Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།

21 occurrences of བརྒྱུད་གསུམ་
[Clear Hits]


  
 
20  collapse section
  
  
  
  
  
  
  
  
རྟེན་གཏོར་བླ་རྡོའི་ཤོག་དྲིལ།
 
  
  
 
  
  
  
  
  
  
  
 
  
  
  
  
 
  
  
  
  
 
  
  
  
  
  
 
 
  
  
  
  
  
 
  
 
  
 
 
  
  
  
 
 
 
  
 
  
  
  
  
  
  
 
  
  
 
  
  
  


21 occurrences of བརྒྱུད་གསུམ་
[Clear Hits]

 
previousརྟེན་གཏོར་བླ་རྡོའི་ཤོག་དྲིལ།next

རྟེན་གཏོར་བླ་རྡོའི་ཤོག་དྲིལ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ རྟེན་གཏོར་བླ་རྡོའི་ཤོག་དྲིལ་བཞུགས༔ རྦོད་གཏོང་མ་མོའི་ཚོགས་ལ་འདུད༔ མི་དབང་ལྤགས་པ་ཡང་ན་ནི༔ དུར་ཁྲོད་རོ་རས་དར་ནག་སོགས༔ གང་ཡིན་ངོས་ལ་ལྷ་མོ་བྲི༔ ལྟེ་བ་གྲུ་གསུམ་བྷྱོ་ཡིག་ལ༔ ཧེ་རུ་ཀཿཡི་སྙིང་པོ་དང་༔ རྩ་བའི་བསྙེན་པས་བསྐོར་བ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ འབོད་པའི་བསྙེན་པ་ཅི་མང་གདབ༔ དེའི་ཕྱི་རིམ་རྩིབས་བདུན་ལ༔ དྲེགས་པ་བདུན་གྱི་ས་བོན་བཀོད༔ རྩིབས་མཆན་རྣམས་ལ་བྷྱོ་རེ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ འདོད་གསོལ་སྨོན་ལམ་ཅི་མང་བྲི༔ དེ་ཡི་ཕྱི་རིམ་ཨཱ་ལི་ཀཱ་ལི་དང་༔ རྟེན་འབྲེལ་སྙིང་པོ་འབྲི་བར་བྱ༔ དར་ཟབ་གསེར་དངུལ་ཟངས་ལྕགས་དང་༔ མུ་ཏིག་མུ་མེན་ཤེལ་དང་གཡུཿ གཟི་མཆོང་དུང་དང་སྤོས་ཤེལ་དང་༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ འབྲུ་སྨན་དྲི་བཟང་སྣ་ཚོགས་བཏབ༔ བུ་ཚ་བཅུ་དྲུག་གཞོན་ནུའི་བཅུད༔ མཚལ་གྱི་ཤིང་ཏོག་གཙང་མ་བཏབ༔ དར་ཚོན་རྣམ་ལྔས་ལེགས་པར་དྲིལ༔ རབ་ཏུ་གནས་པར་ནན་ཏན་བསྐྱེད༔ མི་དབང་ཙིཏྟར་ཙཀྲ་སྦ༔ མི་དབང་ཐོད་པ་ཁ་སྦྱོར་རམ༔ མ་རྙེད་བཅུ་དྲུག་གཙང་ཐོད་དུ༔ འཁོར་ལོ་མུ་ཁྱུད་གསུམ་དུ་བསྐོར༔ དབུས་སུ་བྷྱོ་ལ་བསྙེན་པས་བསྐོར༔ དེ་ཡི་ཕྱི་རིམ་འདོད་གསོལ་བྲི༔ དེའི་ཕྱི་རིམ་རྩིབས་བདུན་ལ༔ དྲེགས་པ་བདུན་གྱི་ས་བོན་དང་༔ རྩིབས་མཆན་རྣམས་སུ་བྷྱོ་རེ་བྲི༔ མི་དབང་ཙིཏྟ་ནང་དུ་གཞུག༔ དར་གྱིས་དྲིལ་ཞིང་གཏོར་མའི་དཀྱིལ༔ གཟུངས་ཐག་བཏགས་ཏེ་སྦ་བར་བྱ༔ གཏོར་མའི་མདུན་ཕྱོགས་དཀར་པོར་བྱ༔ རྩེ་ལ་རྨ་བྱའི་སྒྲོ་མདོངས་བཙུགས༔ དྲེགས་པ་བདུན་གྱི་གཏོར་མས་བསྐོར༔ ཐ་མར་བཤོས་ཆུང་བཅུ་དྲུག་དང་༔ མཐེབ་སྐྱུ་ཤ་དུམ་དག་གིས་བསྐོར༔ མི་དབང་ཤ་ཡིས་བརྒྱན་པར་བྱ༔ གཏོར་མ་དེ་ཡི་མདུན་དུ་ནི༔ འབྲང་རྒྱས་དཀར་པོ་རྒྱན་ལྡན་བཞག༔ གཡས་སུ་སྙིང་གསུམ་བཟོས་ལ་བཞག༔ གཡོན་དུ་ནག་མོ་གྲིར་ཤིའི་སྙིང་༔ རྒྱབ་ཏུ་མཁར་ཐབས་བཤོས་བུ་ཉི་ཟླས་བརྒྱན༔ ཉི་མར་བསྙེན་པའི་སྔགས་རྣམས་བྲི༔ ཟླ་བར་མཚལ་གྱིས་གསང་མཚན་བྲི༔ སྟེང་ན་སེང་ལྡེང་ཕུར་བ་ལ༔ ཡི་དམ་སྔགས་བྲི་དར་རྒྱན་བཀོད༔ སྨྱུག་རྒོད་མགུལ་དུ་དར་སྣ་ལྔ༔ གཙང་མའི་ཤིང་ཏོག་དམར་པོ་ཡི༔ མེ་ལོང་ངོས་ལ་བསྙེན་སྔགས་འབྲི༔ སོར་གདུབ་དང་བཅས་སྨྱུག་ལ་གདགས༔ བ་ར་དཀར་མོའི་འོ་མ་ཡིས༔ བག་ཕྱེ་སྦྲུས་ལ་མི་དབང་གཟུགས༔ བཟོས་ཏེ་དར་གཏུམས་རྒྱལ་མཚན་འཛུགས༔ བསྒྲུབ་ཅིང་བསྙེན་ཏེ་བསྐྱེད་ཅིང་བསྟིམ༔ དཔལ་གྱི་ལྷ་མོ་དངོས་སུ་བསྒོམ༔ རྩ་བསྙེན་བརྒྱ་རྩ་ཆག་མེད་བཟླ༔ ཞི་བ་སྔགས་དམིགས་སྐུ་མདོག་དཀར༔ རྒྱས་པ་དབང་དང་དྲག་པོ་འདྲེས༔ སྔགས་ཐེམས་ཤམ་བུ་འདོད་པས་སྦྱར༔ བཟའ་བཏུང་ཁ་ཟས་ཕུད་ཀྱིས་མཆོད༔ ཉ་སྟོང་བརྒྱད་དང་ཉེར་ལྔ་ལ༔ གསོལ་མཆོད་བསྐང་བ་མངའ་གསོལ་འབུང་༔ ཚེ་ལ་དམིགས་ན་མདའ་དར་གཡབ༔ རྩ་སྔགས་ཤམ་བུ་འདོད་གསོལ་སྦྱར༔ ཚེ་ཡི་དངོས་གྲུབ་ཐོབ་པར་བསམས༔ དཀར་མོ་ཚེ་བུམ་མདའ་དར་ཅན༔ གར་སྟབས་པདྨ་ཉི་སྟེང་བསྒོམ༔ ནོར་ལ་དམིགས་ན་ཞི་བ་མཐིང་༔ ཕྱག་ན་ནོར་བུ་ནེའུ་ལེ་བསྣམས༔ ཕྱེད་སྐྱིལ་རྒྱན་དང་ལྡན་པར་བསྐྱེད༔ སྔགས་ལ་ཐེམ་བཅུག་བཟླ་བར་བྱ༔ ནོར་གྱི་དངོས་གྲུབ་སྩོལ་བར་ངེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་སྙིང་པོའི་མན་ངག་འདི༔ སུ་ལའང་སྟོན་པར་མི་བྱ་ཞིང་༔ སྐལ་ལྡན་གཅིག་ལ་སྙན་དུ་སྐྱུག༔ འཆལ་ན་མཁའ་འགྲོའི་བཀའ་ཆད་འོང་༔ ཤིན་ཏུ་ཟབ་བོ་ཨྠིྀ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ དམ་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་འཕགས་ཡུལ་ཧ་ཙོ་ནས་ཤིང་ཕོ་བྱི་བའི་ལོ་ཧོར་ཟླ་དང་པོའི་ཚེས་བཅོ་བརྒྱད་ཀྱི་སྲོད་དྲག་པོའི་དུས་སུ་བྱང་སྒོའི་བསམ་སེའུ་ནས་འབར་ཞིང་འཁྲུག་པའི་ཉམས་མང་པོའི་ངང་ནས་གདན་དྲངས་ཏེ་བརྡ་ཡིག་ལས་བསྒྱུར་བའོ། །མངྒ་ལཾ།། །།


previousརྟེན་གཏོར་བླ་རྡོའི་ཤོག་དྲིལ།next