ཐུམ་པོ་མཐོང་མཐག་ཏུ་རྡོ་ཐུམ་ཞེས། །རྒྱུད་དང་འཁོར་ལོ་ཐ་མའི་ཆོས་སྐད་ཀུན། །མུ་སྟེགས་གྲལ་དུ་ཕུད་པའི་རྟོག་གེ་པ། ༡༤ ཡེ་ཤེས་རྟོགས་བྱེད་ཐབས་ལ་ཐེག་པའི་མིང་། །མི་རུང་སངས་རྒྱས་ཐེག་སོགས་རིགས་པ་མཚུངས། །ལམ་དང་བསྒྲུབ་བྱའི་དོན་རྨོངས་ཀླན་ཀ་ནི། །གདོད་མའི་མགོན་པོར་འདེབས་པའི་རྟོག་གེ་པ། ༡༥ ལྟ་བ་ཀུན་རྫོབ་རྟག་ཆད་བློ་དང་བྲལ། །སྒོམ་པ་ཡིད་དཔྱོད་ལས་འདས་མངོན་གསུམ་ལམ། །རྫོགས་ཆེན་ནམ་མཁའ་བློ་ཆུང་ཁབ་མིག་ཏུ། །མི་ཚུད་ཡི་མུག་སྒོམས་ཤིག་རྟོག་གེ་པ། ༡༦ འཕོ་བའི་ཆོས་སྟོང་བདེ་ཆེན་འགྱུར་མེད་ལྡན། །རང་བཞིན་གཉིས་མེད་ཟུང་འཇུག་ཕྱག་རྒྱ་ཆེ། །སྐུད་པ་བསྒྲིལ་འདྲའི་གཉིས་གཤིབས་བྱས་པ་མིན། །ད་དུང་གོ་རྟོགས་ཚོལ་ཞིག་རྟོག་གེ་པ། མ་གྲུབ་དཔེ་ཡིས་མེད་པའི་


LT36_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཚོན་པ། །སྨྲིག་རྒྱུས་ནམ་མཁའ་ཆུ་བོ་མཚོན་པ་བཞིན། །མཚོན་བྱ་མ་གྲུབ་མཚོན་བྱེད་དུ་མས་ཅི། །དཔེ་ཡང་ཕྱོགས་རེར་གོའམ་རྟོག་གེ་པ། ༡༨ རང་རྒྱུད་སྨྲ་བ་རང་གི་བློ་སྐྱོན་ཉིད། །འཕགས་པས་དབུ་མ་མ་རྟོགས་སུ་ཡིས་སྨྲ། །ཆོས་ལྔའང་དགོངས་གཅིག་གསང་བ་ཚོལ་བར་འོས། །འཕགས་ལ་སྐུར་པ་མ་འདེབས་རྟོག་གེ་པ། ༡༩ རིག་བསྟོད་བདེན་གཉིས་སྤྲོས་གཅོད་གནས་ལུགས་སྟོན། །མཐར་ཐུག་ངེས་དོན་ཕྱིར་མི་ལྡོག་པར་འདྲིལ། །འཕགས་གཉིས་ནང་འགལ་བསྒྲུབས་ནས་རང་ཉིད་ཀྱི། །རྫུན་རྒྱབ་སྤྱན་འདྲེན་མ་མཛད་རྟོག་གེ་པ། ༢༠ སེམས་སུ་སྟོན་ཚད་སེམས་ཙམ་གཞུང་ལུགས་མིན། །གནས་ལུགས་དུང་ལ་སྣང་ལུགས་སེར་པོར་འཁྲུལ། །ངེས་དོན་རྟོགས་པའི་བློ་མིག་སྒྲིབ་པ་ཡི། །མཁྲིས་ནད་སྦྱོང་བར་འཚལ་ལོ་རྟོག་གེ་པ། ༢༡ དོན་དམ་སྡིག་པའི་རྣམ་བཞག་ཀུན་མཁྱེན་གྱིས། །མ་མཛད་ཆོས་མངོན་སོགས་ལའང་བརྒྱད་བཀག་ནས། །གསེར་གྱི་རང་བཞིན་སེར་པོར་མི་འདོད་ཕྱིར། །ལུང་རིགས་གཉིས་ལས་ལྡོག་པའི་རྟོག་གེ་པ། ༢༢ ས་སྐྱའི་རྗེ་བཙུན་ཕྱོགས་རེའི་བློ་ཅན་མིན། །ཆོས་ཉིད་བདེན་གཟིགས་མཆོག་གཉིས་དགོངས་པའི་མཐིལ། །རྟོགས་ནས་སྟོན་པར་ནུས་ཞེས་བདག་ཅག་སྨྲ། །གོང་མའི་ཞབས་འདྲེན་མ་བྱེད་རྟོག་གེ་པ། ༢༣ དོན་དམ་བདེན་གྲུབ་རྟག་ལྟར་


LT36_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འགོ་སྙོམས་ན། །མ་གྲུབ་པ་དང་ཆད་ལྟ་ཅིས་མི་སྙོམས། །མདོ་རྒྱུད་ཁྱད་མེད་གླ་བའི་འཕགས་རྩལ་ཅེས། །རྒྱལ་ལ་ཁྱད་གསོད་མ་མཛད་རྟོག་གེ་པ། །དོན་གྱི་མཁས་གྲུབ་རྗེ་བཙུན་གོང་མ་སོགས། །མཁས་པའི་བདེན་རྒྱབ་སྐྱོང་བ་མ་བཟོད་ནས། །ཀུ་ཅོ་གང་ཐོན་འདོན་པ་ཤེས་མོད་ཀྱི། །གཟུར་གནས་བློ་ལྡན་སྙན་ཏུ་བག་ཡོད་མཛོད། །དོན་དམ་མ་རྟོགས་རྟོག་གེ་སྨྲ་བ་ལ། །དགའ་བའི་ཉེས་པ་དུ་མ་རྒྱལ་བས་གསུངས། །ཅིས་ཀྱང་སྨྲ་ན་ཤེས་རབ་ཟབ་མོས་སྨྲོས། །མཐོང་བ་བོན་གྱེར་རང་ཚུལ་སྟོན་པའི་རྒྱུ། །ཇི་ལྟར་རང་འདོད་དབང་གྱུར་མི་ཡི་བདག །ས་གཞི་སྐྱོང་ལ་ནུས་ཐོབ་མིན་པ་ལྟར། །ཕྱོགས་རེའི་བློ་ཅན་ཐུབ་བསྟན་ལྟ་ཅི་སྨོས། །རང་ལུགས་འཛིན་ལའང་ཚད་མའི་སྐྱེས་བུ་མིན། །དམ་པ་རྣམས་ནི་མཐར་ཐུག་དགོངས་བཞིན་གཅིག །ང་རྒྱལ་ཅན་གྱིས་རང་འདོད་དུ་མར་བཀྱོག །ཐུབ་བསྟན་འགལ་མེད་སྒྲུབ་ན་མཁས་མོད་ཀྱི། །བསྟན་པ་དཀྲུགས་པའི་བསྟན་འཛིན་སུ་ཡི་འཕྲུལ། །བློ་ངན་ནང་དུ་བསྡུས་ནས་ངལ་གསོ་བ། །ཉེས་པ་མི་འཕེལ་འདི་ཕྱིར་ལེགས་པའི་རྒྱུ། །ཡང་དག་ལྟ་བས་བརྒྱན་པའི་སྐལ་རྙེད་ན། །ད་དུང་དམ་པའི་གྲངས་སུ་ཆུད་པར་སྲིད། །དུས་དང་སྐལ་པ་བཤད་བྱའི་དོན་དང་གསུམ། །མཚུངས་པར་བབས་པས་བརྟོལ་ཐབས་འབྱུང་མོད་ཀྱི། །བློ་ལྡན་ངེས་དོན་བདུད་རྩིའི་ཟས་ཅན་རྣམས། །ལྟར་སྣང་སྨྲིག་རྒྱུའི་ཆུ་ལ་


LT36_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྲེད་མི་སྲིད། །དེ་སྐད་སྨྲ་བ་སྐལ་བཟང་ལམ་ལས་འོངས། །ཡང་དག་དབུ་མའི་ཚལ་དུ་ཐོས་སྒོམ་བྱས། །བློ་མིག་ཆོས་སྤངས་དྲི་མས་མ་སྦགས་པས། །སྙིང་གཏམ་འདུན་གྲོས་ཚུལ་དུ་གདམས་པ་ཡིན། །སྟོང་ཉིད་ལྟ་བར་ཉེས་པའི་འཕྲང་སྒྲོལ་ནས། །མཐའ་ཡས་འགྲོ་བས་ཡང་དག་ལྟ་ཐོབ་ཤོག །དོན་ལ་དཔྱོད་པའི་སྐྱེས་བུ་མཁས་པ་དེང་སང་འབྱོན་པ་ནི་ངོ་མཚར་བའི་གནས་ཏེ། དེ་ལྟ་བུའི་གཞན་སྟོང་དབུ་མར་མཚན་ཏུ་བཞག་པའི་སངས་རྒྱས་ཀུན་གྱི་གསང་བ་ཆེན་པོ་ལ་དོན་གྱི་ལོག་པར་རྟོག་པ་མི་སྲིད་ཀྱང་ཅོ་འདྲིའི་ཚིགས་སུ་བཅད་པ་ཁ་ཤས་སྤེལ་འདུག་པས། ལྡབ་ལེན་ཀུ་རེའི་ཚུལ་དུ་བྲིས་པ་གཏིང་ནས་སྨོད་པ་མ་ལགས་པས་ནོངས་པ་བཟོད་པར་གསོལ་ལོ། ཞེས་པདྨའི་རྗེས་འཇུག་རྙིང་སྔགས་ཀྱི་ཐ་ཤལ་པ་ཞིག་གི་སུག་རྗེས་སོ། །མངྒ་ལཾ། །


previousངེས་དོན་དབུ་མ་ཆེན་པོ་ལ་འཁྲུལ་རྟོག་ཉེར་གསུམ་གྱི་འབུར་འཇོམས་པ་ལེགས་བཤད་གསེར་གྱི་ཐོ་བ།next