རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་རྟགས་ཚད་ཀྱི་གདམས་པ། གཏེར་ཆེན་འགྱུར་མེད་རྡོ་རྗེ།
༁ྃ༔ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་རྟགས་ཚད་ཀྱི་གདམས་པ་བཞུགས་སོ༔ ཨ་ཏི་ས་མ་མནྟྲ༔ ཐོག་མའི་རྒྱལ་བ་འོད་མི་འགྱུར་བ་དཔལ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ༔ མན་ངག་རྫོགས་པ་ཆེན་པོའི་སྔོན་འགྲོ་དངོས་གཞིའི་ལམ་རྣམས་མཐར་ཕྱིན་ནས་རྗེས་ལ་རྟགས་ཚད་བསྟན་པ་དང་འབྲས་བུ་བསྟན་པའོ༔ དང་པོ་ལ༔ མི་འགུལ་བ་གསུམ་གྱིས་གཞི་བཅའ་བ༔ སྡོད་པ་གསུམ་གྱིས་ཚད་བཟུང་བ༔ ཐོབ་པ་གསུམ་གྱིས་གཟེར་གདབ་པའོ༔ མི་འགུལ་བ་གསུམ་གྱིས་གཞི་བཅའ་བ་ནི༔ འདུག་སྟངས་སྐུ་གསུམ་ལས་མི་འགུལ་བར་བྱའོ༔ དེས་ལུས་མི་འགུལ༔ དེས་རྩ་མི་འགུལ༔ དེས་རླུང་མི་འགུལ༔ དེས་ཐིག་ལེ་མི་འགུལ༔ མི་འགུལ་བ་གསུམ་ལས་སེམས་མི་འགུལ༔ དེས་འགྱུ་བྱེད་ཀྱི་འཁྲུལ་རྟོག་རྒྱུན་ཆད་ནས་རིག་པ་རང་སར་གནས་པའི་དགོས་པ་ཡོད་དོ༔ གཉིས་པ་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ༔ རིག་པའི་གནད་རྩ་ལ་ཡོད༔ རྩའི་གནད་སྒོ༔ སྒོའི་གནད་སྒྲོན་མ༔ དེ་མ་འགུལ་བས་སེམས་མི་འགུལ་ཏེ་རྟོག་པ་མི་འབྱུང་༔ དབྱིངས་རིག་འདུ་འབྲལ་མེད་པ་རིག་པ་རང་གསལ་རྗེན་པར་འཆར་བའོ༔ གསུམ་པ་རླུང་མི་འགུལ་བས་སྨྲ་བརྗོད་ཉུང་༔ རྣམ་རྟོག་རྒྱུན་ཐུང་༔ ཤེས་པ་སྨྲ་རུ་མེད་པས་མི་འགུལ་བའོ༔ གློ་བུར་གྱི་འཁྲུལ་རྟོག་མེད་པའི་དགོས་པ་ཡོད་དོ༔ གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི༔ དབྱིངས་རིག་ནང་དུ་ཚུད་ན་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་༔ རླུང་དང་རིག་པ་འགྲོ་འོང་མེད་པར་སྡོད་དེ༔ ཕྱི་རོལ་གྱི་སྣང་བས་ཡིད་སྐྱོད་བྱེད་ཀྱི་རླུང་ཟད་པའོ༔ ལུས་འགུལ་བ་མེད་པར་སྡོད་དེ་ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པའོ༔ སེམས་ལ་རྟོག་པ་མི་འགྱུ་བར་སྡོད་དེ་སྣང་བ་འགྱུ་བྱེད་ཀྱི་རླུང་ཟད་པའོ༔ སྐབས་འདིར་ཚད་རྨི་ལམ་གྱིས་འཛིན་པ་ནི་དངོས་དང་རྟགས་འཆར་བ་གཉིས༔ བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་སྟེ་གཉིད་ལོག་པས་རྨི་ལམ་མི་སྣང་༔ ཉིན་མཚན་དཀར་ནག་གི་རྟོག་པ་དག༔ འབྲིང་ལ་རྨི་ལམ་འོད་གསལ་དུ་འཆར༔ ཐ་མ་ལ་རྨི་ལམ་རྨི་ལམ་དུ་ཤེས་ནས་ཆོས་ཉིད་དྲན༔ རྟགས་ལུས་ངག་ཡིད་གསུམ་ལ་འཆར་ཏེ་སྣང་བ་བཞི་ལས༔ དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི་ལུས་ཉམས་སུ༔ ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་འགུལ་མི་ཤེས་པའོ༔ ངག་ལྐུག་པ་ལྟར་སྨྲ་བ་མེད་པའོ༔ སེམས་མཁའ་འགྲོ་རྙི་ལ་ཚུད་པ་ལྟར་མི་འགྲོ་བར་སྡོད་པའོ༔ ཉམས་གོང་འཕེལ་གྱི་སྣང་བའི་རྟགས་གསུམ་ནི༔ ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་རྒྱན་དང་བྱི་དོར་གྱི་རྩོལ་བ་མེད་པའོ༔ ངག་སྨྱོན་པའི་ཁ་ཚིག་ལྟར་གཏམ་དུས་མིན་ཅལ་ཅོལ་དུ་སྨྲ་བའོ༔ སེམས་སྐྱེས་བུ་རྩི་དུག་གིས་ཟིན་པ་དུག་ལན་བདུན་བྱུང་ན་ཅིས་ཀྱང་མི་ཕན་འཆི་བར་ཤེས་པ་ལྟར་ཐེ་ཚོམ་དང་ཡིད་གཉིས་མེད་པར་ཕྱིས་ཁམས་གསུམ་དུ་ལྡོག་པ་མེད་པར་ཐག་ཆོད་པའོ༔ རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་སྟེ༔ ལུས་གླང་ཆེན་འདམ་དུ་ཚུད་པ་སྐད་ཅིག་མ་ལ་ཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་མེད་དུ་གྲོལ་བའོ༔ ངག་གྲུལ་བུམ་གྱི་ཕྲུ་གུའི་སྐད་ལྟར་གཞན་གྱི་ཡིད་འཕྲོག་པས་ཅི་སྨྲས་ཐམས་ཅད་ཕན་པའོ༔ སེམས་སྐྱེས་བུ་འབྲུམ་ནད་བྱང་བ་སླར་མི་སྐྱོར་བར་ཤེས་པ་ལྟར་ཁམས་གསུམ་དུ་སླར་མི་ལྡོག་པར་ཡིད་ཆེས་པའོ༔ ཆོས་ཉིད་ཟད་པའི་རྟགས་གསུམ་ནི༔ ལུས་དུར་ཁྲོད་ཀྱི་རོ་ལྟར་ཉམས་ང་དང་རྟོག་པ་བྲལ་བའོ༔ ངག་བྲག་ཅ་ལྟར་གཏམ་གྱི་བརྗོད་པའི་ཟུངས་ཟད་པས་གཞན་གྱི་ལད་མོ་ཙམ་ཟློས་པ་དང་༔ སེམས་བར་སྣང་གི་ན་བུན་ལྟར་སྐད་ཅིག་ལ་ཕུང་པོ་མི་སྣང་བ་བར་སྣང་གི་འཇའ་ལྟར་ཡལ་བའོ༔ དེས་སངས་རྒྱས་པའོ༔ གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ལ༔ སྐྱེ་བ་ལ་རང་དབང་ཐོབ་པ་ཤེས་པ་ཅན་གྱི་མི་དང་བེམ་པོར་རིག་པ་བཅུག་ཀྱང་ལས་བཟང་ངན་མེད་པར་གྲོལ་བ་དང་༔ ལངས་པ་དང་སྐད་འབྱིན་པ་ལ་སོགས་ནུས་པས་ཕྱིའི་སྣང་བ་ཐམས་ཅད་ཞིང་ཁམས་སུ་གྲོལ་བའོ༔ ནང་འཇུག་པ་ལ་རང་དབང་ཐོབ་པ་ནི་སོར་མོ་ལ་རིག་པ་གཏད་པས་དེ་ཉིད་མི་སྣང་བར་འཕོ་བ་ཆེན་པོའི་སྐུ་ཐོབ་སྟེ་སྐྱེ་ཤི་དང་འདས་གྲོང་མེད་པར་འོད་གསལ་དུ་གྲོལ་བའོ༔ རླུང་སེམས་ལ་རང་དབང་ཐོབ་པ་ནི་མངོན་ཤེས་འཆར༔ གང་ལ་ཤེས་པ་བཅུག་ཀྱང་དེར་འགྲོ་ཞིང་ཐོགས་པ་མེད༔ འབྱུང་བ་བཞི་ལ་དབང་བསྒྱུར་ཅིར་ཡང་སྟོན་ཅིང་འགྱུར༔ བག་ཆགས་དང་འཁྲུལ་རྟོགས་ཐམས་ཅད་རྒྱུན་ཆད་པའོ༔ དེ་ལ་གདིང་བཞི་འབྱུང་སྟེ༔ ཡར་གྱི་གདིང་གཉིས་ལས༔ དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐོས་ཀྱང་རང་གི་རིག་པ་ལས་གཞན་དུ་མེད་པར་ཐག་ཆོད་པས་དེ་ལ་བྲོད་པ་དང་དགའ་བ་མི་སྐྱེ༔ རང་གི་རིག་པ་ལས་གཞན་པའི་སངས་རྒྱས་མེད་པས་སངས་རྒྱས་གཞན་ནས་ཐོབ་འདོད་ཀྱི་རེ་བ་མེད་པའོ༔ མར་གྱི་གདིང་གཉིས་ལས༔ རང་རིག་པ་ལས་འཁྲུལ་པ་གཞན་ན་མེད་པར་རིགས་དྲུག་གི་དུཿཁ་ལ་འཇིགས་པ་མེད༔ འཁོར་བའི་གཞི་རྩ་བྲལ་བར་ལྷུང་གི་དོགས་པ་མེད་པའོ༔ དེ་ཡང་དང་པོ་མི་འགུལ་བ་གསུམ་གྱི་གཞི་བཅའ་སྟེ་ཉམས་སུ་བླངས་པས༔ སྡོད་པ་གསུམ་གྱི་ལམ་ཚད་དུ་ཕེབས་པར་འགྱུར་ལ༔ དེས་ལམ་མཐར་ཕྱིན་ཏེ་ཐོབ་པ་གསུམ་གྱི་གཟེར་ཐེབས་ཤིང་གདོད་མའི་གཞི་ལ་གྲོལ་བར་འགྱུར་བ་ནི་གཞི་ལམ་འབྲས་བུའི་ཆོས་མཐར་ཕྱིན་པ་རྗེས་ཀྱི་ཁྲིད་བཅུ་གསུམ་ཡོངས་སུ་རྫོགས་པ་ཡིན་ནོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ མ་གཅིག་སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ དམ་མེད་ལོག་ལྟ་ཅན་གྱི་སྙིང་ཁྲག་འཇིབས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའོ།། །།