གཡུང་དྲུང་རྣམ་པར་བཀོད་པའི་གནས་མཆོག་ཆེན་པོའི་མདོ་བྱང་གསལ་བྱེད་སྙིང་པོར་བསྡུས་པ།
གཡུང་དྲུང་རྣམ་པར་བཀོད་པའི་གནས་མཆོག་ཆེན་པོའི་མདོ་བྱང་གསལ་བྱེད་སྙིང་པོར་བསྡུས་པ་བཞུགས་སོ། །
རྒྱལ་བ་སྐུ་གསུམ་བདེ་བ་ཆེའི། །རང་བཞིན་འཆི་མེད་ཡབ་ཡུམ་སྲས། །རིག་འཛིན་བླ་མར་སྣང་བ་ལ། །གུས་པས་འདུད་དོ་བྱིན་རླབས་སྩོལ། །དེའང་ཤོད་ཆེན་བཞིའམ་བཅོ་བརྒྱད་དུ་གྲགས་པའི་བྱེ་བྲག །ཆོས་རྒྱལ་སྡེ་དགེའི་མངའ་རིས་ཀྱི་ཤར་ཕྱོགས་སྨད་ཤོད་དམ་སྨད་ཤོད་དང་འབྲེལ་པའི་གཏེར་ལུང་སྟོད་སྨད་བར་གསུམ་ལ་གནས་ཆེན་ཁྱད་པར་འཕགས་པ་གསུམ་དུ་བཞུགས་པའི་ནང་ནས་སྟོད་ཕྱོགས་ལྷ་གཉན་ཆེན་པོ་གཙང་དཀར་དང་ཉེ་བའི་ལུང་པ་འདིར་སྔོན་གཡུང་དྲུང་བོན་གྱི་གྲུབ་ཐོབ་ཆེན་པོ་དུ་མ་བྱོན། ཁྱད་པར་འགྲོ་མགོན་ཤར་བ་རྣལ་འབྱོར། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན། བུ་འབོར་བ་ཏོག་གི་རྒྱལ་མཚན་སོགས་ཡོངས་སུ་གྲགས་ཤིང་ཕྲིན་ལས་ཀྱི་ཕྱག་རྗེས་ཆེ་བ་རྣམས་ཀྱི་
བཞུགས་གནས་སུ་གྱུར་ཅིང་། དེ་དག་ལས་ཀྱང་སྐུ་ལུས་བྱ་རྒྱལ་ཁུ་བྱུག་ཏུ་སྤྲུལ་ནས་སངས་རྒྱས་ཀྱི་ཞིང་དུ་དངོས་སུ་ཕེབ་ནུས་པའི་མཁས་གྲུབ་ཏོག་གི་རྒྱལ་མཚན་གྱིས་ཏ་ཟིག་འོལ་མོ་ལུང་རིང་དང་གནས་འདི་ཐ་དད་མེད་ཅིང་དའི་བཀོད་པ་ཐམས་ཅད་ཚང་བར་གསུངས་པའི་ཚུལ་རྒན་པོ་རྣམས་ལ་ངག་རྒྱུན་ཏུ་གྲགས་ཀྱང་ཐ་མལ་པ་རྣམས་ཀྱི་སྣང་ངོར་མཚན་ཉིད་གསལ་བར་གཏན་ལ་དབབ་པ་མེད་ལ། དུས་ཕྱིས་རབ་ཚེས་མེ་མོ་ཡོས་ལོར་རིག་འཛིན་གཏེར་སྟོན་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཡབ་སྲས་ཟུང་གིས་འགྲོ་དོན་དུས་ལ་བབས་པར་གཟིགས་ནས་ཀློང་གསལ་སྤྲུལ་པའི་བརྡ་རིས་ལས་གནས་ཡིག་
མདོ་བྱང་གཏན་ལ་ཕབ། རྣམ་མཁྱེན་སྟོན་པའི་ཞུ་འཁོར་གཡུང་དྲུང་སེམས་དཔའ་ཆེན་པོ་འ་ཞྭ་གསང་བ་མདོ་སྡུད་ཀྱི་རྣམ་འཕྲུལ་དུ་ལུང་བསྟན་པ་འགྲོ་མགོན་ལྕང་ལུང་པའི་མཆོག་སྤྲུལ་མཁྱེན་བརྩེ་ནུས་པའི་བདག་ཉིད་གཡུང་དྲུང་བསྟན་པའི་རྒྱལ་མཚན་ལ་གཉེར་དུ་གཏད་པ་ལྟར་གནས་ཞལ་གསར་དུ་སྣང་བར་མཛད་ཅིང་། ཚེ་གཡང་བོན་གསུམ་གྱི་སྒྲུབ་པ་ཆེན་པོས་རྒྱལ་ཁམས་བསྟན་འགྲོ་ཐམས་ཅད་འཕྲལ་ཡུན་དགེ་ལེགས་ཀྱི་དཔལ་ལ་སྦྱར་བར་མཛད་ནས་ཡོངས་སུ་གྲགས་པའི་གནས་མཆོག་བུ་ལའི་མཆོད་རྟེན་དགུ་བརྩེགས་སུ་གྲགས་པ་གཡུང་དྲུང་རྣམ་པར་བཀོད་པ་འདི་ཉིད། ངོ་བོའི་བྱུང་ཚུལ། རྣམ་པའི་བཀོད་པ། བསྐོར་བ་བགྲོད་ཚུལ་བསྐོར་ཚད་བཅས་བཤད་པ་གསུམ་ལས། དང་པོ་ནི། སྤྱིར་སངས་རྒྱས་རྣམས་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བས་འགྲོ་བ་འདུལ་བའི་ཐབས་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པར་སྟོན་པས་དངོས་དང་བརྒྱུད་ནས་ཕན་པ་འགྱུར་རོ་ཅོག་སངས་རྒྱས་ཀྱི་ཕྲིན་ལས་ཁོ་ན་ཡིན་ཅིང་། ཁྱད་པར་སྐུ་གཟུགས་དང་གསུང་རབ་དང་སྐུ་གདུང་རིང་བསྲེལ་ཏེ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཞལ་སྐྱིན་གྱི་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པ་ལའང་གདོད་ནས་གྲུབ་པའི་རང་བྱུང་དང་། རྣམ་པར་བརྟགས་པའི་བཅོས་མ་གཉིས་ལས་རང་བྱུང་ནི། སངས་རྒྱས་རྣམས་
ཀྱི་ཐུགས་བསྐྱེད་སྨོན་ལམ་དང་གདུལ་བྱའི་ལས་དང་སྐལ་པ་འཛོམ་པའི་རྟེན་འབྲེལ་ཟབ་མོའི་མ་ཟུ་ལས། ས་རྡོ་རི་བྲག་རྣམས་འབྲེལ་ཚད་དོན་ལྡན་གྱི་གནས་ཆེན་རྩ་གསུམ་རྒྱལ་བ་རབ་འབྱམས་བཞུགས་པའི་ཕོ་བྲང་ཆེན་པོར་གྱུར་པའི་རྟགས་སུ། སྐྱེ་བོ་ཕལ་པའི་སྣང་ངོར་ཡང་སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་མཆོད་རྟེན་ལ་སོགས་པ་རྣམ་པ་གསལ་བ་དུ་མའི་རང་བྱོན་གསལ་ཞིང་། གྲུབ་པའི་རིག་འཛིན་རྣམས་ཀྱིས་བྱིན་གྱི་བརླབས་པའི་རྟགས་སུ་གཏེར་རྒྱ་དང་ཕྱག་ཞབས་ཀྱི་རྗེས་སོགས་ངེས་པའི་བཀའ་རྟགས་རྣམས་ཀྱིས་དབང་པོ་བྱས་པ་དང་། དད་ཅིང་མོས་པས་ཕྱག་བསྐོར་བྱས་ན་ནད་གདོན་རྐྱེན་ངན་ཞི་བ་ལ་སྨན་དཔྱད་རིམ་གྲོ་གང་ལས་ཀྱང་ལྷག་པ་མངོན་སུམ་ཚད་མས་གྲུབ་པས་ན། རྣམ་པ་སྐྱེ་བོ་ཕལ་པའི་མིག་སྔར་མཛེས་པ་དང་། བཞེངས་པ་པོ་ཚོགས་རྫོགས་པའི་ཆ་ནས་བཅོས་མའི་རྟེན་རྣམས་ལེགས་ཀྱང་། ངོ་བོ་བྱིན་བརླབས་ཀྱི་གཟི་བྱིན་ཁྱད་པར་འཕགས་པ་དང་། འགྲོ་དོན་ནམ་ཡང་རྒྱུན་ཆད་དང་ཕྱོགས་རིས་མེད་པའི་ཆ་ནས་རང་བྱུང་གི་གནས་རྟེན་རྣམས་ཁྱད་པར་དུ་འཕགས་ཏེ། རང་བྱུང་གི་ནོར་བུ་དང་། བཅོས་མའི་རིན་པོ་ཆེ་གཉིས་ཀྱི་ཁྱད་པར་གྱི་དཔེས་མཚོན་ནོ། །དེ་ལ་སྐབས་སུ་བབ་པའི་གནས་མཆོག་འདིའི་དབང་དུ་བྱས་ན། སྤྱིར་གོང་མའི་གསུང་རྒྱུན་
ལྟར་ན། སངས་རྒྱས་ཀྱི་ཞིང་ཁམས་ཏ་ཟིག་འོར་མོ་ལུང་རིང་དམ་བྱང་ཕྱོགས་ཤམྦྷ་ལའི་བཀོད་པ་གཉིས་པ་ཡིན་ཏེ། དབུས་ཀྱི་མཆོད་རྟེན་དགུ་བརྩེགས་ནི་རི་གཡུང་དྲུང་དགུ་བརྩེགས། གཡོན་གྱི་བྲག་དཀར་རྒྱབ་བསྣོལ་ནི་གསང་བྲག་སེང་གེ་རྒྱབ་བསྣོལ་མཚན་ལྡན་འ་ཞྭའི་ གསང་ཕུག ་དང་བཅས་པ། མཆོད་རྟེན་མཐའ་བསྐོར་གྱི་བྲག་རི་མཆོད་རྟེན་གྱི་དབྱིབས་ཅན་རྣམས་ནི་གླིང་ཆེན་བརྒྱད་སོགས། འཛུམ་གཙང་དཀར་ནི་དཔལ་པོ་གངས་ཀྱི་ར་བ། མདུན་ཕྱོགས་ཀྱི་རི་ནི་མཚལ་རི་ལྷའི་འདུན་ས་སོགས་ཚང་བར་བཞུགས་པར་གསུངས་པའང་འདྲ་མཚུངས་ཀྱི་སྦྱོར་བ་དང་ཆེ་བརྗོད་ཙམ་མ་ཡིན་པར་དག་པའི་གཟིགས་ངོར་དེ་ལྟར་དངོས་སུ་བཞུགས་པ་ཡིན་ལ། བྱེ་བྲག་མདོ་བྱང་མཐོང་གྲོལ་ཆེན་མོའི་དགོངས་པ་ལྟར་ན། འོལ་མོ་གླིང་ཆེན་གྱི་བྱེ་བྲག །གཤེན་གྱི་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་གནས། གསས་ཁང་དཀར་ནག་བཀྲ་གསལ་དེ་ཉིད་ས་ལ་གནས་པའི་རིག་འཛིན་སེམས་དཔའ་རྣམས་ཀྱིས་ལྷ་རི་གྱང་མ་གྱང་ཐོ་ཞེས་ཀོང་པོ་བོན་རིའི་ཤར་ཕྱོགས་མདོ་ཁམས་ཟལ་མོ་སྒང་གི་སའི་ཐིག་ལེར་སེམས་ཅན་གྱི་དོན་དུ་སྤྱན་དྲངས་པས་འགྲོ་བ་འདུལ་བའི་རྟེན་མཆོག་ཁྱད་པར་དུ་འཕགས་པ་ཀུན་གྱི་མཐོང་སྣང་དུའང་རི་བྲག་ཐམས་ཅད་མཆོད་རྟེན་གྱི་རྣམ་པར་གྲུབ་པ་སྟེ། ཉེ་རིང་གང་ནས་མཇལ་ཡང་མཐོང་གྲོལ།
ཆེ་བའི་ཡོན་ཏན་རྣ་བས་ཐོས་པས་ཐོས་གྲོལ། རད་ཅིང་ཡིད་ལ་བྱས་པས་དྲན་གྲོལ། བསྐོར་ཕྱག་མཆོད་པས་འབྲེལ་པས་རེག་གྲོལ། ས་ཆུ་རྩི་བཅུད་ཁར་སོང་བས་མྱོང་གྲོལ། འབྲེལ་པ་ཆེ་ཆུང་གང་ཐོགས་འཚིངས་པས་འབྲེལ་གྲོལ་ཏེ་གྲོལ་བ་དྲུག་དང་ལྡན་པའོ། །གཉིས་པ་བཞུགས་ཚུལ་ཅུང་ཟད་སྨོས་ན། གནས་ཆེན་འདི་ལ་འཇུག་པའི་སྒོ་བཞི་ནི། ཕྱོགས་བཞིའི་ལུང་ཆེན་བཞི་པོ་གང་ནས་ཕྱག་བསྐོར་སོགས་ཀྱི་འགོ་བརྩམས་ཀྱང་འདྲ་བའི་དོན་ཡིན་ལ། གནས་ཀྱི་གཙོ་བོ་ལའང་གཡུང་དྲུང་རྣམ་བཀོད་དང་། དེ་བཞིན་ཏུ་འཁོར་ལོ་རལ་གྲི་པདྨ་རིན་པོ་ཆེ་རྣམ་པར་བཀོད་པ་ལྔ་མདུན་རྒྱབ་ཀྱི་ཚུལ་དུ་བཞུགས་ཤིང་། དེ་ལྔ་ནི་བདེ་གཤེགས་རིགས་ལྔའི་ཕོ་བྲང་ཡིན་པས་རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་འོད་སྐུ་ཚོམ་བུ་ཤིགས་སེ་བཞུགས། ནང་དུ་སྦས་པའི་ཕོ་བྲང་ཞེས་སྐྱེ་བོ་གཉུག་མར་གནས་པས་རྟག་ཏུ་བགྲོད་པར་བྱ་བ་མ་ཡིན་ཅིང་རྒྱུས་མེད་ཀྱི་མིས་ཡོད་པར་མི་མཐོང་བས་སྦས་པ། ཤར་ཕྱོགས་དབུ་རྩེ་དང་ཉེ་བར་ལུང་ཆེན་ཉམས་དགའ་བས་མཚོན་ཕྱོགས་མཚམས་ཀྱི་ལུང་པ་རྣམས་དང་འབྲེལ་བའི་བྲག་གི་ངོས་ལ་རྣམ་རྒྱལ་རྩ་བའི་ལྷ་བརྒྱད་དཔལ་མགོན་བརྒྱ་རྩའི་འཁོར་དང་བཅས་པ་བཞུགས། ལུང་ཆེན་བཅུ་དྲུག་ནི་ཕྱི་རོལ་གནས་དང་ཉེ་བའི་ལུང་པ་རྣམས་ཡིན་ལ། དེ་དག་ཏུ་
ཕ་ཝཾ་བཅུ་དྲུག་ལ་འཆི་མེད་ཚེ་ལྷ་བཅུ་དྲུག་བཞུགས་པ་དང་། དེ་དག་ལས་འབབ་ཆུ་རྣམས་གཡས་གཡོན་ཏུ་འཁྱིལ་ཞིང་གྱ་གྱུར་སོང་བ་ནི་གཡུང་དྲུང་འཁྱིལ་པ་ལྟ་བུའི་འཆི་མེད་ཀྱི་ཚེ་ཆུ་ཡིན་པ་དང་། རིན་ཆེན་སྤུངས་པ་ལྟ་བུའི་བྲག་ནི་གནས་གཙོའི་ཤར་ངོས་སུ་ཡོད་ཅིང་དེས་མཚོན་བྲག་རི་བཅུ་དྲུག་གནས་ཀྱི་བར་བསྐོར་སོགས་སུ་འཁོར་བར་ཡོད་པ་ལ་དགྲ་བཅོམ་སེམས་དཔའ་བཅུ་དྲུག་དྲང་སྲོང་དུ་མའི་འཁོར་དང་བཅས་པ་བཞུགས། གནས་གཙོའི་རྒྱབ་ཕྱོགས་ཀྱི་གཡུ་མཚོ་ཀུན་གྱིས་མཐོང་བ་ནི་སྲིད་རྒྱལ་སྐུ་ལྔའི་གཙོ་མོ་ཡེ་ཤེས་དཔལ་མོའི་བླ་མཚོ། ཤར་ཕྱོགས་སྦས་ལུང་གི་ཆུ་འགོའི་ཕུག་ཏུ་གབ་མཚོ་ཡོད་པ་མངོན་ཏུ་གསལ་བས་མཚོན་ཕྱོགས་བཞིའི་གབ་མཚོ་རྣམས་ནི་སྲིད་རྒྱལ་རིགས་བཞིའི་བླ་མཚོ་ཡིན། མདུན་ཕྱོགས་བྲག་དམར་ནི་བཀའ་སྲུང་གཅན་ལྷ་འཁོར་དང་བཅས་པའི་ཕོ་བྲང་ཡིན་ནོ། །གནས་འདིའི་བྲག་རི་ཐམས་ཅད་མཆོད་རྟེན་གྱི་དབྱིབས་དང་། དེ་ལའང་སྐུ་གཟུགས་དང་མཆོད་རྟེན་དུ་མས་སྤྲས་པའི་རྣམ་པ་ཤིན་ཏུ་གསལ་ལ། གཙོ་བོའི་དབུ་རྩེར་ཀུན་ཏུ་བཟང་པོ་མཉམ་གཞག་གི་ཕྱག་རྒྱ་ཅན། བང་རིམ་རྣམས་ལ་སངས་རྒྱས་དང་སེམས་དཔའ། ཞི་ཁྲོའི་ལྷ་ཚོགས་འབུར་དོད་ཀྱི་རྣམ་པ་གསལ་བ་དང་། དབུ་རྩེར་གཤེན་ གསང་བ་འདུས་པའི་སྒྲུབ་ཕུག །དབུ་རྩེའི་རྩ་བར་རིག་
འཛིན་སྟོང་རྒྱུད་མཐུ་ཆེན་སོགས་བོན་ཆེན་མཁས་པ་མི་བཞིའི་ཚོགས་ཁང་ལ་བཀའ་རྟགས་ཀྱི་ཡིག་འབྲུས་སྤྲས་པ། གཡས་ངོས་སུ་ལྷ་ཀླུ་མིའི་གཤེན་པོ་གསུམ་གྱི་སྒྲུབ་ཕུག་སོ་སོའི་མཚན་མས་བརྒྱན་པ། གཡོན་གྱི་འདབ་ངོས་སུ་རིག་འཛིན་ཟ་རོང་མེ་འབར་གྱི་སྒྲུབ་ཕུག་པ་་ཡིག་འབྲུ་དང་ཞབས་རྗེས་བཅས་པ་སོགས་དུ་མ་ཡོད་ཅིང་། མཆོད་རྟེན་སུམ་མདོའི་གཡས་ཕྱོགས་ཀྱི་མདུན་རི་སྟག་ཆེན་འགྱིང་བ་ལྟ་བུ་ཁྲོ་རྒྱལ་སྟག་ལ་མེ་འབར་གྱི་བཞུགས་གནས། དེའི་ གསང་ཕུག ་བསོྭ་ཡིག་རང་བྱོན་དང་བཅས་པ་ནི་དཔལ་གྱི་བྲག་ཕུག་རོང་ཆེན་དང་ཐ་དད་མེད་ལ་དྲག་པོའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་གནས། གཡོན་ཕྱོགས་མཐའ་དམར་མ་མེ་རི་མཆེད་པ་འདྲ་བ་དཔལ་གསས་རྔམས་པའི་བཞུགས་གནས་མཐུ་ཆེན་མི་དགུས་བྱིན་གྱིས་བརླབས་པའི་ཕུག་པ་དཔལ་བཤོས་ཀྱི་བཀའ་རྟགས་བཅས་བཞུགས་པ་དབང་གི་ཕྲིན་ལས་སྒྲུབ་པའི་གནས། དེ་རྒྱབ་མཐའ་ཁྲ་མ་བྲག་སེང་གེ་རྒྱབ་བསྣོལ་ལ་འ་ཞྭ་གསང་བ་མདོ་སྡུད་ཀྱི་ གསང་ཕུག ་དང་ཨ་ཡིག་གཡུང་དྲུང་སོགས་ཀྱི་བཀའ་རྟགས། ལོགས་ཀྱི་སྤང་ཐང་མཎྜལ་ལྟ་བུ་སེམས་དཔའ་རིག་འཛིན་རྣམས་དགོངས་ཉམས་བསྡུར་བའི་གནས། དེ་རྒྱབ་བྲག་དཀར་གུར་ཕུབ་པ་ལྟ་བུ་སྙ་ཆེན་ལི་ཤུ་སྟག་རིང་དང་མཁའ་འགྲོ་ཅོ་ཟ་བོན་མོའི་སྒྲུབ་ཕྱག་
བཀའ་རྟགས་དང་བཅས་པ། གཡས་གཡོན་ཏུ་བོན་ཆེན་མཁས་པ་ཉི་ཤུའི་སྒྲུབ་གནས། སྤེ་ལུ་གུ་སྙིང་ཞེས་བྲག་དཀར་རིན་ཆེན་འབར་བ་ལྟ་བུར་ནོར་ལྷ་འདོད་པ་དགུ་འགྱུར་གྱི་བཞུགས་གནས་སེམས་དཔའ་རྗེ་དབོན་སྟོང་གསུམ་གྱི་སྒྲུབ་ཕུག་བདུད་རྩིའི་རྒྱུན་དང་ནོར་བུའི་བཀའ་རྟགས་ཅན་རྒྱས་པའི་ཕྲིན་ལས་སྒྲུབ་པའི་གནས། སྣ་བྲག་དཀར་ཅེས་སྤྲིན་དཀར་ལྡིང་བ་ལྟ་བུའི་བྲག་རི་ལ་དྲན་པ་ཡབ་སྲས་བཞུགས་པའི་གནས་རང་བྱུང་གི་ གསང་ཕུག ་རིག་འཛིན་མཁའ་འགྲོའི་ཚོགས་ཁང་སྐུ་གསུང་ཐུགས་ཀྱི་བཀའ་རྟགས་དང་བཅས་པ་མཆོག་གི་དངོས་གྲུབ་སྒྲུབ་པའི་གནས། འཛུམ་གཙང་དཀར་གྱི་གངས་རི་འབྲས་དཀར་སྤུངས་པ་ལྟ་བུ་ལ་ཀུན་བཟང་སྨན་རྒྱལ་གྱི་ལྷ་ཚོགས་བཞུགས་ཤིང་། འཛུམ་ཁོག་སོགས་སུ་བན་བོན་རིག་འཛིན་མང་པོའི་སྒྲུབ་ཕུག་དང་བཀའ་རྟགས་ཕྱག་ཞབས་ཀྱི་རྗེས་གསལ་བཞི་བའི་ཕྲིན་ལས་གཙོ་བོར་སྒྲུབ་པའི་གནས། དེ་དང་ཉེ་བར་གནས་ནང་དུ་གྲགས་པར་དུར་ཁྲོད་རྔམས་ཆེན་སྒྲ་སྒྲོག་མཁའ་འགྲོ་དངོས་སུ་འདུ་བའི་གནས་སུ། གྲུབ་ཆེན་ཏོག་གི་རྒྱལ་མཚན་གྱི་སྐུ་གདུང་བྱིན་རླབས་ཅན་བཞུགས་པ་སོགས་བཞུགས་ཚུལ་དཀར་ཆག་རགས་བསྡུས་ཙམ་བཀོད་པ་ཡིན་ལ། རྒྱས་པར་གང་ཟག་སོ་སོའི་དག་པའི་སྣང་བས་གཟིགས་ཚུལ་སོགས་བསམ་གྱིས་མི་ཁྱབ་
པར་ཤེས་པར་བྱའོ། །འདིར་མདོ་བྱང་རྩ་བའི་དགོངས་པ་ལྟར་བོན་གནས་གཙོ་བོར་སྨོས་པ་ཡིན་ལ། དོན་དུ་སངས་རྒྱས་ཀྱི་ཐུགས་རྗེ་ལ་ཕྱོགས་རིས་མེད་ཅིང་རྒྱལ་བ་ཐམས་ཅད་ཡེ་ཤེས་ཀྱི་ཀློང་དུ་གཅིག་པས་གཉིས་སུ་མེད་པར་གསུངས་པ་ལྟར། བན་དེ་རྣམས་ལ་བན་གནས་ཀྱི་མཆོག་ཡིན་ཏེ་དབུས་ཀྱི་མཆོད་རྟེན་ལྔ་རྒྱལ་བ་རིགས་ལྔ་ཞི་ཁྲོ་དམ་པ་རིགས་བརྒྱ་དང་བཅས་པའི་ཕོ་བྲང་། ལུང་ཆེན་བརྒྱད་ལ་ཉེ་སྲས་བརྒྱད། ལུང་ཆེན་བཅུ་དྲུག་གི་ཕ་ཝཾ་ལ་ཚེ་ལྷ་ཡབ་ཡུམ། བྲག་རི་བཅུ་དྲུག་ལ་གནས་བརྟན་བཅུ་དྲུག །སྦས་མངོན་གྱི་མཚོ་ལྔ་རྟག་པའི་རྒྱལ་མོ་ལྔའི་བླ་མཚོ། བྲག་རི་སྟག་ཆེན་འགྱིང་འདྲ་གུ་རུ་དྲག་པོའི་གནས། མེ་རི་མཆེད་འདྲ་འཇམ་དཔལ་གཤིན་རྗེ་གཤེད་དང་རྟ་མགྲིན་གནས། རིན་ཆེན་འབར་བ་ལྟ་བུ་རྣམ་སྲས་ཕོ་བྲང་། སྤྲིན་དཀར་ལྡིང་འདྲ་གུ་རུ་རིན་པོ་ཆེ་རྗེ་འབངས་དང་བཅས་པའི་གནས། འབྲས་དཀར་སྤུངས་པ་ལྟ་བུ་བཅོམ་ལྡན་སངས་རྒྱས་སྨན་བླའི་གནས་སོགས་ཡིན་ལ། བན་བོན་གཞི་མཐུན་པའི་གནས་སྲིད་དམ་སྙམ་ན། བླ་མ་ཨོ་རྒྱན་རིན་པོ་ཆེ་དང་དྲན་པར་ནམ་མཁའ། ལོ་ཙཱ་བ་བཻ་རོ་ཙ་ན། གཏེར་སྟོན་རྡོ་རྗེ་གླིང་པ་དང་རྒོད་ལྡེམ་ཅན་སོགས་གང་ཟག་བན་བོན་གཞི་མཐུན་ཅན་ཚང་ལྡན་བཞུགས་པ་བཞིན་ཏུ་གནས་ལའང་བན་བོན་གཞི་མཐུན་ངེས་པར་ཡོད་
པ་ཡིན་ཏེ་རྒྱུ་མཚན་གང་སྨོས་རྣམས་དང་། གང་ཟག་གིས་གནས་བྱིན་གྱིས་བརླབས་པའང་མང་བའི་ཕྱིར་རོ། །གསུམ་པ་བསྐོར་བ་བགོད་ཚུལ་ནི། རྩེ་བསྐོར་བར་བསྐོར་མཐའ་བསྐོར་གསུམ་ལས། རྩེ་བསྐོར་ནི། མཆོད་རྟེན་ཆེན་མོ་དངོས་ཀྱི་བང་རིམ་ནས་བསྐོར་བ་དང་། བར་བསྐོར་ནི། མཆོད་རྟེན་སུམ་མདོ་ནས་བུ་ལ་དང་། ཕར་ནང་ཆོས་ཁྲི་བརྒྱུད། དམར་ཧོར་ལ་ནས་བབས་ཏེ་སུམ་མདོར་བསྡང་། མཐའ་བསྐོར་ནི། རྔ་མོང་སྣའི་སྲིབ་ལྕགས་ཐར་ནང་བརྒྱུད། སྣ་བྲག་དཀར་རྒྱབ་ནས་སྤེ་ལུང་དང་ཛིད་ན་ལ་བརྒལ། ཐབ་སྔོན་སུམ་མདོ་ནས་གཞུ་གྱེན་དེད། འཛུམ་མཚོ་ནས་འཛུམ་ལ་བརྒལ་ཆུ་གཡུང་དྲུང་གཡས་འཁྱིལ་སོགས་བསྐོར་བའི་ནང་ཚུད་པར་བྱས་ནས་གནས་མདུན་བརྒྱུད་འཛུམ་ཁོག་ནས་རྔ་མོང་སྣ་ནས་བསྐོར་མདུད་ཕོག་པར་བྱ། གཡས་བསྐོར་བྱེད་ནའང་འགྲོ་ལམ་དེ་ལྟར་བྱ་དགོས། རྩེ་བསྐོར་ལྔ་ལ་སྙིང་པོ་དུང་ཕྱུར་གཅིག །བར་བསྐོར་གཅིག་ལ་སྙིང་པོ་དུང་ཕྱུར་གཅིག །མཐའ་བསྐོར་གཅིག་ལ་སྙིང་པོ་དུང་ཕྱུར་གསུམ་གྱི་ཕན་ཡོན་ཡོད་ཅིང་། རྩེ་བསྐོར་ཉེར་ལྔ། བར་བསྐོར་བཅུ་གསུམ། མཐའ་བསྐོར་གསུམ་ནི་བསྐོར་ཚད་ཡིན། ཕན་ཡོན་དགོས་ཆེད་སྤྱི་དང་བྱེ་བྲག་རྣམས་ནི་མདོ་བྱང་གཞུང་དུ་གསལ་བར་གསུངས་པ་ལས་ངེས་པར་བྱ་བ་གལ་ཆེའོ། །
ཞེས་པའང་འགྲོ་བའི་འདྲེན་མཆོག་ལྕང་ལུང་སྤྲུལ་པའི་སྐུ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱིས་གསུང་བསྐུལ་གནང་བ་ལྟར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་ནས་དངོས་སུ་ཐོས་པ་གཞིར་བྱས། ཕལ་ཆེར་རྗེས་སུ་དཔག་སྟེ་བྲིས་པ་ནོངས་པ་བཟོད་པར་གསོལ་ཞིང་། དགེ་བས་གཞན་ཕན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།