ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གཉིས་པ་ཞི་གནས་བསྒོམ་པའི་ཁྲིད།
༼ན༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གཉིས་པ་ཞི་གནས་བསྒོམ་པའི་ཁྲིད་བཞུགས་སོ།།
ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །རང་གི་སེམས་འདུལ་བའི་ཐབས། ཞི་གནས་བསྒོམ་པར་བྱ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། སངས་རྒྱས་ཆོས་རྣམས་གང་ལ་ཡང་། །ལམ་གཞན་དག་གིས་མི་མཐོང་སྟེ། །ཞི་གནས་ཡེ་ཤེས་ཆེ་ཐོབ་ན། །རང་བྱུང་ཉིད་དུ་ངེས་པར་འབྱུང་། །ཞེས་དང་། དགེ་བའི་རྩ་བ་རྗེས་སུ་འཛིན་པའི་མདོ་ལས། བསྐལ་པའི་བར་དུ་ཚུལ་ཁྲིམས་སྲུང་བྱེད་ཅིང་། །ཡུན་རིང་དུས་ནས་བཟོད་པ་བསྒོམས་བྱས་ཀྱང་། །ཡང་དག་ཉིད་ལ་གོམས་པར་མི་བྱེད་ན། །དེ་ནི་ང་ཡི་
བསྟན་ལ་མུ་སྟེགས་ཡིན། །ཅེས་དང་། དགའ་བོ་མངལ་གནས་ཀྱི་མདོ་ལས། གང་ལ་མཉམ་བཞག་སེམས་མེད་པ། །རྣམ་དག་ཡེ་ཤེས་མེད་པ་སྟེ། །ཟག་པ་རྣམས་ནི་སྤང་མི་འགྱུར། །དེ་བས་ཁྱོད་ཀྱིས་ནན་ཏན་བསྒྲུབ། །ཅེས་དང་། ། ལམ་སྒྲོན་ལས། ཞི་གནས་ཡན་ལག་རྣམས་ཉམ་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང་། །ལོ་ནི་སྟོང་ཕྲག་དག་གིས་ཀྱང་། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །ཞེས་དང་། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་
ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་སོ། །སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་དང་། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་དང་། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམ་སྟེ་སེམས་བསྲུང་བྱ། །སེམས་འདི་སྲུང་བར་མ་བྱས་ན། །བསླབ་པ་སྲུང་བར་ཡང་མི་ནུས། །ཞེས་དང་། སེམས་འདི་གཅིག་པུ་བརྟགས་པ་ཡིས། །དེ་དག་ཐམས་ཅད་བརྟགས་པར་འགྱུར། །སེམས་འདི་གཅིག་པུ་བཏུལ་བ་ཡིས། །དེ་དག་ཐམས་ཅད་བཏུལ་བར་འགྱུར། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་དང་། སེམས་ཀྱི་གླང་པོ་ཡན་བཏང་ན། །མནར་མེད་གནོད་པ་བྱེད་པར་ཟད། །ཅེས་དང་། ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་
ཞིང་། །དགེ་བ་ཐམས་ཅད་ལག་ཏུ་འོང་། །ཞེས་དང་། བདག་གི་རྙེད་དང་བཀུར་སྟི་དང་། །ལུས་དང་འཚོ་བ་ཉམས་བླང་ཞིང་། །དགེ་བ་གཞན་རྣམས་ཉམས་བླ་ཡི། །སེམས་ནི་ནམ་ཡང་ཉམས་མི་བྱེད། །སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུང་ཞིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱར། །ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་དེ་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་གསུངས་སོ། །ཞི་གནས་ཀྱི་རྩ་བ་བསམ་གཏན་ཡིན་པས། མདོ་སྡེའི་སྡེ་སྣོད་ཀྱི་དོན་བསླབ་པ་སེམས་ཀྱི་བསླབ་པ་ཡིན། དེ་ལ་ཡང་བཞི་སྟེ། ཐར་རྒྱན་ལས། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་བཞི་པའོ། །དེ་ལ་བསམ་གཏན་དང་པོ་ནི། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པའོ། །བསམ་གཏན་གཉིས་པ་ནི་དགའ་བ་དང་ལྡན་པའོ། །བསམ་གཏན་གསུམ་པ་ནི་སེམས་བདེ་བ་དང་ལྡན་པའོ། །བསམ་གཏན་བཞི་པ་ནི་བཏང་སྙོམས་དང་ལྡན་པའོ། །ཞེས་གསུངས་སོ། །དེ་ལྟར་
བསམ་གཏན་བཞི་ཇི་ལྟར་བསྒོམ་ཚུལ་དང་། དེའི་རྟགས་དང་ཡོན་ཏན་ནི། ཤེར་ཕྱིན་སྟོང་ཕྲག་ཉེར་ལྔ་པ་ལས། བཅོམ་ལྡན་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། །དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེས་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དྭངས་ཏེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་ལ་དྲན་པ་དང་ལྡན་ཞིང་ཤེས་བཞིན་དང་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་བ་འཕགས་པ་རྣམས་ཀྱིས་དྲན་པོ་དང་ལྡན་པ། བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་
གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད་སྡུག་བསྔལ་བ་ཡང་མེད་པས་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་དང་བསམ་གཏན་གྱི་ཡན་ལག་དེ་དག་ལ་ཡང་མཚན་མར་མི་འཛིན་ཏོ། །དེ་དེ་ལྟར་མཉམ་པར་བཞག་པའི་སེམས་དང་ལྡན་པའི་རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། །དེས་ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་ལ། བྱེད་དོ། །གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་ཏོ། །སྣང་བ་དང་མི་སྣང་བ་ཉམས་སུ་མྱོང་བར་བྱེད་དོ། །རྩིག་པ་ལས་ཐར་བ་དང་། ར་བ་ལས་ཐར་བ་དང་། རི་ལས་ཐར་བར་ཐོགས་པ་མེད་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་འགྲོ་སྟེ་དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་གྱེན་དུ་འབྱུང་བ་དང་། འོག་ཏུ་འཛུལ་བར་བྱེད་དོ། །དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་བྱིང་བ་མེད་པར་འགྲོ་སྟེ། དེ་སོགས་རྟགས་དང་ཡོན་
ཏན་རྒྱ་ཆེར་གསུངས་ཏེ། དཔལ་གཙུག་ལག་ཕྲེང་བའི་ཞལ་ནས། སྤྱིར་མདོ་ལས་སེམས་གནས་པའི་ཐབས་དགུའི་དང་པོར་འདོད་པའི་ཞི་གནས་རྩེ་གཅིག་ཏུ་བསྒྲུབ། དེ་ནས་འོག་ས་ལ་སྐྱོ་ཞིང་གོང་ས་ལ་ཞི་བར་མོས་པ་དང་ཉེར་ལྡོགས་ཡིད་བྱེད་བདུན་གྱི་སྒོ་ནས་བསམ་གཏན་དང་པོ་ནས་བཞི་པའི་བར་རིམ་པར་བསྒྲུབ། བཞི་པ་གྲུབ་ནས་མངོན་ཤེས་ཀྱི་ལམ་ལས་མངོན་ཤེས་ལྔ་བསྒྲུབ། ཕྱི་རོལ་པའི་དྲང་སྲོང་རྣམས་དང་ནང་པའི་མདོ་སྔགས་གཉིས་ཀའི་ཐུན་མོང་བ་ཡིན་ཡང་། དེ་ལྟར་ཕྱག་རྒྱ་ཆེན་པོ་སོགས་ཀྱི་ཁྲིད་རིམ་གྱིས་སྒྲུབ་པའི་ཞི་གནས་འདི་ནི་མན་ངག་གི་གནད་ལས་སྐྱེ་བ་སྟེ། ངོ་བོ་འདོད་པའི་སེམས་རྩེ་གཅིག་པ་ཉིད་ལ་བསམ་གཏན་བཞི་ཀའི་ཡང་ཆ་མཐུན་ལྡན་པ་ཞིག་ཡིན་ལ། འདིའི་སྟེང་ནས་ལྷ་གནས་ཀྱི་བསམ་གཏན་རྣམས་བསྒྲུབ་ན་དཀའ་བ་མེད་ཀྱང་ལྷག་མཐོང་གི་གཞི་རྟེན་དུ་ཞི་གནས་ཆ་ཤས་ཙམ་དང་པོར་བསྒྲུབ་ཀྱི། འཇིག་རྟེན་པའི་བསམ་གཏན་ཁོ་ན་གཙོ་བོར་མི་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་རྣམ་གཡེང་སྤངས་ནས་ལུས་གནད་བཅའ་དགོས་ཏེ། ཁྲིད་ཆེན་ལས། ལུས་རྣམ་སྣང་གི་ཆོས་བདུན་བཅའ་བའོ། །ཆོས་བདུན་
ནི་རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་བྱས་ལ། ལྟེ་འོག་སོར་བཞིའི་མཚམས་སུ་བཞག་སྟེ། གྲུ་མོ་མ་འགུགས་པར་བསྲང་། དཔུང་པ་རྒོད་གཤོག་ལྟར་བརྒྱང་། མགྲིན་པ་ལྕགས་ཀྱུ་ལྟར་ཨོག་མས་ཨོག་མདུད་ནོན་པར་དགུག །སྒལ་ཚིགས་མདའ་ལྟར་བསྲང་། མིག་སྣ་རྩེ་སོར་བཞིའི་ཐད་ཀྱི་ནམ་མཁར་རྫི་མ་མི་གཡོབ་ཅིང་ཡ་ཡོ་ཁྱར་ཁྱོར་མེད་པར་གཏད། མཆུ་ཅུང་ཟད་འབྱར་བ་སོ་ལ་བར་བག་ཙམ་བྱ། ལྕེ་ཡ་རྐན་ལ་སྦྱར་ལ་བདེ་བའི་སྟན་ལ་འཁོད་པར་བྱ་སྟེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས། སྒྲུབ་པོ་བདེ་བའི་སྟན་ལ་འདུག །མིག་ནི་སྣ་རྩེར་གཏད་བྱས་ནས། །སྣ་མཐོང་ལྟ་བའི་ཚད་དུ་ཞོག །ཕྲག་དཔུང་མཉམ་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །དབུགས་ཀྱི་དབྱུང་རྔུབ་ལྷོད་ནས་ནི། །ཅུང་ཟད་རྩོལ་བ་བྲལ་བ་ཡིས། །རྡོ་རྗེའི་སྐྱིལ་ཀྲུང་ལེགས་གནས་ཤིང་། །དེ་ལྟར་ཕྱག་རྒྱ་དང་ལྡན་པས། །ཞེས་གསུངས་པ་ལྟར། སྐྱོན་གསུམ་དང་བྲལ་བར་བྱ་སྟེ། འབྱུང་བཞིའི་ལུས་ཀྱི་འདུག་ཚུལ་ནི། །བདེ་དང་ཡང་དང་ལྷོད་དང་གསུམ། །ཞེས་པ་ལྟར་རོ། །དེ་ལྟར་བཅས་པའི་དགོས་པ་ནི། ཀྱེ་རྡོ་
རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང་། །དངོས་པོ་ཀུན་ལ་ཁྱབ་པའོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོས། དབེན་པའི་མལ་སྟན་བརྟེན་པར་བྱ། །འདུ་འཛི་མེད་པར་དགའ་བར་བྱེད་། །མཚན་མ་ཡིད་ལ་མི་བྱེད་པར། །སྐྱིལ་ཀྲུང་བཅས་ཏེ་འདུག་ནས། །ཞེས་གསུངས་པ་དང་། པདྨ་དྲྭ་བའི་རྒྱུད་ལས། ཤིན་ཏུ་འཇམ་པའི་སྟན་ལ་ནི། །རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ནས། །བསྲངས་ཏེ་མིག་ནི་སྣ་རྩེར་ཕབ། །དལ་བའི་རླུང་ལྡན་རྐན་ལ་ནི། །ལྕེ་ཡིས་ཅུང་ཟད་རེག་པར་བྱ། །ལྟེ་བ་ཅུང་ཟད་གུག་པ་ཡིས། །སེམས་ནི་བག་ཡོད་གནས་པར་བྱ། །ཞེས་དང་། རྗེ་དུས་གསུམ་མཁྱེན་པས་ཀྱང་། །ཕ་རི་ལ་ལྟ་ན་ཚུར་རི་ནས་ལྟོས། །སྟོང་པ་འདོད་ན་སྣང་བ་གཏན་ལ་ཕོབ། །སེམས་གནས་པར་འདོད་ན་ལུས་འཁྲུལ་འཁོར་གཅུན། །ཅེས་གསུངས་སོ། །ཁྲིད་ཆེན་ལས། གཞན་ཡང་ལུས་གནད་ཚུལ་བཞིན་དུ་བཅས་པའི་དགོས་པ་ནི། རྐང་པ་སྐྱིལ་ཀྲུང་བཅས་པས། །
ཐུར་སེར་གྱི་རླུང་དབུ་མར་ཚུད་ཅིང་། ཉོན་མོངས་པ་ཕྲག་དོག་ཞི་བ་དང་། བར་ཆད་ཀྱིས་མི་ཚུགས་པའོ། །ལག་པ་གཉིས་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་སོར་བཞིར་བཅས་པས་ཆུ་རླུང་དབུ་མར་ཚུད་དོ། །ཉོན་མོངས་པ་ཞེ་སྡང་ཞི་བ་ཡིན། སྒལ་ཚིགས་མདའ་ལྟར་བསྲང་ཞིང་། དཔུང་པ་རྒོད་གཤོག་ལྟར་གདེང་བས་ས་རླུང་དབུ་མར་ཚུད་དེ། གཏི་མུག་ཞི། མགྲིན་པ་བྲང་ལ་གུག་ཙམ་བྱས་པས། མེ་རླུང་དབུ་མར་ཚུད་དེ་འདོད་ཆགས་ཞི། མིག་མི་བཙུམས་པར་སྣ་རྩེ་སོར་བཞིའི་ཐད་དུ་ལྟ་བ་དང་། ལྕེ་ཡ་རྐན་ལ་སྦྱར་བས་རླུང་གི་རླུང་དབུ་མར་ཚུད་དེ་ང་རྒྱལ་ཞི། ཤེས་པ་གསལ་བར་བྱེད། དེའང་སེམས་གནད་རླུང་རླུང་གནད་རྩ། རྩ་གནད་མིག་ལ་ཡོད་པས་ལྟ་སྟངས་མ་འཆུགས་པ་གལ་ཆེའོ། །དེ་ལྟར་ལུས་བསམ་གཏན་གྱི་ཆོས་ལྔའམ། ཆོས་བདུན་བཅས་པས་དུག་ལྔ་རང་ཞིར་འགྲོ་ཞིང་། རླུང་སེམས་རང་བཞིན་གྱིས་དྷུ་ཏིར་ཚུད་ནས་རྟོག་པ་ཕྱོགས་ཐམས་ཅད་རང་འགགས་ལ་འབོལ་ལེ་ཤིག་གེ་དྭངས་སང་ངེ་འགྲོ་ཞིང་། རྟོགས་པ་མྱུར་དུ་འཆར་བས་ལུས་གནད་གལ་ཆེ། ལུས་སྨྱོས་པ་དང་། ཁྱག་ཁྱོག་སོགས་གནད་དུ་མ་
སོང་ན། རྟོག་པ་འཕྲོ་ནས་སེམས་མི་ཟིན་ཞིང་འཁྲུལ་འཁོར་གཡས་སུ་ཡོ་ན། དང་པོ་གསལ་ཉམས་སྐྱེ། དེ་ནས་ཞེ་སྡང་རང་རྒྱུད་པ་འབྱུང་ཞིང་། གདོན་རྒྱལ་པོ་ལ་སོགས་གནོད་པའི་ཉན་ཡོད། གཡོན་དུ་ཡོ་ན་དང་པོ་སེམས་བདེ་ཉམས་དང་། དེ་ནས་འདོད་ཆགས་དྲག་པོ་འབྱུང་ཞིང་། གདོན་ཀླུ་དང་མོ་རིགས་སོགས་གནོད། མདུན་དུ་འགུགས་ན་དང་པོ་མི་རྟོག་པ་རྩོལ་མེད་དུ་སྐྱེ། རྗེས་སུ་གཏི་མུག་ཏུ་འགྱུར་ཞིང་གདོན་ས་བདག་ལ་སོགས་པས་གནོད། ཁྱད་པར་དུ་མི་གཉིས་ལ་སོགས་པ་གྲོས་བྱེད་པ་མཐོང་ན། འདི་གཉིས་ང་ལ་ཁ་ཟེར་བར་འདུག་སྙམ་པ་དང་མི་དགའ་བ་ལ་སོགས་པ་སྲོག་འཛིན་གྱི་རླུང་ལོག་པའི་ཉེས་པ་དུ་མ་འབྱུང་། ལུས་གནད་རྒྱབ་ཏུ་དགྱེ་ན། དང་པོ་སྟོང་ཉམས་རྩོལ་མེད་དུ་སྐྱེ། དེ་ནས་ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་འབྱུང་། གོང་གི་གདོན་རྣམས་ཀྱི་རྟོག་པའང་འཆར། ཁྱད་པར་དུ་སེམས་མི་གནས་ཤིང་རྟོག་པ་འཕྲོ། ལུས་སྔོ་སྐམས་སུ་འགྲོ་བ་དང་། ཁམས་འཛག་པའི་ཉེས་པ་འབྱུང་ངོ་། །དེས་ན་ཉེས་པ་གང་ཡང་མི་འབྱུང་ཞིང་ཡོན་ཏན་ཐམས་ཅད་རྫོགས་པའི་གནད། ལུས་གནད་ཡིན་པས་འཁྲུལ་འཁོར་མ་
འཆུགས་པ་གལ་ཆེའོ། །བསམ་གཏན་གྱི་ཆོས་ལྔ་ནི། བླ་མ་ཞང་གི་ཞལ་ནས། ལུས་ཀྱི་གནད་ལ་ལྔ་སྟེ། མདའ་ལྟར་བསྲང་བ་དང་། ལྕགས་ཀྱུ་ལྟར་འགུགས་པ་དང་། རེ་མིག་ལྟར་བསྣོལ་བ་དང་། ལྕགས་སྒྲོག་ལྟར་གདམས་པ་དང་། ལི་གྲི་ལྟར་བསྒྲིམ་པའོ། །མདའ་ལྟར་བསྲང་བ་ནི། སྒལ་ཚིགས་མདའ་ལྟར་བསྲང་བ་སྟེ། དཔེར་ན་མད་འ་བསྲང་བ་དེ་ཐད་ཀར་བསྲང་བས་མི་དྲང་སྟེ། ཀྱོག་ཕྱོགས་སུ་དྲང་པོར་བསྲང་བ་བཞིན་དུ་གསུས་ཆུང་བའི་ཉེར་མ་གསུམ་པོ་དྲང་བ་ཙམ་དུ་སྐྱེད་ཚུགས་དགྱེ་འོག་གི་བཏང་བ་དེའི་དགོས་པ་ནི། རྩ་གསུམ་རང་གནས་སུ་གནས་ལ་ཨ་བ་དྷཱ་ཏི་རང་ཐད་དུ་སོང་བས་རྩ་མདུད་གྲོལ་ཏེ་རླུང་དྷུ་ཏིར་ཚུད་སླའོ། །ལྕགས་ཀྱུ་ལྟར་འགུགས་པ་ནི། མགྲིན་པ་ཡིད་ཙམ་རང་བབས་སུ་འགུགས་པ་སྟེ། དེའི་དགོས་པ་ནི་རྩ་གཡས་གཡོན་གཉིས་ཉ་མོ་ཁ་གདངས་པ་ལྟ་བུ་ནས་རླུང་དང་རྣམ་རྟོག་འཕྲོ་བ་དེ་བཀག་པས་མི་རྟོག་པ་སྐྱེའོ། །རེ་མིག་ལྟར་བསྣོལ་བ་ནི། རྐང་པའི་ལོང་བུ་བསྣོལ་བ་སྟེ། དེའི་དགོས་པ་ནི་རྡོ་རྗེ་སྐྱིལ་ཀྲུང་གི་དོད་པོ་ཡིན་པས། བར་ཆོད་ཀྱིས་མི་ཚུགས་པའོ། །ལྕགས་སྒྲོག་ལྟར་བསྡམ་པ་
ནི། རྡོ་རྗེ་མདུད་པའི་སྒོམ་ཐག་ལ་སོགས་པས་པུས་མོ་ནས་ཚུར་དམ་པར་འཁྱུད་པ་ཡིན་ཏེ། དེའི་དགོས་པ་ནི། ལུས་ཀྱི་གནས་མི་འཆུགས་པར་བྱེད་པའོ། །ལི་གྲི་ལྟར་བསྒྲིམ་པ་ནི། འཕོངས་སུ་གོས་ཀྱི་འབོལ་བཅུག་ནས། འོག་སྒོ་དྲག་ཏུ་བསྡམ་པ་ཡིན་ཏེ། དེའི་དགོས་པ་ནི། །རྩ་རླུང་གཉིས་ནང་འཕྲོད་ནས་བདེ་དྲོད་མྱུར་དུ་སྐྱེ་བར་བྱེད་པའོ། །དེ་ལྟ་བུའི་ལུས་ཀྱི་གནད་ལྔ་པོ་འདི་ལ། རྗེ་བཙུན་མར་པ་ལྷོ་བྲག་པའི་ཞལ་ནས། བོད་ཀྱི་གདམས་ངག་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་པ་བས། ངའི་ལུས་གནད་ལྔ་པོ་འདི་གདམས་ངག་ཆེ་བ་ཡིན། དེ་ཇི་ལྟར་ཞེ་ན། ངའི་ལུས་གནད་ལྔ་པོ་འདི་བཅས་པའི་གནད་ཀྱིས། རླུང་དྷུ་ཏིར་རང་ཚུད་ལ་འགྲོ་བ་ཡིན། དེའི་གནད་ཀྱིས་ལྟེ་བ་ནས་གཏུམ་མོ་རང་འབར་ལ་འགྲོ་བ་ཡིན། དེའི་གནད་ཀྱིས་སྤྱི་བོ་ནས་བྱང་སེམས་ཀྱི་ཐིག་ལེ་རང་བབས་སུ་འབབ་པ་ཡིན། དེས་བདེ་བ་ངང་གིས་སྐྱེ་བ་ཡིན། དེས་ན་རྣམ་རྟོག་ཆེད་དུ་བགག་མི་དགོས་པར་མི་རྟོག་པ་དབར་མེད་དུ་འཆར་བ་ཡིན། དེས་རྟོགས་པའི་ཡེ་ཤེས་ཤུགས་ལ་འཆར་བ་ཡིན།། དེས་ན་དང་པོར་ལུས་ཀྱི་བཞག་ཐབས་གལ་ཆེ་
ཞིང་། འདི་ཉིད་ལ་ཡུན་རིང་དུ་གོམས་པས་ནང་གི་འབྱུང་བ་ཆ་སྙོམས་པར་འགྱུར་ཏེ། ཚེ་རིང་བ་དང་། སྔར་ནད་ཡོད་པ་སོས་ཤིང་ཕྱིས་མི་འབྱུང་བ་དང་། རྩ་་རླུང་དྭངས་མ་སྟོབས་སུ་གྱུར་པས་སྟེང་གི་ལྗིད་ཀྱིས་འོག་ཏུ་མི་གནོད་པ་དང་། རྩ་རླུང་ཐིག་གསུམ་ཚོགས་པ་གཅིག་པས་ལོ་ཟླའི་བར་དུ་གནས་ཀྱང་མི་བདེ་བ་མེད་པ་དང་། དྭངས་མའི་དྭངས་མ་ཤིན་ཏུ་སྨིན་པས། རིག་པ་རང་གསལ་རྟོགས་པ་རྩོལ་མེད་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །ལུས་གནད་དེ་ལྟར་བཅས་ནས་སེམས་ཀྱི་བསྒོམ་བྱ། རྒྱ་གར་གྱི་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་རྒྱ་གཞུང་ཆེན་པོ་ཏིང་ངེ་འཛིན་ཚོགས་དགུ་ལས། འདིར་ཞི་གནས་ནི་གཉིས་ཏེ་ཁ་ནང་དུ་བལྟས་པས་ཐོབ་པ་དང་། ཁ་ཕྱིར་བལྟས་པས་དམིགས་པའོ། །དེ་ལ་ཁ་ནང་དུ་བལྟས་པ་ལའང་། །ལུས་ལ་དམིགས་པ་དང་། ལུས་ལ་བརྟེན་པ་ལ་དམིགས་པའོ། །ལུས་ལ་དམིགས་པ་ལའང་གསུམ་སྟེ། །ལུས་ཉིད་ལྷའི་རྣམ་པར་དམིགས་པ་དང་། ཀེང་རུས་ལ་སོགས་པ་མི་སྡུག་པར་དམིགས་པ་དང་། ཁ་ཊཾ་ག་ལ་སོགས་མཚན་མ་ཁྱད་པར་ཅན་ལ་དམིགས་པའོ། །ལུས་ལ་བརྟེན་
པ་ལ་དམིགས་པ་ལ་ཡང་ལྔ་སྟེ། དབུགས་ལ་དམིགས་པ་དང་། མཚན་མ་ཕྲ་མོ་ལ་དམིགས་པ་དང་། ཐིག་ལེ་ལ་དམིགས་པ་དང་། འོད་ཟེར་གྱི་ཡན་ལག་ལ་དམིགས་པ་དང་། དགའ་བ་དང་བདེ་བ་ལ་དམིགས་པའོ། །ཁ་ཕྱིར་བལྟས་ལའང་གཉིས་ཏེ། ཁྱད་པར་ཅན་དང་ཕལ་པའོ། །དེ་ལ་ཁྱད་པར་ཅན་ལའང་གཉིས་ཏེ། སྐུ་ལ་དམིགས་པ་དང་གསུང་ལ་དམིགས་པའོ། །འདི་དག་ནི་ཞི་གནས་ལ་འཇུག་པའི་ཡན་ལག་གོ །དེ་ཡང་མ་དག་པ་རྡེའུ་དང་ཤིང་བུ་ལ་སེམས་འཛིན་པ་ནི། རྗེ་དོན་ལྡན་ཞབས་ཀྱིས། རྟེན་ནི་རྡེའུ་ཤིང་བུ་དང་། །མར་མེའམ་བླ་མ་དག་ལ་གཏད། །ཅེས་གསུངས་པ་ལྟར་རོ། །རླུང་བརྩི་བ་ནི། འཇམ་དཔལ་རྩ་རྒྱུད་ལས། རྣམ་པར་རྟོག་པ་དབུགས་དབྱུང་རྔུབ། །དྲན་པ་བརྟེན་བྱ་ཉེར་ཞི་བྱ། །སེམས་ནི་ཀུན་ཏུ་འབར་བས་ན། །དམིགས་པ་གཅིག་ལ་དམ་པོར་གདགས། །ཞེས་པ་དང་། ཁྲི་པ་ལས། ཤ་ར་དྭ་ཏིའི་བུ། དཔེར་ན་རྫ་མཁན་ནམ་རྫ་མཁན་གྱི་སློབ་མ་མཁས་པས། འཕང་ལོ་བསྐོར་བ་ནི་རིང་དུ་བསྲུབ་ན་རིང་དུ་བསྲུབ་པར་རབ་ཏུ་
ཤེས་སོ། །ཐུང་དུ་བསྲུབ་ན་ཐུང་དུ་བསྲུབ་པར་རབ་ཏུ་ཤེས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་། དྲན་བཞིན་དུ་དབུགས་རྔུབ་ཅིང་། དྲན་བཞིན་དུ་དབུགས་འབྱིན་ཏེ། དེས་དབུགས་རིང་དུ་རྔུབ་ན་ཡང་རིང་དུ་རྔུབ་པར་རབ་ཏུ་ཤེས་སོ། །དབུགས་རིང་དུ་ཕྱུང་ན་ཡང་རིང་དུ་ཕྱུང་བར་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་རྔུབ་ན་ཡང་ཐུང་དུ་རྔུབ་པར་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་ཕྱུང་ན་ཡང་ཐུང་དུ་ཕྱུང་བར་རབ་ཏུ་ཤེས་སོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟེན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་མི་དམིགས་པའི་ཚུལ་གྱིས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམས་བསལ་ནས། ནང་གི་ལུས་སུ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཞེས་པ་དང་། མདོ་ལས་ཀྱང་། དེ་དབུགས་ཕྱིར་རྒྱུ་བ་ན་ཕྱིར་རྒྱུའོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་དབུགས་ནང་དུ་རྒྱུ་ན་ནང་དུ་རྒྱུའོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་པའི་དོན་ནི། རླུང་གི་འགྲོ་འོང་ལ་དྲན་པ་མ་ཡེངས་པར་གཏད་ནས། རླུང་ཕྱིར་རྒྱུ་བ་དང་དེ་ལ་མ་ཡེངས་པར་བྱ། ནང་དུ་
ཚུར་བྱུང་ན་མ་ཡེངས་པར་བྱ། དེ་ལྟར་དྲན་པའི་རྟེན་རླུང་སྲོག་རྩོལ་རྒྱུ་བ་གཉིས་ལ་བྱས་ཏེ། དེའི་ངང་ལ་དྲན་པའི་སོ་མ་ཤོར་བར་བྱའོ། །སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཇི་ལྟར་ན་དྲོན་པའི་དབང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྟོག་ཅེ་ན། ཡང་དག་པ་ཇི་ལྟ་བ་བཞིན་བགྲང་བ་དང་། ཞེས་གསུངས་སོ། །འབྲུ་གསུམ་རྡོ་རྗེ་བཟླས་པ་ནི། རྣམ་སྣང་མངོན་འབྱུང་ཞེས་རྙིང་མ་ལས། རླུང་སེམས་ལྷན་ཅིག་སྐྱེས་པ་ཡི། །འཇུག་པ་ཨོཾ་དང་གནས་པ་ཨཱཿ །དབྱུང་བ་ཧཱུྃ་གི་རྣམ་པ་དེས། །ལུས་ངག་ཡིད་ཀྱི་སྒྲིབ་པ་དང་། །ཁམས་གསུམ་མ་ལུས་འདི་དག་ཀུན། །རྡོ་རྗེ་གསུམ་དུ་སོད་པར་བྱེད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འགྲུབ། །ལྷན་སྐྱེས་བདེ་བ་ཆེན་པོར་འགྱུར། །ཞེས་གསུངས་པའི་དོན། །སྣ་བུག་ནང་ནས་རྒྱུ་ཡང་ནང་དུ་འོང་ཚེ་ཨོ་གྱི་གདང་དྲན་པར་བྱ། ནང་དུ་ཅུང་ཟད་གནས་ཚེ་དྲན་པར་བྱེད། ཕྱིར་འགྲོ་བ་ན་ཧཱུྃ་དྲན་པར་བྱ་སྟེ། ཡིག་གཟུགས་དང་དཀར་པོ་ལ་སོགས་འབྱུང་མི་དགོས། རྟོག་པ་གཞན་གྱིས་བར་མ་ཆོད་པར་ལྔ་བཅུ་ཙམ། དེ་ནས་ཇེ་མང་ལྔ་བརྒྱ་སོགས་གཡོན་སྲོག་དང་། །
གཡས་རྩོལ་བའི་རླུང་། སྒྲིམ་པ་ཀློད་པ་སྤེལ་མ། ཀློད་པ་འདྲ་བ་དེའི་རྩོལ་པ་དོར་བའོ། །གྲུབ་ཆེན་མི་ཏྲའི་དམར་ཁྲིད་ལས། དང་པོ་ཞི་གནས་ལ་དོན་གསུམ་སྟེ། མཚན་མ་ལ་བརྟེན་པའི་ཞི་གནས་དང་། རྟོག་པ་ལ་གཏད་པའི་ཞི་གནས་དང་། རྟོག་མེད་དུ་འཇོག་པའི་ཞི་གནས་དང་གསུམ་མོ། །དང་པོ་ལ་གཉིས་ཏེ། ཕྱི་ལ་སེམས་བཟུང་བ་དང་། ནང་ལ་སེམས་བཟུང་བའོ། །ཕྱི་ལ་གཉིས་ཏེ་མ་དག་པ་དང་དག་པའོ། །དང་པོ་ནི་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ལྟ་སྟངས་དང་བཅས་ཏེ། རང་གི་མདུན་དུ་ཀ་བ་བུམ་པ་ཤིང་བུ་རྡེའུ་ལ་སོགས་པ་གང་ཡང་རུང་བ་གཅིག་ལ་ལུས་གནད་ལྟ་སྟངས་དང་བཅས་ནས་མ་ཡེངས་པར་སེམས་བཟུང་། དེ་ལས་ཡེངས་སུ་ཡང་མི་འཇུག་རྟོག་པ་ཡང་མི་འགྱེད་དེ་ཐོག་ཏུ་ཀློད་ལ་འཇོག་པའོ། །གཞན་ཡང་བྱིང་རྒོད་བྱུང་ན་སྟེང་འོག་གཡས་གཡོན་དུ་སེམས་འཛིན་པ་ཡང་ཤེས་པར་བྱའོ། །གཉིས་པ་དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པ་ནི། མདུན་དུ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྐུ་གཟུགས་བཞག་པའམ་མེད་ན་བསྒོམ། དེ་ལས་རྟོག་པ་ཡང་མི་སྤྲོ་ཡེངས་སུ་ཡང་མི་
འཇུག །དེ་ཐོག་ཏུ་མ་ཡེངས་ཙམ་དུ་ཀློད་ནས་འཇོག་པ་ནི། དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པའོ། །གཉིས་པ་ནང་ལ་སེམས་བཟུང་བ་ལ་ཡང་གཉིས་ཏེ། མ་དག་པ་དང་དག་པའོ། །དང་པོ་མ་དག་པ་ཐིག་ལེ་ལ་སེམས་བཟུང་བ་ནི། རང་གི་སྙིང་གར་པད་ཟླའི་སྟེང་དུ་ཐིག་ལེ་དཀར་པོ་འོད་ཟེར་འཕྲོ་བ་སྲན་འབྲུ་ཙམ་ལ་སེམས་བཟུང་སྟེ། དེ་ལས་རྟོག་པ་ཡང་མི་སྤྲོ། ཡེངས་སུ་ཡང་མི་འཇུག །དེ་ནི་རྟོག་པ་མ་སྤང་ལམ་དུ་ཁྱེར་བའི་མན་ངག་གོ །ལམ་གྱི་ཞི་གནས་རྟོག་པ་ལམ་དུ་ཁྱེར་ཞིང་རྟོག་པ་ལམ་དེ་ཉིད་ལ་གཏད་ནས་སེམས་བཟུང་བའི་མན་ངག་གོ །གཉིས་པ་དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པ་ནི། རང་གི་སྙིང་གར་པད་ཟླའི་སྟེང་དུ་སྤྱན་རས་གཟིགས་ཀྱི་སྐུ་ཚོན་གང་བ་འོད་དང་བཅས་པ་ལ་སེམས་བཟུང་། ། དེ་ལས་རྟོག་པ་ཡང་མི་འགྱེད་ཡེངས་སུ་ཡང་མི་འཇུག །བྱིང་རྒོད་བྱུང་ན་དག་པ་དང་མ་དག་པ་གཉིས་ཀ་དཔྲལ་བ་དང་ལྟེ་བར་བསྒོམས་ནས་སེམས་བཟུང་ངོ་། །དེ་ནི་མཚན་མ་ལ་བརྟེན་པའི་ཞི་གནས་སོ།། གཉིས་པ་རྟོག་པ་ལ་སེམས་གཏད་པའི་ཞི་གནས་ནི། ལྷག་པར་རྟོག་པ་སྤོས་ལ་དུག་ལྔ་དུག་གསུམ་སོགས་ཉོན་མོངས་
གཟུང་འཛིན་འཁོར་བའི་རྣམ་རྟོག་དགེ་བ་བཅུའམ། ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུའི་རྣམ་པར་རྟོག་པ་ལ་སོགས་མི་དགེའི་རྣམ་རྟོག་གང་སྐྱེས་པའི་ངོ་བོ་ལ་རྟོག་མེད་ཀྱིས་ཅེ་རེར་བལྟས་པས་འཛིན་མེད་དུ་ཞི་ནས་རིག་པ་གསལ་སྟོང་ངོས་བཟུང་མེད་པར་གསལ་ས་ལེ་འཆར་བ་ཡིན་ཏེ། དེ་ཉིད་རང་རིག་རང་ངོ་ཤེས་པས་རང་གྲོལ་གྱི་ངང་དུ་སྐྱོང་། སླར་ཡང་རྣམ་རྟོག་གང་སྐྱེས་པ་དེ་ཉིད་ལ་སེམས་གཏད་ནས་སྤང་བླང་མེད་པར་རང་ངོ་ཤེས་པར་བྱས་ལ་རྣམ་རྟོག་ལམ་ཁྱེར་གྱི་མན་ངག་ཉམས་སུ་བླང་བར་བྱའོ། །གསུམ་པ་ཞི་གནས་མཐར་ཐུག་རྟོག་མེད་ལ་སེམས་བཟུང་བ་ནི།། གནས་མུན་ཁང་དབེན་པར་འབོལ་བའི་སྟན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ་མིག་བར་སྣང་སྟོང་པ་ལ་ཧད་དེ་གཏད་ནས། ཡིད་ལ་འདས་མ་འོངས་ད་ལྟར་གྱི་རྟོག་པ་གསུམ་དང་དགེ་མི་དགེ་ལུང་མ་བསྟན་གྱི་རྟོག་པ་སྟེ། དུས་གསུམ་རྟོག་པའི་རྒྱུ་འགྲུལ་ཐམས་ཅད་རྦད་ཆོད་ལ་ཐོང་། ཡིད་ལ་ཅི་ཡང་མི་བསམ། སེམས་ནམ་མཁའ་གཡའ་དག་པ་ལྟར་གསལ་སྟོང་འཛིན་མེད་དུ་ཕྱལ་ལེ། ས་ལེ་ཧྲིག་གེར་བཞག་པས་བདེ་གསལ་མི་རྟོག་པའི་ཞི་གནས་
སྐྱེའོ། །དེ་ཉིད་ལ་ཆགས་པ་དང་། སྡང་བ་དང་། ཞེན་པ་དང་། འཛིན་པ་དང་། བྱིང་རྒོད་ཞུགས་མ་ཞུགས་བརྟག་ལ་སྐྱོན་ཡོན་ཕྱེ་སྟེ་ངོ་སྤྲད་དོ། །ཞེས་གསུངས་པའི་ནང་དུ་ཐམས་ཅད་འདུས་ཏེ། མདོ་ལས་གསུངས་པའི་སེམས་གནས་ཐབས་དགུ་ནི། འཇོག་ཀུན་ཏུ་འཇོག་ངེས་པར་འཇོག་ཉེ་བར་འཇོག །དུལ་བར་བྱེད་ཞི་བར་བྱེད། ཉེ་བར་ཞི་བར་བྱེད་རྒྱུད་གཅིག་ཏུ་བྱེད། མཉམ་པར་འཇོག་ཅེས་པའི་དོན་ནི་དམིགས་པ་གང་རུང་གཅིག་ལ་གཏད། དེ་རྒྱུན་མཐུད་འཕྲོ་ན་དྲན་པས་བཟུང་དེའི་སྟེང་དུ་འཇོག་དེའི་ཡོན་ཏན་དྲན་པར་བྱ། འཕྲོ་ན་དེ་ལས་ལྡོག་འཕྲོ་བའི་རྐྱེན་ངོས་བཟུང་། འབད་རྩོལ་མི་དགོས་པར་དེ་ལ་གནས། །དེའི་ངང་དུ་འབྱམས་པའོ། །རྣམ་རྟོག་འཕྲོ་བ་ཞི་ནས། །སེམས་གར་གཏད་དུ་རྩེ་གཅིག་ཏུ་གནས་པ་ནི་ཞི་གནས་སོ། །དེ་ནི་ཕྱི་རོལ་པ་དང་། བོན་དང་། ཉན་ཐོས་བྱེ་བྲག་པ་དང་། མདོ་སྡེ་པ་རྣམས་ཐུན་མོང་ཡིན། རྣམ་རྟོག་བཀག་ནས་དེ་གོམས་པའི་ཤུགས་ཀྱིས་མི་འཕྲོ་བར་ལྷན་ནེ་གནས་པ་དེ། དང་པོ་སྐྱེ་དགོས་ཀྱི། དེ་ཉིད་ཕྱག་རྫོགས་ཀྱི་དོན་ནི་མ་ཡིན་ཏེ། རྒྱ་ནག་ཧྭ་ཤང་ལྟ་བ་དང་། མུ་
སྟེགས་ལུགས་ཀྱི་བསམ་གཏན་བཞི་དང་། ཉན་ཐོས་འགོགས་པ་རྣམས་ཐུན་མོང་ཡིན་ནོ། །དེ་ཅིའི་ཕྱིར་ཕྱག་རྫོགས་མིན་ན། དེ་ནི་མ་བཅོས་པའི་དོན་མ་ཡིན། བཅོས་མ་ཡིན་པའི་ཕྱིར་དང་། སེམས་གནས་སོ་སྙམ་པའི་འཛིན་པ་ཡོད་པའི་ཕྱིར་རོ། །སམ་བྷུ་ཏྲི་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་གསལ། །ཞེས་པ་དང་། རྡོ་རྗེ་ཕྲེང་བ་ལས། རྣམ་རྟོག་ཀུན་ནས་ཟད་པ་ལས། །བདེ་བ་ཆེན་པོ་ཡང་དག་སྐྱེ། །ཞེས་དང་། འདི་ལ་འཇུག་པ་གཉིས་ཡོད་དེ། འདིའི་སྐབས་སུ་རྣམ་རྟོག་ཞི་ནས་སེམས་ལྷན་ནེར་གནས་པ་དེ་ཞི་གནས་སོ། །ཐར་རྒྱན་ལས། ཞི་གནས་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ལ་སེམས་འཇོག་པ་རང་སར་གནས་པ། ལྷན་ནེ་མེར་རི་ཁྲིག་གེར་གནས་པ་དེའོ། །ཞེས་གསུངས་སོ། །དེ་རྣམས་ཀྱིས་ཞི་གནས་ཀྱི་དམིགས་པ་ཕལ་ཆེ་བ་ཚང་། བུམ་ཆེན་ནི་ཕལ་གྱིས་མི་ཆུན་པས་འདིར་མ་བཤད། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སངས་རྒྱས་ཀྱི་སྐུ་ལ་སེམས་བཟུང་བ་ལ་ཕན་
ཡོན་དཔག་ཏུ་མེད་པར་ཡོད་པར་བཤད། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས། འོད་དཔག་མེད་ཀྱི་སྐུ་མདུན་དུ་བསྒོམ་པ་ལ་ཕན་ཡོན་དཔག་ཏུ་མེད་པ་བཤད་པ་དང་། ཆོས་འདི་དང་འབྲེལ་ཆེ་བས། མདུན་དུ་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གཅིག་བསྒོམས་ལ་དེ་ལ་རིག་པ་རྩེ་གཅིག་གཏད་དོ། །དེ་ལ་སེམས་མི་འཕྲོ་བར་གནས་ཅི་ཐུབ་གྱིས། དེ་ཡང་དམིགས་པ་མ་ཟིན་ན། སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་སྲན་མ་ཙམ་འོད་དང་ལྡན་པ་གཅིག་ལ་རིག་པ་གཏད་ལ་གནས་ཅི་ཐུབ་བྱ། དེ་ལ་མི་གནས་ན། ཡིད་ལ་ཅི་ཡང་མི་བསམ་པར་སེམས་ཀློད་དེ་བཞག་སྟེ། དུས་གསུམ་གྱི་རྣམ་རྟོག་འཕྲོ་བཅད་དེ་སེམས་སེམས་ཐོག་ཏུ་བསྡུས་ནས་སྤྲོས་མེད་དུ་ཀློད་ཤིགས་སེ་བཞག །དེ་ཡང་འདས་པའི་ཆོས་ལ་མི་བསམ་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །མ་འོངས་པའི་སྔོན་མི་བསུ་བར་བཞག་པ་སྨོན་པ་མེད་པ། ད་ལྟ་གང་ཤར་ཅིར་ཡང་མི་འཛིན་པར་ཀློད་པ་མཚན་མ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཞི་གནས་བསྒྲུབ་པའོ། །མཚན་མོ་བཟང་མོའི་མདོ་ལས་ཀྱང་། ཀུན་དགའ་བོ། གང་འདས་པ་ལ་
རྗེས་སུ་ཕྲད་པར་མི་བྱེད་པ་དང་། མ་འོངས་པ་ལ་རེ་བ་མི་བྱེད་པ་དང་། ད་ལྟ་བ་ལ་རྟོག་པར་མི་བྱེད་པ་ནི་མཚན་མོ་བཟང་མོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། །ཞེས་དང་། རྩ་ཚིག་ལས། རང་གི་སེམས་ལ་རང་གིས་ལྟོས། །ཞེས་དང་། ཁྲིད་ཆེན་རྩ་ཚིག་ལས། ལུས་གནད་བསམ་གཏན་ཆོས་བདུན་སྐྱོན་མེད་བཅའ། །སེམས་གནད་དུས་གསུམ་རྟོག་པའི་སྤྲོས་པ་བཅད། །གང་ཤར་ངང་དུ་མ་ཡེངས་རྩོལ་མེད་བཞག །ཅེས་གསུངས་པ་ལྟར་སེམས་རང་བབས་སུ་གནས་ཅི་ཐུབ་བྱའོ། །དེ་ལྟར་བྱས་པས་གནས་པ་རབ་འབྲིང་ཐ་མ་གསུམ་རིམ་གྱིས་སྐྱེའོ། །དེས་ཞི་གནས་ཀྱི་ཆོས་ཐུན་ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒོང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།