གསང་འདུས་སྒྲུབ་ཆེན་གྱི་དབང་ཁོལ་དུ་ཕྱུང་བ་ཚེ་སྒྲུབ་གསང་འདུས་ཀྱི་དབང་ཡང་།
གསང་འདུས་སྒྲུབ་ཆེན་གྱི་དབང་ཁོལ་དུ་ཕྱུང་བ་ཚེ་སྒྲུབ་གསང་འདུས་ཀྱི་དབང་ཡང་ཡིན༔
གསང་འདུས་སྒྲུབ་ཆེན་ལས༔ ཚེ་འགུགས་པ་ནི༔ རཏྟའི་བུམ་པ་ཚད་ལྡན་བགེགས་བསྐྲད་གུ་གུལ་བདུག་ལ༔ ཛ་གད་ཉུང་ངུས་བཀང་ལ༔ དར་དམར་མགུལ་ཆིངས་གཟུངས་ཐག་ལུ་གུ་རྒྱུད་རྣམས་བཏགས༔ ཨ་མྲྀ་ཏ་དང་མར་སྦྱར་རིལ་བུ་མཆེད་དང་མཉམ་པར་བསྒྲུབ༔ ཁ་རྒྱན་ཚེ་བཤོས་རྟ་མགོས་མཛེས་པར་མར་ཁུས་སྦྲུས་ལ༔ དཀྱིལ་འཁོར་དབུས་སུ་ནས་དཀར་མོ་བྲེ་གསུམ་ལས་མི་ཉུང་བའི་སྟེང་དུ་ཚེ་རྟེན་གསེར་གཡུ་དང་བཅས་པའི་དཀྱིལ་འཁོར་དུ་བུམ་པ་བཞག དེའི་མདུན་དུ་ཚེ་ཆང་མར་ཟན་ཅན་ཚེ་འབྲས་ཀྱིས་བཀང་ལ་བཞག༔ ཚེའི་མདའ་དར་མེ་ལོང་དང་བཅས་པ་བཞག༔ བགེགས་བསྐྲད༔ བདག་ཉིད་མི་དམིགས་པ་ལས་སྐད་ཅིག་གིས་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀར་ཧཱུྃ་ལས་ཨོཾ་
བྷྲཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཞེས་འབྲུ་བརྒྱད་ཀྱིས་བསྐོར་བར་བསམ༔ བདག་ཉིད་ཐུགས་ཀ་ནས་ཧཱུྃ་ཞིག་འཕྲོས་བུམ་པའི་ནང་དུ་ལམ་གྱིས་གསལ་བའི་མཐར་ཡང་འབྲུ་བརྒྱད་ཀྱིས་བསྐོར་བར་བསྒོམ༔ བདག་དང་བུམ་པ་གཉིས་ཀ་ཚེ་དཔག་མེད་ལ་རིགས་ལྔ་ཡུམ་ལྔ་ལྷ་མོ་བཞི་མགྱོགས་མ་བཞིས་བསྐོར་བར་བསྐྱེད་དོ༔ དེ་ནས་གཟུངས་ཐག་འཐེན་ལ༔ སྤྲོ་བསྡུ་བྱས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཚེ་ཡི་རང་བཞིན་ཚྭ་དང་ཨཱདང་ཧཱུཾ་གསུམ་གྱི་རང་བཞིན་དུ་བཀྲ་མེ་རེ་རེ་སྣོད་བཅུད་ཐམས་ཅད་ཞུ་ཞིང་ཁེངས་པས་འུབ་འུབ་བསྡུས་པས་བུམ་པ་འབྲུ་གསུམ་གྱིས་མེར་
གྱིས་གང་བདག་ལ་ཐིམ་པར་བསྒོམ་ཞིང་ཚེ་ཡི་ལྷ་ཚོགས་ཐམས་ཅད་གཡས་ཐམས་ཅད་ཚེ་ཡི་མདའ་དར་རིགས་ལྔ༔ གཡོན་རྣམས་ཚེ་ཡི་བུམ་པ་བསྣམས་པར་བསམས་ལ་ཐམས་ཅད་ཀྱིས༔ ཧཱུྃ་ཧཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨོ་དྷཱི་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ སྭཱ་ཧཱུཾབཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨཱཧཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཧཱ་ཧཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཞེས་རེ་རེ་ལ་བརྒྱ་རྩ་བརྒྱད་བཟླའོ༔ ས་བོན་ལྔ་གོང་གི་གཙོར་བྱས་འདྲེན་པ་ལྟར་རིགས་ལྔ་དང་འབྱུང་བ་ལྔའི་དྭངས་མ་དང་འབྲུ་གསུམཾ་ཏིང་ངེ་འཛིན་གསལ་བས་དབུགས་ཀྱི་རྟ་ལ་དྲངས་ཏེ་ཤངས་རླུང་སྒྲོམ་ལས་ཀྱང་ཧཱུྃ་འཕྲོས་འབྲུ་གསུམ་དང་ཁྱད་པར་ཀྲྀ་འཁྱམས་པ་རང་གི་བླ་ཚེ་ཡར་བ་གདོན་བགེགས་ཀྱིས་ཁྱེར་བ་ཐམས་ཅད་རང་དབང་མེད་པར་བསྡུས་ཤིང་བཀུག་ལ་བུམ་པ་དང་བདག་ལ་ཡང་ཡང་གསལ་བར་བསྟིམ་ཞིང་རང་ལུས་དང་བུམ་པ་ཁེང་ཞིང་ཁྱད་པར་རང་གི་སྙིང་ཉི་ཟླའི༔ གའུ་ཡི་བར་དུ་སྲོག་གི་རྟེན་འབྲུ་གསུམ་བསྟིམས་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམ༔ ལས་བུམ་ཉིད་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པ༔ ལྗང་སེར་གྱི་རྒྱ་གྲམ་སྡིགས་མཛུབ་མཛད་པ༔ ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ལྷ་ཉིད་ཀྱང་ཡེ་ཤེས་ཀྱི་
བདུད་རྩིར་ཞུ༔ དེ་ནས་ཁྲུས་བྱས་ནས་དབང་བསྐུར༔ ཧཱུྃ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར༔ དེ་བཞིན་དག་པ་ལྷ་ཡི་ཆུས༔ སྒྲུབ་མཆོག་རྣམས་ལ་ཁྲུས་གསོལ་ལོ༔ ཞེས་ལས་བུམ་གྱི་སྔགས་བཟླ་ཞིང་ཆབ་བཏང་༔ དེ་ནས་བགེགས་གཏོར༔ ཧཱུྃ༔ བྱང་ཆུབ་སྒྲུབ་ལ་མི་དགའ་བའི༔ མི་དང་མི་མིན་འབྱུང་པོའི་ཚོགས༔ ལན་ཆགས་གླུད་གཏོར་འདི་ལོངས་ལ༔ གནས་འདིའི་འཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ལ་འདའ་མ་བྱེད༔ གལ་ཏེ་མི་ཉན་འདས་གྱུར་ན༔ རྡོ་རྗེ་ཁྲོ་ཚོགས་དཔག་མེད་ཀྱིས༔ ལུས་ངག་ཡིད་གསུམ་རླག་པར་བྱེད༔ འདིར་འདུག་འཇུག་པའི་གནས་མིན་གྱིས༔ དེ་བས་མ་འདུག་གཞན་དུ་དེངས༔ ཨོཾ་སུམ་བྷ་ནི་སོགས་ནས་ལྕག་བྲབ༔ འོ་ན་ལོ་རྒྱུས་ཟུར་ཙམ་ཞུ་ན༔ གནས་ཕུན་སུམ་ཚོགས་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན༔ རིགས་བདག་སྣང་བ་མཐའ་ཡས་འཁོར་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་པའི་ཚེ༔ སྤྱན་རས་གཟིགས་ཀྱིས་ཞུས་ནས༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་གསུངས་སླར་ཡང་འཁོར་རྣམས་ཀྱིས་ཞུས་པར༔ བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ༔ ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར༔ ལས་ཚོགས་རིམ་པ་བསྟན་པ་ནི༔ ཐོག་མར་རིག་འཛིན་ཚེ་ཉིད་བསྒྲུབ༔ ཅེས་ཚེ་སྒྲུབ་ཀྱི་ལེའུ་གསུངས་ནས་འདི་ལྟ་བུ་ཡི་སྦྱོར་བ་ཡིས༔ དུས་མིན་ཚེ་ཡི་བར་ཆད་ཟློག༔ ལུས་སེམས་བདེ་བའི་ཉམས་རྟོགས་འཆར༔ ཕྱོགས་བཅུའི་རྒྱལ་བའི་བྱིན་གྱིས་བརླབས༔ དངོས་གྲུབ་ཚེ་ལ་དབང་བ་དང་༔ ཕྱི་མ་བདེ་ཆེན་གནས་སུ་འགྲོ༔ ཞེས་གསུངས་ཏེ༔ རྒྱུད་ཚིག་དེ་ལ་བརྟེན་ནས༔ ཨོ་རྒྱན་རིན་པོ་ཆེས་ཚེ་སྒྲུབ་གསང་འདུས་ཀྱི་སྐོར་རྣམས་མཛད་པ་ཡིན་པས་ཚེ་སྒྲུབ་གསང་འདུས་ཀྱི་སྐོར་ཐམས་ཅད་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཆ་ལག་ཡིན་པའི་ཕྱིར༔ ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཐེམ་ཡིག་ལས༔ མཐར་ཐུག་ཟབ་མོ་ཚེ་སྒྲུབ་སྐོར་དག་ལས༔ ཚེ་སྒྲུབ་གསང་འདུས་དེ་ཡི་བསྟོད་བསྐུལ་དང་༔ ཚེ་སྒྲུབ་གསང་འདུས་ཡང་ཟབ་སྒྲུབ་པ་དང་༔ ཕྱི་ནང་གསང་གསུམ་སྤྲ་ཁྲིད་རྟགས་ཡིག་བཅས༔ འཆི་མེད་ཚེ་ཡི་བཅུད་ལེན་མཐར་ཐུག་གོ༔ ཞེས་གསུངས་སོ༔ དེ་ལྟར་ཚེ་སྒྲུབ་གསང་འདུས་འདི་ལ་ང་གི་རིམ་པ་ལ་བཞི་སྟེ༔ སྒྲུབ་དབང་ཆེན་མོ་དང་༔ སྤྲོས་བཅས་བུམ་དབང་
དང་༔ མཆོག་དབང་སྐོར་གསུམ་དང་༔ གཏོར་དབང་བསྡུས་པ་དང་བཞི་ཡོད་དེ༔ དེའི་ནང་ནས་མཆོག་དབང་ནི་ཟབ་ལམ་གསང་འདུས་ཉམས་སུ་ལེན་ན་དགོས་ཀྱིས༔ དེ་མིན་ན་མ་ཐོབ་ཀྱང་རུང་ཚེ་སྒྲུབ་གསང་འདུས་ཀྱི་ལས་བྱང་འདོན་པ་དང་༔ ཕྱི་ནང་གསང་སྒྲུབ་སོགས་གང་བྱེད་ཀྱང་རུང་༔ སྒྲུབ་དབང་དང་བུམ་དབང་དང་གཏོར་དབང་གསུམ་གང་རུང་ཐོབ་ནས་ཉམས་སུ་ལེན་ཆོག་པ་ཡིན་པས༔ ད་རེས་སྒྲུབ་ཆེན་ནས་ཁོལ་དུ་ཕྱུང་བའི་སྒྲུབ་དབང་བསྐུར་བ་ཡིན་ཏེ༔ འདི་ཡི་བརྒྱུད་པ་ནི༔ གཏེར་སྟོན་རཏྣ་གླིང་པ༔ རྒྱལ་སྲས་ཚེ་དབང་གྲགས་པ༔ རྔོག་པ་ཤཱཀྱ་བཀྲ་ཤིས༔ མཁར་དྲུང་བསོད་ནམས་བཀྲ་ཤིས༔ ཚེ་ཆོག་པ་པདྨ་དབང་ཕྱུག༔ སྔགས་འཆང་བཀྲ་ཤིས་དབང་ཕྱུག རིག་འཛིན་ཀརྨ་དོན་ཡོད༔ དེས་བདག་རཱ་ག་ཨ་སྱ་ལའོ༔ ཡང་གཏེར་སྟོན་རཏྣ་གླིང་པ༔ དགོངས་འདུས་ཆོས་རྡོ་རྗེ༔ ཟུར་མང་བློ་གྲོས་དཔལ་འབྱོར༔ མཁས་གྲུབ་ཀརྨ་མཐར་ཕྱིན༔ ཀརྨ་རིཏྣ༔ རིག་འཛིན་ཀརྨ་འདུལ་བ༔ དེས་བདག་རཱ་ག་ཨ་སྱ་ལའོ༔ བརྒྱུད་པ་དེ་དག་དབང་ལུང་ཙམ་མ་ཡིན་པར་སྒྲུབ་པའི་རྒྱུན་
མ་ཆད་པའོ༔ དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ༔ འདིའི་རྗེས་ཟློས་མཛོད༔ བླ་མ་གསང་སྔགས་ཆེ་བའི་མཆོག རྡོ་རྗེ་འཛིན་པ་དཀྱིལ་འཁོར་བདག ཚེ་དཔག་མེད་པ་སྐྱབས་ཀྱི་མཆོག༔ དབང་རྫོགས་བདག་ལ་བསྐུར་བར་ཞུ༔ ཞེས་ལན་གསུམ་ཕུལ་རྗེས་བླ་མ་ཡིས༔ ཚོགས་ཀྱི་དཀྱིལ་འཁོར་འདིར་འདུས་པས། ཁྱེད་རྣམས་སྣོད་དང་སྐལ་ལྡན་ནི༔ བདག་གིས་རྗེས་སུ་བཟུང་བར་བགྱི༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད༔ ན་མོ༔ དཀོན་མཆོག་གསུམ་དང་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཧོཿ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་སྒྲལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུག་དབྱུགས་མྱ་ངན་འདས་ལ་འགོད༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མེད་
འཇུག་པ་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་སྤྱད་པར་བགྱི༔ ལན་གསུམ། དེ་ནས། ཧཱུྃ༔ གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱོད་ཀྱིས་ཡང་དག་ས་གྱུར་ཏེ༔ འདི་ཀུན་ཉམས་ན་ཉེས་ཆེན་ནོ༔ དེ་ཕྱིར་ཁྱོད་ཀྱིས་ཡང་དག་ཟུངས༔ ས་མ་ཡ་མེ་མི་ཏ་ཛ༔ རྡོ་རྗེ་གནས་གསུམ་དུ་བཞག་ཅིང་༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་མཆོག་གི་དམ་པ་ཁྱོད་ཀྱིས་ཐོབ༔ ཚུལ་འདི་སྨྲ་བའང་མ་ཡིན་ཞིང་༔ མི་འགྱུར་རྡོ་རྗེ་མཆོག་ཐོབ་འགྱུར༔ ཨོཾ་ཨཱ༔ ཧཱུྃ་ཀ་ཏུ་ར་ཀཾ་ཧཱུྃ་ཛ༔ སློབ་མ་མི་དམིགས་པ་ལས་སྐད་ཅིག་གིས་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀར་ཧཱུྃ་ལ༔ ཨོཾ་ཤྲཱི་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཞེས་འབྲུ་བརྒྱད་ཀྱིས་བསྐོར་བར་བསྒོམས་ལ༔ བླ་མ་དང་བུམ་པ་གཉིས་ཀ་ཚེ་དཔག་མེད་ལ་རིགས་ལྔ་ཡུམ་ལྔ་ལྷ་མོ་བཞི་མགྱོགས་མ་བཞི་སྒོ་མ་བཞིས་བསྐོར་བར་བསྒོམ༔ སྤྲོ་བསྡུས་བྱས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཚེ་ཡི་རང་བཞིན་ཧྲི་དང་ཨཱདང་ཧཱུཾ་གསུམ་གྱི་རང་བཞིན་དུ་བཀྲ་མེ་རེ་རེ་སྣོད་བཅུད་ཐམས་ཅད་ཞུ་ཞིང་ཁེངས་པས་འུབ་འུབ་བསྡུས་པས་བུམ་པ་འབྲུ་གསུམ་གྱིས་མེར་གྱིས་ཁེངས་ཁྱེད་རང་རྣམས་ལ་ཐིམ་པར་བསྒོམ་ཞིང་ཚེའི་ལྷ་ཚོགས་ཐམས་
ཅད་ཀྱང་གཡས་ཐམས་ཅད་ཚེ་ཡི་མདའ་དར་རིགས་ལྔ༔ གཡོན་རྣམས་ཚེའི་བུམ་པ་བསྣམས་པར་བསྒོམས་ལ༔ རིགས་ལྔ་དང་འབྱུང་བ་ལྔའི་དྭངས་མ་དང་འབྲུ་གསུམ་ཏིང་འཛིན་གསལ་བར་དབུགས་ཀྱི་རྟ་ལ་དྲངས་ཏེ་ཤངས་རླུང་སྒྲོམ་ལས་ཧཱུྃ་འཕྲོས་འབྲུ་གསུམ་དང་ཁྱད་པར་ཀྲྀ་འཁྱམས་པ་ཁྱེད་རང་གི་བླ་ཚེ་ཡར་བ་གདོན་བགེགས་ཀྱིས་ཁྱེར་བ་ཐམས་ཅད་རང་དབང་མེད་པར་བསྡུས་ཤིང་བཀུག་ལ་བུམ་པ་དང་ཁྱེད་རང་རྣམས་ལ་ཡང་ཡང་གསལ་བར་བསྟིམ་ཞིང་ཁྱེད་རང་གི་ལུས་དང་བུམ་པ་ཁེངས་ཤིང་ཁྱད་པར་ཁྱེད་རང་གི་སྙིང་ཉི་ཟླའི་གའུ་ཡི་བར་སྲོག་རྟེན་འབྲུ་གསུམ་ལ་བསྟིམས་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམ་ཞིང་༔ ཚེ་མདའ་གཡབ་ཅིང་ཚེ་བསྐུལ་ཏེ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་འཚེར་འོད་ཟེར་འབར༔ ཕྱག་གཡས་རྡོ་རྗེ་ཚེ་དར་འཛིན༔ གཡོན་པས་ཚེ་ཡི་བུམ་པ་འཛིན༔ ཡང་གསང་ཐུགས་ཀྱི་གའུ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུ་འདི༔ མགོན་པོ་ཚེ་ཡི་བཞུགས་གནས་ཡིན༔ བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ ཨོཾ་ཧཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱཿ ཞེས་འབྲུ་བརྒྱད་བརྗོད་པས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་
འོད་ཟེར་འཕྲོས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་ཚེའི་བཅུད་ཀྱིས་གང་བར་བསྒོམ་སྟེ་ཚེའི་ཕོ་ཉ་བསྐུལ་ཏེ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལཱ་སྱ་དཀར་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་གཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང་༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ ༈ མ་ལུ་སྔོན་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་གཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱུན་དཔག་བསམ་ཤིང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང་༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ཅིག །ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ བྷི་རྟི་དམར་མོ་ཆེ་ཡི་བདག ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་གཡས་ཁང་ལ་ཕྱི་
ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང་༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ནཱིཏི་ལྗང་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ ། གཞལ་གཡས་ཁང་ལ་ཕྱི་ནང་མེད་བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང་༔ བྱང་གི་ཕྱོགས་ནས་ཚེ་ཁུག་ཅིག༔ ཅེས་བསྐུལ་བས་འཇིག་རྟེན་ཁམས་ཀྱི་ཚེ་བཅུད་ཐམས་ཅད་ལྷ་མོ་རྣམས་ཀྱི་བུམ་པར་འུབས་སེ་བསྡུས་པར་བསམས་ལ༔ ཤིན་ཏུ་ཡང་མགྱོགས་མ་རྣམས་བསྐུལ་ལོ༔ ཧཱུྃ༔ ཤར་ཕྱོགས་དཀར་མོ་ཤེལ་གྱི་གཞལ་གཡས་ནས༔ དཀར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དཀར་མོ་མགྱོགས་མ་འབུམ༔ རྡོ་རྗེའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ལྷོ་ཕྱོགས་བཻཌཱུརྱ་ཡི་ཞིང་ཁམས་ནས་སྔོན་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་སྔོན་མོ་མགྱོགས་མ་
འབུར༔ རིན་ཆེན་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ནུབ་ཕྱོགས་པདྨ་རཱ་གའི་ཞིང་ཁམས་ནས༔ དམར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པོ་དམར་མོ་མགྱོགས་མ་འབུམ༔ པདྨ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ བྱང་ཕྱོགས་ཨིནྡྲ་ནཱི་ལའི་གཞལ་ཡས་ནས༔ ལྗང་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་ལྗང་མོ་མགྱོགས་མ་འབུམ༔ ལས་རབ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ད་དུང་མགྲོན་གལ་ཆེན་ལ་དབང་ཆེན་སྣོན་པ་ལྟར་ཕྱག་རྒྱ་བཞིས་བསྐུལ་ཏེ༔ ཧཱུྃ༔ ཁམས་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ལྕགས་ཀྱུ་མ༔ ཕྱག་ན་བསེ་ཡི་གའུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ དུས་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ཞགས་པ་མ༔ ཕྱག་ན་རིན་ཆེན་གའུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ སྲིད་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ལྕགས་སྒྲོག་མ༔ ཕྱག་ན་པདྨ་བྷན་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ སྐུ་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་
རྗེ་དྲིལ་བུ་མ༔ ཕྱག་ན་གཡུ་ཡི་གའུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ མགྱོགས་མ་རྣམས་ཀྱིས་ཚེ་དྲོངས་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག དབང་ཆེན་རྣམས་ཀྱིས་དབང་བསྐུར་ཅིག༔ གསང་བ་བཞི་ཡིས་རྒྱས་ཐོབ་ཅིག༔ ཨོཾ་ཧཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨཱ་ཡུ་ཤེ་ཛྷཱ་ན་ཛཛ༔ དེ་ནས་ཚེ་བརྟན་པར་བྱ་སྟེ༔ ཨོཾ་ཏྲ་ཏྲ་ཤག་མུ་ཏྲ་ཧོ༔ ཏིཥྛ་ལྷན༔ ཞེས་བདུན་ནམ་ཉེར་གཅིག དེ་ནས་ཚེ་དབང་བསྐུར་ཏེ༔ འདི་ཡི་རྗེས་ཟློས་མཛོད༔ ཧོ༔ རྡོ་རྗེ་འཛིན་པ་དཀྱིལ་འཁོར་བདག༔ ཚེ་ཡི་བདག་པོ་རིགས་ཀྱི་མཆོག འགྱུར་མེད་རྡོ་རྗེ་ཚེ་ཡི་དབང་༔ མགོན་པོས་བདག་ལ་བསྩལ་དུ་གསོལ༔ དེ་ནས་ཚེ་དབང་བསྐུར་ཏེ༔ གོང་གི་ལྷ་མོ་རྣམས་ཀྱི་བུམ་པ་ནས༔ བཅུད་རྣམས་དལ་གྱིས་བུམ་པར་སིབ་ཀྱིས་བླུག༔ ཆིལ་གྱིས་གང་ནས་ཁྱེད་རང་རྣམས་ལ་སྔགས་སྒྲ་ཏི་རི་རི་དབང་བསྐུར༔ སྤྱི་བོ་ནས་བླུག་ལུས་དཀར་ལྟེམ་ལྟེམ་གང་༔ དྭངས་མ་ཐམས་ཅད་སྙིང་གི་ནཾ་ལ་ཐིམ་བཀྲག་མདངས་ལྡན་པར་བསམ༔ མི་འགྱུར་བའི་རྒྱས་གདབ་པར་བསྒོམ་མོ༔ དེ་ལྟར་བསྐུལ་ནས་ད་ནི་ཚེ་སྦ་ཞིང་བསྟིམ་པ་ནི༔ ཧཱུྃ༔ ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔ དེ་
བཞིན་ལྷ་མོ་ཀུན་ཏུ་བཟང་༔ རིན་ཆེན་གཏེར་གྱི་བུམ་པ་བསྣམས༔ ཚེ་ཡི་བདུད་རྩིས་བཀང་ནས་ཀྱང་༔ སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ ནམ་མཁའི་ཁམས་ནས་བཅུད་བསྡུས་ལ༔ འཁོར་ལོ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཨོཾ་ཤྲཱི་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨོཾ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བུམ་པ་བཞག་ལ་མེ་ཏོག་འཐོར༔ ཨོཾ༔ རྣམ་པར་སྣང་མཛད་མགོན་པོ་ཚེ་དཔག་མེད༔ སྐུ་ཡི་ཚེ་བདག་དེ་བཞིན་བཀྲ་ཤིས་ནི༔ བདག་ཅག་འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེའི་ཡུམ་སྟེ་མ་མཱ་ཀི༔ རིན་ཆེན་ཤེལ་གྱི་བུམ་པ་འཛིན༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང་། ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་བསྡུས་ལ༔ རྡོ་རྗེ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུཾ་ཧཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ དཔྲལ་བར༔ ཧཱུྃ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྡོ་རྗེ་སེམས་དཔའ་མགོན་པོ་ཚེ་དཔག་མེད༔ ཐུགས་ཀྱི་ཚེ་བདག་རྡོ་རྗེ་བཀྲ་ཤིས་ནི༔ བདག་ཅག་འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག །
ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ རིན་ཆེན་ཡུམ་སྟེ་སངས་རྒྱས་སྤྱན༔ བཻ་ཌཱུརྱའི་བུམ་པ་བསྣམས༔ ཚེ་ཡི་བདུད་རྩིས་བཀང་ནས་ཀྱང་༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་སྡུས་ལ༔ རིན་ཆེན་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ སྭ་བྷཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ རྣ་ལྟག་གཡས་སུ། སྭ་རཏྣ་ཨ་བྷི་ཥིཉྩ་སྭཱ༔ རིན་ཆེན་འབྱུང་ལྡན་མགོན་པོ་ཚེ་དཔག་མེད༔ ཡོན་ཏན་ཚེ་བདག་རིན་ཆེན་བཀྲ་ཤིས་ནི༔ བདག་ཅག་འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ པདྨའི་ཡུམ་སྟེ་ན་བཟའ་དཀར༔ པདྨ་རཱ་གའི་བུམ་པ་བསྣམས༔ ཚེ་ཡི་བདུད་རྩིས་བཀང་ནས་ཀྱང་༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་བསྡུས་ལ༔ པདྨ་འབར་བས་རྒྱས་ཐོབ་ཅིག ཚེ་འདི་བཅོལ་ལོ་སྲོག་འདི་བསྡོམ་ཨཱ༔ ཧཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ལྟག་པར། ཨཱཐཔདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ། སྣང་བ་མཐའ་ཡས་མགོན་པོ་ཚེ་དཔག་མེད༔ གསུང་གི་ཚེ་བདག་པདྨའི་བཀྲ་ཤིས་ནི༔ བདག་ཅག་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་
འགུགས་མ༔ ལས་རབ་ཡུམ་སྟེ་དམ་ཚིག་སྒྲོལ༔ ཨིནྡྲ་ནཱི་ལའི་བུམ་པ་བསྣམས༔ ཚེ་ཡི་བདུད་རྩིས་བཀང་ནས་ཀྱང་༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་བཅུད་སྡུས་ལ༔ རྒྱ་གྲམ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱ་ཧཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ རྣ་ལྟག་གཡོན༔ ཧྭ་ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱ༔ ཧཱཿ དོན་ཡོད་གྲུབ་པ་མགོན་པོ་ཚེ་དཔག་མེད༔ ཕྲིན་ལས་ཚེ་བདག་ལས་ཀྱི་ཕྲིན་ལས་ནི༔ བདག་ཅག་འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ དེ་ནས་ཚེ་ཆང་ཐོགས་ལ༔ ཚེ་ཆང་ཁར་བླུད་ལ་མེད་པས་ཁྱེད་རང་ཚེ་དཔག་མེད་དངོས་སུ་བསྒོམ༔ འཇིག་རྟེན་གྱི་ཁམས་ཀྱི་ཚེ་བཅུད༔ ཚེ་ལྷ་རྒྱལ་བ་ཞི་ཁྲོ་ཐམས་ཅད་དང་༔ ལྷ་དང་དྲང་སྲོང་རིག་འཛིན་ཀླུ་དབང་འགྲོ་བ་མི་ཡི་སྲོག་ནི་ནམ་མཁའ་ཉི་ཟླ་འབྱུང་བའི་བཅུད་ཐམས་ཅད་ཁྱེད་རང་དང་བདུད་རྩི་ལ་སིབ་སིབ་ཐིམ༔ ཡང་འོད་དུ་མེ་རེ་རེ་འདུས་པས་བ་སྤུའི་བུ་ག་ལ་སིབ་སིབ་ཐིམ༔ སྐྱེ་ཤི་མེད་པར་རྡོ་རྗེའི་ཚེ་ཐོབ་པའི་གདེང་བསྐྱེད་དོ༔ ངེས་པར་ཐོབ་ཀྱང་འཐོབ་པར་འགྱུར་རོ༔ ཧཱུྃ༔ སྙིང་པོ་བརྟན་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་
ཚེ་ཡང་ཚེ༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པས་ལུས་ལ་གཟི་མདངས་ལྡན༔ བཅིངས་པས་རྡོ་རྗེ་ལུག་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ་བདག་ཅག་རྡོ་རྗེའི་དམ་ཚིག་ཅན༔ སྐུ་གསུང་ཐུགས་ཀྱི་ཚེ་མཆོག་རྩོལ༔ ཚེ་མཆོག་རྡོ་རྗེའི་དོན་རྟོགས་ཤོག༔ སྤྱི་བོར་མགྲིན་པ་སྙིང་ཁ་གསུམ་དུ་མར་ཟེད་བྱུག༔ ཡང་ན་རྡོ་རྗེ་བཞག༔ ཚེ་རིལ་བྱིན་ལ༔ བླ་མས་ཚེ་དར་རྡོ་རྗེ་སྤྱི་བོར་བཞག་དྲིལ་བུ་འཁྲོལ་ཞིང་༔ ཧཱུྃ༔ དེ་ལྟར་ཚེ་འགུགས་དབང་ཡང་བསྐུར༔ ད་ནི་རྡོ་རྗེའི་ཚེ་འཛུགས་འཚལ༔ རྡོ་རྗེ་ཚེ་འདི་ས་ལ་འཛུགས༔ གལ་ཏེ་ས་ལ་མ་ཚུགས་ན༔ ས་ཡི་སྙིང་པོ་གསེར་ཡིན་པས༔ ཚེ་འདི་གསེར་གྱི་དཀྱིལ་དུ་འཛུགས༔ རྡོ་རྗེའི་ཚེ་འདི་ཆུ་ལ་འཛུགས༔ གལ་ཏེ་ཆུ་ལ་མ་ཚུགས་ན༔ ཆུ་ཡི་སྙིང་པོ་ཚྭ་ཡིན་པས༔ ཚེ་འདི་ཚྭ་ཡི་དཀྱིལ་དུ་འཛུགས༔ རྡོ་རྗེའི་ཚེ་འདི་མེ་ལ་འཛུགས༔ གལ་ཏེ་མེ་ལ་མ་ཚུགས་ན༔ མེ་ཡི་སྙིང་པོ་དྲོད་ཡིན་པས༔ ཚེ་འདི་དྲོད་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེའི་ཚེ་འདི་རླུང་ལ་འཛུགས༔ གལ་ཏེ་རླུང་ལ་མ་ཚུགས་ན༔ རླུང་གི་སྙིང་པོ་དབུགས་ཡིན་པས༔ ཚེ་འདི་དབུགས་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེའི་ཚེ་འདི་
མཁའ་ལ་འཛུགས༔ གལ་ཏེ་མཁའ་ལ་མ་ཚུགས་ན༔ ནམ་མཁའི་སྙིང་པོ་སེམས་ཡིན་པས༔ ཚེ་འདི་སེམས་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེའི་ཚེ་འདི་མི་ལ་འཛུགས༔ གལ་ཏེ་མི་ལ་མ་ཚུགས་ན༔ མི་ཡི་སྙིང་པོ་ནི་ཡིན་པས༔ ཚེ་འདི་ནི་ཡི་དཀྱིལ་དུ་འཛུགས༔ ལོ་བརྒྱ་ཐུབ་པའི་ཚེ་འཛུགས་སོ༔ སྟོན་བརྒྱ་མཐོང་བའི་ཚེ་འཛུགས་སོ༔ ཚེ་དར་གྱི་བྱ་བ་ལ་ཁའི་བདུད་རྩི་རིལ་བུ་མིད་པས་ལུས་ཐམས་ཅད་ཚེ་ཡི་བཅུད་ཀྱིས་ལྟེམས་སེ་གང་༔ དྭངས་མ་སྙིང་ཁའི་དྲི་ལ་ཐིམ་པས་མི་འགྱུར་བའི་རྣམ་པར་བསྒོམ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་རྒྱབ་ཡིག་ཏུ་བྱས་ཏེ༔ གནས་རྣམས་ཐོབ་པས་ལམ་སོ་སོར་གཏུག་ཅིང་ལག་ཏུ་གཏད་དོ༔ ཧཱུྃ༔ གསེར་གདུགས་སྐྱབས་ཅན་ཀུན་ཏུ་ཁྱབ༔ ནོར་བུ་ཆེན་པོ་རིན་ཆེན་ཏོག༔ དབུ་ཡི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་སྐྱོབས་པར་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་ཤྲཱི་མངྒ་ལ་པྲ་སྟི་དྷྭཾ༔ ཧཱུྃ༔ གསེར་ཉ་དྲི་མེད་གསལ་འགྲིབ་མེད༔ ཡེ་ཤེས་མིག་ནི་དྲི་མ་མེད༔ སྤྱན་གྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་གསལ་བར་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་བྷྱཱ་མངྒ་ལ་སྭ་སྟི་ཧཱུཾ༔ ཧཱུྃ༔ ཚེ་མཆོག་དྲི་མེད་སྐྱེ་ཤི་གཅོད༔ དུང་མཆོག་དྲི་
མེད་ཆོས་ཀྱི་སྒྲ༔ ཚེམས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་བརྟན་པར་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་བྷཾ་མངྒ་ལ་སྭ་སྟི་ཧཱུཾ༔ ཧཱུྃ༔ པདྨ་རབ་རྒྱས་རྣམ་པར་དག །དབྱངས་ཀྱི་ཆོས་སྒྲ་ཆེན་པོ་སྒྲོག༔ ལྗགས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་རྒྱས་པར་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་ཤྲཱི་མདྨོ་ལ་སྲ་སྟེ་ཧཱུྃ༔ ཧཱུྃ༔ མགྲིན་པར་བུམ་བཟང་ཆེ་བའི་མཆོག་དྲི་མེད་དབང་བསྐུར་ཡང་དག་པར༔ མགྲིན་པར་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་དབང་རྫོགས་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་ཤྲཱི་མངྒ་ལ་སྭ་སྟི་ཧཱུྃ༔ ཧཱུྃ༔ ཐུགས་མཆོག་མི་འགྱུར་དཔལ་དུ་འབར༔ ནམ་མཁའ་ལྟ་བུ་གསལ་འགྲིབ་མེད༔ ཐུགས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་རབ་རྒྱས་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་བྷཾ་མངྒ་ལ་སྭ་སྟི་བྷཾ༔ ཧཱུྃ༔ ཕྱག་ན་ནོར་བུ་དཔལ་འབར་བ༔ དགོས་འདོད་རིན་ཆེན་ཡིད་བཞིན་གཏེར༔ ཕྱག་གི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་ཡིད་བཞིན་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་ཤྲཱི་མངྒ་ལ་སྭ་སྟི་སིཾ༔ ཧཱུྃ༔ འཁོར་ལོ་རིན་ཆེན་ཆོས་འཁོར་བསྐོར༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ ཞབས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་
བུ་ལ་རབ་བརྟན་ཤོག༔ ཨོཾ་ཨཱ་ཡུཛྙཱ་ན་ཤྲཱི་མངྒ་ལ་སྭ་སྟི་བྷཾ༔ ཧཱུྃ༔ མི་ནུབ་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས༔ རྟག་པ་རྡོ་རྗེ་གཡུང་དྲུང་ཉིད༔ སྐུ་ཡི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་རབ་གནས་ཤོག༔ ཨོཾ་ཨཱ་ཡུཛྙཱ་ནི་ཧཱུཾ་མངྒ་ལ་སྭ་སྟི་ཧཱུཾ༔ ཧཱུྃ༔ འཁོར་བའི་འཁྲུལ་འཁོར་བཟློག་པའི་རིན་པོ་ཆེ༔ དགོས་འདོད་རེ་བ་སྐོང་བའི་རིན་པོ་ཆེ༔ ལོངས་སྤྱོད་འབྱོར་པ་སྤེལ་བའི་རིན་པོ་ཆེ༔ རྒྱལ་བའི་བསྟན་སྲིད་སྐྱོང་བའི་རིན་པོ་ཆེ༔ སྟོབས་བཅུས་བདུད་དཔུང་འཇོམས་པའི་རིན་པོ་ཆེ༔ ཐར་ལམ་བྱང་ཆུབ་བསྒོད་པའི་རིན་པོ་ཆེ༔ ཉོན་མོངས་གཡུལ་ངོ་བཟློག་པའི་རིན་པོ་ཆེ༔ རིན་ཆེན་སྣ་བདུན་དཔལ་གྱི་བཀྲ་ཤིས་ནི༔ འདིར་འཚོགས་སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག ཅེས་རྗེས་སུ་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ གཞུང་ལས་དེ་ནས་ཚེ་ཡི་དབང་ཡང་བསྐུར༔ ཚེ་གཏོར་བྱ་སྟེ་ཚེ་ཡང་འགུགས༔ རྒྱས་པར་གཞན་དུ་ཤེས་པར་བྱ༔ ཞེས་གསུངས་པའི་དོན་དེ་སོང་བ་ཡིན་ལ༔ དོན་རྣམས་དོགས་ཕྱིར་འདི་ཡང་བསྐུལ༔ ཚེ་གཏོར་སྤྱི་བོའི་གཙུག་ཏུ་བཞག༔ ཅེས་གསུངས་པ་ལྟར༔ གཏོར་མ་ཚེ་དཔག་མེད་ཀྱི་ལྷ་ཚོགས་ཁྱེད་རང་གི་སྤྱི་བོར་བྱོན་འོད་དུ་ཞུ་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔
གསང་འདུས་ཐུགས་རྗེའི་ཚེ་དཔག་མེད༔ ཅིས་ཀྱང་མི་འགྱུར་མི་ཤིགས་པ༔ ཚེ་སྲོག་བླ་ཁུག་རྒྱས་ཐོབ་ལ༔ འཆི་མེད་ཚེ་དབང་རྒྱས་ཐོབ་ཅིག༔ ཧོ༔ ཚེ་དབང་དུ་གྱུར་ཅིག དབང་དངོས་གྲུབ་ཏུ་གྱུར་ཅིག༔ མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག༔ མི་ཤིགས་པ་རྡོ་རྗེར་གྱུར་ཅིག ཚེ་སྲོག་རྡོ་རྗེའི་བྲག་ལས་སྲ་ཞིང་བརྟན་པར་གྱུར་ཅིག༔ ཨོ་ཨཱཧཱུྃ་སྭཱ་ཧཱ༔ ཨོཾ་སྭ་སྟི་ཧཱུཾ་ཧྲཱིཿ རྒྱལ་བ་ཀུན་གྱི་གསུང་མཆོག་གཅིག་བསྡུས་ནས༔ འགྲོ་བའི་མགོན་པོ་ཨོ་རྒྱན་ཚེ་དཔག་མེད༔ མི་འགྱུར་མི་ཤིགས་འཆི་མེད་རྡོ་རྗེའི་སྐུ༔ ལྷག་པའི་སྨོན་ལམ་ལས་འགྲུབ་བཀྲ་ཤིས་ཤོག༔ དེ་ལྟར་རིམ་པ་བཞིན་དུ་བསྐུར༔ དེས་ནི་དུས་མིན་འཆི་བ་བཟློག༔ ཚེ་།མཐར་ཕྱིན་པའི་ངེས་ཤེས་བསྐྱེད་དོ༔ དེ་ནས་བླ་མས་མེ་ཏོག་འཐོར༔ རྒྱལ་ཐེབ་ཀྱིས་ཚེ་ཆང་རྣམས་འདྲེན་ཞིང་ཚེའི་ཤིས་པ་བརྗོད་པ་ནི༔ ཨོ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱ༔ གསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་པ༔ སྐལ་ལྡན་
རྣམས་ལ་བཀྲ་ཤིས་ཤོག སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཧཱུཾ་ཧོ༔ དེས་གསང་འདུས་ཚེའི་སྒྲུབ་དབང་ཆེན་པོ་ལེགས་པར་ཐོབ་པ་ཡིན་པས༔ སྤྲོས་པ་ལ་དགའ་ན་ཚེ་སྒྲུབ་གསང་འདུས་ཀྱི་ལས་བྱང་ཆག་མེད་དམ༔ སྤྲོས་མེད་ལ་དགའ་ན་ཐུགས་རྗེ་ཆེན་པོའི་པོད་གཞུང་གི་ཚེ་སྒྲུབ་བདུད་རྩི་བུམ་པ་ཉམས་སུ་ལེན་སྙམ་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ སོགས༔ མཎྜལ་ཕུལ། ས་གཞི་སྤོས་སོགས། ཞེས་པ་འདི་ནི་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་སྒྲུབ་ཆེན་ཚེ་དབང་གུད་དུ་ཕྱུང་བ་ཚེ་སྒྲུབ་བདུད་རྩིའི་བུམ་པ་དང་༔ ཚེ་སྒྲུབ་གསང་འདུས་རང་གི་སྤྲོས་བཅས་བུམ་དབང་དང་མཆོག་དབང་སྐོར་གསུམ་གཏོར་དབང་དང་གསུམ་པོ་སྔར་མང་དུ་ཐོབ་ཀྱང་དུས་ཕྱིས་ནས་རྐྱེན་ཁག་ཆེ་བ་དང་༔ ལུས་ཀྱང་མི་འདྲ་བསྙེན་སྒྲུབ་མང་བའི་གནད་ཀྱིས༔ འདི་རང་གི་རྩ་བའི་ཡི་དམ་ཡིན་ཞིང་བསྙེན་སྒྲུབ་ཐེམ་པ་དང་༔ འདི་རང་རེ་ཚང་གི་སྲོག་ལྷ་ཡིན་པས༔ འདི་གཞན་ལ་བསྐུར་བས་རང་གི་ཚེ་ལ་གནོད་པར་སྣང་བས་བཀའ་རྒྱ་བྱས་ཀྱང་༔ ཚེ་སྒྲུབ་གསང་འདུས་ཀྱི་ལས་བྱང་འདོན་མཁན་ཤིན་ཏུ་མང་བར་འདུག་པས༔ དཔེ་ཆ་གཡར་འདུག་པས༔ འདི་གསང་འདུས་ཀྱི་དབང་དངོས་དེ་མིན་པས་ཅུང་ཞིག་འཕྲུག་ཡང་འདི་ཐོབ་ནས་གསང་འདུས་ཀྱི་ལས་བྱང་ཐུགས་དམ་བྱེད་ནི་ངེས་པར་ཆོག་པ་ཡིན༔ འོན་ཀྱང་དེ་བས་གཞན་ལྟར་སུ་
ཡིན་ལ་མི་བསྐུར་ཏེ༔ ཡོང་ན་ལས་བྱང་ཆག་མེད་ཡང་ན་བསྙེན་པ་བྱེ་བ་གཅིག་ཡང་ན་བདུད་རྩི་བུམ་པ་ལ་ཟླ་མཚོ་གཅིག་ཁས་ལེན་བྱའོ༔ ཞེས་པ་པོད་གཞུང་ནས་ཨ་རཱ་གས་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ༔ འགལ་མཆིས་ན་ཆོས་བདག་གཏེར་སྲུང་རྣམས་ལ་བཤགས་ཤིང་། དགེ་བས་སྔགས་འཆང་རྣལ་འབྱོར་མང་པོའི་སྐུ་ཚེ་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ། །༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།