Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

2 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
  
སྲུང་འཁོར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  


2 occurrences of འབེན་
[Clear Hits]

 
previousསྲུང་འཁོར།next

སྲུང་འཁོར།


CMR012_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀ༽ དེའི་ཕྱི་རོལ་དུ་འཇམ་དཔལ་དཀར་པོ་ཚེ་བུམ་བསྣམས་པ་བྱེ་བ་དུང་ཕྱུར་ཞལ་ནང་དུ་གཟིགས་པའི་གུར་ཁང་༔ དེའི་རྒྱབ་ཏུ་འཇམ་དཔལ་ཞི་བ་གསེར་མདོག་རལ་གྲི་དང་པོ་ཏི་འཛིན་པ་དཔག་ཏུ་མེད་པའི་གུར༔་དེའི་ཕྱི་རོལ་དུ་འཇམ་དཔལ་ཁྲོ་བོ་དཀར་པོའི་གུར་ཁང་༔ དེའི་ཕྱི་རོལ་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་གུར་ཐབ་རྩིབས་གཉིས་སྟེང་འོག་ཡོད་པའི་ནང་དུ༔ སངས་རྒྱས་སྟོང་རྩ་གཉིས་སྤྲུལ་སྐུའི་རྣམ་པ་ཅན་མཚན་དཔེ་འབར་ཞིང་ཆོས་གོས་གསུམ་གྱིས་བཀླུབས་པ༔ དེའི་ཕྱི་རོལ་དུ་འོད་ཟེར་དཀར་པོ་སྒོ་ངའི་དབྱིབས་ཅན་སྲ་ཞིང་མཁྲིགས་པ་འཇམ་ཞིང་འོད་ཟེར་འཕྲོ་བའི་གུར༔ དེའི་ཕྱི་རོལ་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་རྩེ་ལྔ་པ་རྩེ་གཅིག་པ་རྩེ་དགུའི་གུར་བླ་བྲེ་དྲྭ་བ་ར་བ སྲ་ཞིང་བརྟན་ལ་འཐུག་ཅིང་གོ་སྐབས་མེད་པ༔ རྡོ་རྗེའི་དྲྭ་ཡི་ཁོང་གསེང་ཐམས་ཅད་མདོ་སྡེ་དྲང་དོན་ངེས་དོན་ལ་སོགས་པོ་ཏི་གླེགས་བམ་གྱིས་གང་༔ རྡོ་རྗེ་རྣམས་ཀྱི་རྩེ་མོ་ལ་པདྨའི་སྟེང་དུ་སངས་རྒྱས་སྤྲུལ་པའི་སྐུ་རེ་རེ་ལ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དཔག་ཏུ་མེད་པས་བསྐོར་ནས་ཆོས་སྟོན་པ༔ དེའི་ཕྱི་རོལ་དུ་ནོར་བུ་རིན་པོ་ཆེའི་གུར་སེར་པོ༔ དེའི་ཕྱི་རོལ་


CMR012_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དུ་པདྨ་དམར་པོའི་གུར༔ དེའི་ཕྱི་རོལ་དུ་རྡོ་རྗེ་རྒྱ་གྲམ་ལྗང་གུའི་གུར༔ དེའི་ཕྱི་རོལ་དུ་ཐོད་པ་སྐམ་པོ་དང་རྙིང་པ་དང་རློན་པའི་གུར་སུམ་རིམ་ཟླུམ་པོ་འཇིགས་སུ་རུང་བས་ཁྱབ་པ་དེའི་ཕྱི་རོལ་དུ་དུར་ཁྲོད་ཀྱི་གུར་ཁང་བམ་དང་ཀེང་རུས་དང་ཞིང་ལྤགས་ཀྱི་གཡང་གཞི་གཅིག་ལ་གཅིག་འབྲེལ་བ་དཔག་ཏུ་མེད་པ་འཇིགས་ཤིང་ཡ་ང་བ༔ དེའི་ཕྱི་རོལ་དུ་གནམ་ལྕགས་ཁྲོ་ཆུ་ཁོལ་མའི་གུར་ཟུར་གསུམ་སྲ་ཞིང་བརྟན་པ་བསྐལ་པའི་རླུང་ཡང་མི་ཐར་བ་རྔམ་ལ་འཐུག་ཅིང་གཡོ་འགུལ་མེད་པ་མེའི་ཚྭ་ཚྭ་འཕྲོ་བ༔ དེའི་ཕྱི་རོལ་དུ་ས་ཡི་གུར་སེར་པོ་གྲུ་བཞི་སྲ་ཞིང་བརྟན་པ༔ དེའི་ཕྱི་རོལ་དུ་ཆུའི་གུར་དཀར་ལ་ཟླུམ་པ་རྦ་རླབས་འཁྲུག་པ༔ དེའི་ཕྱི་རོལ་མེའི་གུར་ཟུར་གསུམ་དམར་པོ་ཚ་ཞིང་སྲེག་པ༔ དེའི་ཕྱི་རོལ་རླུང་གི་གུར་ཟླ་གམ་ལྗང་གུ་འཁྲུག་ཅིང་འཐོར་བ༔ དེའི་ཕྱི་རོལ་དུ་ནམ་མཁའ་སྟོང་པའི་ནང་ནས་ཧཱུྃ་ཕཊ་རྒྱོབ་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པའི་གུར༔ དེའི་ཕྱི་རོལ་དུ་དུག་རྫས་སྣ་ཚོགས་ལས་གྲུབ་པའི་རྡོ་རྗེའི་གུར་འཐུག་ཅིང་གོ་སྐབས་མེད་པ༔ དེའི་ཕྱི་རོལ་དུ་འཇིག་རྟེན་གྱི་དུག་རྫས་ཐམས་ཅད་འདུས་པའི་ངོ་བོ་ཧ་ལ་ཆེན་པོ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་༔ དབྱིབས་གྲུ་བཞི་ཁ་དོག་ན་


CMR012_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བུན་སྨུག་ནག་འཐིབ་པ་ལྟ་བུ༔ དུག་གི་འོད་ཟེར་འཕྲོས་པས་བྱད་མ་ལྷ་སྲུང་གནོད་བྱེད་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་བརྒྱལ་ནུས་པའི་གུར༔ དུག་རྫས་སྣ་ཚོགས་པའི་མེ་དཔུང་དམར་ནག་འུ་རུ་རུ་འབར་ཞིང་དུག་གི་རླངས་པ་སྔོ་དམར་ཕྱུ་རུ་རུ་འཕྱོ་བས༔ གདུག་པ་ཅན་གང་གིས་མཐོང་ཞིང་དྲན་པ་ཙམ་གྱིས་ཀྱང་མི་བཟོད་པའི་རང་བཞིན་ཅན་དུ་གྱུར༔ དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་གི་སྟེང་འོག་གཉིས་སུ་སངས་རྒྱས་སྟོང་གི་ངོ་བོ་ཁྲོ་བོ་སྟོང་༔ མཐིང་ནག་ཞལ་ཕྱིར་གཟིགས་ནས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒོས་གནོད་བྱེད་ཟློག་པའི་ལས་མཛད་པ༔ དེའི་ཕྱི་རོལ་དུ་རང་འདྲ་བའི་ཁྲོ་ཆུང་དཔག་མེད་ཞལ་ཕྱིར་གཟིགས་པའི་གུར༔ དེའི་ཕྱི་རོལ་དུ་ཚེ་བདག་དང་འཆི་བདག་དང་སྲོག་བདག་འཇིགས་བྱེད་དགྲ་ནག་གདོང་དྲུག་གཤེད་དམར་ནག་ལ་སོགས་པ་འཇམ་དཔལ་ཁྲོ་བོའི་ཚོགས་ཐམས་ཅད་ཞལ་ཕྱིར་གཟིགས་པའི་གུར༔ དེའི་ཕྱི་རོལ་བེ་བྷ་སྭ་ཏ་ཆོས་རྒྱལ་ཟ་བ་ལྗང་ནག་འཆར་ཀ་ནག་པོ་རལ་པ་ཚལ་དགུ་མྱོས་བྱེད་འབར་བ་ཨཱརྱ་མེ་རུ་རྩེ་ལ་སོགས་པ་ལས་གཤིན་བྱེ་བ་ས་ཡ་ཞལ་ཕྱིར་གཟིགས་པའི་གུར༔ དེའི་ཕྱི་རོལ་དུ་ཕྱི་ནང་གསང་བའི་ལྷ་མ་སྲིན་སྡེ་བརྒྱད་


CMR012_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་བདུན་ཅུ་དྲེགས་པའི་སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་ཐམས་ཅད་ཞལ་ཕྱིར་གཟིགས་པའི་གུར༔ དེ་ཐམས་ཅད་རབ་ཏུ་ཁྲོས་པའི་ཆ་ལུགས་མཚོན་ཆ་སྣ་ཚོགས་ཐོགས་ནས་བྱེད་མ་ལྷ་སྲུང་དང་བཅས་པའི་ཤ་ཟོས་ཁྲག་འཐུང་རུས་པ་མུར་ཀླད་ཁྲག་འཇིབ་ཅིང་རྡུལ་དུ་རླག་པར་བྱེད་པ༔ དེའི་ཕྱི་རོལ་དུ་རླུང་གི་སྤུ་གྲི་ངར་མ་སོ་འཐབ་པའི་གུར༔ ཁ་དོག་ལྗང་ནག་དབྱིབས་གྲུ་གསུམ་པ་ལ་གཡས་གཡོན་དུ་འཁོར་བའི་བར་དུ༔ གནོད་བྱེད་ཐམས་ཅད་ཧྲག་ཧྲག་གཏུབ་ཅིང་ཐུལ་ཐུལ་སྲེག་པའི་གུར༔ དེའི་ཕྱི་རོལ་དུ་གྲི་གུག་སོ་འཐབ་པ་གཡས་གཡོན་དུ་འཁོར་བའི་བར་དུ་གནོད་བྱེད་བྱད་མ་དམར་ཉལ་ཉལ་གཏུབས་པའི་གུར༔ དེའི་ཕྱི་རོལ་དུ་རྡོ་རྗེ་འཁོར་ལོ་རལ་གྲི་སྤུ་གྲི་མདའ་གཞུ་མདུང་ཐུང་ཁ་ཊཾ་གྲི་གུག་ཐོ་བ་ལྕགས་ཀྱུ་དགྲ་སྟ་སོགས་མཚོན་ཆ་སྣ་ཚོགས་རབ་ཏུ་འབར་ཞིང་དུག་གི་ངར་དང་ལྡན་པ༔ སྟེང་འོག་ཐམས་ཅད་བར་མཚམས་མེད་པ་དབྱིབས་གྲུ་བཞི་དུག་གི་ན་བུན་སྤྲིན་བཞིན་དུ་གཏིབས་པས་གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་བརྒྱལ་ཞིང་རེག་པ་ཙམ་གྱིས་ལུས་ངག་ཡིད་གསུམ་རྨུག་ཅིང་རླག་པར་བྱེད་པའི་གུར༔ དེའི་ཕྱི་རོལ་དུ་བསྐལ་པའི་མེ་


CMR012_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ཁ་དོག་ལྔ་ལྡན་གཡས་སུ་འཁྱིལ་ཞིང་དུམ་བུ་གཅིག་ཏུ་གྱུར་ནས་མེ་རབ་ཏུ་འབར་བོས་གནོད་བྱེད་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་པའི་གུར་ཁང་༔ དེ་རྣམས་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ༔ ༼ཁ༽ ཞེས་སྦྱར་ཞིང་བསྙེན་པ་དང་བསྲུང་བ་དུས་ཀྱང་རྒྱུན་དུ་རིམ་གྱིས་གསལ་འདེབས་པ་བྱུང་ངོ་༔ ཡང་དུས་གཅིག་ལ་ཐམས་ཅད་གསལ་འདེབས་པ་སོགས་བྱའོ༔་ཨེ་མ་མཁས་རྨོངས་འབྱེད་པའི་མི་རེ་དཀོན། །དཔེར་ན་ཁྲུབ་ཀྱི་བྱང་བུ་རེ་རེ་མགུལ་བཏགས་ནས། །རང་ཉིད་ཁྲབ་ཅན་ཡིན་པར་རློམ་པ་འཁྲུལ། །དེ་བཞིན་སྲུང་འཁོར་རེ་རེས་ཤོག་དྲིལ་དག།།བསྒོམས་ནས་ཁྲོ་ཆུས་སྲུང་འཁོར་བསྒོམ་ཞེས་ཟེར། །གཏེར་གཞུང་ལྷད་མེད་ཡིན་ཟེར་ཁེངས་པར་སྨྲ།། །ལ་ལས་ཟློག་དང་སྲུང་བའི་འཁོར་ལོ་གཉིས། །བསྲེས་ནས་གབ་སྐུང་ཡིན་པར་མ་ཤེས་པས། །སྨྱོན་པའི་ལག་ཏུ་གོ་མཚོན་བཞག་པ་བཞིན། །དགྲ་ཟུན་མི་འབྱེད་ཕྱི་ནང་ནོར་བ་མང་། །དེ་འདྲའི་ཚུལ་ལ་ཁོ་བོས་མ་བཟོད་ནས། །ལས་བྱང་ཟུར་བརྒྱན་བུ་ཡིག་ཚུལ་དུ་བཀོད། །འདི་ལ་ཉེས་གྱུར་རྒྱལ་བ་རྣམས་ལ་བཤགས། །དགེ་བས་བདག་དང་དེ་ཡི་རྗེས་འཇུག་རྣམས། །བྱང་ཆུབ་སྒྲུབ་ལ་བར་ཆད་མི་འབྱུང་ཤོག ཤམ་བྷཱ་༔ ཅེས་པ་འདི་ཡང་ཨ་རཱ་གས་བཀོད་པའོ། །སྤྱི། དགེའོ།། །།


previousསྲུང་འཁོར།next