Nitartha Digital Library
Tibetan
རྟ་ནག་རྣམ་འགྲེལ།

1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


 collapse section
  
 collapse section
  
  
  
  
  
 collapse section
  
  
རང་ལུགས་དང་རྩོད་སྤོང་བཤད་པ།
  
  
  
 collapse section
  
  
  
  
  
collapse section
  
 


1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousརང་ལུགས་དང་རྩོད་སྤོང་བཤད་པ།next

རང་ལུགས་དང་རྩོད་སྤོང་བཤད་པ།

༈ རང་ལུགས་བཞག་པ་ལ། རང་ལས་ངེས་ཀྱི་ཚད་མ་དང་། གཞན་ལས་ངེས་ཀྱི་ཚད་མ་སོ་སོའི་ངོ་བོ་དང་། དབྱེ་བ་གཉིས། དང་པོ་དེ་གཉིས་སོ་སོའི་ངོ་བོ་འཆད་པར་བྱེད་པ་ལ། རྣམ་ངེས་ཊཱིཀ་ཆེན་ལས། གསར་དུ་མི་བསླུ་བའི་རིག་པ་གང་ཞིག །རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་ན་གནས་པ་མེད་ན་ཚད་མ་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་དང་། ཚད་མ་གཞན་ལ་བརྟེན་ནས་ངེས་པའོ། །ཞེས་དང་། ཐར་ལམ་གསལ་བྱེད་ལས། དེས་ན་མི་བསླུ་བའི་ཆ་རང་སྟོབས་ཀྱིས་ངེས་ན་རང་ངེས་དང་། གཞན་སྟོབས་ཀྱིས་ངེས་ན་གཞན་ངེས་སོ། །ཞེས་གསུངས་པའི་ཕྱིར། འདི་གཉིས་ཀྱི་དོན་ནི། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་ན་གནས་པ་མེད་ན་རང་ཉིད་མི་འབྱུང་བའི་ཆ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་དང་། དེ་ལྟར་མི་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་དེ། གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཡིན། གཉིས་པ་དབྱེ་བ་ནི། རང་ལས་ངེས་ཀྱི་ཚད་མ་ལ་དབྱེ་ན། གོམས་པ་ཅན་གྱི་མངོན་སུམ་གྱི་ཚད་མ། དོན་བྱེད་སྣང་ཅན་གྱི་མངོན་སུམ་གྱི་ཚད་མ། རང་རིག་ཚད་མ། རྗེས་སུ་དཔག་པའི་ཚད་མ་དང་བཞི་ཡོད། དེ་བཞི་པོ་གང་རུང་ཡིན་ན། རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ། དང་པོ་ནི། བུའི་རྒྱུད་ཀྱི་ཕའི་གཟུགས་འཛིན་པའི་དབང་མངོན་ལྟ་བུ། གཉིས་པ་ནི། མེ་འཛིན་དབང་མངོན་ལྟ་བུ། གསུམ་པ་ནི། མེ་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་ལྟ་བུ། བཞི་པ་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལྟ་བུ། གཞན་ལས་ངེས་ཀྱི་ཚད་མ་དེ་ལ་དབྱེ་ན། སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལ་བརྟེན་ནས་ངེས་དགོས་པའི་གཞན་ལས་ངེས་ཀྱི་ཚད་མ་གཅིག་དང་། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལ་བརྟེན་ནས་ངེས་དགོས་པའི་གཞན་ལས་ངེས་ཀྱི་ཚད་མ་གཅིག་དང་གཉིས། དང་པོ་ནི། དོན་ལ་མེའི་ཁ་དོག་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་ལྟ་བུ་ལ་བྱེད་ཅིང་། དེ་ལྟ་བུའི་དབང་མངོན་དེ་ལ། སྣང་བ་རང་ལས་ངེས་ཤིང་། བདེན་པ་གཞན་ལ་བརྟེན་ནས་ངེས་དགོས་པའི་གཞན་ལས་ངེས་ཀྱི་ཚད་མ། ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེས་ཁོ་རང་ལ་སྣང་བའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་དེ། རང་སྟོབས་ཀྱིས་ངེས་ཤིང་། དེ་མེའི་ཁ་དོག་ཡིན་པ་དེ། ཕྱིས་འབྱུང་ཐ་སྙད་པའི་ཚད་མ་ལ་བརྟེན་ནས་ངེས་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་འདྲའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་དེས། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་ན་གནས་པ་མེད་ན། རང་ཉིད་མི་འབྱུང་བའི་ཆ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་ཏེ། མེའི་ཁ་དོག་དེ། དོན་ལ་མེའི་ཁ་དོག་ཏུ་གྱུར་པའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པའི་བདག་ཉིད་ཡིན་ལ། དེ་འདྲའི་དབང་མངོན་དེས་མེའི་ཁ་དོག་དེ་དོན་ལ་མེའི་ཁ་དོག་ཏུ་གྱུར་པའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་རྟོགས་པའི་ཕྱིར། དེར་ཐལ། དེས་མེའི་ཁ་དོག་ཏུ་གྱུར་པའི་རྒྱང་རིང་པོའི་དམར་ལམ་པ་དེ་མེའི་ཁ་དོག་ཏུ་མ་རྟོགས་པའི་ཕྱིར། དོན་ལ་ཤ་པ་ཡིན་ཞིང་། དེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཡལ་ག་ལོ་འདབ་དང་བཅས་པའི་ཤིང་འཛིན་པའི་དབང་མངོན་ལྟ་བུ། གཉིས་པའི་མཚན་གཞི་ཡིན་ཞིང་། དེ་འདྲའི་དབང་མངོན་དེ་ལ་སྤྱི་རང་ལས་ངེས་ཤིང་། ཁྱད་པར་གཞན་ལ་བརྟེན་ནས་ངེས་དགོས་པའི་གཞན་ལས་ངེས་ཀྱི་ཚད་མ། ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེས་ཁོ་རང་ལ་སྣང་བའི་ཡལ་ག་ལོ་འདབ་དང་བཅས་པའི་ཤིང་དེ་ཁོ་རང་གི་སྟོབས་ཀྱིས་ངེས་ཤིང་། དེ་ཤ་པ་ཡིན་པ་དེ་ཕྱིས་འབྱུང་ཐ་སྙད་པའི་ཚད་མ་གཞན་ལ་བརྟེན་ནས་ངེས་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ངག་དོན་ནི། མེ་འཛིན་དབང་མངོན་ཆོས་ཅན། ཁྱོད་ཤེས་པར་རྟོགས་བྱེད་ཀྱི་ཚད་མ་ཡོད་དེ། ཁྱོད་མྱོང་བའི་རང་རིག་མངོན་སུམ་དེས་ཁྱོད་ཤེས་པར་རྟོགས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཚད་མར་རྟོགས་བྱེད་ཀྱི་ཚད་མ་ཡོད་དེ། གསར་དུ་མི་བསླུ་བའི་རིག་པའི་རྟགས་ལས། མེ་འཛིན་དབང་མངོན་ཚད་མར་རྟོགས་པའི་ཕྱིས་འབྱུང་ཐ་སྙད་པའི་ཚད་མ་དེས། ཁྱོད་དེར་རྟོགས་པའི་ཕྱིར། ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་བརྩམས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཚད་མའི་མཚན་ཉིད་ལ་རྨོངས་པ་བཟློག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། །

༈ རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། དོན་ལ་མེའི་ཁ་དོག་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་ཆོས་ཅན། ཁྱོད་རྟོགས་པའི་རྗེས་དཔག་ཡོད་པར་ཐལ། ཁྱོད་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར་ན་ཆོས་ཅན་སྐྱོན་ཅན་ཡིན་ནོ། །གཞན་ཡང་། དེ་འདྲའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་དེ་ཁ་དོག་ཏུ་ཐལ། དེ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སངས་འཕགས་ཀྱི་རྒྱུད་ལ་ཁྱོད་འཛིན་དབང་མངོན་ཡོད་པར་ཐལ། ཁྱོད་ཁ་དོག་ཡིན་པའི་ཕྱིར་ན་ཆོས་ཅན་སྐྱོན་ཅན་ཡིན་ནོ། །འདོད་ན། སངས་འཕགས་ཀྱི་རྒྱུད་ལ་གཞན་ལས་ངེས་ཀྱི་ཚད་མ་ཡོད་པར་ཐལ་ལོ། །ཁ་ཅིག་ན་རེ། ཤིན་ཏུ་ལྐོག་འགྱུར་རྟོགས་པའི་རྗེས་དཔག་ཆོས་ཅན། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་ན་གནས་པ་མེད་ན། རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་ཐལ། དེ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་རྗེས་དཔག་དེས་ཤིན་ཏུ་ལྐོག་འགྱུར་མེད་ན། ཤིན་ཏུ་ལྐོག་འགྱུར་རྟོགས་པའི་རྗེས་དཔག་མི་འབྱུང་བའི་ཆ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་ཐལ། དེས་རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་ན་གནས་པ་མེད་ན་རང་ཉིད་མི་འབྱུང་བའི་ཆ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། འདོད་ན། དེ་འདྲའི་རྗེས་དཔག་དེས་ཤིན་ཏུ་ལྐོག་འགྱུར་མེད་ན། དེ་རྟོགས་པའི་རྗེས་དཔག་མི་འབྱུང་བ་དེ་རྟོགས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེས་ཤིན་ཏུ་ལྐོག་འགྱུར་རྟོགས་པའི་རྗེས་དཔག་ཤིན་ཏུ་ལྐོག་འགྱུར་ལ་འབྲེལ་བ་དེ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེ་ལ་འབྲེལ་བ་ཅུང་ཟད་ལྐོག་འགྱུར་ཡིན་པའི་ཕྱིར། །


previousརང་ལུགས་དང་རྩོད་སྤོང་བཤད་པ།next