Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
   
   
   
   
པད་གླིང་དྲག་པོ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་བསྙེན་པའི་གསལ་བྱེད། རིག་འཛིན་འགྱུར་མེད་རྡོ་རྗེ།
   
   
   


 
previousཔད་གླིང་དྲག་པོ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་བསྙེན་པའི་གསལ་བྱེད། རིག་འཛིན་འགྱུར་མེད་རྡོ་རྗེ། next

པད་གླིང་དྲག་པོ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་བསྙེན་པའི་གསལ་བྱེད། རིག་འཛིན་འགྱུར་མེད་རྡོ་རྗེ།


MLP021_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པད་གླིང་དྲག་པོ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་བསྙེན་པའི་གསལ་བྱེད་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ། ༀ་སྭ་སྟི། རྒྱལ་བ་ཀུན་གྱི་སྒྱུ་འཕྲུལ་གར། །བདེ་གཤེགས་གཅིག་གི་རྣམ་རོལ་དུ། །སྟོན་མཛད་མཚོ་སྐྱེས་རྡོ་རྗེ་དང་། །དབྱེར་མེད་དྲིན་ཅན་བླ་མར་འདུད། །འདིར་བླ་མ་དྲག་པོའི་བསྙེན་པ་ཇི་ལྟར་བྱ་བའི་རིམ་པ་ནི། ཐོག་མར་ཕྱི་ནང་གི་སྒྲུབ་པ་གཉིས་སྐབས་འདིར་འབྲེལ་ཆགས་དང་སྔོན་དུ་བྱས་ཟིན་པ་གང་རུང་ངམ། མིན་ནའང་གུ་རུ་ཞི་བའི་རིགས་གང་འོས་ཀྱི་བསྙེན་པ་སྔོན་དུ་སོང་བ་ཞིག་གིས་གནས་ཡིད་དང་མཐུན་པར་ཇི་སྲིད་མཚམས་ཀྱི་བྱ་བ་མ་རྫོགས་ཀྱི་བར་དུ་གློ་བུར་དུ་འགྲོལ་དགོས་པའི་རྐྱེ ན་མི་འབྱུང་བའི་སར་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས་སྐྱབས་སེམས་ཡིག་བརྒྱའི་བཟླས་བསྒོམ་སོགས་ཅི་ནུས་དང་། འགྲུབ་ན་གཞན་དག་ཀྱང་བསྐུལ་ཏེ་གསུང་སྒྲོག་ཆུ་གཏོར་ཉེའུ་འདོན་སྲོག་བླུ་སཱཙྪ་འདེབས་པ་སོགས་བསག་སྦྱང་གི་དཔུང་བསྐྱེད་ཅི་ནུས་བསྒྲུབས་པས་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་ཞག་གཉིས་གསུམ་སོགས་གང་འོས་བྱ་ཞིང་སྐབས་འདིར་མཚམས་བཅད་ཀྱི་ངེས་བཟུང་མི་དགོས། དེ་ནས་སྒྲུབ་ཁང་གི་གང་འོས་སུ་ཐང་སྐུ་སོགས་སྐུ་རྟེན་བཤམས་པའི་མདུན་དུ་སྟེགས་བུ་ཁེབ་ལྡན་གྱི་ཁར་མཉྫིའི་སྟེགས་ལ་གུ་དྲག་གི་སྒྲུབ་གཏོར་དང་། དེའི་གཡས་གཡོན་དམའ་བའི་སར་ཆོས་སྐྱོང་སྤྱི་སྒོས་གཏེར་སྲུང་རྣམས་ཀྱི་གཏོར་མ་དང་བཅས་པའི་གཡས་གཡོན་དུ་སྨན་རཀ མདུན་དུ་ཉེར་སྤྱོད་སོགས་བྲེང་ཚར་དུ་བཤམ། རྟེན་ལ་ཕྱོགས་པར་རང་གི་སྟན་གདིང་བ་སོགས་གཤོམ་བཀོད་རྣམས་གྲུབ་རྗེས། ལས་བྱང་རྫོགས་པར་གྱེར་བའམ། སྐྱབས་


MLP021_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཙམ་སྔོན་དུ་འགྲོ་བས་དབང་དྲག་གི་སྐུར་སྐད་ཅིག་གིས་ལངས་ནས་བཟླས་པ་བརྒྱ་རྩ་ཙམ་བྱས་ལ་གཞི་བདག་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། བགེགས་གཏོར་བཏང་ནས་དྲག་སྔགས་ཡུངས་ཐུན་གུ་གུལ་གྱིས་བདུག་པ་སོགས་བགེགས་སྐྲོད་ནན་ཏན་དུ་བྱས་ལ༑ སྒྲུབ་ཁང་གི་ཕྱི་རོལ་ཕྱོགས་བཞིའམ་བསྡུ་ན་སྒོ་དྲུང་དུ་ཐོ་བརྩིག རྒྱལ་པོ་ཆེན་པོ་བཞིར་བསྐྱེད་སྤྱན་འདྲེན་མཆོད་བསྟོད་འཕྲིན་བཅོལ་བརྟན་བཞུགས་རྣམས་བྱ། ནང་དུ་ཞུགས་ནས་སྟན་ལ་འཁོད་དེ་སྲུང་བའི་འཁོར་ལོ་བསྒོམ། དེ་ནས་བཟུང་མཚམས་དམ་དུ་བཅད། མཚམས་འོག་ཏུ་ཐོག་མ་ནས་བཅུག་པ་རྣམས་མ་གཏོགས་མི་གསར་དང་མི་འཕྲད། ཡོ་བྱད་གཏོང་ལེན་མི་བྱེད། དགོང་ཐུན་དེ་ནས་བཟུང་སྟེ་བསྙེན་པ་དངོས་ལ་འཇུག་པ་ནི། ཐོག་མར་སྐྱབས་སེམས་ནས་བཟུང་བསྟོད་པའི་བར་ལས་བྱང་མེ་ལྕེ་ཕྲེང་བའི་དཀྱུས་བཞིན་ཚིག་བཤར་དུ་མ་སོང་བར་ཚིག་འདོན་པ་དང་དེ་དང་དེའི་དོན་བསྒོམ་པ་ལ་སེམས་རྩེ་གཅིག་པས་བཟླས་པ་ལ་འཇུག་སྟེ། ཕྲེང་བ་ཐོད་ཕྲེང་དམིགས་བསལ་ཡིན་པས་བྱིན་གྱིས་བརླབས་ནས་འོག་ཏུ་འཆད་པའི་དམིགས་པ་གསལ་བཏབ་ལ་རྩ་བའི་སྔགས་ཉིད་སྟོང་ཚོ་ལས་མི་ཉུང་བ་བཟླ། མཇུག་ཏུ་དབྱངས་གསལ་སྤེལ་ཚིག་ཅན་ཅི་རིས་པ་བཟླས་ནས་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་དང་ཚོགས་མཆོད་རྣམས་དཀྱུས་བཞིན་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ་ཉལ་བ་ན་སྙིང་གི་ཧཱུྃ་ལ་སེམས་རྩེ་གཅིག་པའི་རྣལ་འབྱོར་དང་ལྡན་པར་བྱ། འདིར་སྲུང་འཁོར་མི་བསྡུ་བའི་འཕེན་པ་གཏོད་པ་ཡང་ཞིང་སྙིང་གའི་ཧཱུྃ་ལ་སེམས་རྩེ་གཅིག་པ་ཉིད་ཀྱིས་ཀྱང་དོན་གྱི་སྲུང་འཁོར་དུ་ུའགྱུར་རོ། །དེ་ནས་ནངས་པར་ཆུ་ལས་ཉ་ལྡང་གི་ཚུལ་དུ་ལྷ་སྐུར་ལངས་ནས་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱོང་ནུས་དང་སྦྱར་ཞིང་ལས་བྱང་གི་སྐྱབས་སེམས་ཡན་ལག་བདུན་པ་རྣམས་སྔོན་དུ་འགྲོ་བས། ༀ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད་དུ་རྒྱས་བཏབ། དེའི་རྩལ་སྣང་འགག་མེད་སྙིང་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པར་སྣང་བ་ལས། རང་རིག་ཧཱུྃ་ཡིག་དམར་པོ་འབར་བའི་སྒྲ་གདངས་ནམ་མཁའ་གང་བ་ལ་སེམས་བསྲེ་བ་རྣམས་ལ་ཅི་


MLP021_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་བཞག་ནས། ཧཱུྃ་ལས་བྱུང་བའི་འོད་ཟེར་དུ་སྤྲིན་ལྟ་བུར་འཁྲིགས་པ་མི་ཤིགས་པ་རྡོ་རྗེ་སྲུང་བའི་གུར་ཁང་ཡེ་ཤེས་ཀྱི་མེ་དཔུང་འབར་བས་ཀུན་ཏུ་ཁྱབ་པའི་ནང་དུ། སྣོད་ཀྱི་འཇིག་རྟེན་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོར་ལྷུན་གྱིས་གྲུབ་པའི་དབུས་སུ་པདྨ་འདབ་མ་བཞི་པ་ཆོས་འབྱུང་དང་བཅས་པའི་ལྟེ་བར་པདྨ་ཉི་ཟླ་སྡེ་བརྒྱད་བསྣོལ་བའི་གདན་ལ་གཉུག་མ་དོན་གྱི་རྣམ་ཤེས་ཧཱུྃ་དམར་པོ་དེ་ལས་སྤྲོ་བསྡུས་དབང་དྲག་པདྨ་དྲག་པོ་ཡབ་ཡུམ་གྱི་སྐུར་བསྒོམ་པ་ཁྲོ་བ་དང་རྔམ་པ་གཟི་བྱིན་དང་ལྡན་པ་ཤིན་ཏུ་ཆེ་བ་ཞིག་ཏུ་བསྐྱེད་དོ༑ ༑ཞེས་པའི་བར་སྒྲུབ་ཐབས་ཀྱི་དཀྱུས་བཞིན་བརྗོད་པས་གསལ་བཏབ་ནས། རང་གི་སྙིང་པདྨ་འདབ་མ་བརྒྱད་པའི་སྟེང་དུ་གསེར་གྱི་མཆོད་རྟེན་བང་རིམ་བུམ་པ་བྲེ་ཆོས་འཁོར་གདུགས་ཏོག་དང་བཅས་པའི་བུམ་པར་ཉི་མའི་གདན་ལ་ཧཱུྃ་ཡིག་དམར་པོ་འོད་འཕྲོ་བ་བཟླ་བྱའི་སྔགས་ཀྱིས་བསྐོར་བར་བསམ་ལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་མོས་ལ། རྩ་སྔགས་འབྲུ་བཅུ་དགུ་ུཔ་ཉིད་ལན་བདུན་བརྗོད་པའི་རྐྱེན་གྱིས་སྙིང་གའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཆོད་པའི་སྤྲིན་སྤྲོས་ནམ་མཁར་བཞུགས་པའི་རྒྱལ་བ་ཐམས་ཅད་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ་བས་དེ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་རྗེའི་བྱིན་རླབས་ཁ་དོག་ལྔ་པའི་འོད་ཟེར་གྱི་རྣམ་པར་བྱོན། བདག་གི་གནས་ལྔར་ཐིམ་པས་བྱིན་གྱིས་བརླབས། མཐར་ནམ་མཁའི་ལྷ་ཚོགས་རྣམས་ཀྱང་རང་ལ་གཉིས་མེད་དུ་ཐིམ་པའི་རྐྱེན་གྱིས་གཡས་ཞལ་དཀར་པོའི་སྤྱི་བོར་གུ་རུ་ཟ་ཧོར་མའི་ཆས་ཅན་ས་གནོན་མཉམ་བཞག་ཕྱག་རྒྱས་རྡོར་ཐོད་འཛིན་པ། གཡོན་ཞལ་གྱི་སྟེང་དུ་ཐོད་ཕྲེང་རྩལ་མཐིང་ཁ་རྡོར་དྲིལ་འཛིན་པ་ཡུམ་དང་སྦྱོར་བ། དབུས་ཞལ་གྱི་སྟེང་དུ་སྣང་མཐའ་དམར་པོ་སྤྲུལ་སྐུའི་ཆ་བྱད་ཚེ་བུམ་འཛིན་པ། ༀ་ལས་དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད་སོགས་ནས་ཁྱུང་ལྔ་བསྐྱེད་པའི་ཤིན་ཏུ་གཟི་བྱིན་ཆེ་བར་བསྐྱེད་དོ། །ཞེས་པའི་བར་སྒྲུབ་ཐབས་ཀྱི་དཀྱུས་བཞིན་ལས། ཁྱད་པར་གོ་ཆེའི་ལྷ་


MLP021_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་གནས་སུ་སྤྱི་བོར་འཁོར་ལོ་རྩིབས་བཞི་པ། མགྲིན་པར་ཆོས་འབྱུང་། སྙིང་ཁར་མཆོད་རྟེན། ལྟེ་བར་པདྨ་འདབ་བཞི། གསང་བར་མེའི་ཆོས་འབྱུང་རྣམས་ཀྱི་ལྟེ་བར་རིམ་པ་བཞིན་འཇམ་དཔལ་སོགས་ལྷ་རྣམས་བཞུགས་པ་དང་། གཙོ་བོའི་ཕྱོགས་ཀྱི་པད་འདབ་བཞི་ལ་རིགས་བཞིའི་དྲག་པོ་དཀར་སེར་དམར་ལྗང་གཡས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གཡོན་སྡིག་པ་འཛིན་པ་རེ་རེ་བསྐྱེད་ཅིང་། གོ་ཆེའི་ལྷ་ལྔའི་གནས་ཀྱི་རྟེན་དང་འཁོར་ལོ་བཞི་པོ་གསང་སྒྲུབ་དཀྱུས་ཀྱི་ཚིག་ཟིན་ལ་མེད་ཀྱང་ཐེམས་མེད་ཤོག་དྲིལ་སོགས་ནས་བཤད་པས་སྒོམ་དོན་ལ་ངེས་པར་བྱ་དགོས་ཤིང་། དེ་ནས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྟེང་གི་ནམ་མཁར་རྒྱ་ཁྱོན་ཚད་ལས་འདས་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཡས་སུ་འཁོར་བ་སོགས་ནས་གནོད་བྱེད་ཚར་གཅོད་པའི་བར་གྱི་དམིགས་པ་རྣམས་དཀྱུས་བཞིན་གསལ་བཏབ་ནས། དེ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་རང་རིག་ཀ་དག་གདོད་མའི་མི་ཤིགས་པ་རྡོ་རྗེ་གསུམ་གྱི་རང་བཞིན་དབང་དྲག་རོལ་པའི་དཀྱིལ་འཁོར་གྱི་རྣམ་པར་ཤར་བའི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་ངའོ་སྙམ་པའི་ང་རྒྱལ་དང་གསལ་སྣང་བརྟན་པོ་བསྐྱེད་ནས་བཟླས་པ་ལ་འཇུག་སྟེ། བདག་གི་ཐུགས་ཀའི་མཆོད་རྟེན་གྱི་བུམ་ནང་ན་བཞུགས་པའི་ཕྱག་རྡོར་གྱི་ཐུགས་ཀར་པདྨའི་གདན་ལ་རྡོ་རྗེ་རྩེ་ལྔ་གྱེན་ལངས་སུ་གནས་པའི་ལྟེ་བར་པདྨ་དང་ཉི་མའི་དཀྱིལ་འཁོར་སྲན་མ་བཀས་པ་ཙམ་གྱི་དབུས་སུ་ཧཱུྃ་དང་མ་ཁ་སྤྲོད་དུ་གནས་པའི་མཐར། མདུན་ནས་བརྩམས་ཏེ་སྔགས་འབྲུ་རྣམས་སྤུས་བྲིས་པ་ཙམ་གྱེན་ལངས་གཡས་སྐོར་དུ་གནས་པ་ཉིད་སྔགས་བ ཟླས་པའི་རྐྱེན་གྱིས། ༀ་ནས་བརྩམས་ཏེ་ཡི་གེ་རེ་རེ་བཞིན་རང་སྒྲ་སྒྲོག་ཅིང་གཡོན་དུ་འཁོར་བའི་འོད་ཟེར་ཁ་དོག་ལྔར་འབར་ཞིང་འཁྲུག་པ་ལས་མཆོད་པའི་ཚོགས་སྤྲོས་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་དགྱེས་པར་མཆོད། མཐུ་དབང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པས་མཚོ་ལ་ཁ་བ་བབས་པ་བཞིན་སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་བསམ་ཞིང་གཙོ་འཁོར་ཐམས་ཅད་ཀྱི་ཞལ་ནས་ཀྱང་སྔགས་སྒྲ་དིར་གྱིས་


MLP021_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་པར་མོས་ཏེ་བྱིན་གྱིས་བརླབས་པའི་ཕྲེང་བ་བཟུང་ལ། སྐད་ཆེ་ཆུང་མྱུར་བུལ་སོགས་ཀྱི་སྐྱོན་མེད་པར་བཟླ་བ་ལས་སྔགས་ཚིག་ནི། ༀ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླས་པའི་མཐར་དབྱངས་གསལ་སྤེལ་ཚིག་ཅན་ལན་གསུམ་ཙམ་བཟླས་ནས་ཐུན་བསྡུ་བ་ན་གོ་ཆེའི་ལྷ་རྣམས་འོད་དུ་ཞུ་ནས་གནས་དེ་དང་དེར་ཐིམ་པས་རྒྱུད་བྱིན་གྱིས་བརླབས། རང་ཉིད་ཏིང་འཛིན་སེམས་དཔའི་བར་རིམ་གྱིས་བསྡུས་ནས་ཞལ་གཅིག་ཕྱག་གཉིས་པའི་སྐུར་ལངས་ཏེ་ཐུན་མཚམས་ལ་འཇུག ཐུན་གྲངས་ནི། གཞན་དུས་བཞིར་བྱེད་པ་ཤས་ཆེ་ཞིང་དགེ་སྦྱོར་གཞན་གྱི་ཁྲིགས་མང་པོ་ཡོད་པ་རྣམས་ལ་འཇུག་པ་ཡང་བདེ་བ་ཙམ་ཡིན་ཞིང་ལུགས་འདིར་སྔགས་འགྲོ་ཆེ་ཁྱད་གཉིས་སུ་མཛད་པ་མང་བས། དེ་ལྟར་ན་ཐོ་རེངས་ནས་ཉི་ཕྱེད་ཡན་སྔ་ཐུན་དང་། ཕྱི་དྲོ་ནས་སྲོད་ཡན་ཆད་ཕྱི་ཐུན་བྱས་ཏེ། དགེ་སྦྱོར་གཞན་གྱི་ཁྲིགས་ཡོད་པ་རྣམས་ཐུན་མཚམས་སྔ་ཕྱི་གང་འོས་དང་སྒོས་ཀྱི་གཏོར་འབུལ་སོགས་ཕྱི་ཐུན་གྱི་མཇུག་ཏུ་སྟེ་སྙིང་ཁའི་ཧཱུྃ་ལ་སེམས་བཟུང་ནས་ཉལ་བའི་རྣལ་འབྱོར་ལ་འཇུ ག་ཅིང་། དེ་ལས་ནངས་པར་ལྡང་བའི་རྣལ་འབྱོར་དང་མཚམས་སྦྱོར་བ་ནི་སྔར་དང་འདྲའོ། །མཚན་མའི་བསྙེན་པ་སོགས་ཡུན་སྲིང་བ་ལ་ནི་རྩིས་གདབ་མེད། གྲངས་བསྙེན་བདུན་འབུམ་ཉི་ཁྲི་བྱེད་པའི་དབང་དུ་འབུམ་ཕྲག་བཞི་ཁྲི་བཞིའི་ཁ་སྐོང་དང་བཅས་མ་སོང་གི་བར་སྔགས་ཕྱི་མ་རྣམས་བཟླ་བའི་སྤྲོས་པ་དོར་ཏེ་སྔར་སྨོས་པ་ལ་ཆིག་དྲིལ་དུ་བྱའོ། །དེ་ནས་ཐུན་དང་དམིགས་པ་གཞན་སྔར་དང་འདྲ་བ་ལས་ཁྱད་པར་སྔགས་ཀྱི་འོད་ཟེར་སྤྲོ་བསྡུའི་སྐབས་རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས་པའི་རྗེས་སུ་སླར་ཡང་སྔགས་ཀྱི་འོད་ཟེར་ཚ་ཞིང་རྩུབ་ལ་དྲག་ཅིང་མྱུར་བ་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་དྲེགས་པ་སྡེ་བ རྒྱད་དུག་ལྔའི་རྟོག་ཚོགས་དང་བཅས་པ་རྩ་སྦུར་མེས་བསྲེགས་པ་བཞིན་སྦྱངས་ནས་མི་ཤིགས་པའི་དྭངས་མ་ཨ་ཡ་མ་དུ་རུ་ཙ་ཤ་ནའི་རྣམ་པར་བསྡུས་པ་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་པར་བསམ་ནས། སྔར་གྱི་སྔགས་ཤམ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ༀ་ཁྲོཾ་ག་རུ་ཊ་ཧཱུྃ་ཕཊ༔ ༀ་བཛྲ་ཡཀྴ་ཧཱུྃ༔ ༀ་


MLP021_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་རཀྴ་ཧཱུྃ༔ ཞེས་སྡེ་བརྒྱད་སྲོག་ཡིག་ཁྱུང་མེ་སྦལ་སྡིག་པ་རྣམས་ཀྱི་ལས་སྔགས་སུ་གྲགས་པ་སྦྲེལ་བ་འབུམ་གཉིས་ཁྲི་གཉིས་ཀྱི་ཁ་སྐོང་དང་བཅས་པ་མ་སོང་གི་བར་ཐུན་ཐམས་ཅད་ལ་བཟླའོ། །དེ་ནས་གཞན་སྔར་དང་འདྲ་བ་ལས་ཁྱད་པར་སྔར་གྱི་གཞིའི་དམིགས་པའི་འཁོར་ལོ་ཁ་སྦྱོར་སྤུ་གྲི་སོ་བསྣོལ་གྱི་དམིགས་པ་ཆེད་དུ་གསལ་ཞིང་། ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་པ་ཞལ་ནས་འཐོན་རྣོ་དབལ་གཅོད་པའི་ངར་ལྡན་སྤུ་གྲི་རེག་གཅོད་ཀྱི་འཁོར་ལོ་ལྟ་བུར་གྱུར་ནས་ཕྱོགས་བཅུར་འཕྲོས་ཤིང་འཁོར་བས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཀྱི་ལུས་རྡུལ་ཕྲན་ཆ་མེད་དུ་གཏུབས། ངག་རྗེས་མེད་གཏད་ཡལ། སེམས་ཀ་དག་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་གྱུར་པར་བསམ་ལ་སྔར་གྱི་སྔགས་ཤམ་དུ་སྡེ་བརྒྱད་གནོད་བྱེད་ཀྱི་སྙིང་ལ་ཡཾ་ཡཾ་ཞེས་པ་ནས་གནོད་བྱེད་ཀྱི་སྙིང་སྲོག་ཆོད་ཅིག ཅེས་པའི་བར་སྦྲེལ་བ་འབུམ་གཅིག་ཁྲིའི་ཁ་སྐོང་དང་བཅས་པའི་གྲངས་རྫོགས་པར་བྱའོ། །དེ་ལྟར་རྫོགས་ནས་སྒྲུབ་པ་དངོས་གྲུབ་ཀྱི་བཟླས་པ་ནི། མཆོད་གཏོར་བཟང་ཞིང་རྒྱ་ཆེ་བ་གསར་དུ་བཤམ་ཞིང་རྙིང་པ་རྣམས་ཀྱང་ཁ་གསོ། ལྷ་བསྐྱེད་ཀྱི་ཚེ་བདག་བསྒོམ་པ་དང་མཉམ་དུ་སྒྲུབ་གཏོར་ཡང་ལྷར་བསྐྱེད་ནས། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་མཁའ་ཁྱབ་ཀྱི་རྒྱལ་བ་སྤྱི་དང་། ཁྱད་པར་གཏོར་མའི་ལྷ་ཚོགས་དགྱེས་པ་བསྐྱེད། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཅན་དུ་སྩལ་ཅིང་བདག་དང་དམ་རྫས་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པར་བསམ་ལ། རྩ་སྔགས་འབྲུ་བཅོ་ལྔ་པའི་མཐར་སིདྡྷི་ཕ་ལ་ཧོ༔ ཞེས་བཏགས་པ་ཁྲི་ཚོ་གཉིས་ཀྱི་གྲངས་རྫོགས་པར་བཟླ་ཞིང་། ཐུན་མཚམས་སུ་བསྟོད་པ་ཚོགས་གཏོར་བསྐང་བཤགས་རྣམས་ཀྱང་ཅི་འགྲུབ་བྱ། ཁྱད་པར་གྲོལ་རྒྱུའི་སྔ་ཐུན་དེ་ལ་ལས་བྱང་རྒྱས་པར་གྱེར་ཞིང་བཟླས་པའི་མཐར་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་ཚོགས་མཆོད་སོགས་དཀྱུས་བཞིན་བྱས་ནས། སྒྲུབ་གཏོར་ལྷར་གསལ་བ་ཉིད་སྨན་གཏོར་རཀྟར་བཅས་པས་མཆོད་ཅིང་བསྟོད། ཡིག་བརྒྱས་འཁོན་བཅུགས་


MLP021_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་ལ་བདེ་མཆོག་བདེ་སྤྱོད་མ་ལྟ་བུའི་དངོས་གྲུབ་སྐུལ་ཚིག་ཆོ་ག་རིགས་མཐུན་གང་འོས་ནས་བླངས་པའི་རྗེས་སུ། དངོས་གྲུབ་བསྐུལ་འཛབ་བཟླས་པས་གཏོར་མ་ལྷར་གསལ་བའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་བདག་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ཞིང་། གཏོར་མ་གནས་གསུམ་དུ་རེག་ཅིང་དམ་རྫས་ལྕེར་མྱངས་ལ་ལྷ་བདག་དབྱེར་མེད་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངང་ལ་མཉམ་པར་བཞག སླར་ཡང་ལུས་ཀྱི་ལྷ་རྣམས་གནས་སོ་སོར་སྔར་བཞིན་བསྟིམས་ནས་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་སོགས་བྱའོ། །དེ་ཡང་ཐུན་མཚམས་སུ་ངག་བཅད་མ་གྲུབ་ཀྱང་དགག་བྱ་ཆུང་ཞིང་། བཟའ་བཏུང་རྣམས་ཀྱང་རང་ལྷར་གསལ་བས་ལུས་ཀྱི་ལྷ་རྣམས་མཆོད་པའི་ཚུལ་དུ་ལོངས་སྤྱོད། ཐུན་མཚམས་རྣམས་སུ་ཡང་ལྷ་སྐུར་ལམ་གྱིས་ལངས་ནས་སྔགས་ཅི་ནུས་བཟླ་ཡང་བསྙེན་གྲངས་ལ་མི་བརྩི། ཐོག་མར་ཉིན་རེ་ལ་སྔགས་འདི་ཙམ་མ་སོང་ན་མི་རུང་སྙམ་པའི་འཚབ་བྱས་ན་བར་ཆད་དུ་འགྲོ་བས་བརྒྱ་སྟོང་ཙམ་གྱི་མཐོ་དམན་ལ་ཁྲིགས་ངེས་བཟུང་མེད་པའི་ངོས་ནས་འགྲོ་གང་ཆེ་བྱེད། སྐབས་དེ་དག་ཏུ་ུབར་ཆད་ཀྱི་རྣམ་པའི་ཡིད་མི་བདེ་བ་སྐྱེས་ན་བློ་དཔངས་བསྟོད། རྣམ་རྟོག་སྣ་ཚོགས་འཕྲོ་ན་དྲན་པས་བཞུར་ལ་ཡི་དམ་གྱི་ལྷ་འདི་མྱུར་དུ་འགྲུབ་པར་བྱ་སྙམ་པའི་འདུན་པ་ཤུགས་དྲག་ཏུ་བསྐྱེད་པས་བྱིན་རླབས་མྱུར་དུ་འཇུག རྩུབ་འགྱུར་གྱི་ལྟས་མཐོང་ན་སྲུང་འཁོར་བསྒོམ། དེས་ཀྱང་མ་སེལ་ན་བགེགས་སྐྲོད་དང་ཐོ་གསོལ་བ་སོགས་ཀྱིས་སེལ། བསྲུང་བཟློག་བསད་པ་སོགས་ཀྱི་ལས་སྦྱོར་གྱིས་མཇུག་བསྡུ། སྤྲོ་ན་འདིའི་སྒོས་ཆོས་ཀྱི་གནད་བཟུང་ནས་ཆོ་ག་གཞན་གྱི་འགྲོས་སྦྱར་ཡང་ཆོག་མོད་ད་ལྟ་མི་མཛད་དོ། །བསྙེན་པ་གྲོལ་ནས་མཁའ་འགྲོ་ཆོས་སྐྱོང་ལ་གཏང་རག་གི་མཆོད་གཏོར་འབུལ། སྦྱིན་སྲེག་ཀྱང་དཀྱུས་དེ་ཉིད་ལ་འགྲུབ་ན་ལེགས་ཤིང་ཆོ་ག་ནི་ཞི་བའི་སྦྱིན་སྲེག་རིགས་མཐུན་གཞན་ལ་བརྟེན་པས་འགྲུབ་ཅིང་། ཐོ་འགྲོལ་བ་དང་བགས་ཀྱིས་མཚམས་བསེང་བ་སོགས་ནི་སྤྱི་དང་འདྲ་ཞིང་། བསྙེན་པ་མ་གྲོལ་གྱི་བར་ལྷ་གང་གི་བསྙེན་པ་ཡིན་


MLP021_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིིས་མ་ཤེས་པ་བྱ་བ་དང་། མཚམས་འགྲོལ་སོགས་རྣམ་རྟོག་དང་རྗེས་འབྲེལ་བ་རྣམས་གཟའ་ཚེས་ཤིས་པ་རེ་དང་བསྟུན་པ་ཡང་རྟེན་འབྲེལ་གྱི་གནད་དོ། །ཡང་འགའ་ཞིག་ཐུན་རེ་རེ་བཞིན་ལས་བྱང་གྱེར་བ་དང་། རྩ་བསྙེན་གོང་ཆོད་དུ་མ་སོང་བར་སྔགས་རྣམས་ཐོག་མ་ནས་བསྡེབས་བསྒྲིལ་དུ་བཟླ་བ་སོགས་ལུགས་འདི་འཛིན་པ་འགའ་ཞིག་གི་ལག་ལེན་ལ་སྣང་ཡང་། ཐོག་མར་བསྙེན་སྒྲུབ་སྤྱི་དམིགས་དང་སྦྱར་ནས་རྩ་སྔགས་ཤམ་བུར་དོར་བ་ཉིད་དང་། དེ་ནས་སྡེ་བརྒྱད་གཟིར་དམིགས་སྦྱར་ནས་ཤམ་བུ་སྦྲེལ་བ་དང་། དེ་ནས་སྔ་མའི་ཤམ་བུར་དྲག་སྔགས་རིང་མོ་སྦྲེལ་བ་དང་། མཐར་དངོས་གྲུབ་ལེན་པའི་བཟླས་པ་རྣམས་རིམ་བཞིན་དེ་དང་དེ་ལ་ཆིག་དྲིལ་དུ་བྱེད་པ་སོགས་དཀྱུས་སུ་སྨོས་པ་ཉིད་ལག་ལེན་ལེགས་པར་བྱེད་དོ། །འདི་ལ་ཡང་གྲངས་བསྙེན་འབྲིང་པོ་འབུམ་ཚོ་གསུམ། བསྡུས་པ་འབུམ་ཚོ་གཅིག་མའི་ལུགས་ཏེ། རྒྱས་བསྡུས་གང་གི་ཚེ་ཡང་དམིགས་པ་དང་སྔགས་ཤམ་འདོགས་པ་སོགས་སྔ་མའི་འགྲོས་དང་སྦྱར་བར་བྱའོ། །པད་གླིང་དྲག་པོ་ཡང་གསང་བླ་མེད་ཀྱི་བསྙེན་ཐབས་འདི་ནི་རིག་འཛིན་བླ་མ་དམ་པ་མཆོག་གི་སྤྲུལ་སྐུ་པདྨ་ཕྲིན་ལས་ཀྱི་གསུང་གིས་བསྐུལ་བ་ལས་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་བཀོད་པའི་ཡི་གེ་པ་ནི་རྣམ་གྲོལ་བཟང་པོའོ།། །།


previousཔད་གླིང་དྲག་པོ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་བསྙེན་པའི་གསལ་བྱེད། རིག་འཛིན་འགྱུར་མེད་རྡོ་རྗེ། next