Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
ལྷ་མོ་ནོར་རྒྱུན་མའི་སྒོམ་བཟླས་བདེ་ཆེན་ཞིང་གི་སྒོ་འབྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་མོ་ནོར་རྒྱུན་མའི་སྒོམ་བཟླས་བདེ་ཆེན་ཞིང་གི་སྒོ་འབྱེད། next

ལྷ་མོ་ནོར་རྒྱུན་མའི་སྒོམ་བཟླས་བདེ་ཆེན་ཞིང་གི་སྒོ་འབྱེད།


CMR006_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

༼པ༽༈ ལྷ་མོ་ནོར་རྒྱུན་མའི་སྒོམ་བཟླས་བདེ་ཆེན་ཞིང་གི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །༄༅། །ན་མོ་བཱ་སུ་དྷ་ར་ཎྱ། གང་དག་ནོར་དང་ལོངས་སྤྱོད་དབུལ་བ་དང་། །གོད་ཁ་མང་ཞིང་ནོར་ལ་སྐམ་འགོང་ཁྱེར། །ཞིང་ལ་ལོ་དགྲ་བཙའ་སད་ལོ་ཉེས་མང་། །ཟས་ནོར་ཡོད་ཀྱང་བཅུད་མེད་ལྟོག་འགོང་ཞུགས། །རྒྱུན་དུ་ནད་མང་ཁ་མཆུ་ཤོར་གོད་མང་། །ཕྱི་མ་ངན་སོང་གནས་སུ་ལྟུང་བ་རྣམས། །ཚེ་འདིར་ནད་མེད་ལོངས་སྤྱོད་འཕེལ་བ་དང་། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་བའི་ཕྱིར། །སྔོན་གྱི་དུས་སུ་སངས་རྒྱས་རྡོ་རྗེ་དང་། །རྒྱ་མཚོའི་དབྱངས་ཞེས་བྱ་བས་གསུངས་པ་སྟེ། །བསྟན་པ་འདི་ལ་ཤཱཀྱ་ཐུབ་པས་གསུངས། །དཀྱིལ་འཁོར་རྒྱས་པ་རྡོར་ཕྲེང་ནང་ན་ཡོད། །ལྷ་ལྔ་ལྷ་གཅིག་སྒྲུབ་ཐབས་རྒྱ་མཚོར་


CMR006_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །གཙོ་རྐྱང་རྡོ་རྗེ་གུར་གྱི་རྒྱུད་ནས་གསུངས། །དེ་ཕྱིར་བླ་མེད་ལུགས་ལྟར་དྲན་རྫོགས་ཆོག །ཨ། ཆོས་ཀུན་གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས། །མཁའ་ལ་འཇའ་ཚོན་ཤར་བཞིན་རང་ཉིད་ནི། །འཕགས་མ་ནོར་གྱི་རྒྱུན་མ་གསེར་གྱི་མདོག །ཞལ་གཅིག་ཞི་འཛུམ་ཐོར་ཚུགས་ཟུར་ཕུད་འཕྱངས། །སྣ་ཚོགས་དར་གྱི་སྟོད་གཡོགས་ཤམ་ཐབས་དཀྲིས། །རིན་ཆེན་རྒྱན་ཆ་ཨུཏྤལ་མེ་ཏོག་བརྒྱན། །པད་ཟླའི་སྟེང་ན་སེམས་དཔའི་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་མཛད་པ་ཡིས། །སངས་རྒྱས་ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་སྤྲོ། །ཕྱག་གཡོན་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན། །དེ་ལས་འབྲུ་དང་ནོར་གྱི་ཆར་འབེབས་པས། །དཔག་ཚད་བདུན་བར་ནོར་གྱིས་གང་བར་མཛད། །བཅུ་དྲུག་ན་ཚོད་མཛེས་ཤིང་ཡིད་དུ་འོང་། །ཐུགས་ཀར་ཟླ་སྟེང་བཻ་ཡིག་སེར་པོའི་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བའི་འོད་ཟེར་གྱིས། །རྒྱལ་བ་ཀུན་མཆོད་འགྲོ་ཀུན་དབུལ་ཕོངས་བསལ། །ལྕང་ལོ་ཅན་ནས་ལྷ་མོ་ནོར་རྒྱུན་མ། །དཔག་མེད་བུ་ཡུག་འཚུབ་པ་བཞིན་དུ་བྱོན། བདག་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །མཆོད་སྤྲིན་རྒྱ་


CMR006_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་སྤྲུལ་ནས་ལྷ་མོ་མཆོད། །ཨགྷཾ། པཱཏྱཾ། པུ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝི་ཏྱཱ། ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུྃ། དཔལ་མོ་དབྱིག་གི་ཆར་འབེབས་ནར་རྒྱུན་མ། །སྙན་གྲགས་ཚེ་དང་བསོད་ནམས་རྒྱས་མཛད་ཅིང་། །འགྲོ་བའི་ཕུན་ཚོགས་མ་ལུས་སྩོལ་མཛད་མ། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་བསྟོད། །འདི་ལྟར་སྒོམ་བཟླས་བྱས་པའི་བསོད་ནམས་མཐུས། །ཚེ་འདིར་ཚེ་རིང་ནད་མེད་འབྱོར་པ་རྒྱས། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། འབྲུ་བརྒྱད་སྔགས་འདི་ཅི་ནུས་བཟླ་བར་བྱ། །དེ་ནས་བསྒོམ་མཁན་སེམས་ཀྱི་ངོ་བོར་བལྟ། །ངོ་བོར་བལྟ་བའི་ངང་ལ་བཟླས་ཀྱང་ལེགས། །འདིས་ནི་ནད་ཉུང་ནོར་འཕེལ་ཚུལ་ཁྲིམས་གཙང་། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་གསུངས། །གཉོམ་ཆུང་ནད་མང་དབུལ་ཕོངས་ལྡན་པ་ཡི། །བཙུན་པ་བཙུན་མ་སྐྱེས་པ་བུད་མེད་སོགས། །འདི་ལ་རྒྱུན་ཁྱེར་རམ་ནི་མང་དུ་བཟླས། །སྔགས་དེ་བྱེ་གྲངས་མང་པོ་འགྲུབ་ན་ནི། །ངེས་པར་ནད་ཉུང་ལོངས་སྤྱོད་འཕེལ་བ་དང་། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་བར་ངེས། །དེ་ཕྱིར་གཉོམ་ཆུང་ཀུན་གྱིས་ཉམས་ལེན་མཛོད། །དེ་སྐད་རཱ་ག་ཨ་སྱས་གཞན་ཕན་གྱི། །བསམ་པས་སྨྲས་པ་མཐར་ཕྱིན་ཞེས་བྱས་བྲིས། །འགལ་འཁྲུལ་བཤགས་བགྱི་དགེ་བ་བྱང་ཆུབ་བསྔོ། །སརྦ་མངྒ་ལཾ།། །།


CMR006_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེསཔ་༧ ཨ་རཱ་གས་སོ།། །།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousལྷ་མོ་ནོར་རྒྱུན་མའི་སྒོམ་བཟླས་བདེ་ཆེན་ཞིང་གི་སྒོ་འབྱེད། next