མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཞལ་ཤེས་དང་བཅས་པ་ཕྲིན་ལས་ལྷུན་གྲུབ། ཀརྨ་རང་བྱུང་ཀུན་ཁྱབ།
མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཞལ་ཤེས་དང་བཅས་པ་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་བླ་མ་དང་། །དབྱེར་མེད་དཔལ་ལྡན་ཡེ་ཤེས་མགོན་པོ་ཡི། །བསྙེན་སྒྲུབ་ལས་གསུམ་ཞལ་ཤེས་མན་ངག་བཅས། །གསལ་བར་བཀོད་འདིར་བཀའ་ཡིས་གནང་བ་སྩོལ། །དེའང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འདི་ཡིས་ཐུན་མོངས་དང་ཐུན་མིན་གྱི་བཀའ་རྣམས་ལེགས་པར་ཐོབ་ཅིང་དམ་ཚིག་དང་ལྡན་པའི་གང་ཟག་གིས། །བསྙེན་སྒྲུབ་ལས་གསུམ་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ལས་ཐོག་མར་བསྙེན་
པར་བྱ་བའི་ཚུལ་ནི། །དབེན་པའི་གནས་སུ་དམ་ཚིག་གི་བྲིས་སྐུ་སོགས་གཤམས་པའི་མདུན་དུ་ནས་ནག་རྗེན་འཐག་གི་གཏོར་མ་གཟུངས་ལྡན་བྱིན་གྱིས་བརླབ་པ་ལ་ནང་རྟེན་མདའ་དར་ལ་གསང་རྟེན་དང་སྲོག་གི་འཁོར་ལོ་སོགས་བཏགས་པའི་རྟེན་གཏོར་རམ་རྟག་གཏོར་སོགས་གང་འགྲུབ་དང་ཕྱི་ནང་གི་མཆོད་པ་ཚོགས་ཀྱི་ཡོ་བྱད་སོགས་གང་འབྱོར་བཤམས། །མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་བཅས་བཀོད། །སྟན་བདེ་བ་ལ་འཁོད་དེ་འཁོར་བ་ལ་ངེས་པར་འབྱུང་བའི་བློ་དང་ལྡན་པས།
བརྒྱུད་པའི་གསོལ་འདེབས་དང་ཉིན་དང་པོ་སྔོན་གཏོར་བཏང་སྐྱབས་སེམས་བདུད་རྩི་བྱིན་རླབས་སོགས་ནས་བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་བྱ་བའམ་གཏོར་འབུལ་རྟེན་བཞུགས་པར་བྱ། དེ་ནས་བདུད་རྩི་བྱིན་རླབས། །གནས་ཡོ་མཆོད་རྫས་བྱིན་རླབས་བྱ། །མདུན་བསྐྱེད་དམ་ཚིག་པ་གསལ་བ། །ཡེ་ཤེས་སྤྱན་འདྲེན་དམ་ཡེ་བསྲེ་བ་གདན་འདུལ་བཞུགས་གསོལ། །མཆོད་བསྟོད་གྲུབ་ནས་མཁའ་འགྲོ་དབང་སྡུད་བསྙེན་པ་ཁྱུག་ཙམ་མཐར། །རྩ་བསྙེན་ཉིད་གྲངས་བསག །དམིགས་རིམ་ནི་བདག་མདུན་གཉིས་མེ་རི་འདབ་སྦྱོར་གྱི་ཚུལ་དུ་གནས་པ། དེའང་ཞལ་ཕྱག་རྒྱན་ཆས་ཡོངས་སུ་རྫོགས་ཤིང་མ་འདྲེས་པ། །སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ། ཆུ་ཟླ་འཇའ་ཚོན་མེ་ལོང་གཟུགས་བརྙན་བཞིན་གསལ། དེ་ཡང་ཀུན་བཏགས་བློས་བྱས་ཙམ་མ་ཡིན་པར། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་ཞལ་གཅིག །འཁོར་འདས་ཀྱི་མཐའ་ལ་མི་གནས་པའི་བརྡ་ཞབས་གཉིས། །རིགས་དྲུག་གནས་ནས་འདྲེན་
ཕྱིར་ཕྱག་དྲུག །ཆོས་ཉིད་འགྱུར་བ་མེད་པའི་སྐུ་མདོག་མཐིང་ནག །དུས་གསུམ་ས་ལེར་གཟིགས་པའི་སྤྱན་གསུམ། བདུད་བཞི་འདུལ་ཕྱིར་མཆེ་བ་བཞི། ཡེ་ཤེས་ལྔ་དང་ལྡན་ཕྱིར་ཐོད་སྐམ་དབུ་རྒྱན། འདུ་བྱེད་ང་གཅིག་དག་པའི་ཐོད་རློན་དོ་ཤལ། ཕར་ཕྱིན་དྲུག་དང་ལྡན་ཕྱིར་རུས་པའི་རྒྱན་དྲུག །དུག་ལྔ་གནས་སུ་དག་པའི་སྦྲུལ་རིགས་ལྔའི་ཆུན་པོ། མ་རིག་དབྱིངས་སུ་དག་པའི་གླང་ཀོའི་སྟོད་གཡོག །བདུད་དཔུང་འདུལ་ལ་དཔལ་བའི་སྟག་གི་ཤམ་ཐབས། འདོད་ཡོན་རྒྱན་དུ་རོལ་པའི་དཔའ་བོའི་དར་འཕྱར། དཔའ་བོ་ཕོ་ཚོགས་འདུ་ཕྱིར་རུས་པའི་འཕྱངས་འཕྲུལ། དཔའ་མོ་མོ་ཚོགས་འདུ་ཕྱིར་གཡེར་ཁའི་ཕྲེང་བ། གནས་གསུམ་ཌཱ་ཀི་འདུ་བའི་སིནྡྷཱུའི་ཐིག་ལེ། མ་རིག་ཚང་ཚིང་བསྲེག་པའི་ཡེ་ཤེས་མེ་དཔུང་། འགྲོ་ལ་བུ་ལྟར་བརྩེ་ཤིང་སྐལ་ལྡན་རྗེས་སུ་འཛིན་པའི་བརྡ་ཙནྡན་སྡོང་པོའི་དྲུང་ན་བཞུགས་པ། ཉོན་མོངས་རྩད་ནས་གཅོད་པའི་གྲི་གུག །དགྲ་བགེགས་ཀླད་ཁྲག་གསོལ་ཕྱིར་ཐོད་ཁྲག །འགྲོ་དྲུག་གནས་
ནས་འདྲེན་པའི་ཐོད་ཕྲེང་། འབྲས་བུ་སྐུ་གསུམ་རྙེད་ཕྱིར་ཁ་ཊྭཱཾ་རྩེ་གསུམ། མཁའ་འགྲོ་དབང་དུ་བསྡུ་བའི་ཌཱ་རུ། དམ་ཉམས་དགྲ་བགེགས་འཆིང་ཕྱིར་ཞགས་པ། ཐུགས་བརྩེས་མྱུར་བ་བྱོན་ཅིང་ལས་ཅན་རྗེས་སུ་འཛིན་ཕྱིར་ཀྲིག་ཀྲིག་མཉམ་པའི་སྟབས་དང་། མ་རུངས་བདུད་ཀྱི་དཔུང་ཚོགས་འདུལ་བ་ལ་དཔའ་ཞིང་སྟོབས་དང་ལྡན་པའི་གཡས་བསྐུམ་གཡོན་བརྐྱང་གྱད་ཀྱི་དོར་སྟབས་སོགས་སྣ་ཚོགས་གར་གྱིས་རོལ་པ་སྟེ། མདོར་ན་དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་བརྩེ་ཡེ་ཤེས་ཀྱི་རོལ་གར་ལས་འདུལ་བྱ་འདུལ་བྱེད་མ་འགག་རྟེན་འབྲེལ་གྱི་རོལ་པ་བསམ་གྱིས་མི་ཁྱབ་པའི་བརྡ་དོན་རྟགས་ཀྱི་ཕྱག་རྒྱར་ཤར་ཞིང་དེ་ཡང་རང་སེམས་རིག་པའི་རང་མདངས་བླ་མ་ཡེ་ཤེས་མགོན་པོའི་རྣམ་རོལ། དམ་ཡེ་གཉིས་སུ་མེད་པས་ངེས་ཐོས་བརྟན་པོ་དང་མ་བྲལ་བར་བསྐྱེད་རིམ་གསལ་གང་ཐེབ་ཀྱིས། །རྣམ་པར་གསལ་བ། །རྣམ་དག་དྲན་པ། །ང་རྒྱལ་བརྟན་པ་གསུམ་གྱིས་གདེངས་དང་མ་བྲལ་བའི་ངང་། མདུན་བསྐྱེད་ཀྱི་ཐུགས་ཀར་
ཉི་སྟེང་ཧཱུྃ་མཐིང་གའམ། གྲི་གུག་གི་ལྟེ་བར་ཧཱུྃ་མཐིང་ག་གསལ། རང་ཡི་དམ་གྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་ཁ་དོག་ནག་པོ་འོད་ཟེར་དམར་པོ་འཕྲོ་བ། ཕྲེང་ལྡོག་ལྟར་གནས་པ་འོད་ཟེར་སྣ་ལྔ་ཕྲེང་ཐག་གི་ཚུལ་དུ་རྒྱུས་པ། སྤོས་རིང་གི་དུ་བ་ལྟ་བུ་བྱུང་རང་གི་ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ། ཡང་ཧཱུྃ་ལས་བྱུང་མགོན་པོའི་ལྟེ་བ་ནས་ཐོན་བདག་གི་ལྟེ་བར་ཞུགས་སྙིང་གའི་ས་བོན་ལ་ཐིམ་པར་མོས་ལ་སྔགས་རྩེ་གཅིག་ཏུ་བཟླ། སྐབས་དེར་བླ་མ་མགོན་པོ་དབྱེར་མེད་ལ་མོས་གུས་དྲག་པོས་ངང་ནས་བཟླ། སྐབས་སུ་སྔགས་ཕྲེང་ཕར་ཐིམ་པས། སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་གྱུར། ཚུར་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་མ་ལུས་འཇུག་པར་མོས་ཏེ་བཟླ། སྐབས་དེར་སྣང་གྲགས་རྟོག་ཚོགས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུ་ཤེས་ཏེ་བཟླ་བ་དང་། སྐབས་སུ་མ་བཅོས་རང་བྱུང་གི་ཤེས་པ། བླ་མ་མགོན་པོ་དབྱེར་མེད་ཀྱི་ཐུགས་བདེ་གསལ་
མི་རྟོག་པའི་ངང་དུ་མ་ཡེངས་ཙམ་གྱི་ངང་བསྐྱངས་ཏེ་བཟླ། མདོར་ན་གཞན་དུ་ཡེངས་པར་གྱུར་ན་ནི། བསྐལ་པ་བཟླས་ཀྱང་འབྲས་མི་བྱིན། ཞེས་པ་ཐུགས་ལ་མངའ་བཞིན་མ་ཡེངས་པར་གཙང་དག་སི་ལི་ལི་བཟླ་ཞིང་། གཙོ་བོ་ནི་དོ་ལའི་བཟླས་པ་ཁོ་ན་ལ་བྱའོ། །ཐུན་གྲོལ་བའི་ཚེ་དབྱངས་གསལ་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་ལན་གསུམ་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་ཆད་ལྷག་ཁ་བསྐང་ཞིང་བྱིན་རླབས་རྟེན་པར་བྱ། ཐོག་མཐའ་གཉིས་དང་དུས་གཉན་སྐབས་ཚོགས་མཆོད་རེ་ཡང་བཏང་། གང་ལྟར་མཆོད་བསྟོད་ནོངས་བཤགས་གསོལ་འདེབས་ལན་བདུན་བཀྲིས་བསྔོ་སྨོན་བཅས་ཐུན་གྲོལ། དེ་ལྟར་གྱིས་ཐུན་གསུམ་ལ་མདུན་བསྐྱེད་བདུད་རྩི་བྱིན་རླབས་ནས་དབུ་བཟུང་བ་ལས་བདག་བསྐྱེད་འདོན་མི་དགོས། ཕྱི་ཐུན་ལ་གྲུབ་ན་བླ་མགོན་དབྱེར་མེད་གྲིབ་སེལ་བསྐང་བཤགས་དང་ཐུན་འཇུག་གཏོར་འབུལ་སོགས་བྱ། དེ་ལྟ་བུའི་སྒོ་ནས་བསྙེན་པ་རབ་ས་ཡ་འབྲིང་བཞི་འབུམ་ཐ་མ་ཆིག་འབུམ་མམ། ཡང་ན་
དངོས་ཉམས་རྨི་ལམ་དུ་གྲུབ་པའི་རྟགས་ཁྱད་པར་ཅན་བྱུང་བའི་བར་རོ། །དེ་ནས་སྒྲུབ་པ་ནི། མཆོད་གཏོར་གསར་དུ་བརྗེ་བ་དང་ཁ་གསོ་བ་བྱ། ཚོགས་ཀྱི་མཆོད་པ་སོགས་གང་འབྱོར་བས་རོ་ཡིད་འོང་གི་བཀོད་པ་བཅས་ཀྱི་བརྒྱུད་འདེབས་སྔོན་གཏོར་དང་འབྲེལ་ཡི་དམ་གྱི་བཟླས་པ་བསྡུ་ལྡང་སོགས་སྔོན་ལྟར་གྲུབ་མཚམས། བདུད་རྩི་བྱིན་རླབས་ནས་བཟུང་ཆོ་ག་གཞུང་བཏང་སྟེ་བླ་མགོན་དབྱེར་མེད་གྲིབ་སེལ་བསྐང་བ་རྒྱས་བསྡུས་གང་འགྲུབ་ཀྱིས་མགོན་པོ་འཁོར་བཅས་ཐུགས་དགྱེས་པར་བསྐྱེད་ཅིང་མཉེས་པར་བྱ། མཁའ་འགྲོ་དབང་སྡུད་དམིགས་བཟླས་དང་རྩ་བསྙེན་སྟོང་ལས་མི་ཉུང་བ་དང་། རང་ཡི་དམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་ཏེ་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཐུགས་བརྒྱུད་རབ་ཏུ་བསྐུལ་སྟེ་མགོན་པོ་ཁྲོས་འཁྲུགས་རྔམ་པའི་ཚུལ་གྱི་ཞབས་ས་ལ་རྡེབས་ཅིང་ཞལ་ནས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོག །ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་འཁོར་རྣམས་ལ་སྤྱན་ཧྲིག་ཧྲིག་གཟིགས་
པས་འཁོར་རྣམས་རང་དབང་མེད་པ་ཁྲོས་འཁྲུགས་ཏེ་རང་དང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པར་ཕྱོགས་བཅུར་འཕྲོས་པས་བདག་ཅག་དཔོན་སློབ་སོགས་ཀྱིས་ཕྱི་རབས་འབྱམས་ཐོག་མེད་དུ་སྒྲུབ་ཅིང་ཆོས་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཚར་གཅོད་པར་བསམ་ལ་ཤཱ་ས་ནཱ་གང་འགྲུབ་བཟླ། འཁོར་རྣམས་རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ལྷ་མོ་ལ་བྷྱོ། གནོད་སྦྱིན་ལ་ཀྵེཾ། དབང་ཕྱུག་ལ་ཧཱུྃ། གཤིན་རྗེ་ལ་ཌཾ། བདུད་མགོན་ལ་ཧཱུྃ་གི་མཐར་སོ་སོའི་སྔགས་ཀྱིས་བསྐོར་བ་བསྒོམ། བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་ཏེ་དེ་དག་ལ་ཕོག་པས་དེ་དང་དེའི་ཐུགས་བརྒྱུད་བསྐུལ་ཏེ་ཅི་འདོད་པའི་ཕྲིན་ལས་སྒྲུབ་པར་མོས་ནས་སོ་སོའི་སྔགས་བཟླ། དེ་ནས་གཏོར་མ་བྱིན་རླབས་གཞུང་ལྟར་བྱ། མ་གཡེལ་མ་བརྗོད་པའི་མགོན་པོ་འཁོར་བཅས་ཞལ་དང་ངེས་ཡོད་པར་བསྒོམ། གྲུབ་ན་ཧཱུྃ་དྲུག་གི་བྱིན་བརླབ་བྱ། གང་ལྟར་མགོན་པོ་འཁོར་བཅས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པས་འོད་
ཀྱིས་སྦུ་གུས་གཏོར་མ་སིབ་སིབ་རྔུབ་སྟེ་གསོལ་བར་མོས་ནས་གཙོ་བོར་ཀུན་ལ་གཏོར་སྔགས་བཏགས་ཏེ་འབུལ། ཕྱི་ནང་གི་མཆོད་པ་ཕུལ་ཞིང་གཙང་སྦྱར་མས་འདོད་དོན་གསོལ། དེ་ནས་རང་གི་ཐུགས་ཀ་ནས་ཁྲོ་བོ་དང་ཁྲོ་མོ་ཚང་དང་བརྒྱ་བྱིན་སོགས་དཔག་ཏུ་མེད་པ་སྤྲུལ་ཏེ་མགོན་པོ་འཁོར་བཅས་ཀྱི་ཆེ་བའི་ཡོན་ཏན་ལ་བསྟོད། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་བསྟོད་པ་ཕུལ་བའི་སྐུ་གསུང་ཐུགས་རྒྱུད་མཉེས་ཞིང་གཟི་མདངས་རབ་ཏུ་རྒྱས་པ་བསྒོམ་ཏེ་བསྟོད་པ་རྣམས་རེས་མོས་བརྗོད། དེ་ནས་སྐུ་གཟི་མདངས་བསྐྱེད་ཅིང་མངའ་གསོལ་འབུལ་བའི་དམིགས་པ་ནི། མགོན་པོའི་སྤྱི་བོར་བླ་མའི་ངོ་བོ་ཧཱུྃ་མཐིང་ནག་ཁྲུ་གང་བ་གཟི་འོད་འབར་བ་ཞིག་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་དང་གཟི་བྱིན་
ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཧཱུྃ་དེ་ལ་ཐིམ་པས་ཧཱུྃ་སྔོན་པས་ཀྱང་ཆེ་ཞིང་གཟི་བརྗིད་འབར་བར་གྱུར་ཏེ་མགོན་པོའི་སྤྱི་བོ་ནས་ཐིམ་ཐུགས་ཀར་སླེབ་པ་དང་ཁྲོ་བོ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་ནག་པོ་ཞལ་གསུམ་ཕྱག་དྲུག་མ་ཧེ་དང་གཤིན་རྗེ་ཕོ་མོ་བརྫིས་པ་གཅིག་ཏུ་གྱུར་ཏེ་སྐུ་དེ་ཉིད་ཇེ་ཆེར་སོང་བ་དང་། མགོན་པོ་ཡང་སྐུ་ཇེ་ཆེ་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་གྱུར་ཏེ་མདུན་གྱི་ནམ་མཁའ་གང་བ་ཙམ་དང་། སྟོང་གསུམ་མི་མཇེད་ཀྱི་ཞིང་འདི་གང་བ་ཙམ་བློས་འཁྱུད་ཚད་དུ་བསྒོམ་ཞིང་། མགོན་པའི་འོད་ཟེར་འཁོར་རྣམས་ལ་ཕོག་པས་སོ་སོ་ནས་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པ། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན་ཡེ་ཤེས་ཀྱི་མགོན་པོ་འདི་བས་ནུས་མཐུ་ཆེ་བ་མེད་ཨང་སྙམ་དུ་བསམ། དམིགས་པ་འདི་གཙོ་བོ་བདག་བསྐྱེད་ལ་སྦྱར་རྒྱུ་ཡིན་ཀྱང་མདུན་བསྐྱེད་ལའང་ཁ་སྤོ་བ་གོང་མ་རྣམས་ཀྱི་གཞེད་པ་ལགས། དེ་ནས་མངའ་གསོལ་བྱིན་རླབས་དང་འབྲེལ་མངའ་
གསོལ་རྒྱས་བསྡུས་སྐབས་བསྟུན་དང་གཏོར་སྟབས་དང་བཟོད་གསོལ་སྨོན་ལམ་བཀྲིས་བསྔོ་སྨོན་བཅས་བྱ། དེ་ལྟ་བུའི་ཆོ་ག་ཚར་གསུམ་གྱི་རྗེས་མར་བཟོད་གསོལ་གྱི་གོང་དུ་ཚོགས་ཀྱི་མཆོད་པ་ཟབ་རྒྱས་འབུལ་ཞིང་མཐར་དབྱུང་། དེའང་སྔ་དྲོ་ལྷ་བསྐྱེད་དང་མངའ་གསོལ་རྒྱས་པ་བསྟོད་པ་མྱུར་མཛད་མ་བསྐལ་མེ་མ་གོང་མ། ཉིན་གུང་གྲིབ་སེལ་རྒྱས་པ་བསྟོད་པ་རྔམས་པ་སྒྲ་སྒྲོགས་བསྐལ་མེ་མ་འོག་མ། ཕྱི་དྲོ་བསྐུལ་ཟློག་ས་བཅུའི་དབང་ཕྱུག །བསྟོད་པ་མྱུར་མཛད་མ་ལྷ་མོའི་བསྟོད་པ་རྣམ་དག་དབྱིངས་མ་དཀའ་བ་དང་བླངས། དེ་མིན་གཞན་ཚར་གསུམ་ཆར་གྱི་ཆོ་གའི་འགྲོས་ཅིག་པའོ། །དེ་ལྟར་ཞག་གྲངས་བདུན་ཕྲག་སོགས་བྱ་བ་ནི་སྒྲུབ་པ་དང་དེ་ནས་ལས་སྦྱོར་ལས་བཞིའི་བཟླས་དམིགས་སྦྱར་དགོས་རྒྱུའི། སྔ་དྲོ་མགོན་པོ་འཁོར་བཅས་ཞི་བའི་ཉམས་ལྡན། མཁའ་འགྲོ་དབང་སྡུད་དང་རྩ་སྔགས་ཀྱི་སྐབས་བླ་མ་དཀར་པོ་རྡོ་རྗེ་དང་ཐོད་པ་བསྣམས་པ་དཔྲལ་
བའི་མཁའ་འགྲོ་མ་དཀར་མོ། ཐམས་ཅད་ལས་འོད་ཟེར་དཀར་པོ་ཟླ་ཟེར་ཞུན་མ་ལྟ་བུ་འཕྲོས། བདག་ཅག་དཔོན་སློབ་འཁོར་དང་ཡུལ་སྡེ་སོགས་ལ་ཁྱབ་པས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མོས་ལ་འབྲུ་བཅུ་གསུམ་པའི་སྔགས་ཤམས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ་ལྟ་བུར་བསྒྱུར་ཏེ་བཟླ། སྙིང་པོའི་སྐབས་ཀྱང་སྔགས་ཕྲེང་བཻ་ཌཱུརྻའི་མདོག་ལྟ་བུ་འོད་ཟེར་དཀར་པོ་འཕྲོ་བ་རྩ་སྔགས་ཉེར་གཉིས་མས་འཇུག་ཤམ་བུ་བསྒྱུར་བ་སོགས་འགྲེ། ཉིན་གུང་དགྱེས་པའི་ཉམས་ལྡན་བླ་མ་སྐུ་མདོག་སེར་པོ་ནོར་བུ་དང་དྲིལ་བུ་འཛིན་པ་མཁའ་འགྲོ་མ་རྣམས་གསེར་གྱི་མདོག་ཅན་དེ་དག་ལས་འོད་ཟེར་སེར་པོ་གསེར་གྱི་མདོག་ལྟ་བུ་འཕྲོས། དགེ་འདུན་གྱི་གཙུག་ལག་ཁང་དང་དཀོར་མཛོད་རང་གི་གནས་ཁང་སོགས་ཕྱི་ནང་ཀུན་ཁྱབ་པས་ཐམས་ཅད་གསེར་གཙོ་མའི་མདངས་དང་ལྡན་ཞིང་བཀྲག་མདངས་ནུས་གསུམ་འོད་དང་ལྡན། ཚེ་བསོད་དབང་ཐང་ཡེ་ཤེས་
ཡོན་ཏན་ཐམས་ཅད་རྒྱས་པར་མོས་ཏེ་སྔར་བཞིན་མཁའ་འགྲོ་དབང་སྡུད་དང་རྩ་སྔགས་ཀྱི་ཤམ། ཨཱ་ཡུཿཔུཎྱེ་དྷརྨ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ་ཞིང་རྒྱས་པའི་ལས་ཐམས་ཅད་སྐད་ཅིག་གིས་འགྲུབ་པར་མོས། ཕྱི་དྲོ་མགོན་པོ་འཁོར་བཅས་འཛུམ་ཁྲོ་ཆགས་པའི་ཉམས་ཅན་བླ་མ་སྐུ་མདོག་དམར་པོ་ཌ*ཌཱ་དྲི*་བསྣམས་པ་སྐུ་དང་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་ལྷ་ཀླུ་མི་དང་མི་མ་ཡིན་ཐམས་ཅད་དབང་དུ་འདུ་བར་མོས་ཏེ་སྔགས་གཉིས་ཀྱི་ཤམ་བུར་སརྦ་ལོ་ཀ་བ་ཤམ་ཀུ་རུ་སྭཱ་ཧཱ། ཞེས་བཟླ་ཞིང་དབང་གི་ལས་རྣམས་སྐད་ཅིག་གིས་འགྲུབ་པར་མོས། འཇུག་ཏུ་བདག་མདུན་བར་སྔགས་ཕྲེང་འགལ་མེ་ལྟར་འཁོར་བ་ལས་མེ་ལྕེ་དཔག་ཏུ་མེད་པ་འཕྲོས་པའི་གསེབ་ནས་གྲི་གུག་རྩེ་གསུམ་སོགས་མཚོན་ཆའི་ཚོགས་མེ་སྟགས་འཕྲོ་བ་ལྟ་བུས་དགྲ་བགེགས་གནོད་བྱེད་ཐམས་ཅད་གཏུབ་ཤིང་མེས་
བསྲེགས་ཏེ་ཐལ་བ་ཙམ་ཡང་མ་ལུས་པ་བྱས་པར་བསམ་སྟེ་རྩ་སྔགས་འཇུག་ཏུ་དགྲ་བགེགས་གནོད་བྱེད་མ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་བཏགས་པ་ཕྲེང་སྐོར་ཙམ་བཟླ། དྲག་པོའི་ལས་རྣམས་སྐད་ཅིག་གིས་འགྲུབ་པར་མོས་པ་སོགས་ཀྱིས་ལས་བཞིས་དམིགས་བཟླས་བྱ་ཞིང་ལས་སོ་སོའི་འདོད་གསོལ་ཡང་སྐབས་བསྟུན་བྱ་བ་ནི་ཉིན་བཞི་ཙམ་མོས་དྲག་པོའི་འདོད་གསོལ་མཐར་ཐལ་མོ་གཉིས་གནམ་ལྕགས་ཀྱི་འཁོར་ལོ་རྩིབ་སྟོང་པ་གསལ་གནོད་བྱེད་དགྲ་བགེགས་རྣམས་རང་དབང་མེད་པར་བཀུག་སྟེ་ཐལ་མོ་བརྡབ་པས་སྒོ་ང་བྲག་བར་དུ་གཅར་བ་བཞིན་རྡུལ་དུ་རློག་སྟེ་ཤ་རུས་རྣམས་མགོན་པོ་གཙོ་འཁོར་གྱི་ཞལ་དུ་དམར་ཆེམ་ཆེམ་དུ་གསོལ་ལྷག་མར་སྤྲུལ་པའི་བྱ་གཅན་རྣམས་ཀྱིས་ལྷག་མེད་བཞེས་པར་བསྒོམ་པའོ། །དེ་ནས་ཞི་བའི་སྦྱིན་སྲེག་རྒྱས་བསྡུས་གང་རིགས་ཀྱིས་རྩ་སྔགས་ལ་འབྲུ་གསུམ་སྦྱར་བ་བཟླས་པའི་བཅུ་ཆ་མན་གང་འགྲུབ་བྱ་བ་ནི་བསྙེན་སྒྲུབ་ལས་གསུམ་གྱིས་ལག་
ལེན་དམིགས་རིམ་དང་བཅས་པ་གསལ་བར་བཀོད་པའོ། །དེ་ལྟར་གྱི་བསྙེན་སྒྲུབ་ལས་གསུམ་དང་། གཏོར་སྒྲུབ་ཆེན་མོ་གཏོར་ཆེན་སོགས་གང་གི་སྐབས་སུ་མེད་དུ་མི་རུང་བའི་ཡན་ལག་ཡང་ཡིན་ཞིང་། སྒེར་གྱིས་བསྙེན་པའང་ཡིན་པས་དེ་དག་སོ་སོའི་ཉམས་སུ་ལེན་པར་བྱ་བ་ནི། ཐོག་མར་ཕྱི་སྒྲུབ་ལྷ་བཞི་དྲིལ་སྒྲུབ་ཀྱི་འདོན་བྱ་ཁྲིད་རིམ་རྣམས་ཟུར་དུ་ཡོད་པ་བཞིན་ཉམས་ལེན་མཐར་འདོན་གྱིས་ཕྱི་ནང་གི་བར་ཆད་ཐམས་ཅད་སེལ་ཞིང་བྱིན་རླབས་འཇུག་པར་བྱ། དེ་ནས་གོང་ལྟར་མགོན་མཐིང་ཉིད་ཀྱིས་བསྙེན་སྒྲུབ་མཐར་སྦྱིན་པར་བྱ་བ་ནི། དེ་ཡང་མགོན་པོ་འདི་ཉིད་སྒྲུབ་པ་ལ་མེད་དུ་མི་རུང་བ་རྟེན་བཞི་དང་གནད་གསུམ་གྱི་གདམས་པ་སྟེ་དེའང་དབང་པོ་མ་ཉམས་པའི་རྟ་དྲེལ་གཡག་ལུག་ར་དང་ཁྱི་ནག་སོགས་སོ་སོ་མགོན་པོ་འཁོར་བཅས་ལ་འབུལ་ཞིང་འདོད་དོན་གསོལ་བའི་བྱང་བུ་དང་དར་སྣ་བཏགས་ཏེ་ལྷ་བསངས་དང་འབྲེལ་ཏེ་བསྐང་
བ་མངའ་གསོལ་སོགས་ཀྱིས་འབུལ་ཏེ་རྟེན་དུ་བཟུང་བ་ནི་ཕྱིའི་རྟེན་ནོ། །བྱ་རྒོད་ཀྱི་སྒྲོ་དང་གནམ་ལྕགས་དང་གྲི་ལྕགས་ཀྱི་མདེའུས་སྤྲས་པའི་སྨྱུག་རྒོད་ཀྱི་མདའ་ལ་དར་སྣ་ལྔ་དང་རིན་པོ་ཆེའི་སྤྲས་པ་ལ་དར་ནག་གི་སྔགས་བྱར་དང་མཚལ་དང་ལི་ཁྲི་ནང་མཆོད་བསྲེས་ཤིང་ཧྲཱི་བཅུ་གསུམ་བྲིས་པའི་མེ་ལོང་བཏགས་པའི་མདའ་དར་འཆང་བ་ནང་རྟེན། གྲི་རྒོད་ཀྱི་སྙིང་རྩ་སྦུབ་མ་ཉམས་པ་སྐམ་ཚག་བྱས་ཞིང་། དབུས་ཀྱི་རྩ་སྦུབ་ཏུ་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་རྩ་སྔགས་དང་གཡས་གཡོན་དུ་ལས་སྔགས་ཤཱ་ས་ན་བྲིས་པ་དང་འབྲུ་སྨན་རིན་ཆེན་ཕྱེ་མས་བཀར་དར་ནག་གིས་དྲིལ་ཏེ་གྲི་ལྕགས་ཟུར་གསུམ་གའུར་བཅུག་སྟེ་མགོན་པོ་འཁོར་བཅས་བསྐྱེད་དེ་རབས་གནས་ཚད་ལྡན་གྱིས་ཟུར་གཅིག་མཐུར་དུ་བསྟན་ཏེ་མཆན་ཁུང་གཡོན་དུ་བཏགས་པའམ་རྟེན་དུ་བཟུང་ན་གནས་ཁང་བསིལ་བ་ཚལ་དང་མཚུངས་ཤིང་མགོན་པོ་འཁོར་བཅས་ལུས་
དང་གྲིབ་མ་བཞིན་མི་འབྲལ་བར་གསུང་བ་ནི་གསང་བའི་རྟེན་ནོ། །དེ་དང་རྗེས་ཐུན་ནས་ནག་རྗེན་འཐག་གི་གཏོར་མ་ལ་རིན་པོ་ཆེའི་སྦུ་གུའི་ནང་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་སྟོད་ཆ་ལ་བླ་མ་བརྒྱུད་པའི་མཚན་སྔགས་དང་ཡི་དམ་བརྒྱུད་སྡེ་ལྔ་ཡིས་སྙིང་པོ། དབུས་སུ་མཁའ་འགྲོ་དབང་སྡུད་དང་རྩ་སྔགས་གཤམས་སུ་ལས་སྔགས་ཤཱ་ས་ན་བྲིས་པས་གཟུངས་སུ་འབུལ་ཏེ་མདའ་དར་འཛུག་པ་དང་སྲོག་འཁོར་བཏགས་པ་སོགས་རྟེན་དུ་འཆང་བ་ནི་ཤིན་ཏུ་གལ་ཆེ་བ་བླ་མ་དམ་པ་ཞལ་རྒྱུན་ལས་སོ། །བཞི་པ་ཡང་གསང་དེ་ཁོ་ན་ཉིད་ཀྱི་རྟེན་ནི་བླ་མ་དང་མགོན་པོ་དབྱེར་མེད་དུ་བལྟ་བ་རྩ་བའི་རྟེན་སྲོག །ལྟ་བུ་ཡིན་ལ། དེ་ཉིད་སྒེར་དུ་བསྙེན་པ་ཉེ་བརྒྱུད་ཀྱི་ལུགས་ནི་གྲུབ་ཐོབ་ཐང་རྒྱལ་གྱིས་མཛད་པ་ཟུར་དུ་ཡོད་པ་ཉིད་ཉམས་སུ་བླང་བ་བྱས་པས་འགྲུབ་གཞུང་གི་བླ་མགོན་དབྱེར་མེད་བསྙེན་པའི་སྐབས་ཡིན་ན་མདུན་བསྐྱེད་མཆོད་
བསྟོད་ཀྱི་འཇུག་པར་བྱ། དེ་ནས་མགོན་པོའི་དབུ་གཙུག་ཏུ་བླ་མ་ཡིད་བཞིན་ནོར་བུ་གཞུང་བཞིན་བསྐྱེད་ཅིང་བདག་གཞན་སེམས་ཅན་ཀུན་གྱིས་རྩེ་གཅིག་གུས་པ་ཆེན་པོའི་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་ཡེ་ཤེས་ཀྱི་མགོན་པོ་ལ་གསོལ་བ་དྲག་ཏུ་བཏབ་པས་བླ་མའི་སྐུ་ལས་འོད་ཟེར་སེར་པོ་དཔག་ཏུ་མེད་པ་འཕྲོས་མགོན་པོ་ལ་ཕོག་པས་སྐུ་མདོག་ལྗང་ནག་ཏུ་གྱུར། མགོན་པོའི་སྐུ་ལས་འོད་ཟེར་མཐིང་ག་འཕྲོས་བླ་མ་ལ་ཕོག་པས་སྐུ་མདོག་ལྗང་སེར་དུ་གྱུར་ཅིང་གཉིས་ཀ་ཐུགས་རྒྱུད་ཤིན་ཏུ་མཉེས་ཤིང་འུར་འུར་སིལ་སིལ་གར་མཛད། དེ་ལྟར་གྱི་བླ་མ་མགོན་པོ་དབྱེར་མེད་ལ་བདག་སོགས་སེམས་ཅན་རྣམས་ཀྱིས་གསོལ་བ་དྲག་ཏུ་བཏབ་སྟེ་ན་མོ་བུདྡྷ་ཡ་ཡིས་གསོལ་འདེབས་འབུམ་བསགས་པ་སོགས་གང་འགྲུབ་བྱ། སྐབས་སྐབས་སུ་ཆོས་དྲུག་སྐབས་བཞིན་ཕྱི་མེ་ཏོག་གདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་
གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྤྲུལ་ཏེ་ཕུལ་བར་མོས་ཤིང་དབང་བཞི་བསྐུར་བའི་གསོལ་བཏབ་དང་འབྲེལ། ཀྱཻ་ཕྱོགས་བཅུ་དུས་གསུམ་ན་སོགས་ཀྱིས་བྱིན་དབབ། བླ་མའི་དཔྲལ་བ་ནས་ཨོཾ་དང་འོད་ཟེར་དཀར་པོ་མགོན་པོའི་དཔྲལ་བ་ནས་མགོན་པོ་དཀར་པོ་སྐུ་ཆུང་ལ་ཡན་ལག་རག་པ་དཔག་ཏུ་མེད་པ་འཕྲོས་རང་གི་དཔྲལ་བར་ཐིམ་ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སྐུ་ཡིས་བྱིན་རླབས་ཞུགས་ཤིང་བླ་མ་མགོན་པོའི་སྐུ་དང་དབྱེར་མེད་དུ་འདྲེས། དེ་ལྟར་མགྲིན་པ་ནས་ཨཱཿདང་འོད་ཟེར་དམར་པོ་མགོན་པོའི་སྐུ་དམར་པོ་འཕྲོས་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག་གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་གསུང་དང་དབྱེར་མེད་འདྲེས། ཐུགས་ཀ་ནས་ཧཱུྃ་དང་འོད་ཟེར་མཐིང་ག་མགོན་པོའི་སྐུ་མཐིང་ག་འཕྲོས་སྙིང་གར་ཞུགས། ཡིད་ཀྱི་སྡིག་སྒྲིབ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ།
ཐུགས་ཀྱི་བྱིན་རླབས་ཞུགས། ཐུགས་དང་དབྱེར་མེད་དུ་འདྲེས། གནས་གསུམ་ཆར་ནས་འོད་ཟེར་དང་སྐུ་སྣ་ཚོགས་པ་བྱུང་། རང་གི་གནས་གསུམ་དུ་ཐིམ་སྒོ་གསུམ་ཆ་མཉམ་གྱི་ནད་གདོན་སྡིག་སྒྲིབ་དག །དབང་བཞི་པ་ཐོབ་བླ་མ་མགོན་པོའི་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པ་མོས་ལ་མཉམ་པར་བཞག །ཡང་མགོན་པོའི་ཞལ་ནས་ཁྱེད་ཀྱི་བར་ཆད་ཐམས་ཅད་ངས་སེལ་མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་བོ་ཞེས་གསུང་ལྷང་བཞུགས་པར་མོས། སླར་བླ་མ་མགོན་པོའི་སྐུ་ལས་འོད་ཟེར་དམར་ནག་མང་པོ་ཆད་ལུས་ཀྱི་ནང་གང་མགོན་པོ་དེ་རྣམས་གར་མཛད་ཅིང་ནད་གདོན་ཐམས་ཅད་དམར་ཆིལ་ཆིལ་ཞལ་དུ་གསོལ་བ་བསྒོམ། འོད་ཟེར་དང་མགོན་པོ་དེ་རྣམས་རང་གི་སྒོ་གསུམ་དང་དབྱེར་མེད་དུ་འདྲེས་པར་མོས་ཏེ། སེམས་ཀྱི་གནས་ལུགས་གསལ་ལ་འཛིན་རྟོག་མེད་པའི་རིག་པ་སྐད་ཅིག་མའི་ངང་དུ་རྟོག་པ་སྐྱེས་ཚད་སྡོང་པོ་རྩ་བ་
ནས་གཅོད་པ་བཞིན་བཞག་ན་ཆོས་སྐུར་འཚང་རྒྱའོ། །ཐ་མལ་གྱི་ཤེས་པ་རྗེན་པ་དེ་ཉིད་ཀྱི་ངང་སྐྱོངས་ན་ཆོས་ཉིད་དོན་གྱི་བླ་མ་མགོན་པོ་དབྱེར་མེད་ཀྱི་རང་ཞལ་མཇལ་ཞིང་ཕྱག་རྒྱ་ཆེན་པོ་རྩ་བྲལ་གྱི་རྟོག་པ་མངོན་དུ་འགྱུར་རོ་ཞེས་བླ་མ་མགོན་པོ་དབྱེར་མེད་ཀྱི་རྫོགས་རིམ་མཐར་ཐུག་པའོ། །མ་ཡེངས་པ་ཟླ་བ་བདུན་བསྒོམ་ན་དེ་ཉིད་དུ་འཚང་རྒྱའོ། །ཐོ་རང་ཐུན་རེ་བསྒོམ་ན་ཆོས་སྐུ་དང་གཟུགས་སྐུ་ཐོབ། དབང་དང་འབྲེལ་བ་ལན་གཅིག་ཐོབ་ན་མཚམས་མེད་པ་ལྔ་བྱས་པ་ཡང་བར་དོ་འཚང་མི་རྒྱ་མི་སྲིད། ཡིད་ཆེས་ཤིང་ཐེ་ཚོམ་དང་བྲལ་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་བོ་ཞེས་པས་མན་ངག་ཟབ་བོ་ཨིྀྠ། རྗེས་ཨོཾ་ཨཱཿཧཱུྃ་ཞེས་དང་། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་སིདྡྷི་ཧཱུྃ་ཞེས་པའང་གང་འགྲུབ་བཟླ། ཐུན་མཐར་མཆོད་བསྟོད་བཟོད་གསོལ་བསྔོ་སྨོན་སོགས་ཀྱིས་ཐུན་གྲོལ་བ་སྔར་བསྙེན་པའི་སྐབས་བཞིན་ནོ། ༈ །དེ་ནས་ཡང་
གནད་དང་པོ་མཁའ་འགྲོ་དབང་སྡུད་བསྙེན་ན། མདུན་བསྐྱེད་དབུ་ནས་མཆོད་བསྟོད་ཀྱི་བར་སྔར་བཞིན་བྱ། དེ་ནས་མགོན་པོའི་སྤྱི་བོར་བླ་མ་དབང་གི་རྒྱལ་པོ་དང་མཁའ་འགྲོ་བཅུ་གསུམ་བསྐྱེད་ཆོག་གཞུང་ལྟར་དང་། མགོན་པོ་འཁོར་བཅས་ཀྱང་ཁྲོ་ཆགས་སྒེག་པའི་ཉམས་ལྡན་གསལ་ཞིང་གསང་སྔགས་འབྲུ་བཅུ་གསུམ་མ་བཟླ་ཞིང་དམིགས་གནད་གཞུང་གསལ་ལྟར་དང་། ལྷག་པར་ཟབ་གནད་ཀྱི་དམིགས་པ་ནི། བླ་མས་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་ཤིང་ཌཱ་མ་རུ་དྲག་ཏུ་འཁྲོལ་བའི་མགོན་པོ་དང་མཁའ་འགྲོ་བཅུ་གསུམ་བསྐུལ། དེ་དག་གི་སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་ཤིང་ཐོད་རྔ་དྲག་ཏུ་འཁྲོལ་བའི་གནས་གསུམ་དང་ཡུལ་ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ་རྣམས་བསྐུལ་ཏེ་རང་དབང་མེད་པར་ནམ་མཁའ་ལ་སྤྲིན་བཞིན་འདུས་ཏེ་མཆོག་ཐུན་མོང་གི་དངོས་གྲུབ་དང་དགོས་འདོད་ཐམས་ཅད་ཆར་བཞིན་འབེབས་པར་མོས་ཏེ་
བཟླ་བ་དང་དབང་སྡུད་གཙོ་བོར་བྱེད་སྐབས། བླ་མ་དང་མགོན་པོ་འཁོར་བཅས་ཀྱི་སྐུ་ཡིས་འོད་ཟེར་དམར་སྨུག་གློག་ཞགས་ལྟ་བུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། ལྷ་ཀླུ་མི་དང་མི་མ་ཡིན་པ་སོགས་གང་དབང་དུ་བྱ་བ་རྣམས་ལ་ཕོག་པས་དེ་རྣམས་ཀྱི་ལུས་དམར་ལམ་ལམ་སོང་། སོ་སོའི་བདག་ཉིད་ལ་ཆགས་པའི་བསམ་པ་དུང་དུང་སྐྱེས། འོད་ཟེར་དེ་དག་གི་རྩེ་མོ་ལྕགས་ཀྱུ་ལྟ་བུའི་སེམས་ཅན་དེ་དག་གི་སྙིང་དང་སྐྱེ་གནས་ནས་ཕུག་སྟེ་རང་དབང་མེད་པར་བདག་གི་རྐང་པའི་དྲུང་དུ་དྲན་པ་ཉམས་ཤིང་འགྱེལ་བ་བསམ་ཞིང་སྔགས་ཐམས་ཅད་བཟླ་བ་ནི་ཐུན་མོངས་མ་ཡིན་པའི་མན་ངག་ཟང་གནད་གོ །བཟླས་པའི་གྲངས་འབུམ་ཕྲག་བཅུ་གསུམ་མམ་བཞི་འབུམ་མོ། །ཐུན་འཇུག་སྔར་བླ་མགོན་དབྱེར་མེད་ལྟར་གྱིས་གྲུབ་བོ། ༈ །མགོན་པོ་འཁོར་བཅས་ལས་ལ་རིང་བའམ་བསྟན་དང་བླ་མའི་དོན་དུ་གལ་གནད་ཆེན་པོ་བྱུང་ན་
གནད་འབེབས་ཀྱི་དམིགས་པ་ནི། བླ་མ་ལ་མགོན་པོ་འཁོར་བཅས་གནད་ལ་དབབ་པའི་གསོལ་བ་དྲག་ཏུ་གདབ་པས། མགོན་པོའི་སྤྱི་བོར་བཞུགས་པའི་བླ་མ་དབང་གི་རྒྱལ་པོའི་སྐུ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ཁྲོས་པའི་རྣམ་པར་སྤྱན་དྲངས་བླ་མ་ལ་ཐིམ། བླ་མ་དེ་ཉིད་སྐུ་མདོག་སྨུག་ནག་འོད་ཟེར་དམར་པོ་འཕྲོ་བའི་རྣམ་པ་ཅན་ཤིནྟུ་ཁྲོས་པའི་རང་བཞིན་གྱིས་མགོན་པོའི་སྤྱི་བོར་ཆེམ་ཆེམ་འུར་འུར་གར་མཛད་ཅིང་འོད་ཟེར་སྨུག་ནག་འཕྲོས་པས་མགོན་པོ་འཁོར་བཅས་ཀྱི་སྐུ་ལ་དམར་ལམ་ལམ་ཕོག་པས་མགོན་པོ་འཁོར་བཅས་གནད་ལ་ཕབ་སྟེ་དགྲ་བགེགས་ཀྱི་སྟེང་དུ་མེར་མེར་སིལ་སིལ་གར་མཛད་ཅིང་ཁྲོས་འཁྲུག་ཞབས་ས་ལ་བརྡབས་ཞལ་ནས་ཧཱུྃ་ཕཊ་ཀྱིས་སྒྲ་དྲག་པོ་སྒྲོག །སྤྱན་གསུམ་འཁོར་རྣམས་ལ་ཧྲིག་ཧྲིག་གཟིགས་པས་འཁོར་རྣམས་ཀྱང་རང་དབང་མེད་པར་དྲག་ཏུ་
ཁྲོས་ཤིང་དམ་པའི་ཆོས་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པས་བསྟན་དགྲ་སྡིག་ཅན་རྣམས་ཀྱི་སྙིང་ཁ་ནས་ལྕགས་ཀྱུའི་བཀུག །མགྲིན་པ་ནས་ཞགས་པས་བཅིངས་ཡན་ལག་ལྕགས་སྒྲོག་གིས་བསྡམས་ནས་བསད་བཅད་གཏུབ་གསུམ་བྱས་ཤིང་དོན་སྙིང་རྣམས་གཙོ་བོ་ལ་སྟོབས་ཤ་རུས་ལྷག་མེད་དུ་འཁོར་རྣམས་ཀྱིས་རོལ། གནོད་བྱེད་དགྲ་བགེགས་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་ཅིང་ཕྲིན་ལས་གང་འདོད་སྒྲུབ་པར་མོས་ཤིང་། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཏྲག་རག་མོ་རཀྵ་རུདྡྷི་ར་ཙིཏྟ་ཨ་དུན་རྦད་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་ཙིཏྟ་ལ་ཨ་དུན་དུན་བི་བི་ནཱ་ཡ་ཧཱུྃ་ཕཊ། ཅེས་པའི་དྲག་པོ་སྔགས་དྲག་ཏུ་བཟླས་པའི་འཁོར་བཅས་བྲན་བཞིན་ཉོན་ཅིང་ཕྲིན་ལས་ཐོག་མེད་དུ་སྒྲུབ་པར་འགྱུར་རོ། །ཤིན་ཏུ་ཟབ་ཨིྀྠ། ༈ གནད་གཉིས་པ་མི་བསྐྱོད་པ་ལ་རྟེན་ནས་རྒྱུད་འཇམ་དུ་བཏང་བ་ནི་
དམ་ཚིག་ཆགས་ཉམས་ཆེ་བ་དང་། ཆགས་སྡང་དབང་གིས་རྦད་བསྐུལ་བྱེད་པ་སོགས་ཀྱིས་མ་ཁུ་ལྡོག་འབྱུང་བའི་རྨི་ལམ་མི་མཚམ་པ་དང་རྒྱུད་ཁྲོ་ཞིང་ཚིག་པ་ཟ་བ་སོགས་བྱུང་ན། རང་ཉིད་མགོན་པོ་གསལ་བའི་སྤྱི་བོར་བླ་མ་མི་བསྐྱོད་པ་སྐུ་མདོག་ནམ་མཁའ་དྭངས་པ་ལྟ་བུ་གསལ་རང་མགོན་པོ་གསལ་བའི་སྟོང་རའི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་བསམ། དེ་ནས་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་པས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་དཀོན་མཆོག་རྩ་གསུམ་ཐམས་ཅད་སྤྱན་དྲངས་ཏེ་ཧཱུྃ་ལ་ཐིམ། ཧཱུྃ་ལས་ཧཱུྃ་མཐིང་ག་བར་མ་ཆད་པ་བྱོན་གསང་བའི་རྡོ་རྗེ་ནས་ཐོན་སྤྱི་གཙུག་དབུ་མ་ནས་བརྒྱུད་དབུ་མའི་ནང་ཐམས་ཅད་གང་དེའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ། ལུས་སེམས་ཐམས་ཅད་བདེ་སོང་གིས་སོང་། བླ་མ་མགོན་པོའི་ཐུགས་བདེ་གསལ་མི་རྟོག་པ་དང་། རང་སེམས་རིག་སྟོང་ནམ་མཁའ་ལྟ་བུ་གཉིས་དབྱེར་མེད་གཉུག་
མའི་ངང་དུ་ལ་བཟླ་བའོ། །གནད་གསུམ་པ་སྐུ་ཡིས་སྒོ་ནས་གཟི་མདངས་བསྐྱེད་པ་ནི་གོང་དུ་སྒྲུབ་པའི་སྐབས་སུ་བཤད་ཟིན་ནོ། ༈ །སྡིག་སྒྲིབ་ཉམས་ཆགས་སྦྱང་བ་ལ་སྔགས་པས་གྲིབ་སེལ་མགོན་པོའི་བསྙེན་པར་བྱ་བ་ནི། མདུན་བསྐྱེད་སྔར་བཞིན་མཆོད་བསྟོད་ཀྱི་བར་བྱ། དེ་ནས་མགོན་པོའི་དབུ་གཙུག་ཏུ་བླ་མ་རྡོ་རྗེ་སེམས་དཔའ་གཞུང་ལྟར་གསལ་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་སྟེང་གི་ནམ་མཁའ་ལ་མས་རིམ་བཞིན་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ། གསུང་རྡོ་རྗེ་འོད་དཔག་མེད་དམར་པོ། ཐུགས་རྡོ་རྗེ་མི་བསྐྱོད་པ་མཐིང་ག་རྣམས་ལོངས་སྐུའི་ཆས་ཅན་དཔག་ཏུ་མེད་པར་སྤྲིན་གཏིབ་པ་ལྟར་བཞུགས་པར་མོས་ལ། བདག་སོགས་ཀྱིས་སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་གིས་བླ་མའི་གསང་བ་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་
ཐུགས་ཀྱི་དམ་ཚིག་ཆགས་ཉམས་ཐམས་ཅད་གནོད་འགྱོད་དྲག་པོས་གསོལ་བ་བཏབ་ཅིང་། རྒྱས་པར་ན་སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་ལས་ཨོཾ་ཡིག་དང་ཡིག་བརྒྱ་དཀར་པོ་འཕྲོས། བླ་མའི་དཔྲལ་བར་ཕོག་པས་རང་གི་དཔྲལ་བར་ཨོཾ་གྱིས་མཐར་ཡིག་བརྒྱ་དཀར་པོའི་བསྐོར་བའི་འོད་ཀྱིས་སྐུ་ལུས་ཐམས་ཅད་ཁྱབ་དམ་ཚིག་ཉམས་ཆགས་བྱང་བར་མོས་ཏེ་ཡིག་བརྒྱ་བཟླ། དེ་བཞིན་དུ་གསུང་དང་ཐུགས་ལ་སྦྱར། བླ་མ་ལ་སྔར་བཞིན་གསོལ་བ་བཏབ་སྔར་བཞིན་བླ་མའི་གནས་གསུམ་ནས་འབྲུ་གསུམ་དང་ཡིག་བརྒྱ་དཀར་དམར་མཐིང་གསུམ་རིམ་པར་བྱོན། མགོན་པོའི་གནས་གསུམ་དུ་ཐིམ་པ་སོགས་རིམ་བཞིན་ཡིག་བརྒྱ་བཟླ། སླར་བླ་མ་དང་མགོན་པོ་དབྱེར་མེད་ལ་གསོལ་བ་བཏབ། གཉིས་ཀའི་གནས་གསུམ་ནས་འབྲུ་གསུམ་དང་ཡིག་བརྒྱ་དཀར་དམར་མཐིང་གསུམ་བྱོན། འཁོར་རྣམས་ཀྱི་གནས་གསུམ་དུ་ཐིམ་རིམ་བཞིན་ཡིག་བརྒྱ་བཟླ། ཡང་བླ་མ་
མགོན་པོ་འཁོར་དང་བཅས་པ་ལ་བདག་སོགས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆགས་བྱང་བའི་གསོལ་བ་བཏབ། བླ་མ་མགོན་པོ་འཁོར་བཅས་ཀྱི་གནས་གསུམ་ནས་འབྲུ་གསུམ་དང་ཡིག་བརྒྱ་དཀར་དམར་མཐིང་གསུམ་གཅིག་ཆར་བྱོན། བདག་སོགས་ཀྱི་གནས་གསུམ་དུ་ཐིམ། གནས་སོ་སོ་འབྲུ་གསུམ་གྱི་མཐར་ཡིག་བརྒྱས་བསྐོར་བ་ལས་འོད་ཟེར་རང་མདོག་འཕྲོས་ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ། སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆགས་ཐམས་ཅད་མུན་པ་ལ་ཉི་མ་ཤར་བ་བཞིན་སངས་ཀྱིས་དག། སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་ཅིང་ལུས་དྭངས་གསལ་འོད་ཀྱི་རང་བཞིན། ངག་གྲག་སྟོང་བྲག་ཆའི་རྣམ་པ། ཡིད་རིག་སྟོང་སྨིག་རྒྱུའི་རང་བཞིན་དུ་གསལ་ཞིང་། བཤགས་བྱ་བཤགས་ཡུལ་བཤགས་མཁན་གྱི་འཁོར་གསུམ་གདོད་ནས་མ་གྲུབ་པ་སྟོང་གསལ་འགག་མེད་ཕྱག་རྒྱ་ཆེན་པོའི་
ངང་དུ་བཟླས་པ་དངོས་གཞི་བྱ། ཡང་སྐབས་སུ་དབང་བཞི་དང་འབྲེལ་བའི་དམིགས་བཟླས་ནི། བླ་མ་མགོན་པོའི་གནས་གསུམ་ཡིག་འབྲུ་རྣམས་རིམ་པར་འཕྲོ་བསྟིམ་དང་འབྲེལ། རང་གི་ལུས་ངག་ཡིད་གསུམ་ཆ་སྙོམས་དང་བཅས་པས་སྡིག་སྒྲིབ་བྱང་། བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་རིན་པོ་ཆེ་བཅས་ཐོབ། རིམ་བཞིན་ལྷ་སྔགས་ཏིང་ངེ་འཛིན་ཕྱག་རྒྱ་ཆེན་པོ་བསྒོམ་པ་དབང་། འབྲས་བུ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་མོས་ཏེ་བཟླ་བ་སོགས་ཀྱིས་སྐད་ཅིག་ཀྱང་མ་ཡེངས་པར་བཟླས་པས། རྒྱུད་ལས་མ་ཡེངས་བརྒྱ་རྩ་བརྒྱད་བཟླས་ན། དུས་གསུམ་རྒྱལ་བའི་སྲས་སུ་སྐྱེ། ཞེས་པ་བཞིན་ལགས་ན། སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་། བླ་མ་མགོན་པོའི་གསང་བ་གསུམ་གྱིས་བྱིན་རླབས་མ་ལུས་པ་འཇུག་སྟེ། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ་པར་གསུངས་སོ། །
གྲངས་ཚད་ནི་འབུམ་ཕྲག་ཁ་སྐོང་དང་བཅས་པའོ། །ཐུན་འཇུག་ཏུ་རྡོ་རྗེ་འཆང་དང་དཔལ་ལྡན་སོགས་བཤགས་ཚིག་ཀྱང་བརྗོད། མཐར་མཆོད་བསྟོད་སོགས་གོང་བླ་མགོན་དབྱེར་མེད་ཀྱི་སྐབས་བཞིན་གྱིས་གྲུབ་བོ། ༈ །མགོན་པོའི་བསྐུལ་ཟློག་གི་སྐབས་ཀྱི་དམིགས་རིམ་ནི། རང་ཡི་དམ་གྱི་ང་རྒྱལ་ལ་གནས་པའི་མགོན་པོ་འཁོར་བཅས་གནད་ལ་བསྐུལ་བའི་ཕྲིན་ལས་བཅོལ་བའི། དེ་མ་ཐག་ཏུ་གཙོ་འཁོར་ཀུན་གྱི་སྤྲུལ་པ་སྟོང་གསུམ་གང་བའི་གནོད་བྱེད་དགྲ་བགེགས་བསྟན་དགྲ་སྡིག་ཅན་རྣམས་ལ་མཚོན་ཆའི་ཆར་ཆེན་པོ་ཕབ་པས་དེ་དག་གི་གནས་ཁང་ཡུལ་གཞིས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཐལ་བ་རྡུལ་དུ་བརླག་སྟེ་མེ་རི་དང་མེ་དཔུང་གིས་བསྲེག་ཤིང་དངོས་མེད་དུ་སྦྱང་། མགོན་པོ་འཁོར་བཅས་དགྱེས་པའི་སྙན་སྒྲ་དང་བཅས་བཞུགས་པ་དང་། སླར་ཡང་སྐུ་ལས་ཟློག་བྱེད་ཀྱི་མེ་དང་མཚོན་ཆ་སྡོམ་དང་སྡིག་པའི་ཚོགས་མིག་གློག་ལྟར་འཁྱུག་ཤིང་གནམ་ལྕགས་
ཀྱི་ར་གཟིང་བ་ཁ་གདངས་ཤིང་མཆེ་བ་རྩིགས་པ་མེ་འབར་ཤིང་དུ་བ་མཐུལ་བ་དྲི་ཡིས་མགོ་བོ་འགས་པར་བྱེད་ཅིང་འཇིགས་སུ་རུང་ཞིང་མི་སྡུག་པའི་གཟུགས་ཅན་རྣམས་ཕྱོགས་བཅུ་ཀུན་ཏུ་འཕྲོས་པས་གནོད་བྱེད་དགྲ་བགེགས་རྣམས་དང་ཁྱད་པར་དུ་རང་གཞན་ཀུན་གྱི་བསམ་སྦྱོར་ལོག་པ་བཏང་ཞིང་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བདུད་དང་དམ་སྲིད་རྒྱལ་འགོང་བསེན་མོ་སོགས་ཐམས་ཅད་དམར་ཆེམ་ཆེམ་འཇིགས་ཆུམ་ཆུམས་སུ་ཞལ་དུ་བཞེས་མཚོན་གྱིས་གཏོར་མེ་ཡིས་བསྲེགས་རླུང་གི་བདས་ཏེ་ཁྲོ་ཚོགས་སྤྲུལ་པ་དང་བཅས་པའི་ཟློག་པའི་ལས་མཛད། ཕྱག་གཉིས་ཉི་ཟླའམ་གནམ་ལྕགས་ཀྱི་འཁོར་ལོའི་བར་དུ་སྒོ་ང་བྲག་བར་དུ་གཅར་བ་བཞིན་རྡུལ་ཕྲན་དུ་བརླག་པར་མོས། སྲུང་བའི་གུར་ཁང་བསྐལ་པའི་མཐོར་རླུང་གིས་ཀྱང་མི་འཇིག་པར་བསྒོམ་སྟེ་སྟོང་ཉིད་ཀྱི་རྒྱས་གདབ་པར་བྱ་བ་ནི་བསྐུལ་ཟློག་གི་དམིགས་པ་ཞལ་ཤེས་
སྙན་བརྒྱུད་མའོ། །འདི་ནི་ས་བཅུའི་དབང་ཕྱུག་དང་ཆོས་སྐུ་ཡང་པ་སོགས་ཀྱི་སྐབས་སྦྱར་བའོ། །གཞན་སྲུང་བཟློག་གསོད་གསུམ་སོགས་ཀྱི་མན་ངག་ཞལ་ཤེས་དང་བཅས་པ་ནི་མཁས་གྲུབ་ཆོས་རྗེའི་ཤོག་དྲིལ་ཉེར་གཅིག་ཏུ་བལྟ་བར་བྱའོ། །མགོན་པོའི་མཆོག་སྒྲུབ་རྩ་རླུང་གི་སྐོར་སོགས་ནི་བེ་བུམ་ཤོག་དྲིལ་དུ་གསལ་ཞིང་། དེ་དག་ཀྱང་གཏེར་ཆོས་ལ་མོས་ན་མཆོག་གླིང་གཏེར་གསར་སྐོར་ལས་མགོན་པོ་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་རྩ་རླུང་གི་སྐོར་ཡང་གསང་ཕྱག་རྫོགས་ཀྱི་མན་ངག། ཞི་རྒྱས་དབང་དྲག་གི་ལས་སྦྱོར་སོགས་རྒྱས་པར་བཞུགས་པས་དེར་བལྟ་བར་བྱ། ༈ ཡང་གསང་བླ་མ་མགོན་པོ་དབྱེར་ཀྱི་བདག་བསྐྱེད་ཐུན་མོངས་མ་ཡིན་པ་སྙིང་ཞུགས་ཀྱི་ཉམས་ལེན་ནི། ཟུར་དུ་གསལ་བ་ལྟར་ཉམས་སུ་ལེན་པར་བྱ། དེ་ལྟར་ཡེ་ཤེས་མགོན་པོ་འདི་སྒྲུབ་ཅིང་མཆོད་པའི་དུས་ཁྱད་པར་ཅན་ནི་ཟླ་བ་བྱུང་ངོ་
ལྕོག་གི་དགུ་གསུམ་དང་གནམ་སྟོང་ལ་སྔགས་པ་དང་། བསྙེན་སྒྲུབ་མཆོད་གསོལ་གང་གི་ཚེ་ཡང་། རྟེན་གཏོར་རྟག་གཏོར་དུས་གཏོར་རྒྱུན་གཏོར་གློ་བུར་ལས་བཅོལ་གྱི་གཏོར་མ་སོགས་ལ་བརྩོན་པ་ཤིན་ཏུ་གལ་ཆེ་ཞིང་། ཐུགས་དམ་གཏོར་མའི་བསྐང་ཕྲིན་ལས་གཏོར་མས་སྒྲུབ་དངོས་གྲུབ་གཏོར་མས་སྩལ་བར་ཆད་གཏོར་མས་སེལ་བ་གཞུང་ནས་གསུང་པས་ནན་ཏན་བྱ། ཞི་རྒྱས་དབང་དྲག་གི་གཏོར་སྒྲུབ་ཆེན་པོ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ལུགས་སྲོལ་ཐུན་མོངས་མ་ཡིན་པ་རྒྱལ་བ་མུས་པ་ཆེན་པོ་དང་ཙོང་ཁ་པ་ཡབ་སྲས་ཀྱི་ཕྱག་བཞེས་བཞིན་གསལ་བར་བཀོད་པའི་ཡིག་ཆ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པ་དང་། དྲག་པོ་གཏོར་ཆེན་གྱི་ལག་ལེན་ལིང་ག་བཅའ་སྒྲུབ། ཁ་སྦྱོར་གྱི་དབྱེ་བ་བཞི་ཡི་མན་ངག །དཀྱིལ་འཁོར་དང་གཏོར་མའི་ཕྱག་ལེན། དགྲ་བོ་བྱད་མ་སོགས་ཀྱི་གཏོར་
ཕྱེ་ཆང་ཕུད་བསྲེ་དགོས་པ་དང་། བཟའ་བཏུང་སོགས་ལོངས་སྤྱོད་ཅིང་ལྷན་ཅིག་ཏུ་སྡོད་དགོས་པ་བྱུང་ན། དགྲ་བོ་ཚོགས་སུ་ཟ་བ། བཟའ་བཏུང་གིས་ཚར་བཅད་པ། བྱད་ཤ་སྦག་པའི་མན་ངག་ཞལ་ཤེས་དང་བཅས། གཙོ་བོའི་མདུན་གྲོས་གཤིག་པའམ་གྲོང་ཁྱེར་དང་ཡུལ་འཁོར་དཀྲུག་པའི་ལག་ལེན། བསྒྲལ་བའི་ལས་དྲུག་གི་སྦྱོར་བ། འགུགས་འདྲེན་བསྒྲལ་གསུམ་མནན་སྲེག་འཕང་གསུམ་གྱི་ལག་ལེན་དམིགས་རིམ་བཅས་གསལ་བར་བཀོད་པའི་ཡིག་ཆ་མཁས་གྲུབ་ཆོས་རྗེའི་གསུང་བེ་བུམ་སོགས་ལས་རྟོགས་པར་བྱའོ།། །།དེ་ལྟར་བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ཀྱི་བསྙེན་སྒྲུབ་དང་ལས་བཞི་མཆོག་གི་དངོས་གྲུབ་སྒྲུབ་པའི་སྐོར་གྱི་ལག་ལེན་དམིགས་རིམ་ཁ་གསལ་ཞིག་དགོས་ཞེས་དྭགས་ཤངས་ཀྱི་བརྒྱུད་འཛིན་དམ་པ་མང་པོས་བཀས་བསྐུལ་ན་ཡང་རིམ་ལུས་སུ་གྱུར་པ་ལ། རིས་མེད་བསྟན་པའི་གཙུག་རྒྱན་འཇིག་རྟེན་དབང་ཕྱུག་གོང་ས་ཆེན་པོ་བསྟན་འཛིན་རྒྱ་
མཚོ་མཆོག་གི་ཐུགས་བསྐྱེད་ཟླ་མེད་ཀྱིས་བསྟན་པའི་གསོས་སུ་བོང་བ་གསེར་གཟིགས་ཀྱིས་བསྟན་འཛིན་གྱིཾསྐྱེས་བུ་དམ་པ་མང་པོ་ལ་སྨིན་གྲོལ་གྱི་གདམས་པ་འབུལ་དགོས་ཀྱི་བཀའ་ཡིས་གནང་བ་སྩོལ་བ་ལ་རྟེན། དགེ་ལྡན་བཀའ་བརྒྱུད་ཀྱི་བླ་མ་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱི་གསན་བསམ་སྒྲུབ་པ་མཛད་པའི་སྐབས་བྲག་ཡབ་སྐྱབས་མགོན་ཧོ་ཐོག་ཐུ་རིན་པོ་ཆེས་མགོན་པོའི་མན་ངག་སྐོར་གབ་སྦས་མེད་པ་ཞིག་དགོས་ཞེས་བསྐུལ་བ་ལ་རྟེན། དཔལ་ལྡན་ཤངས་པའི་གདམས་ངག་ལས་བྱོན་པའི་མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་གྲུབ་མཐའ་རིས་མེད་ལས་བྱོན་པའི་རྒྱུན་རྣམ་དག་རྣམས་ཐུགས་མཚོར་གཅིག་ཏུ་འཁྱིལ་བ་རྒྱལ་བའི་ལུང་གིས་ཡང་ཡང་སྔགས་པའི་སྐྱེས་བུ་དམ་པ་འཇམ་མགོན་བློ་གྲོས་མཐའ་ཡས་ལས་བྱོན་པ་རྣམས། བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྡོ་རྗེ་འཆང་ནོར་བུ་དོན་གྲུབ་ཀྱི་ཞལ་ནས་སྨིན་གྲོལ་རྒྱབ་རྟེན་ཞལ་ཤེས་མན་ངག་བཅས་སྩལ་པ་རྣམས་རང་གི་མྱོང་བ་དང་སྦྱར་ཏེ་རྒྱལ་བསྟན་ཡོངས་ལ་མི་ཕྱེད་པའི་འདུན་པ་ཅན་ཀརྨ་རང་བྱུང་ཀུན་ཁྱབ་པས་གསལ་བར་བཀོད་པ་ལགས་ན་ལོག་ལྟ་ཅན་དང་དབང་ཁྲིད་མ་ཐོབ་པ་རྣམས་ལ་གསང་
ཞིང་སྦ་བ་དང་། དམ་ལྡན་སྒྲུབ་པ་པོ་རྣམས་ཀྱིས་རྩེ་གཅིག་ཉམས་བཞེས་གནང་སྟེ་བསྟན་འགྲོའི་དཔལ་དུ་འགྱུར་བ་ཞིག་བཀྲིན་ཞུ། སླར་སྨས་པ་གྲུབ་པའི་དབང་ཕྱུག་རྣམས་ཀྱི་དགོངས་པའི་བཅུད། འཇིག་རྟེན་གསུམ་ན་དཀོན་པའི་དབྱིག་གི་མཆོག །མཁས་གྲུབ་ཁྱུང་པོས་བཀའ་སྲོལ་ལས་བྱོན་པའི། ཟབ་གསང་མན་ངག་ཡིག་ཆ་འདི་སྤེལ་བའི། ཡོངས་རྫོགས་བསྟན་པའི་མངའ་བདག་གོང་ས་རྗེ། ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག །ཡོངས་འཛིན་རྣམ་གཉིས་རིས་མེད་བསྟན་འཛིན་ཚོགས། ཞབས་པད་ཡུན་བརྟན་ཐུགས་གཞེད་མཐར་ཕྱིན་ཤོག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ། ནམ་ཡང་མི་ནུབ་དར་ཞིང་རྒྱས་པ་དང་། དམ་ཆོས་སྒྲུབ་རྣམས་བར་ཆད་མི་འབྱུང་ཞིང་། ཚེ་གཅིག་སངས་རྒྱས་དོན་གཉིས་ལྷུན་གྲུབ་ཤོག །ཀླ་ཀློ་གདུག་པའི་ཉེར་འཚེ་ཀུན་ཞི་ནས། །བོད་ལྗོངས་ཆོས་སྲིད་རང་དབང་འབྱོར་པ་དང་། །ནད་མུག་མཚོན་གྱི་བསྐལ་པ་ཉེར་ཞི་ནས། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག །ཅེས་པའང་སྨོན་ཚིག་ཏུ་གསོལ་བ་བཏབ་པ་ལགས་ན་དགེ་ཞིང་བཀྲིས་པར་གྱུར་ཅིག །མངྒ་ལཾ།། །།