Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of མགོན་པོ་བེང་
[Clear Hits]


  
collapse section
  
  
  
  
 collapse section
 
  
  
  
རང་གི་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པའི་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པའི་ཚུལ།
  
 expand section
  


1 occurrence of མགོན་པོ་བེང་
[Clear Hits]

 
previousརང་གི་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པའི་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པའི་ཚུལ།next

རང་གི་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པའི་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པའི་ཚུལ།


MLP003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལྔ་པ་རང་གི་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པའི་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པའི་ཚུལ་ནི། གདུལ་བར་བྱ་བའི་ཡུལ་མཁའ་ཁྱབ་ཀྱི་སེམས་ཅན་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་གང་གི་ཐུགས་རྗེས་གཟིགས་པའི་ཚུལ་ཡང་གདུལ་བྱ་དང་འདུལ་བྱེད་དུ་འབྲེལ་ནས་དོན་མཛད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་ཉིད་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ་པར་དག་པས་ཞི་བའི་དབྱིངས་སུ་བླ་ན་མེད་པའི་གོ་འཕང་བརྙེས་ཀྱང་། ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བར་བྱ་བའི་ཡུལ་ས་ལེར་གཟིགས་ནས། མེད་སྣང་འཁོར་བའི་སྡུག་བསྔལ་ལ་སྤྱོད་པའི་འགྲོ་བ་རྣམས་བརྩེ་བ་ཐུགས་རྗེ་ཆེན་པོའི་ཡུལ་དུ་དགོངས་ཏེ། རང་རང་གི་སྐལ་བ་དང་འཚམས་པར་འདུལ་བར་མཛད་པའི་ཐབས་མཁས་ཀྱི་ཕྲིན་ལས་འབད་རྩོལ་མེད་པར་ངང་གིས་འབྱུང་བ་ཉིད་དེ། སྒྱུ་འཕྲུལ་རྩ་རྒྱུད་གསང་བའི་སྙིང་པོ་ལས། ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས། དེའི་ཕྱིར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདིས་ཀྱང་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་བཞིན་པར་ད་ལྟ་དགུང་ལོ་དྲུག་ཅུ་རེ་བརྒྱད་ཀྱི་ཐོག་ཏུ་ཕེབས་ཏེ། ད་དུང་ཡང་འཕགས་པ་རྣམས་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་ལ་དབང་འབྱོར་བའི་ཕྱིར། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བདག་ཉིད་ཆེན་པོའི་གོ་འཕང་མཆོག་ལ་འགོད་པའི་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པ་དེ་སྲིད་དུ། གཟུགས་ཀྱི་སྐུ་འདི་ཉིད་ཀྱང་བདེ་ལྡན་གྱི་ཞིང་གི་མགོན་པོ་ལྟར་གཡོ་མེད་དུ་བཞུགས་ནས། གདུལ་བྱ་འཁོར་དུ་མ་འདུས་པ་རྣམས་སྡུད་པ་དང་། བསྡུས་པ་རྣམས་སྨིན་པ་དང་། སྨིན་པ་རྣམས་གྲོལ་བ་དང་། གྲོལ་བ་རྣམས་མཐར་ཕྱིན་པའི་ལམ་ལ་འགོད་པའི་ཕྲིན་ལས་འཁོར་བ་མ་སྟོང་གི་བར་ཇི་སྲིད་པ་དེ་སྲིད་དུ་མཛད་པ་གདོན་མི་ཟ་ཞིང་། དེ་ལས་མ་གཡོས་བཞིན་དུ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པར་སྣང་བས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པར་ཁྱབ་པའི་ཕྲིན་ལས་ཀྱིས་འདུལ་བར་མཛད་པ་ལས། ཞིང་འདིའི་གདུལ་བྱའི་ཆ་ཤས་འགའ་ཞིག་ལ་


MLP003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་འཇུག་པའི་དབང་དུ་བྱས་ཏེ། སླད་མའི་ཆར་ཡང་སྐུའི་བཀོད་པ་གསུམ་དུས་གཅིག་ཏུ་བསྟན་ནས་འགྲོ་བའི་དོན་མཛད་པར་འགྱུར་པའང་། རང་གཏེར་ཤ་འུག་གཏེར་བྱོན་གྱི་ལུང་བྱང་ལས། ཚེ་མཇུག་དམ་གཙང་ཡོན་བདག་དང་༔ གསང་སྤྱོད་རྟེན་འབྲེལ་འཛོམ་པ་ན༔ རི་བོ་རྩེ་ལྔའི་ཟབ་གཏེར་འདོན༔ མཐའ་དམག་ལོ་བརྒྱའི་བར་དུ་བཟློག༔ རྐྱེན་གྱིས་གཡེལ་ན་ཕྱི་མའི་དུས༔ འགྲོ་འདུལ་རྣལ་འབྱོར་བརྟུལ་ཞུགས་སྤྱོད༔ སྔ་མའི་ལས་སད་སྐལ་བ་ཅན༔ དེ་ཡིས་བཏོན་ནས་འགྲོ་ཕན་བྱེད༔ ཅེས་དང་། སྐྱེ་སྲིད་ཕྱི་མ་བོད་ཡུལ་འདིར༔ རྒྱལ་པོའི་ཚུལ་གྱིས་སྲིད་སྡེ་སྐྱོང་༔ ཆོས་ཀྱི་ཁྲིམས་འཛིན་ཐབས་ཀྱིས་འདུལ༔ གཅིག་ནི་ཨོ་རྒྱན་ཛ་ག་ཊར༔ གྲུབ་ཐོབ་ཀུན་བཟང་སྤྱོད་པ་ཅན༔ འབྲེལ་ཚད་དོན་དང་ལྡན་པར་སྐྱེ༔ ཞེས་གསུངས་པ་ལྟར་རྒྱ་ནག་རི་བོ་རྩེ་ལྔར་གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་ཞབས་ཡོད་པ་དེ་སྐུ་ཚེ་འདི་ཉིད་ལ་ཟབ་མོའི་རྟེན་འབྲེལ་འགྲིག་སྟེ་བཞེས་ཐུབ་ན་བོད་ཡུལ་འདིར་ལོ་བརྒྱའི་བར་དུ་མཐའ་དམག་གི་འཇིགས་པ་མི་འབྱུང་བས་དུས་བདེ་བར་འགྱུར་ལ། གལ་ཏེ་བཞེས་མ་ཐུབ་ན། འདིའི་འོག་ཏུ་ཟབ་གཏེར་དེ་འདོན་པ་པོའི་གཏེར་སྟོན་གྱི་སྐྱེ་སྲིད་གཅིག་བཟུང་སྟེ། དེས་བཏོན་ནས་འགྲོ་བའི་དོན་མཛད་པར་འགྱུར་ཞིང་། དེའི་ཚེ་སྐུའི་བཀོད་པ་གཉིས་པ་ནི། བོད་ཀྱི་ཡུལ་འདིར་རྒྱལ་པོའི་ཚུལ་བཟུང་ནས་བཀའ་ཁྲིམས་བཙན་པོས་བོད་ཁམས་བདེ་བར་སྐྱོང་ཞིང་། བསྟན་པ་རིན་པོ་སྔར་མཆོད་དེ་དར་ཞིང་རྒྱས་པར་མཛད་ལ། སྐུའི་བཀོད་པ་གསུམ་པ་ནི། ནུབ་ཕྱོགས་ཨོ་ཌཱི་ཡ་ནའི་ཡུལ་ཛ་ག་ཊར་གྲུབ་པ་བརྙེས་པའི་རྣལ་འབྱོར་པའི་ཚུལ་བཟུང་སྟེ་རིམ་གཉིས་ཀྱི་ཡེ་ཤེས་ལ་བརྟན་པ་ཆེར་ཐོབ་པས། ཡུལ་གྱི་རྐྱེན་སྣ་ཚོགས་ཀྱིས་ཉམས་མྱོང་མི་འགྲིབ་པར་འཕེལ་བའི་གྲོགས་བྱེད་ཅིང་། དངོས་གྲུབ་དང་ནུས་པའི་ཁྱད་པར་མང་པོ་ཐོབ་ནས་གཞན་དོན་ཚར་གཅོད་རྗེས་འཛིན་ལ་རང་དབང་འབྱོར་བས། གང་ཤར་གྱི་ཡུལ་མི་འགོག་པར་ཅི་དགར་ལོངས་སྤྱོད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ཁྱད་པར་ཅན་གྱི་སྒོ་ནས་འབྲེལ་ཚད་ཟུང་འཇུག་གི་ལམ་ལ་སྦྱོར་བའི་ཕྲིན་ལས་ཀྱི་དོན་མཛད་པའོ། །ཡང་དེ་ལས། དེ་ནས་རེས་འགའ་པད་འབྱུང་ངའི༔ ཐུགས་ཀྱི་ཀློང་དུ་


MLP003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ཐིམ༔ རེས་འགའ་སྤྲུལ་པའི་འོད་ཟེར་ནི༔ གང་འདུལ་མོས་པའི་དཔལ་དུ་འཆར༔ ཞེས་གསུངས་པ་ལྟར། གདུལ་བྱའི་ཡུལ་ལ་འདུལ་བྱེད་སྣང་ནུས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་བསོད་ནམས་མེད་ན། འདུལ་བྱེད་ཀྱི་སྐུའི་བཀོད་པའང་སྤྲུལ་གཞིའི་ཐུགས་ཀྱི་ཀློང་དུ་རང་ཐིམ་པ་ཆོས་ཉིད་དེ། ཆུ་སྣོད་མེད་ན་ཆུ་ཟླའི་གཟུགས་བརྙན་ཟླ་བའི་ངང་དུ་ཐིམ་ནས་མི་སྣང་བ་བཞིན་ནོ། །གདུལ་བྱའི་བསོད་ནམས་དང་། འདུལ་བྱེད་ཀྱི་ཐུགས་རྗེ་གཉིས་འཛོམ་པ་ན་གདུལ་བྱའི་ཡུལ་ཇི་སྙེད་པ་དེ་སྙེད་དུ་གང་འདུལ་གྱི་སྐུའི་བཀོད་པ་མཐའ་ཡས་པ་དུས་མཉམ་དུ་བསྟན་ནས་དོན་མཛད་དེ། ནམ་མཁའི་ཟླ་བ་གཅིག་ཉིད་ཀྱི་རྣམ་པ་ཆུ་སྣོད་མང་པོར་དུས་སྔ་ཕྱི་མེད་པར་སྣང་བ་བཞིན་ནོ། །དེ་ལྟར་ཡང་ཕལ་པོ་ཆེ་ལས། ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་པ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བར། །ཞིང་རྣམས་ཀུན་ལ་རབ་ཏུ་སྣང་། །སངས་རྒྱས་ལ་ནི་གཉིས་སྣང་མེད། །ཅེས་གསུངས་པ་ལྟར་རོ། །མ་འོངས་པ་ན་སངས་རྒྱས་ཀྱི་ཞིང་ཁམས་པདྨས་བརྒྱན་པ་ཞེས་བྱ་བར་རྣམ་རོལ་མཐའ་ཡས་ཞེས་བྱ་བའི་དེ་བཞིན་གཤེགས་པར་འཚང་རྒྱ་བར་འགྱུར་ཞིང་། དེའི་ཚེ་ད་ལྟའི་དུས་ཀྱི་འབྲེལ་ཐོབ་ཀྱི་གདུལ་བྱ་མ་ལུས་པ་རྒྱལ་བ་དེའི་སྲས་ཀྱི་ཐོག་མར་སྐྱེས་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཏིང་ངེ་འཛིན་གསུམ་མངོན་དུ་བྱས་ནས་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་ཏེ། རྡོ་རྗེ་གླིང་པའི་ཞལ་ཆེམས་ལས། ཡར་འབྲོག་དབུས་གཡོར་སྡེ་གཉིས་ཀྱི། །མཚམས་སུ་བདག་ནི་སྐྱེ་བ་ལེན། །འགྲོ་འདུལ་ཞེས་གྲགས་རྒྱལ་བའི་སྲས། །རྫུ་འཕྲུལ་མངོན་ཤེས་ལྡན་པ་འབྱུང་། །ཞེས་དང་། དེ་དུས་ལུས་ངག་ཡིད་གསུམ་གྱི། །འབྲེལ་བ་གང་ལྟར་ཐོགས་པ་རྣམས། །རིགས་དྲུག་འཁོར་བ་དོང་སྤྲུགས་ནས། །པདྨས་བརྒྱན་པའི་ཞིང་ཁམས་སུ། །ཁོ་བོ་བླ་ན་མེད་པ་ཡི། །རྣམ་རོལ་མཐའ་ཡས་མགོན་པོ་ཆེར། །ཡང་དག་མངོན་འཚང་རྒྱ་བའི་ཚེ། །སྲས་འཁོར་རྒྱ་མཚོའི་ཐོག་མར་སྐྱེ། །སྐྱེ་མེད་ཆོས་ལ་བཟོད་ཐོབ་ནས། །དཔའ་འགྲོ་སྒྱུ་མ་རྡོ་རྗེ་ལྟའི། །ཏིང་འཛིན་རྣམ་


MLP003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མངོན་གྱུར་གྱི། །བྱང་ཆུབ་མཆོག་ལུང་དེ་རུ་ཐོབ། །ཅེས་སོ། །དེ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ས་མཚམས་གཉིས་བཤད་ཀྱང་། འདི་ནི་དཔའ་བར་འགྲོ་བ་དང་། སྒྱུ་མ་ལྟ་བུ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་ཏེ་ཏིང་ངེ་འཛིན་བརྒྱ་སྟོང་མངོན་དུ་བྱས་ནས་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བཤད་པ་དང་འབྱོར་ཏེ། འོ་སྐོལ་གྱི་སྟོན་པ་བྲམ་ཟེའི་ཁྱེའུ་སྤྲིན་དུ་གྱུར་པའི་ཚེ། མར་མེ་མཛད་ལ་ཨུཏྤལ་ལྔ་གཏོར་ཏེ། རལ་པ་གདན་དུ་བཏིང་ནས་མཆོད་པས་མ་འོངས་པའི་དུས་སུ་ཤཱཀྱ་ཐུབ་པར་འཚང་རྒྱ་བར་ལུང་བསྟན་པ་དང་། དགའ་ཆེས་ཏེ་ཏཱ་ལ་བདུན་སྲིད་དུ་འཕགས་ནས་ཏིང་ངེ་འཛིན་བརྒྱ་སྟོང་མངོན་དུ་བྱས་ཏེ། ས་བརྒྱད་པ་བརྙེས་པར་བཤད་པ་བཞིན་ནོ། །དེ་ལྟར་ཡང་ཇི་སྐད་དུ། སངས་རྒྱས་མར་མེ་མཛད་ལ་ཨུཏྤལ་ལྔས། །གཏོར་ཏེ་རལ་པ་སྟན་དུ་བཏིང་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། །ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ང་ལུང་བསྟན། །ཞེས་དང་། ལུང་ལས་ཀྱང་། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་སྐལ་བཟང་གི་སངས་རྒྱས་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དམ་མོས་པ་ཞེས་བྱ་བར་འཚང་རྒྱ་བའི་ཚུལ་སྟོན་ཏེ། དེ་བཞིན་གཤེགས་པ་དགུ་བརྒྱ་དགུ་བཅུ་རྩ་དགུ་པོ་རྣམས་ཀྱི་སྐུ་ཚེའི་ཚད་དང་ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་པ་དེ་སྙེད་དུ་གྱུར་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། དེ་རྣམས་འདུས་པ་དང་པོར་སྐྱེས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར་ཏེ། རང་གཏེར་ཤ་འུག་གཏེར་བྱོན་གྱི་ལུང་བྱང་དེའི་འཕྲོས་ལས། ཐ་མར་སྐལ་བཟང་སངས་རྒྱས་ནི༔ མོས་པ་ཞེས་བྱར་མངོན་འཚང་རྒྱ༔ ད་ལྟའི་འབྲེལ་ཐོགས་སྐལ་ལྡན་ཀུན༔ འདུས་པ་དང་པོར་སྐྱེ་བར་འགྱུར༔ ཞེས་དང་། རྡོར་གླིང་གི་ཞལ་ཆེམས་ལས་ཀྱང་། མཐར་ཐུག་རྣམ་འདྲེན་མོས་པའི་ཚེ། །ཀུན་ཀྱང་ཕྱོགས་བཅུའི་ཞིང་ཁམས་སུ། །སངས་རྒྱས་མཆོག་ཐོབ་འཁོར་དོང་སྤྲུགས། །ཞེས་གསུངས་སོ། །མདོར་ན་མང་དུ་སྨོས་པས་ཅི་ཞིག་བྱ་སྟེ། བདག་


MLP003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆེན་པོ་འདི་ནི། ད་ལྟ་སློབ་པ་ལམ་པའི་གནས་སྐབས་སུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུར་བསྟན་པས། ས་བཅུ་པའི་བྱང་སེམས་སུ་བཤད་པ་ནི། ཐ་སྙད་རྣམ་འཇོག་གི་དབང་དུ་བྱས་པ་སྟེ། ངེས་དོན་ཡིན་ལུགས་ཀྱི་དབང་དུ་བྱས་ནས། གཉིས་མེད་རྣམ་རྒྱལ་ལས། ཕྱག་ན་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཡིན་ལ་རྡོ་རྗེ་འཆང་ཆེན་པོ་ཡང་དེ་ཉིད་ལས་གཞན་མ་ཡིན་པར་རིག་པར་བྱ་སྟེ། ཞེས་དང་། བདེ་འདུས་ཀྱི་ལོ་རྒྱུས་བཻ་རོ་ཙ་ནས་མཛད་པ་ལས་ཀྱང་། སྟོན་པ་ཀུན་ཏུ་བཟང་པོ་ཉིད་དང་ཐུགས་གཉིས་སུ་མེད་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཞེས་ཀྱང་བྱ༔ རྡོ་རྗེ་སེམས་དཔའ་ཞེས་ཀྱང་བྱ༔ ལག་ན་རྡོ་རྗེ་ཞེས་ཀྱང་བྱ༔ རྡོ་རྗེ་དྲག་པོ་རྩལ་ཞེས་ཀྱང་བྱ༔ ཞེས་སོགས་གསུངས་ཤིང་། གསང་བ་གྲུབ་པ་ལས་ཀྱང་། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། །འཆད་པ་པོ་དེ་སྡུད་པའང་དེ། །ཞེས་སྟོན་སྡུད་དབྱེར་མེད་དུ་བཤད་པ་ལྟར། ཕྱག་ན་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཉིད་ཡིན་པར་གསུངས་པའི་ཕྱིར། དེས་གང་འདུལ་གྱི་སྐུའི་བཀོད་པ་བསྟན་པའང་སངས་རྒྱས་འཕགས་པའི་སྤྲུལ་པའི་སྐུར་གདོན་མི་ཟ་ཞིང་། རྒྱུ་མཚན་དེས་བདག་ཉིད་ཆེན་པོ་འདིའི་ཕྲིན་ལས་ཀྱི་མཐའ་ཡང་འདི་ཙམ་མོ་ཞེས་གཞལ་དུ་མེད་དེ། སྤྱི་མདོ་དགོངས་པ་འདུས་པའི་གླེང་གཞིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ། ཇི་སྐད་དུ་རྣམ་པར་བགྲོ་བའི་སྐྱེས་བུ། སྨྲ་བའི་སེང་གེ་དེ། འདི་ལྟར་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་ན་འཁོད་ཅིང་། སེམས་ཅན་གྱི་རིགས་ཐ་དད་པ་ནའང་བཞུགས་ཏེ། བསམ་གྱིས་མི་ཁྱབ། བསམ་དུ་མེད་པའི་ཆོས། དཔག་ཏུ་མེད་པའི་རྒྱལ་བ་ཀུན་གྱིས་བསྔགས་པའི་འདུ་འབྲལ་མེད་པའི་གཟུངས། ཐམས་ཅད་རིག་པ་གསང་སྔགས་ཀྱི་ངོ་བོ་ཇི་སྙེད་པའི་ཇི་བཞིན་པ། ཆོས་ཐམས་ཅད་ཀྱི་མེ་ལོང་དེ་ཉིད་མི་འགལ་བར་ཉན་ཅིང་། མ་ནོར་བར་སྟོན་ཏེ། རྣམ་པར་བགྲོ་བ་ནི་འདི་ལྟ་སྟེ། ཞེས་གསུངས་པའི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས། ཞེས་པས་གསང་བདག་ཉིད་སྟོན་པ་རིགས་


MLP003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་དང་གཉིས་སུ་མེད་པར་བསྟན་ཅིང་། ཇི་སྐད་དུ་རྣམ་པར་བགྲོ་བའི་སྐྱེས་བུ། ཞེས་པ་མན་ཆད་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་མཐའ་ཡས་པར་རང་རང་གི་སྟོན་པ་ལས་ཆོས་སེམས་ཉིད་འོད་གསལ་བའི་ཟུང་འཇུག་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ཉན་པ་དང་། རང་གི་ཉེ་བའི་འཁོར་གདུལ་བྱ་དག་པ་རྣམས་ལ་སྟོན་པར་བྱེད་ཅིང་། དེར་མ་ཟད་སྤྲུལ་པ་སྐུ་ཡོངས་སུ་མྱ་ངན་ལས་འདས་པའི་འཁོར་དག་མ་དག་གི་གདུལ་བྱ་རྣམས་ལའང་། ཆོས་ཉིད་མ་བཅོས་པའི་དོན་ཉིད་རྣམ་པར་བགྲོ་བའི་མཛད་པ་རྣམས་དུས་གཅིག་ལ་སོ་སོར་མ་འདྲེས་པར་ཐ་དད་དུ་སྟོན་ཞིང་འབད་མེད་ལྷུན་གྲུབ་ཏུ་སྣང་བར་མཛད་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་མངའ་དབང་འབྱོར་བའི་ཕྱིར་རོ། །དེ་ལྟ་ནའང་རིགས་བསྡུས་ན། འགྲོ་བ་རྣམས་ངན་སོང་དུ་སྐྱེ་འགྱུར་གྱི་རྒྱུ་ལས་ཉོན་སྤོང་བྱེད་ཀྱི་གདམས་པ་བསྟན་པས་དེ་ལས་བཟློག་ནས་གནས་སྐབས་ཀྱི་བདེ་བ་ལྷ་དང་མིའི་རྟེན་ལ་བཀོད་ཅིང་། དད་པ་དང་ངེས་འབྱུང་གི་བློ་བཟང་པོ་རྒྱུད་ལ་སྐྱེད་པར་མཛད་པ་ནི་གདུལ་བྱ་ལམ་གྱི་རྟེན་ལ་འགོད་པའི་ཕྲིན་ལས་དང་། མཐར་ཐུག་གི་ཕན་པ་ཐར་པའི་ལམ་ལ་དངོས་སུ་དྲངས་ཏེ། སྤངས་རྟོགས་ཀྱི་ཡོན་ཏན་གོང་ནས་གོང་དུ་བཀོད་པའི་མཐར། མཐའ་གཉིས་ལ་མི་གནས་པའི་མྱང་འདས་མཆོག་ལ་སྦྱོར་བར་མཛད་པ་ནི། གདུལ་བྱ་ལམ་དང་ལམ་གྱི་འབྲས་བུ་ལ་འགོད་པའི་ཕྲིན་ལས་ཏེ། དེ་གསུམ་ཡང་རང་སྣང་དག་པའི་སྐུ་ལས་མ་གཡོས་བཞིན་ཏུ་ཚད་མེད་ཐུགས་རྗེའི་རོལ་པ་མ་འགགས་པས་གང་ལ་གང་འདུལ་གྱི་སྤྲུལ་པའི་བཀོད་པ་སྣ་ཚོགས་ཀྱིས། གདུལ་བྱའི་ཁམས་དང་། དེ་འདུལ་བའི་ཐབས་དང་། དེའི་གཉེན་པོ་སོགས་མཁྱེན་ནས་འདུལ་པའི་ཕྲིན་ལས་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་ཁྱབ་པས་རྒྱ་ཆེ་བ་དང་། དུས་འཁོར་བ་ཇི་སྲིད་བར་དེ་སྲིད་དུ་རྒྱུན་མི་ཆད་པར་འབྱུང་བས་རྟག་པ་དང་། འདུལ་བའི་དུས་ལ་བབས་པ་ན་འབད་རྩོལ་མེད་པར་འཇུག་པ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་རྣམས་སུ་འདུ་བ་ཡིན་ཏེ། རྒྱུད་སྔ་མ་ལས། དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་ལ་རྟག་པར་ལྷུན་གྲུབ་པས། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་


MLP003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དག་འཇུག །ཅེས་གསུངས་པ་བཞིན་ནོ། །གདོད་མའི་དབྱིངས་སུ་རང་རིག་ཡེ་ཤེས་རྣམ་པར་གྲོལ་བས་མགོན་ཁྱོད་ངེས་པར་རྫོགས་སངས་རྒྱས། །ལ་ལར་ས་བཅུའི་བྱང་སེམས་ཚུལ་གྱིས་རྒྱལ་བ་ཀུན་གྱི་བཀའ་ཡི་སྡུད་བྱེད་གསང་བ་འཛིན། །གཞན་དུ་ཞི་ཁྲོའི་རྣམ་འགྱུར་དུ་མས་གྲངས་མེད་དཀྱིལ་འཁོར་སྤྲོ་བསྡུའི་བདག་ཉིད་རྡོ་རྗེ་སེམས། །གང་འདིར་སྲིད་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་། །དེ་ཡི་གསང་གསུམ་ངོ་མཚར་ཡོན་ཏན་མཐའ་ཡས་ནམ་མཁའི་རྗེས་འགྲོ་བར། །སྦྲང་བུས་གཤོག་རྩེས་བགྲོད་འདོད་ཇི་བཞིན་དེང་འདིར་དད་པའི་གླེགས་བུ་ལ། །རྣམ་པར་བཀོད་པའི་སྙན་འགྱུར་རོལ་སྒེག་རྨད་བྱུང་རི་མོ་གསར་པ་འདིས། །སྐལ་བཟང་མིག་ལ་ཀུན་དགའི་དགའ་སྟོན་ཡ་མཚན་བརྒྱ་ཕྲག་ཅིར་ཡང་སྟོན། །ཕུལ་བྱུང་མཛད་པའི་གཏམ་གྱི་སྙན་གྲགས་དབྱངས། །ཚངས་པའི་འཇིག་རྟེན་དུ་ཡང་གསལ་མོད་ཀྱི། །འོན་ཀྱང་ཞིང་འདིའི་སྐལ་བཟང་རྣ་བའི་རྒྱན། །མཛེས་བྱེད་ཨུཏྤལ་ཕྲེང་བར་འགྱུར་སྙམ་སྤེལ། །རྒྱལ་རྣམས་མཁྱེན་པའི་མེ་ལོང་གཙང་མའི་ངོས། །ཤེས་བྱའི་ཆོས་ཀུན་མ་འདྲེས་རབ་གསལ་ན། །འདི་ཙམ་ཞིག་ལ་ངོ་མཚར་གནས་བྱེད་པ། །བདག་བློ་བྱིས་པའི་རང་ཚུལ་མཚོན་མིན་ནམ། །མགོན་ཁྱོད་རྣམ་ཐར་དཔག་ཡས་ཆུ་གཏེར་ཆེ། །དད་པའི་རྔ་ཡབ་རྩེ་མོས་བགྲང་བྱས་པ། །འདི་ལ་རྒྱལ་བ་སྲས་བཅས་དགྱེས་པའི་མཐུས། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་དེང་འཇུག་འགྱུར། །དེང་བདག་རྒ་བའི་སྒྲོག་གིས་དམ་བཅིངས་ཀྱང་། །ཤེས་རབ་ཅང་ཤེས་དད་པའི་སྲབ་ཀྱིས་གཅུན། །བརྩོན་འགྲུས་ལྕག་གིས་རྣམ་གྲོལ་ཐང་ཡངས་ལ། །བསྐུལ་བས་ཚོགས་གཉིས་འགྲོས་རྩལ་ཅི་ཡང་འབྱོར། །དེ་ལྟར་འབད་པའི་དགེ་འདིས་མཐའ་ཡས་འགྲོ། །སྐྱེ་ཞིང་སྐྱེ་བར་ཁྱོད་ཀྱིས་རྗེས་བཟུང་ནས། །ཟབ་རྒྱས་ཆོས་ཀྱི་བདུད་རྩི་ངོམས་མེད་དུ། །འཐུང་ལས་འགྲོ་སྒྲོལ་དེད་དཔོན་ཉིད་གྱུར་ཅིག །རང་རིག་སྐྱེ་འགག་གཉིས་འཛིན་ལས་གྲོལ་བས། །མི་འགྱུར་འཆི་མེད་རྡོ་རྗེའི་སྐུ་བརྙེས་ལྟར། །ཞིང་འདིའི་བསྟན་འགྲོའི་ཕན་བདེའི་ཉེར་འཚོ་རུ། །གཟུགས་སྐུ་རི་དབང་ལྟ་བུར་བརྟན་པར་གསོལ། །རྣམ་དག་འོག་མིན་


MLP003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ས་འདིར་འཕོས་པའམ། །གངས་རིའི་ཁྲོད་ཀྱི་ཨོ༵་རྒྱ༵ན་ཌཱཀྐིའི་ཞིང་། །སྨི༵ན་གྲོ༵ལ་ཆོས་སྒྲ་སྒྲོག་པའི་གླི༵ང་གང་འདིའི། །ཆོས་སྲིད་རིང་ལུགས་བླ་ནས་བླར་འཕེལ་ཤོག །ལྷག་བསམ་སྙིང་སྟོབས་ཕུལ་བྱུང་དར་ཆེན་འཕྱར། །དད་འདུན་བརྩོན་འགྲུས་མཐུན་པའི་རླུང་གིས་བསྐུལ། །བཤད་སྒྲུབ་གྲུ་གཟིངས་བཤམས་ནས་སྐྱེ་རྒུ་ཀུན། །འཇིགས་རུང་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག །ལུས་བསྐྱེད་མ་དང་ཕན་འདོགས་སློབ་དཔོན་སོགས། །དྷརྨ་ཤྲཱི་འབྲེལ་བར་བཅས་པ་ཀུན། །སྐྱེ་བར་མགོན་ཁྱོད་ཐུགས་རྗེའི་གྲིབ་བསིལ་དུ། །བདེ་བར་ངལ་གསོ་སྲིད་ཞིའི་གདུང་སེལ་ཤོག །ཚེ་རབས་ཀུན་ཏུ་སྙིང་སྟོབས་རླབས་པོ་ཆེས། །རྗེ་བཙུན་བླ་མའི་ཕྲིན་ལས་ཀུན་བསྒྲུབས་ནས། །ཐེག་མཆོག་རྨད་བྱུང་བླ་མའི་ལམ་བཟང་གིས། །དཔལ་ལྡན་བླ་མའི་གོ་འཕང་མངོན་འགྱུར་ཤོག །གང་ཁྱོད་པདྨས་བརྒྱན་པའི་ཞིང་ཁམས་སུ། །རྣམ་རོལ་མཐའ་ཡས་མགོན་པོར་སངས་རྒྱས་ཚེ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་ས་བརྒྱད་པ། །ནོན་ནས་བྱང་ཆུབ་ལུང་བསྟན་མཆོག་ཐོབ་ཤོག །ནམ་ཞིག་བདེ་གཤེགས་མོས་པའི་སྣང་བྱེད་འོད། །རྡོ་རྗེ་གདན་གྱི་སྤོ་ལ་བརྡལ་བའི་དུས། །མངོན་སུམ་ཞལ་བལྟ་ཆོས་སྨྲའི་ཐོག་མ་རུ། །གྱུར་ནས་བླ་མེད་བྱང་ཆུབ་ཐོབ་པར་ཤོག །གང་འདིར་སུ་ཞིག་ཡིད་རབ་དད་བྱེད་དམ། །ཀློག་གམ་འཛིན་ནམ་ཐེ་ཚོམ་བྱེད་ཀྱང་རུང་། །དེ་དག་ཀུན་ལ་མགོན་ཁྱོད་བརྩེ་ཆེན་གྱིས། །ཡེ་ཤེས་གཟིགས་པ་རྟག་ཏུ་འཇུག་པར་ཤོག །ཐུབ་བསྟན་བླ་ན་བཀུར་བའི་མི་བདག་རྣམས། །ཆབ་སྲིད་སྐུ་དཔལ་ཡར་ངོ་ལྟར་འཕེལ་ཞིང་། །འཇིག་རྟེན་ཁམས་ཀུན་ནད་མུག་འཁྲུག་རྩོད་ཞི། །དགའ་སྐྱིད་བདེ་བའི་དཔལ་ལ་སྤྱོད་པར་ཤོག །ངོ་བོ་ཀ་དག་ཀུན་ཁྱབ་འགྱུར་མེད་མཁའ་དབྱིངས་སུ། །རང་བཞིན་གསལ་མདངས་ལྷུན་གྲུབ་ཞི་ཁྲོའི་ཆུ་འཛིན་འཁྲིགས། །ཐུགས་རྗེ་མ་འགག་བྱིན་རླབས་འདོད་དགུར་འཇོ་བའི་ཆར། །བསྙིལ་བའི་བཀྲ་ཤིས་ཕྱོགས་དུས་ཀུན་དུ་ཁྱབ་པར་ཤོག །ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྨད་བྱུང་ངོ་མཚར་བའི་རྟོགས་པ་བརྗོད་པ་ཡོན་ཏན་མཐའ་ཡས་རྣམ་པར་བཀོད་པའི་རོལ་


MLP003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞེས་བྱ་བ་འདིའང་། འཇིག་རྟེན་དབང་ཕྱུག་འཕགས་པ་རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་སྲས་མཆོག་ངག་དབང་མཆོག་གི་སྤྲུལ་པའི་སྐུ་ངག་དབང་འགྱུར་མེད་ཆོས་དཔལ་ཐུབ་བསྟན་མཆོག་གྲུབ་བཟང་པོའི་སྡེའི་ཞལ་སྔ་ནས་དང་། ལུགས་གཉིས་ཀྱི་མཁྱེན་དཔྱོད་ཡངས་པ་ཕྱག་མཛོད་རྗེ་དབོན་ཕུན་ཚོགས་དབང་འཛིན་གཉིས་ཀྱིས་གནང་སྐྱེས་ཕུལ་དུ་བྱུང་བ་དང་བཅས་གསུང་གིས་བསྐུལ་བ་ལྟར། རྗེ་བཙུན་བླ་མ་དམ་པ་མཆོག་གི་རིགས་ཀྱི་གཅུང་དུ་སྐྱེས་ཤིང་དམ་པའི་ཆོས་ཀྱི་བཀའ་དྲིན་ཆེན་པོས་རྗེས་སུ་བསྐྱངས་པའི་སྐལ་བ་ཅན། སྨྱོས་ཀྱི་དགེ་སློང་རྒན་པོ་དྷརྨ་ཤྲཱིས་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་རྒྱལ་ཟླ་བའི་ཡར་ངོའི་ཚེས་བཞི་རེས་གཟའ་ལེགས་ལྡན་པ་ཝ་སངས་རྒྱུ་སྐར་མོན་གྲུ་དང་རྩེ་བའི་དངོས་གྲུབ་སྦྱོར་བ་ལ་བཤད་སྒྲུབ་ཀྱི་ཆུ་བོ་འདུ་བའི་རྒྱལ་བསྟན་རིན་པོ་ཆེའི་འབྱུང་གནས་གངས་རིའི་ཁྲོད་ཀྱི་པདྨ་འོད་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་གི་ཡང་ཐོག་འཆི་མེད་འོད་སྣང་དུ་གྲུབ་པར་སུག་ལས་སུ་སྦྱར་བ་ལས། གླེགས་བམ་གཉིས་པར་སྤེལ་བའི་ཡི་གེ་པ་ནི་ཆོས་མཛད་དགེ་སློང་འགྱུར་མེད་མཆོག་གྲུབ་ཀྱིས་བགྱིས་པའོ། །འདིས་ཀྱང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་དཔལ་ལྡན་བླ་མའི་བྱིན་རླབས་ཞུགས་ནས་བྱང་ཆེན་གྱི་སྤྱོད་པ་རླབས་པོ་ཆེ་ལ་སྤྱད་དེ་སྲིད་ཞིའི་འཆིང་བ་ལས་རྣམ་པར་གྲོལ་བའི་རྒྱུར་གྱུར་ཅིག། །།


previousརང་གི་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པའི་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པའི་ཚུལ།next