Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of ཧ་ཅང་བྱེད་པ་
[Clear Hits]


  
  
  
  
  
  
  
 
  
  
  
སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི།
  
  
  


1 occurrence of ཧ་ཅང་བྱེད་པ་
[Clear Hits]

 
previousསྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི།next

སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི།


MLP010_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མའི་སྦྱོར་བ་བཤད་པ་ལ། མདོའི་ལུང་དྲང་བ་དང་། མཚོན་བྱེད་ཀྱི་ཆོས་བཤད་པ་གཉིས་ལས། དང་པོ་ཕྱིན་དྲུག་མི་དམིགས་པར་སྒོམ་ཚུལ་གསུངས་པ་ལས་འཕྲོས་ནས་རབ་འབྱོར་གྱིས་གསོལ་བ། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། ཇི་ལྟར་ན་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། བྱང་ཆེན་སྦྱིན་པ་ཡོངས་སུ་གཏོང་བ་དེ་ཡུམ་གྱིས་ཡོངས་སུ་ཟིན་པ་ལས་གཞན་མ་ཡིན་ནོ། །ཞེས་པ་ནས། བྱང་ཆེན་ཡུམ་ལ་དེ་ལྟར་སྤྱོད་པ་ནི་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་སོགས་ཀྱིས་ནི་སྐད་ཅིག་མའི་སྦྱོར་བ་སྤྱིར་གསུངས་སོ། །བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རིགས་ཀྱི་ལོངས་སྤྱོད་དང་། སྐྱིད་པ་དང་། སངས་རྒྱས་ཀྱི་ཞིང་གཞན་རྩོལ་བ་དང་བྲལ་བ་དག་ན་ལོངས་སྤྱོད་དང་སྐྱིད་པ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཡིད་ལ་བསམ་པ་ཙམ་གྱིས་འབྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཡིད་ལ་བསམ་པ་ཙམ་གྱིས་འབྱུང་ངོ་། །ཞེས་པས་ནི། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་དེ་གསུངས་སོ། །རབ་འབྱོར་དེ་རྣམ་པར་སྨིན་པ་མ་ཡིན་པ་ལས་བྱུང་བའི་སྦྱིན་པ་དང་། ཚུལ་ཁྲིམས་སོགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རྗེས་སུ་ཐོབ་སྟེ། ཞེས་པས། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་དེ་གསུངས་སོ། །རབ་འབྱོར་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། རྨི་ལམ་དང་སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཞེས་པས་མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་བསྟན་ཏོ། །རབ་འབྱོར་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་ཤེས་སོ། །ཞེས་སོགས་ཀྱིས་ནི་གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་གསུངས་པ་ཡིན་ནོ། །གཉིས་པ་ལ་བཞི་ལས། དང་པོ་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བར་


MLP010_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་། ཟག་མེད་ཀྱི་ཡོན་ཏན་བསྡུས་ཚུལ་ལོ། །དང་པོ་ནི། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་བྱས་པ་ན། དེ་དང་རིགས་མཐུན་གྱི་ཟག་མེད་ཀྱི་ཡོན་ཏན་རྣམས་མངོན་དུ་བྱེད་ནུས་ཀྱི་སེམས་དཔའི་རྣལ་འབྱོར་མཐར་ཐུག །གཉིས་པ་ལ། སྡུད་བྱེད། བསྡུ་བྱ། བསྡུས་ཚུལ་དང་གསུམ། དང་པོ་ནི། རྒྱུན་མཐའི་གནས་སྐབས་ཀྱི་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ཡོན་ཏན་གྱི་རྟོགས་རིགས་སོ། །གཉིས་པ་ནི། སྦྱིན་པ་ལ་སོགས་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་ཟག་མེད་ཀྱི་ཡོན་ཏན་རྣམས་སོ། །གསུམ་པ་ནི། རྒྱུན་མཐར་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཡོན་ཏན་རྣམས་མངོན་དུ་བྱེད་པའི་དཔེ་ནི། བཟོ་བོ་མཁས་པས་བཟོ་ལེགས་པར་བྱས་པའི་མཐུ་ལས། ཟོ་ཆུན་གྱི་རྒྱུད་ཐམས་ཅད་ཅིག་ཆར་རྒྱུད་གཅིག་ཏུ་འགུལ་བ་ལྟ་བུའོ། །གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད་ནི། རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན། དེ་དང་རིགས་མཐུན་གྱི་ཟག་མེད་ཀྱི་ཆོས་ཀུན་མངོན་དུ་བྱེད་ནུས་ཀྱི་སེམས་དཔའི་རྣལ་འབྱོར་མཐར་ཐུག །མཚན་གཞི། ས་བརྒྱད་པ་ཡན་ཆོད་ཀྱི་ཡོན་ཏན་ནི་རྣམ་པར་སྨིན་པའི་ཡོན་ཏན་ཏེ། འབད་རྩོལ་གྱི་མཚན་མ་ཉེ་བར་ཞི་བའི་ཡོན་ཏན་ཡིན་པའི་ཕྱིར་ཏེ། རྒྱུད་བླར། མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་ཡིན། །ཞེས་སོ། །དེས་ན་ས་བདུན་པ་མན་ཆད་ཀྱི་ཡོན་ཏན་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །གསུམ་པ་མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད་ནི། ཆོས་གཅིག་བདེན་པའི་མཚན་ཉིད་མེད་པར་རྟོགས་པ་ན་དེ་དང་རིགས་མཐུན་ཆོས་ཀུན་བདེན་པའི་མཚན་ཉིད་མེད་པར་རྟོགས་ནུས་ཀྱི་སེམས་དཔའི་རྣལ་འབྱོར་མཐར་ཐུག །བཞི་པ་གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད་ནི། ཆོས་གཅིག་གཟུང་འཛིན་བདེན་པ་བ་མེད་པར་རྟོགས་པ་ན་དེ་དང་རིགས་མཐུན་པའི་ཆོས་ཀུན་གཟུང་འཛིན་


MLP010_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་བ་གཉིས་སུ་མེད་པར་རྟོགས་ནུས་ཀྱི་སེམས་དཔའི་རྣལ་འབྱོར་མཐར་ཐུག །གསུམ་པ་ནི། བཞི་པོ་བསྡུ་ན། ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་དང་། ཤེས་རབ་ཀྱིས་ཤེས་བྱ་ཤེས་པའི་རྣལ་འབྱོར་གཉིས་སུ་འདུས་ཏེ། དང་པོའི་དབང་དུ་བྱས་ནས་དང་པོ་གཉིས། གཉིས་པའི་དབང་དུ་བྱས་ནས་ཕྱི་མ་གཉིས་བཞག་པའི་ཕྱིར། དེ་ཡང་དང་པོ་ནི། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཞེས་སོགས་ཀྱིས་བསྟན། དེའི་དཔེ་ནི། ཇི་ལྟར་སྐྱེས་བུས། ཞེས་སོགས་སོ། །གཉིས་པ་ནི། གང་ཚེ་ཆོས་དཀར་ཞེས་སོགས་སོ། །གསུམ་པ་ནི། སྦྱིན་པ་ལ་སོགས། ཞེས་སོགས་སོ། །བཞི་པ་ནི། རྨི་ལམ་དང་ནི། ཞེས་སོགས་སོ། །ས་མཚམས་ནི། རྒྱུན་ཐ་ཁོ་ན་ན་ཡོད་དོ། །མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཉུང་ངུ་རྣམ་པར་གསལ་བ་ལས། སྐད་ཅིག་མའི་སྦྱོར་བ་བཤད་པའི་སྐབས་ཏེ་བདུན་པའོ།། །།


previousསྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི།next