Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
   
   
   
   
རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད།
   
   
   
   
   


 
previousརྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད།next

རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད།

གཉིས་པ་འབྲས་བུ་རྩེ་མོའི་སྦྱོར་བ་ལ། མདོའི་ལུང་དྲང་བ་དང་། མཚོན་བྱེད་ཆོས་བཤད་པ་གཉིས་ལས། དང་པོ་ནི། གོང་དུ། དེའི་རྟགས་དང་། ཞེས་པའི་མདོ་ལས་འཕྲོས་ནས། བཀའ་སྩལ་པ། རབ་འབྱོར་བྱམས་ཆེན་རྨི་ལམ་ན་ཡང་ཆོས་ཐམས་ཅད་སྒྲ་བརྙན་དང་། མིག་ཡོར་དང་། སྤྲུལ་པ་དང་། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་བལྟ་ཡང་། མངོན་དུ་མི་བྱེད་ན་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་སོགས་མདོ་ཚན་བཅུ་གཉིས་ཀྱིས་ནི་རྟགས་ཀྱི་རྩེ་སྦྱོར་བསྟན་ཏོ། །དེ་ནས་བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སེམས་ཅན་དེ་དག་སངས་རྒྱས་སུ་གྱུར་པ་ལ། གང་ལ་ལ་ཞིག་གིས་རིམ་གྲོར་བྱས་ཤིང་། དགེ་བ་རྫོགས་བྱང་དུ་བསྔོ་བ་དང་། ཡང་། གང་ལ་ལ་ཞིག་གིས་དེ་དག་རྫོགས་པའི་བྱང་ཆུབ་ལ་བཀོད་ན། དེའི་རྒྱུས་བསོད་ནམས་འཕེལ་བ་དཔེར་བྱས་ནས། དེ་བས་ཀྱང་གང་ལ་ལ་ཞིག་གིས་ཡུམ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། ཡང་དག་པར་སྟོན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཞེས་པས་ནི། རྣམ་འཕེལ་གྱི་རྩེ་སྦྱོར་བསྟན་ཏོ། །དེ་ནས་ལྷའི་དབང་པོས་མེ་ཏོག་མནྡ་ར་བ་མང་པོས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ནས། དགེ་བའི་རྩ་བ་འདིས། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་སོགས་ཀྱིས་ནི། ངེས་པར་བརྟན་པའི་རྩེ་སྦྱོར་བསྟན་ཏོ། །དེ་ནས་བརྒྱ་བྱིན་གྱིས་སེམས་དཔའ་བཞིའི་སེམས་བསྐྱེད་ལ་རྗེས་སུ་ཡི་རང་བར་བགྱི་ན་བསོད་ནམས་ཇི་ཙམ་དུ་འཕེལ། དྲིས་པའི་ལན་གྱིས་ནི། སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་བསྟན་ཏོ། །དེ་ལས་འཕྲོས་ནས། བཀའ་སྩལ་པ། དེ་དག་གིས་ནི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་ན། བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་དང་། གཉིས་སུ་མེད་པའི་འདུ་ཤེས་སུ་མི་འགྱུར་བ་དེ་ལྟར་བསྔོ་བར་བྱའོ། །ཞེས་སོགས་བསྟན་བཤད་གཉིས་ཀྱི་སྒོ་ནས་མཐོང་སྤང་རྟོག་པ་བཞི་གསུངས་སོ། །དེ་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་མེ་ཏོག་མནྡ་ར་བ་མང་པོ་ཐོགས་ནས། བཅོམ་ལྡན་འདས་ལ་མངོན་པར་གཏོར་རོ། །ཞེས་སོགས་མདོ་ཚན་གསུམ་གྱིས་ནི་བྱང་ཆུབ་ཆེན་པོའི་རྒྱུ་བསྟན་ཏོ། །དེ་ནས་བཀའ་སྩལ་པ་ཀུན་དགའ་བོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཡུམ་འདི་ལས་བྱུང་ཡང་ཟད་པ་མེད་དོ། །ཞེས་སོགས་ཀྱིས་ནི། བྱང་ཆུབ་ཆེན་པོ་བསྟན་ཏོ། །དེ་ནས་རབ་འབྱོར་གྱིས་གསོལ་བ་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། ཇི་ལྟ་ན་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། ཞེས་སོགས་དྲིས་པའི་ལན་གྱིས་ནི། མཐོང་ལམ་རྩེ་སྦྱོར་བསྟན་ཏོ། །སྐབས་དེར་ཕྱིན་དྲུག་རེ་རེའི་ནང་དུ་གཞན་ལྔ་པོ་ཚང་བར་གསུངས་པ་འཕྲོས་ནས། ཤེར་ཕྱིན་གྱི་ནང་དུ་བསམ་གཏན་ཚང་ཚུལ་དྲིས་པའི་ལན་དུ། བཀའ་སྩལ་པ། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། རྣམ་ཐར་བརྒྱད་པོ་དེ་དག་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཏིང་ངེ་འཛིན་དེ་ལ་གནས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་དང་མཐུན་པ་དང་མི་མཐུན་པ་ལ་སོ་སོར་རྟོག་གོ །ཞེས་སོགས་ཀྱིས་མཉམ་བཞག་སེང་གེ་རྣམ་བསྒྱིངས་དང་རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ་གཉིས་བསྟན་ཏོ། །འདི་གཉིས་ཀ་མཐོང་ལམ་དུ་མི་རུང་བས་མཐོང་ལམ་རྩེ་སྦྱོར་དུ་མི་གཏོགས་ཀྱང་མཐོང་ལམ་རྩེ་སྦྱོར་གྱི་ཁྱད་པར་གྱི་ལམ་ཡིན་པས་དེའི་སྡེ་ཚན་དུ་བསྡུས་པའོ། །འོ་ན་འདི་སྒོམ་ལམ་རྩེ་སྦྱོར་དངོས་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདིའི་དུས་སུ་སྒོམ་ལམ་རྩེ་སྦྱོར་གྱི་སྦྱོར་བ་ཉེར་བསྡོགས་མི་སྐྱེ་ཞིང་། སྒོམ་སྤང་རྟོག་པའི་:སྙིང་༼གཉེན་༽པོ་ཡང་མ་ཐོབ་པའི་ཕྱིར་རོ། །འོ་ན་ཅི་འདིའི་རྗེས་ཐོབ་མཐོང་ལམ་དུ་མི་འཇོག་པ་བདེན་མོད། མཉམ་བཞག་སེང་གེ་རྣམ་བསྒྱིངས་མཐོང་ལམ་རྩེ་སྦྱོར་དུ་མི་རུང་བ་ཅི་ཞེ་ན། དེའི་ཤེས་བྱེད་ནི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་རང་གི་ཉེར་ལེན་སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་པ་དེ་ཁོ་ན་ལ་བརྟེན་གྱི་ས་གཞན་དུ་དབང་པོ་འཕོ་བའི་ལོང་མེད་པའོ། །དེ་ནས་རབ་འབྱོར་གྱིས་གསོལ་བ། བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན། ཞེས་དྲིས་པའི་ལན་གྱིས་ནི་སྒོམ་ལམ་གྱི་སྦྱོར་བ་སེང་གེ་རྣམ་བསྒྱིངས་དེ་བསྟན་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཡིན་དྲིས་པའི་ལན། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བའི་ཡར་སོང་གཅིག་དང་། བརྒྱད་ལ་འགོག་པ་སྤེལ་བའི་སྙོམས་པར་འཇུག་པ་གཅིག་དང་། དགུ་པ་འདོད་སེམས་སྤེལ་ནས་སྙོམས་པར་འཇུག་པ་ཞིག་སྟེ། གསུམ་གསུངས་པ་ནི་དངོས་གཞིའི་ཐོད་རྒལ་བཤད་པ་ཡིན་ནོ། །དེ་དག་ལས་སྦྱོར་བ་སྡུད་བྱེད་ཀྱི་གཞུང་ནི། འགོག་དང་། ཞེས་སོགས་རྐང་པ་གཉིས་ལ། འདོད་པར་གཏོགས་པའི། ཞེས་སོགས་རྐང་པ་གཉིས་ཀྱིས་ནི་སྦྱོར་དངོས་གཉིས་ཀྱི་བར་དང་། དངོས་གཞི་གསུམ་སོ་སོའི་བར་དུ་ཡང་འདོད་སེམས་རེ་རེས་བར་དུ་ཆོད་དགོས་པ་ནི་རྩ་བས་མདོའི་དགོངས་པ་བླངས་པ་ཡིན་ལ། འགྲེལ་པས་ནི་མདོའི་སྒྲ་ཇི་བཞིན་པ་ཉིད་བཤད་དོ། །ཐོད་རྒལ་དུ་ནི་སྙོམས་འཇུག་ལ། ཞེས་སོགས་ཀྱིས་ནི་དངོས་གཞི་གསུམ་བསྟན་ལ། དེ་ཡང་རྐང་པ་དང་པོས་དངོས་གཞི་ཆུང་ངུ་དང་། འགོག་པའི་བར་དུ་མི་འདྲར་འགྲོ། ཞེས་པས་འབྲིང་དང་། གཅིག་དང་གཉིས་གསུམ། སོགས་རྐང་པ་གཉིས་ཀྱིས་ནི་ཆེན་པོ་བསྟན་ཏོ། །འདིས་འབྲིང་པོ་ཁོ་ན་བསྟན་པ་མ་ཡིན་ཏེ། དེའི་སྐབས་སུ་ནི་བརྒྱད་བརྒལ་རྒྱུ་མེད་པའི་ཕྱིར། དེ་ལྟར་ན་དྲུག་ཚན་དྲུག་གི་ནང་ན་ཡོད་པའི་ཤེར་ཕྱིན་གྱི་བསམ་གཏན་དེ་ནི་གནས་ཚུལ་ལ་སྒོམ་ལམ་ཁོ་ནར་ངེས་ལ། གཞུང་དུ་བསྟན་ཚུལ་ནི། མཐོང་རྩེའི་ཁྱད་པར་གྱི་ལམ་དང་། སྒོམ་ལམ་གྱི་སྦྱོར་དངོས་གཉིས་ཏེ་གསུམ་དུ་བསྡུས་ནས་བཤད་དོ། །དེ་ལྟར་དྲུག་ཚན་དྲུག་ཏུ་སྟོན་པའི་མདོ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་བ། དེ་བཞིན་གཤེགས་པས་ཆོས་འདི་དག་གི་མདོ་དང་རྒྱས་པར་བསྟན་ན་དེ་ལ་བྱང་ཆེན་འཚང་རྒྱ་བར་འཚལ་བས། ཕར་ཕྱིན་དྲུག་པོ་འདི་དག་གིས་མདོ་དང་རྒྱས་པ་ཀུན་ཆུབ་པར་བགྱིའོ། །དེ་ནས་གོམས་པར་བགྱིའོ། །དེ་ནས་ཡིད་ཀྱིས་རྟོགས་པར་བགྱིའོ། །དེ་ནས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བ་དེ་ལྟར་བགྱིའོ། །ཞེས་སོགས་ཀྱིས་ནི། སྒོམ་སྤང་དུ་གྱུར་པའི་རྟོག་པ་བཞི་བཤད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུས་ལྗང་བུ་བསྐྱེད་པར་འདོད་པ་རྩ་བ་དང་ཡལ་ག་དང་། སྡོང་བུ་དང་། འབྲས་བུ་མ་དམིགས་པར་དུས་དུས་སུ་ཆུས་བྲན་ཞིང་། རིམ་གྱིས་ཡལ་ག་ལ་སོགས་པ་ཕུན་སུམ་ཚོགས་པར་འགྱུར་བ་དེ་བཞིན་དུ་བྱང་ཆེན་ཕྱིན་དྲུག་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་སོགས་ཀྱིས་ནི་བརྟེན་པ་ཡོན་ཏན་བཤད་དོ། །དེ་ནས་རབ་འབྱོར་གྱིས་གསོལ་བ། བྱང་ཆེན་བླ་ན་མེད་པའི་བྱང་ཆུབ་འཚང་རྒྱ་བར་འཚལ་བ་དེའི་བསོད་ནམས་ཇི་ཙམ་དུ་འཕེལ་བར་འགྱུར། ཞེས་ཞུས་པའི་ལན་གྱིས་ནི་བར་ཆད་མེད་པའི་རྩེ་སྦྱོར་གསུངས་སོ། །གསོལ་བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་ཇི་ལྟ་བུ། དམིགས་པ་ཇི་ལྟ་བུ། དབང་བསྒྱུར་བ་ཇི་ལྟ་བུ། རྣམ་པ་དང་མཚན་ཉིད་ཇི་ལྟ་བུ་མཆིས། ཞེས་ཞུས་པའི་ལན་གྱིས་ནི། རྒྱུ་བར་ཆད་མེད་རྩེ་དང་། འབྲས་བུ་རྣམ་མཁྱེན་གཉིས་ཀའི་རྐྱེན་གསུམ་བཤད་དོ། །ཡང་གསོལ་བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་དང་། ཞེས་ཞུས་པའི་ལན་དུ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པར་བསྟན་པ་ལ་རྒོལ་བ་བཅུ་དྲུག་ལན་དང་བཅས་པས་ནི། བསལ་བྱ་ལོག་སྒྲུབ་སེལ་བྱེད་གཉེན་པོ་བཅུ་དྲུག་དང་བཅས་པ་བསྟན་པ་ཡིན་ནོ། །སྐབས་འདིའི་བརྒལ་ལན་གྱི་དོན་ནི་ལྟ་བའི་དབང་དུ་བྱས་ནས་ཆོས་ཐམས་ཅད་ངོ་བོས་སྟོང་པར་བཤད་པ་ལ། སྒོམ་པ་དང་སྤྱོད་པ་མི་འཐད་པར་ཐལ་ལོ་ཞེས་རྒོལ་བ་ཡིན་མོད། འདི་ལ་ནི་དོན་དམ་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པའི་ཀླན་ཀ་ཞེས་བྱ་ལ། ཀླན་ཀ་དེ་ནི་བདེན་གཉིས་རྣམ་འབྱེད་ཀྱི་རིགས་པས་སེལ་བར་ནུས་པ་ཡིན་ཏེ། ལྟ་བ་ནི་དོན་དམ་དཔྱོད་བྱེད་ཀྱི་རིག་པས་རབ་ཏུ་ཕྱེ་བ་ཡིན་ལ། སྒོམ་པ་དང་སྤྱོད་པ་ནི་ཐ་སྙད་ཀྱི་བདེན་པ་ཁས་བླངས་པ་ལས་བཞག་པའི་ཕྱིར་རོ། །

གཉིས་པ་ལ། རྩེ་སྦྱོར་གྱི་ཆོས་བརྒྱད་པོ་དེ་བསྡུ་ན། སྦྱོར་ལམ། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་སྦྱོར་བཞིར་འདུས་ཏེ། རྩེ་སྦྱོར་ནི་སྤང་བྱ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་བསྒོམ་པར་བྱ་བ་ཡིན་ལ། སྤང་བྱ་མངོན་གྱུར་བའི་དབང་དུ་བྱས་ནས་སྦྱོར་ལམ་རྩེ་སྦྱོར་བཞག །ས་བོན་གྱི་དབང་དུ་བྱས་ནས་མཐོང་སྒོམ་གཉིས་བཞག །གནས་ངན་ལེན་གྱི་གཉེན་པོའི་དབང་དུ་བྱས་ནས་བར་ཆད་མེད་པའི་རྩེ་སྦྱོར་བཞག་པའི་ཕྱིར། དང་པོ་ཡིན་ཏེ། སྤང་བྱ་མངོན་གྱུར་བ་ལ་འཇུག་པ་གཟུང་རྟོག །རྫས་འཛིན་རྟོག་པ། བཏགས་འཛིན་རྟོག་པ་བཞིར་ཡོད་ཅིང་། དེ་དག་གི་གཉེན་པོའི་དབང་དུ་བྱས་ནས་རྟགས་ཀྱི་རྩེ་སྦྱོར་ལ་སོགས་པ་བཞིར་གསུངས་པའི་ཕྱིར་རོ། །དེ་ཡང་སྦྱོར་ལམ་རྩེ་སྦྱོར་ལ། མཚན་གཞི། མཚན་ཉིད། དབྱེ་བ་དང་གསུམ། དང་པོ་ནི། ཐེག་ཆེན་གྱི་སྦྱོར་ལམ་དང་རྩེ་སྦྱོར་དོན་གཅིག །གཉིས་པ་ནི། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་ཐེག་ཆེན་གྱི་ངེས་འབྱེད་ཡན་ལག །གསུམ་པ་ལ། ཡོན་ཏན་གྱི་སྒོ་ནས་དབྱེ་ན། རྟགས་ཀྱི་རྩེ་སྦྱོར་སོགས་བཞི། མཚན་གཞིའི་སྒོ་ནས་དབྱེ་ན། དྲོད་ཀྱི་རྩེ་སྦྱོར་སོགས་བཞི། དང་པོའི་མཚན་ཉིད། འདིར་བསྟན་རྟགས་བཅུ་གཉིས་ཀྱི་ཡོན་ཏན་དང་ལྡན་པའི་དྲོད་ཀྱིས་བསྡུས་པའི་སེམས་དཔའི་རྣལ་འབྱོར། མཚན་གཞི་དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་གྱི་མཁྱེན་པ་ལྟ་བུ། ཁྱད་ཆོས་ལ་དབྱེ་ན། རྟགས་ཀྱི་དབྱེ་བ། བསྡུ་བ། ས་མཚམས་དང་། རྟགས་སུ་འགྱུར་བའི་དུས་དང་བཞི། དང་པོ་ལ། དང་པོ་དྲུག་སོ་སོར་རྨི་ལམ་གྱི་གནས་སྐབས་སུ་ཞེས་པ་གསལ་བྱེད་དུ་སྦྱར་ཏེ། ཆོས་རྣམས་རྨི་ལམ་ལྟ་བུར་བལྟ་བའི་རྟགས། ཐེག་དམན་གྱི་ས་ལ་དགའ་བའི་སེམས་མི་སྐྱེ་བའི་རྟགས། དེ་བཞིན་གཤེགས་པ་མཐོང་བའི་རྟགས། སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་དམིགས་པའི་རྟགས། གདུལ་བྱ་ལ་ཆོས་སྟོན་པའི་རྟགས། ངན་སོང་སྤོང་བ་རྗེས་སུ་དྲན་པའི་རྟགས། ཕྱི་རོལ་འབྱུང་བའི་གནོད་པ་ཞི་བའི་བདེན་ཚིག་གྲུབ་པའི་རྟགས། ནང་སེམས་ཅན་གྱི་ཉེར་འཚེ་ཞི་བའི་བདེན་ཚིག་གྲུབ་པའི་རྟགས། དགེ་བའི་བཤེས་གཉེན་བསྟེན་པའི་རྟགས། ཤེར་ཕྱིན་ལ་སློབ་པའི་རྟགས། མངོན་ཞེན་མེད་པའི་རྟགས། བླ་མེད་བྱང་ཆུབ་ལ་ཉེ་བའི་རྟགས་དང་བཅུ་གཉིས་སོ། །དང་པོ་ནི། དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་གྱིས་ཉིན་པར་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གོམས་པར་བྱས་པའི་སྟོབས་ཀྱིས་རྨི་ལམ་གྱི་གནས་སྐབས་སུའང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་བདེན་མེད་དུ་རྟོགས་པའི་མཉམ་བཞག་དང་རྗེས་ཐོབ་ཀྱི་མཁྱེན་པ་ལྟ་བུ། དེས་ཕྱི་མ་རྣམས་ལའང་རིགས་འགྲེ། གཉིས་པ་ནི། ངོ་བོའི་སྒོ་ནས་མཉམ་བཞག་དང་རྗེས་ཐོབ་གཉིས་སུ་འདུས་ཏེ། འདིའི་རྟགས་རེ་རེ་ལ་ཡང་མཉམ་བཞག་དང་རྗེས་ཐོབ་གཉིས་གཉིས་ཡོད་པའི་ཕྱིར། གསུམ་པ་ནི་རྟགས་ཀྱི་རྩེ་སྦྱོར་དྲོད་ཁོ་ན་ཡོད་ཀྱང་། རྟགས་བཅུ་གཉིས་ཀྱི་ཡོན་ཏན་དྲོད་ནས་རྒྱུན་མཐའི་བར་དུ་གོང་འཕེལ་དུ་ཡོད་དོ། །བཞི་པ་ནི། འདིར་བསྟན་གྱི་རྟགས་བཅུ་གཉིས་པོ་དེ་རྟེན་གྱི་གང་ཟག་རང་ཉིད་ཀྱིས་སྤྱིར་རྩེ་སྦྱོར་ཐོབ་པའི་རྟགས་དང་། ཁྱད་པར་རང་ངོར་ཕྱིར་མི་ལྡོག་པའི་རྟགས་སུ་འགྱུར་ཏེ། མདོར། བདེན་པའི་བྱིན་གྱིས་བརླབ་ཀྱི། ཞེས་སོགས་སོ། །གཉིས་པའི་མཚན་ཉིད། འདིར་བསྟན་གྱི་བསོད་ནམས་རྣམ་པར་འཕེལ་བའི་ཡོན་ཏན་དང་ལྡན་པའི་རྩེ་མོས་བསྡུས་པའི་སེམས་དཔའི་རྣལ་འབྱོར་དེ་དང་རྩེ་མོའི་དེ་དོན་གཅིག །བསོད་ནམས་རྣམ་འཕེལ་ནི་རྩེ་མོ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་དགེ་རྩ་ཡིན་ཞིང་། དབྱེ་ན། ཕྱི་གཙོ་བོར་གྱུར་པའི་བསོད་ནམས་རྣམ་འཕེལ་བརྒྱད། ནང་གཙོ་བོར་གྱུར་པའི་བསོད་ནམས་རྣམ་འཕེལ་བརྒྱད་དེ་བཅུ་དྲུག་གོ །གསུམ་པའི་མཚན་ཉིད། བརྟན་པ་གཉིས་ཀྱི་ཡོན་ཏན་དང་ལྡན་པའི་བཟོད་པས་བསྡུས་པའི་སེམས་དཔའི་རྣལ་འབྱོར། དེ་དང་བཟོད་པའི་དེ་དོན་གཅིག །བརྟན་པ་གཉིས་ནི། རང་དོན་རྟོགས་པ་བརྟན་པ་དང་། གཞན་དོན་ཕྲིན་ལས་བརྟན་པ་གཉིས། བཞི་པའི་མཚན་ཉིད། སེམས་ཀུན་ཏུ་གནས་པའི་ཡོན་ཏན་དང་ལྡན་པའི་ཆོས་མཆོག་གིས་བསྡུས་པའི་སེམས་དཔའི་རྣལ་འབྱོར། དེ་དང་ཆོས་མཆོག་གི་དེ་དོན་གཅིག །སེམས་ཀུན་ཏུ་གནས་པའི་ཡོན་ཏན་ནི། ཆོས་མཆོག་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་རྗེས་སུ་ཡི་རང་དང་མཚུངས་པར་ལྡན་པའི་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ཏེ། དེ་ཡང་མདོ་ལས། གྲོགས་རྗེས་སུ་ཡི་རང་གི་སྒོ་ནས་བསྟན་ཏེ། མི་ལྡོག་བྱང་ཆུབ་སེམས་ཀྱི་ས་ལ་རབ་ཏུ་ཞུགས་པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་བ། །སྟོང་གསུམ་རི་རབ་སྲང་ལ་འཇལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་སོ། །

གཉིས་པ་མཐོང་ལམ་རྩེ་སྦྱོར་བཤད་པ་ལ་གསུམ་ཏེ། བྲལ་བྱ་རྟོག་པ་བཤད་པ། བྲལ་འབྲས་བྱང་ཆེན་བཤད་པ། བྲལ་བྱེད་མཐོང་ལམ་བར་ཆད་མེད་ལམ་བཤད་པའོ། །དང་པོ་ནི། མཐོང་བ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་གཉེན་པོ་རྣམ་པ་བཞི་གསུངས་པ་ལས། འཇུག་པ་གཟུང་རྟོག་དང་། རྫས་འཛིན་རྟོག་པའི་གཉེན་པོ་ལ་སྦྱོར་བའི་ཐ་སྙད་མཛད་དེ། གཟུང་བའི་རྣམ་པ་འདི་ག །ཅིག་སྟེ། །ཞེས་པ་ལ་བརྟེན་ནས་སོ། །ལྡོག་པ་གཟུང་རྟོག་དང་། བཏགས་འཛིན་རྟོག་པའི་གཉེན་པོ་ལ་འཇུག་པའི་ཐ་སྙད་མཛད་དེ། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས་པ་ལ་བརྟེན་ནས་སོ། །དེ་ཡང་མཐོང་སྤང་རྟོག་པ་མངོན་གྱུར་དངོས་སུ་སྤོང་ཞིང་། ས་བོན་མགོ་གནོན་པའི་ནུས་པ་དང་ལྡན་པའི་སྒོ་ནས་མཐོང་ལམ་གྱི་དངོས་ཀྱི་སྦྱོར་བ་ཉེར་བསྡོགས་ཀྱི་ལམ་གྱིས་བསྡུས་པ། འདིར་བསྟན་མཐོང་སྤང་རྟོག་པའི་གཉེན་པོ་སྦྱོར་བའི་མཚན་ཉིད། མཚན་གཞི། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མའི་ཡེ་ཤེས་ལྟ་བུའོ། །མཐོང་སྤང་རྟོག་པའི་ས་བོན་དངོས་སུ་སྤོང་བའི་བྱ་བ་བྱེད་བཞིན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། འདིར་བསྟན་མཐོང་སྤང་རྟོག་པའི་གཉེན་པོ་འཇུག་པ་བར་ཆད་མེད་ལམ་གྱི་མཚན་ཉིད། མཚན་གཞི། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ལྟ་བུའོ། །

གཉིས་པ་ནི། དྲི་མ་ཟད་དང་མི་སྐྱེ་བའི། །ཞེས་པས། དངོས་དང་། ཞར་ལ་རྣལ་འབྱོར་ས་གཞི་བཤད་པའོ། །དང་པོ་ནི། བྱང་ཆུབ་ཀྱི་ངོ་བོ་དྲི་མ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཤིག་ལ་འཇོག་ལ། དེའི་མཚན་ཉིད་ནི། དྲི་མ་ཟད་སྐྱེ་བདེན་པ་བ་མེད་པ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་བླ་ན་མེད་པའི་བྱང་ཆུབ། མཚན་གཞི། སྐུ་བཞི་ལྟ་བུའོ། །འདི་ལ་རྗེ་བཙུན་གྱིས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་པའི་དོན་ནི། གང་ཆོས་ཡིན་ན་ཆོས་ཀྱི་དབྱིངས་ཡིན་དགོས། དབྱིངས་དེ་ཡིན་ན་སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་དགོས་སོ། །ཞེས་བྱ་བ་འདི་ལ་ལུགས་གཉིས་ལས། གཞན་སྟོང་སྨྲ་བ་རྣམས་ནི་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་གིས་དབེན་པ་ཡིན་གྱི། དབྱིངས་དེ་རང་གི་ངོ་བོས་སྟོང་པ་ནི་མ་ཡིན་ཏེ། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་པ་དེའི་ཕྱིར་གང་ཡོད་ན། ཆོས་ཀྱི་དབྱིངས་ཡིན་པས་ཁྱབ་སྟེ། ཡོད་ན་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ཡིན་དགོས་པའི་ཕྱིར་ཏེ། ཆོས་རྣམས་ཀྱི་རང་གི་ངོ་བོ་དང་། གནས་ལུགས་དང་། དོན་དམ་པ་ཞིག་ཡོད་ལ། གཟུང་འཛིན་མེད་པའི་ཕྱིར་ཁས་ལེན་ནོ། །རང་སྟོང་སྨྲ་བའི་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་རྣམས་ནི། གང་ཤེས་པར་བྱ་བའི་ཆོས་ཡིན་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་དགོས། དེ་ཡིན་ན་ལྟོས་ནས་བཞག་དགོས། དེ་ཡིན་ན་རང་གི་ངོ་བོས་མ་གྲུབ་དགོས། དེ་ལྟར་ན་སྤྲོས་པའི་མཐའ་དང་བྲལ་དགོས། དེ་དང་བྲལ་ན་ཆོས་ཀྱི་དབྱིངས་ཡིན་དགོས། དེ་ཡིན་ན་ཡོད་པ་ལ་སོགས་པ་སྤྲོས་པའི་མཐའ་གང་རུང་དུ་ཡང་མ་གྲུབ་པ་དགོས་སོ། །ཞེས་བྱ་བ་འདི་མཐར་ཐུག་གི་གྲུབ་པའི་མཐའ་ཡིན་ནོ་ཞེས་བཞེད་དོ། །གཉིས་པ་ནི། བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས། གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས། འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་ས་རྣམས་ལ་མཚན་ཉིད་རིམ་བཞིན། གང་ཟག་གི་བདག་མེད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར། ཕྱི་དོན་འཛིན་བྱེད་ཀྱི་ཤེས་པ་རང་བཞིན་མེད་པར་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར། སྤྲོས་བྲལ་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་རོ། །དེས་ན་དབུ་སེམས་གཉིས་ལ་ལྟ་བའི་ཁྱད་པར་ཅི་ཞེ་ན། དབུ་མ་པ་ནི་གོང་དུ་བཤད་པ་ལྟར་ཡིན་ལ། སེམས་ཙམ་པའི་ལྟ་བ་ནི་ཀུན་རྫོབ་ཀྱི་སྣང་བ་སེམས་སུ་ཁས་ལེན་པ་མཐར་ཐུག་ཏུ་འཇོག་པ་ཡིན་ལ། ཅིག་ཤོས་ཀྱི་ལྟ་བ་སྣང་བ་སེམས་ཡིན་པ་བཀག་ནས་གཟུང་འཛིན་གཉིས་མེད་དུ་གཏན་ལ་ཕབ་པའི་ཕྱིར་ཏེ། ལང་གཤེགས་ལས། སེམས་ཙམ་ལས་ནི་འདས་ནས་ཀྱང་། །སྣང་བ་མེད་ལ་གནས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས་པའི་ཕྱིར་རོ། །

འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་པས་དབུ་མ་ལ་མཚན་ཉིད། དབྱེ་བ། ལྟ་བ་གཏན་ལ་འབེབས་པའི་རིགས་པ་དང་གསུམ། དང་པོ་ནི། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ཆོས། གཉིས་པ་ལ། གཞི་དབུ་མ། ལམ་དབུ་མ། འབྲས་བུ་དབུ་མ་དང་གསུམ། དང་པོའི་མཚན་ཉིད། ལམ་དབུ་མས་སྒྲོ་འདོགས་གཅད་པར་བྱ་བའི་གཞིར་གྱུར་པ། མཚན་གཞི་ཆོས་ཐམས་ཅད་དོ། །གཉིས་པའི་མཚན་ཉིད། སྟོང་ཉིད་རྟོགས་པའི་དབུ་མ་པའི་རྒྱུད་ཀྱི་མཁྱེན་པ། དེ་དང་དབུ་མའི་ལྟ་བ་དོན་གཅིག །དབྱེ་ན། རྟོགས་བྱ་ཡུལ་དང་། རྟོགས་བྱེད་ལམ་གྱི་ལྟ་བ་གཉིས། དང་པོ་ནི། ཆོས་ཉིད་དེ་བཞིན་ཉིད་དོ། །གཉིས་པ་ནི། ཐེག་ཆེན་གྱི་ལམ་ལྔ་ལྟ་བུའོ། །གསུམ་པའ་ིམཚན་ཉིད། ལམ་དབུ་མ་སྒོམ་སྟོབས་ཀྱིས་ཐོབ་པའི་བླ་ན་མེད་པའི་བྱང་ཆུབ། མཚན་གཞི་སྐུ་བཞིའོ། །

གསུམ་པ་བྲལ་བྱེད་མཐོང་ལམ་རྩེ་སྦྱོར་བཤད་པ་ལ་གསུམ་སྟེ། བར་ཆད་མེད་ལམ། རྣམ་གྲོལ་ལམ། ཁྱད་པར་ལམ་དང་གསུམ། དང་པོ་ནི། སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་པས་བསྟན་ལ། ངོ་བོ་ནི། སྦྱིན་སོགས་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་ལེན་ལ་འཇུག་པའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བཟོད་པ་བཞིའོ། །གཉིས་པ་ནི། ངོ་བོ་ནི། བཅུ་དྲུག་པའི་རྟོག་པ་ནི་དངོས་ཡིན་ལ། རྗེས་མཐུན་པ་ནི། ཤེས་པ་གཞན་བཞི་པོའང་ཡིན་ནོ། །གསུམ་པ་ལ། མཉམ་རྗེས་གཉིས་ཏེ། རྩ་བར། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་པས་བསྟན། དེ་ཡང་མཉམ་བཞག་ཏུ་མཐོང་ལམ་རྩེ་སྦྱོར་གྱི་ཏིང་ངེ་འཛིན་ལ་གནས་པས་མཐོང་སྤང་གི་སྒྲིབ་པ་ལ་མི་འཇིགས་པ་ཐོབ་ནས། དེ་ལས་ལངས་པའི་རྗེས་ཐོབ་ཏུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་ལུགས་དང་མཐུན་པ་དང་། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགགས་ཞེས་སོགས་རྣམ་བྱང་ལུགས་མཐུན་དང་། རྒ་ཤི་འགགས་པ་སྐྱེ་བ་འགགས་པ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་རྣམ་བྱང་ལུགས་མི་མཐུན་དང་། རྒ་ཤི་སྐྱེ་བ་ལས་བྱུང་ཞེས་སོགས་ཀུན་ནས་ཉོན་མོངས་པ་ལུགས་དང་མི་མཐུན་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྟོག་པར་བྱེད་པའོ། །རྟེན་འབྲེལ་བཅུ་གཉིས་ནི། གནས་ལུགས་ཇི་ལྟ་བ་བཞིན་མཐོང་བར་བྱེད་པ་ལ་སྒྲིབ་པས་མ་རིག་པ། རྣམ་ཤེས་ལ་ལས་ཀྱི་ས་བོན་འདེབས་པས་འདུ་བྱེད། སྐྱེ་གནས་སུ་ཁྲིད་པར་བྱེད་པས་ན་རྣམ་ཤེས། ལུས་ཀུན་འཛིན་པས་མིང་གཟུགས། དབང་པོ་རྫོགས་པར་བྱེད་པས་སྐྱེ་མཆེད་དྲུག །གསུམ་འདུས་ནས་སྤྱོད་པས་རེག་པ། ཉེ་བར་ལོངས་སྤྱོད་པས་ཚོར་བ། ལས་ཀྱིས་བཏབ་པའི་ཡང་སྲིད་བསྡུས་པས་སྲེད་པ། ཁམས་སོ་སོ་ལ་སྦྱོར་བས་ལེན་པ། ལས་ཀྱི་རྣམ་སྨིན་ཡང་སྲིད་སླར་འབྱིན་པ་མངོན་སུམ་དུ་བྱེད་པས་སྲིད་པ། དུཿཁའི་ཕྱིར་སྐྱེ་བ་དང་རྒ་ཤིས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་པའོ། །

སྒོམ་ལམ་རྩེ་སྦྱོར་ལ། མཉམ་རྗེས་གཉིས་ཏེ། རྩ་བར། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་བཤད་པ་ལ། འཕགས་པ་དང་། སློབ་དཔོན་གྱི་ལུགས་གཉིས་ལས། དང་པོ་ལ་གཉིས་ཏེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་ལོ། །དང་པོ་ནི། འགོག་པ་དང་བཅས་པའི་སྙོམས་འཇུག་དགུ་ལ་བར་དུ་གང་ཡང་མ་སྤེལ་བར་ལུགས་མཐུན་མི་མཐུན་རྣམ་པ་གཉིས་སུ་ཡར་སོང་ཞིང་མར་འོངས་ནས་སྙོམས་པར་འཇུག་པའོ། །གཉིས་པ་ལ་གསུམ་སྟེ། དངོས་གཞི་ཙམ་དང་། ཁྱད་པར་ཅན་དང་། ཆེས་ཁྱད་པར་ཅན་ནོ། །དང་པོ་ནི། བསམ་གཏན་དང་པོ་ནས་འགོག་པའི་བར་དུ་རེ་རེ་བརྒལ་ནས་སྙོམས་པར་འཇུག་པ་སྟེ། རྣམ་པ་གཉིས་སུ་སོང་བས་ཡ་གྱལ་སོང་བ་དང་པོའོ། །གཉིས་པ་ནི། དེའི་འཕྲོས་ནས་འགོག་པ་ལས་ལངས་ནས་བསམ་གཏན་དང་པོ་ལ། དེ་ནས་འགོག་པ་ལ། དེ་ནས་གཅིག་བརྒལ་ནས་གཉིས་པ་ལ། དེ་ནས་འགོག་པ་ལ། དེ་ནས་གཉིས་བརྒལ་ནས་གསུམ་པ་ལ། དེ་ནས་འགོག་པ་ལ། དེ་ནས་གསུམ་བརྒལ་ཏེ་བཞི་པ་ལ། དེ་ནས་འགོག་པ་ལ། དེ་ནས་བཞི་བརྒལ་ཏེ་ནམ་མཁའ་མཐའ་ཡས་ལ། དེ་ནས་འགོག་པ་ལ། དེ་ནས་ལྔ་བརྒལ་ཏེ་རྣམ་ཤེས་མཐའ་ཡས་ལ། དེ་ནས་འགོག་པ་ལ། དེ་ནས་དྲུག་བརྒལ་ཏེ་ཅི་ཡང་མེད་པ་ལ། དེ་ནས་འགོག་པ་ལའོ། །དེ་ནས་བདུན་བརྒལ་ཏེ་སྲིད་རྩེ་ལ། དེ་ནས་འགོག་པ་ལའོ། །འདིར་སྙོམས་འཇུག་བརྒྱད་ཀའི་རྗེས་ལ་འགོག་པ་དང་བཅས་པར་འཇུག་ལ། དགུ་པ་ལ་མི་ནུས་ཏེ། འགོག་པ་ལས་འགོག་པར་ལྡང་བ་མི་སྲིད་པའི་ཕྱིར་རོ། །དེ་ལས་ལངས་ནས་སྲིད་རྩེ་ལ། དེ་ནས་འདོད་པའི་ཁམས་སུ་གཏོགས་པའི་རྣམ་པར་ཤེས་པ་མཉམ་བཞག་མ་ཡིན་པ་གཅིག་གིས་མཚམས་བཟུང་སྟེ་བརྒྱད་བརྒལ་ནས་འགོག་པ་ལ། དེ་ནས་མཉམ་བཞག་ལ་གནས་པ་སོང་བ་རྣམ་པ་གཉིས་པའོ། །གསུམ་པ་ནི་འོངས་པ་གཅིག་སྟེ། དེའི་འཕྲོས་ནས་གཅིག་བརྒལ་སྲིད་རྩེ་ལ། དེ་ནས་འདོད་སེམས། དེ་ནས་གཉིས་བརྒལ་ཅི་ཡང་མེད་ལ། དེ་བཞིན་དུ་བརྒྱད་བརྒལ་ནས་དང་པོ་ལ། དེ་ནས་འདོད་པའི་སེམས་ལ་གནས་པ་ནི། མཉམ་བཞག་དང་རྗེས་ཐོབ་རིགས་མི་འདྲ་བ་སྤེལ་ནས་འགྲོ་བ་ནི་ཐོད་རྒལ་གྱི་སྙོམས་འཇུག་ཏུ་བཞེད་དོ། །གཉིས་པ་ནི། དེ་ལ་སྦྱོར་བ་དང་དངོས་གཞི་གཉིས་ལས། དང་པོ་ནི། བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་སོང་ནས་དེའི་འོག་ཏུ་འགོག་པ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་དུ་འོངས་ཏེ། དེ་ལྟར་ལུགས་དང་མཐུན་པ་དང་མི་མཐུན་པ་རྣམ་པ་གཉིས་སོ། །གཉིས་པ་ལ་གསུམ་ཏེ། དངོས་གཞི་ཙམ་དང་། ཁྱད་པར་ཅན་དང་། ཆེས་ཁྱད་པར་ཅན་ནོ། །དང་པོ་ནི། སྙོམས་འཇུག་དགུ་ལ་ལུགས་དང་མཐུན་མི་མཐུན་གཉིས་ཀྱིས་ཡར་སོང་ཞིང་མར་འོངས་པ་དག་གོ །གཉིས་པ་ནི། དེའི་རྗེས་ནས་ཡང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་དེ་ལས་ལངས་ནས་འགོག་པ་ལ་འཇུག་གོ །དེ་བཞིན་དུ་སྙོམས་འཇུག་རེ་རེ་འགོག་པ་རེ་རེ་སྤེལ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་ལ་འཇུག །དེ་ལས་འགོག་པ་ལས་སྙོམས་པར་ཞུགས་ཏེ་དེ་ལས་ལངས་ནས་དེ་མ་ཐག་པའི་སྙོམས་པར་འཇུག་པ་སྲིད་རྩེ་ལ་དམིགས་ནས་འཇུག །དེ་ནས་འདོད་པ་ན་སྤྱོད་པའ་ིརྣམ་པར་ཤེས་པ་ཐུན་མཚམས་ཀྱི་ངོ་བོར་བཞག་ནས་ཐབས་ལ་མཁས་པའི་སྟོབས་ཀྱིས་ལངས་ཏེ་རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་འདོད་སེམས་དེ་ལྟ་བུ་མངོན་དུ་བྱས་ནས་དེའི་འོག་ཏུ་འགོག་པ་ལ་འཇུག །དེ་ནས་མཉམ་པར་མ་བཞག་པ་ལ་ནོད་ཆུང་སྟེ་ཁྲི་བརྒྱད་སྟོང་པར་བཤད་དོ། །གསུམ་པ་ནི། དེའི་འོག་ཏུ་འགོག་པ་གཅིག་པུ་བོར་བ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་འདོད་སེམས་གཉིས་བོར། ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་བཞག་པ་ལའོ། །དེ་བཞིན་དུ་བརྒྱད་པ་བསམ་གཏན་གཉིས་པའི་བར་དུ་བོར་ནས་བསམ་གཏན་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པའོ། །དེ་མར་སོང་ལུགས་མི་མཐུན་ནོ། །དེ་ནས་སྔར་གྱི་དེ་ལྟར་གཅིག་བོར་གཉིས་པ་ལ་འདོད་པའི་སེམས་སྤེལ་ཡོད་པ་གཅིག་བོར་གསུམ་པ་ལ་སོགས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་ཐུག་པའི་བར་མཉམ་རྗེས་མི་འདྲ་བ་སྤེལ་བའི་སྒོ་ནས་འགྲོ་བ་ན་མི་འདྲར་འགྲོ་བ་ཐོད་རྒལ་གྱི་སྙོམས་འཇུག་གོ །

བར་ཆད་མེད་པའི་རྩེ་སྦྱོར་ལ། མཚན་ཉིད། དམིགས་རྣམ། བསལ་བྱ་ལོག་སྒྲུབ་དང་གསུམ། དང་པོ་ནི། རང་གི་དངོས་འབྲས་རྣམ་མཁྱེན་བསྐྱེད་པ་ལ་ཆོས་གཞན་གྱིས་བར་ཆོད་པར་མི་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག །མཚན་གཞི་རྒྱུན་མཐའི་ཡེ་ཤེས་ལྟ་བུའོ། །གཉིས་པ་དམིགས་རྣམ་གྱི་མཚན་ཉིད་ནི། བར་ཆད་མེད་པའི་རྩེ་སྦྱོར་གྱི་སྒྲོ་འདོགས་གཅད་པར་བྱ་བའི་གཞིར་གྱུར་པའི་ཆོས། མཚན་གཞི། བདག་མེད་རྟོགས་པའི་ཁྱད་པར་དུ་བྱས་པའི་ཆོས་ཐམས་ཅད་དོ། །དེ་ཡང་དམིགས་ཚུལ་ལ། དོན་སྤྱིའི་ཚུལ་དུ་དམིགས་པ། དངོས་སུ་དམིགས་པ། མངོན་སུམ་ཇི་ལྟ་བ་བཞིན་དུ་དམིགས་པ་གསུམ་དུ་ཡོད་པའོ། །གསུམ་པ་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་ཅིག་ཤོས་སུན་འབྱིན་པར་བྱེད་པའི་ལོག་རྟོག་དང་། ལོག་ཤེས་དེས་ཀུན་ནས་བསླངས་པའི་ཐལ་ངག་གང་རུང་། གཉིས་པ་ལ། བསལ་བྱ་ལོག་རྟོག་དང་། བསལ་བྱ་ཀླན་ཀ་གཉིས། དང་པོའི་མཚན་ཉིད། བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་ཅིག་ཤོས་སུན་འབྱིན་པར་བྱེད་པའི་ལོག་ཤེས། མཚན་གཞི་ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་དུ་འགལ་བར་འཛིན་པའི་རྟོག་པ་ལྟ་བུ། གཉིས་པའི་མཚན་ཉིད། བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་ཅིག་ཤོས་སུན་འབྱིན་པར་བྱེད་པའི་ཐལ་ངག །དབྱེ་ན། དམིགས་པ་འཐད་དང་དེ་ཡི་ནི། ཞེས་སོགས་ཀྱིས་བསྟན་པའི་བསལ་བྱ་ཀླན་ཀ་བཅུ་དྲུག །བསྡུ་ན། ཀུན་རྫོབ་སྒོ་ཅན་གྱི་དང་། དོན་དམ་སྒོ་ཅན་གྱི་བསལ་བྱ་ཀླན་ཀ་གཉིས། དང་པོའི་མཚན་ཉིད། བསལ་བྱ་ཀླན་ཀ་གང་ཞིག །ཀུན་རྫོབ་ཀྱི་ཁས་བླངས་རྟགས་སུ་བཀོད་པ། དབྱེ་ན་ཀུན་རྫོབ་ཀྱི་ཁས་བླངས་ཀྱིས་དོན་དམ་སུན་འབྱིན་པ་དང་། དོན་དམ་གྱི་ཁས་བླངས་ཀྱིས་ཅིག་ཤོས་སུན་འབྱིན་པར་བྱེད་པའི་བསལ་བྱ་ཀླན་ཀ་གཉིས་ཡོད། མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཉུང་ངུ་རྣམ་པར་གསལ་བ་ལས་རྩེ་སྦྱོར་བཤད་པའི་སྐབས་ཏེ་ལྔ་པའོ།། །།


previousརྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད།next