Nitartha Digital Library
Tibetan
 
previousམདོར་བསྡུས་ཏེ་བསྟན་པའི་ངག་དོན་བཤད་པ། next

མདོར་བསྡུས་ཏེ་བསྟན་པའི་ངག་དོན་བཤད་པ།

དང་པོར་སོགས་ལ། མཁྱེན་གསུམ་ཆོས་ཅན། ལས་སུ་སྒྲུབ་པའི་དབང་དུ་བྱས་ནས་མཁྱེན་གསུམ་གྱི་མཚན་ཉིད་ཡིན་ཏེ། མཁྱེན་གསུམ་གྱི་ཆོས་སུམ་ཅུས་མཚོན་པར་བྱ་བའི་གནས་ཡིན་པའི་ཕྱིར། དབང་དུ་བྱ་བ་སོགས་ལ། རྣམ་ཀུན་ཆོས་ཅན། མཁྱེན་པ་གསུམ་གྱི་སྦྱོར་བ་ཡིན་ཏེ་ཐོས་བསམ་གྱིས་གཏན་ལ་ཕབ་ཟིན་འདོད་རྒུར་དབང་དུ་བྱ་བའི་ཕྱིར་མཁྱེན་གསུམ་གྱི་རྣམ་པ་སྒོམ་པ་ལ་སྦྱོར་བའི་ཕྱིར། ཤིན་ཏུ་སོགས་ལ། རྩེ་མོའི་མངོན་རྟོགས་ཆོས་ཅན། མཁྱེན་གསུམ་རབ་ཀྱི་གནས་སྐབས་ཡིན་ཏེ། རྣམ་ཀུན་གྱི་སྦྱོར་བ་ཤིན་ཏུ་བ་སོགས་གོམས་པས་མི་མཐུན་ཕྱོགས་སྤོང་བ་ལ་མཐུ་དང་ལྡན་པ་ཡིན་པའི་ཕྱིར། དེ་ནི་རྟོགས་པ་སོགས་ལ། མཐར་གྱིས་པའི་མངོན་རྟོགས་ཆོས་ཅན། མཁྱེན་གསུམ་གྱི་གོ་རིམ་ཀྱི་གནས་སྐབས་ཡིན་ཏེ། མཁྱེན་གསུམ་སོ་སོ་བ་དང་བསྡུས་པ་ཉིད་དུ་རྣམ་པར་སྒོམ་པའི་དོན་རྣམས་སྐད་ཅིག་མ་གཅིག་ལ་མངོན་དུ་བྱ་བའི་ཕྱིར་ཤར་འདེབས་ཀྱི་ཚུལ་དུ་སྒོམ་པར་བྱེད་པ་དེ་ཡིན་པའི་ཕྱིར། ཁྱད་པར་དུ་སོགས་ལ། སྐད་ཅིག་མའི་མངོན་རྟོགས་ཆོས་ཅན། མཁྱེན་གསུམ་གྱི་སྦྱོར་བ་མཐར་ཐུག་པའི་གནས་སྐབས་ཡིན་ཏེ། སློབ་ལམ་གྱིས་སྤངས་རྟོགས་ཁྱད་པར་དུ་འགྲོ་བར་མེད་པའི་ཕྱིར། དེའི་འབྲས་བུ་སོགས་ལ། ཆོས་སྐུ་མཛད་པ་དང་བཅས་པ་ཆོས་ཅན། མཁྱེན་གསུམ་རྣམ་པར་སྨིན་པའི་གནས་སྐབས་ཡིན་ཏེ། མཁྱེན་གསུམ་སྦྱོར་བ་མཐར་ཐུག་གི་འབྲས་བུ་ཡིན་པའི་ཕྱིར། བར་མ་ལ་དགའ་བ་སོགས་ལ། མངོན་རྟོགས་དྲུག་དུ་བསྡུས་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱས་བསྡུས་བར་མ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པའི་ཆེད་ཡིན་པའི་ཕྱིར། དང་པོར་སོགས་ལ། མཁྱེན་གསུམ་ཆོས་ཅན། འཇུག་པར་བྱ་བའི་ཡུལ་ཡིན་ཏེ། ཐོས་བསམ་གྱིས་གཏན་ལ་ཕབ་ནས་མངོན་དུ་བྱ་བའི་ཕྱིར། སྦྱོར་བའི་བསྒོམ་བྱ་ཡིན་པའི་ཕྱིར། དེའི་འོག་དུ་སོགས་ལ། རྣམ་ཀུན་སོགས་བཞི་ཆོས་ཅན། སྦྱོར་བ་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་མངོན་དུ་བྱ་བའི་ཕྱིར་སྒོམ་པ་ཡིན་པའི་ཕྱིར། ཆོས་སྐུ་ཕྲིན་ལས་དང་བཅས་པ་ཆོས་ཅན། འབྲས་བུ་ཡིན་ཏེ། སྔ་མ་དེའི་ཕྱིར། ལ་ལ་ལས་དོན་སོགས་ལ། ཤེས་བྱ་ཆོས་ཅན། ཡུམ་གསུམ་ཀ་བརྗོད་བྱ་མངོན་རྟོགས་བརྒྱད་སྟོན་པ་ལ་ཁྱད་པར་མེད་དེ། བརྒྱད་པོ་དེ་ཉིད་བསྡུས་པ་ལ་དོན་ཙམ་ཚང་བ་དང་། བར་བ་ལས་ཚིག་ཙམ་ཚང་བ་དང་། རྒྱས་པ་ལས་རེ་རེ་ཡང་མིང་གི་རྣམ་གྲངས་དུ་མའི་སྒོ་ནས་བསྟན་པའི་ཕྱིར། དེ་ལྟ་མིན་ན་སོགས་ལ། རྒྱན་ཆོས་ཅན། ཡུམ་གསུམ་པོ་ཐམས་ཅད་ཀྱི་བརྗོད་བྱའི་རིམ་པ་ལ་སོགས་བསྡུས་པ་མ་ཡིན་པར་ཐལ། ཡུམ་གསུམ་ཀས་མངོན་པར་རྟོགས་པ་བརྒྱད་མ་བསྟན་པའི་ཕྱིར། འདོད་ན་ཡུམ་ཀུན་གྱི་རྒྱན་མ་ཡིན་པར་ཐལ་ལོ།། དེ་ལ་སོགས་ལ། ཡུམ་གསུམ་ཆོས་ཅན། བརྗོད་བྱ་གཅིག་ཀྱང་ཁྱད་པར་མེད་པ་མ་ཡིན་ཏེ། ཚིག་རྒྱས་འབྲིང་བསྡུས་པའི་དབྱེ་བ་ཡོད་པའི་ཕྱིར། འཕགས་པ་སོགས་ལ། སློབ་དཔོན་སེང་བཟང་ཆོས་ཅན། མན་ངག་མེད་པར་རང་དགར་འགྲེལ་ཆུང་རྩོམ་པ་མ་ཡིན་ཏེ། འཕགས་པ་རྣམ་གྲོལ་སྡེའི་མན་ངག་ལ་བརྟེན་ནས་བརྩམས་པའི་ཕྱིར། རྒྱན་དང་ཡུམ་གསུམ་གྱི་ཚིག་མ་སྦྱར་བ་འགྲེལ་ཆུང་དོན་གསལ་བརྩམས་པ་ལ་དགོས་པ་ཡོད་དེ། གདུལ་བྱས་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། ཤེས་ལྡན་དོན་གཉེར་འགའ་ཡིས་བསྐུལ་བའི་ཕྱིར། རྒྱན་གྱི་ངག་དོན་བསྡེབས་ལེགས་འདི་སྦྱར་བས། ཤེས་རབ་ཕ་རོལ་ཕྱིན་པའི་དོན་རྟོགས་ནས། འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་པར་ཤོག །མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་དང་བཅས་པའི་ངག་དོན། མདོ་ཁམས་སྟོད་པ་ཤེས་རབ་འབུམ་གྱིས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །། ༼འདིར་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱིས་གཟིགས་སྐབས་གཞུང་འདིའི་ཚིག་རིས་དང་གོང་འོག་སོགས་ལ་འགལ་འཁྲུལ་དཔྱད་པས་འཇུག་པར་མཛད་གནང་རོགས། གང་ཡིན་ཟེར་ན་འདིའི་མ་དཔེ་དེ་དཔེ་ཤིན་ཏུ་ངན་སྟེ། ཡི་གེ་མ་གསལ་བ་མང་བ་དང་། ལྷག་པར་དཔེ་ཆའི་གོ་རིམ་ཨང་གྲངས་ཀྱང་མ་གསལ་བ་མང་བས་ཁོ་བོས་འགྲེལ་པ་དོན་གསལ་སོགས་དང་ལྷག་པར་ཀུན་མཁྱེན་ཆེན་པོའི་ངག་དོན་ལ་བལྟ་བསྡུར་བྱས་ཏེ་ཚོད་དཔག་བྱས་པ་ཁ་ཤས་མཆིས་སོ། །གཞན་ཡང་འདི་གཞོན་ནུ་བློ་གྲོས་ཞེས་གསུངས་པ་ལས་དུས་གནས་སོགས་གསལ་ཁ་མེད་པས་གཞོན་ནུ་བློ་གྲོས་ཞུ་བ་ས་སྐྱ་རང་ལའང་མཁས་པ་གསུམ་ཙམ་མངའ་བས་ན། རྗེ་བཙུན་རེད་མདའ་བ་ཡིན་མིན་ཡང་དཔྱད་བྱའི་གནས་སོ། །ཞེས་པ་སྒྲིག་པོ་ཐུབ་བསྟན་སྨོན་ལམ་ནས།༽


previousམདོར་བསྡུས་ཏེ་བསྟན་པའི་ངག་དོན་བཤད་པ། next