Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
   
ཚེ་འདས་ཀྱི་གདུང་སྲེག་པའི་ཆོ་ག་རོ་སྲེག་ཐལ་བའི་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་འདས་ཀྱི་གདུང་སྲེག་པའི་ཆོ་ག་རོ་སྲེག་ཐལ་བའི་ལུང་། next

ཚེ་འདས་ཀྱི་གདུང་སྲེག་པའི་ཆོ་ག་རོ་སྲེག་ཐལ་བའི་ལུང་།


DNG003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ས་མ་ཡ་ཏྲ་རུ་པུ་ཀ་ནཱ་མ། བོད་སྐད་དུ། ཚེ་འདས་ཀྱི་གདུང་སྲེག་པའི་ཆོ་ག་རོ་སྲེག་ཐལ་བའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་པདྨ་དབང་གི་སྐུ་ལ། ཉེ་བའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དབང་གི་སྐུ། །སེམས་ཅན་བག་ཆགས་སྦྱང་བའི་ཕྱིར། །རྣམ་རྟོག་སྦྱོང་བའི་ཐབས་ཆེན་གསུང་། །ཞེས་ཞུས་སོ། །དེ་ནས་བཀའ་སྩལ་པ། ཀྱེ་མ་རྡོ་རྗེ་འཛིན་པ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །རོ་སྲེག་ཆོ་ག་བྱེད་པ་ན། །རོ་ཡི་ཁང་པ་ལེགས་བྱས་ལ། །རོ་ནི་སྔོས་ཆུ་འོ་མས་བཀྲུ། །དེ་ནས་རོ་དེ་ཁང་པར་གཞུག །ཁང་པ་དེ་ཡི་མདུན་ཉིད་དུ། །དཀྱིལ་འཁོར་འདོམ་གང་པ་གཅིག་བྱ། །ཆག་ཆག་གདབ་ཅིང་ཐིག་སྐུད་བརླབ། །ཆག་ཆག་གདབ་པའི་སྔགས་འདིའོ། །ཨོཾ་ཤོ་དྷ་ཡ་བཛྲ་ཨཱཿཧཱུཾ། ཐིག་སྐུད་བྱིན་བརླབ་སྔགས་འདིའོ། །ཨོཾ་བཛྲ་ཀ་ས་ར་ཧཱུཾ་ཏྲུཾ། ས་ཚོན་བྱིན་གྱིས་བརླབ་པའི་སྔགས་འདིའོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །ཐིག་གདབ་བྱིན་རླབས་རྫོགས་པ་དང་། །ཚོན་ནི་རབ་ཏུ་དགྱེ་བར་བྱ། །དབུས་ཀྱི་ཕོ་བྲང་ཟླུམ་པོ་བྱ། །གྲུ་གསུམ་མཐིང་ནག་ཨེ་རུ་བྱ། །ཟླ་གམ་རྣམ་གསུམ་དབང་ཆེན་དམར། །ཟླུམ་པོ་མུ་ཁྱུད་བར་དག་ཏུ། །ཡི་གེ་ཧཱུཾ་ཉིད་བྲི་བར་བྱ། །ཟླུམ་པོ་དེ་ཡི་ཕྱི་རིམ་དུ། །པདྨའི་གློ་འབུར་འདབ་བརྒྱད་བྱ། །ཁ་དོག་དམར་པོ་དག་ཏུ་གསུངས། །གློ་འབུར་བར་ནི་ལྗང་གུས་དགང་། །དེ་ཡི་ཕྱི་རིམ་མྱུ་ཁྱུད་ཟླུམ། །མེ་རི་དག་ན་བྱི་བར་གསུངས། །


DNG003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཕྱི་རིམ་གྲུ་བཞི་སྟེ། །སྒོ་དང་བཅས་པ་རབ་ཏུ་བྲི། །གྲུ་ཆད་དཀར་པོའི་སྟེང་དག་ཏུ། །བྱང་ཤར་མཚམས་ཀྱི་གྲུ་ཆད་ལ། །རྡོ་རྗེ་རྒྱ་གྲམ་བྲི་བར་བྱ། །ཤར་ལྷོའི་གྲུ་ཆད་སྟེང་ཉིད་དུ། །རིན་པོ་ཆེ་ཡི་སྙེ་མ་བྲི། །ལྷོ་ནུབ་གྲུ་ཆད་སྟེང་དུ་ཡང་། །པདྨ་མཛེས་པ་འདབ་བརྒྱད་བྲི། །ནུབ་བྱང་གྲུ་ཆད་སྟེང་དུ་ཡང་། །རལ་གྲི་ལྗང་གུ་བྲི་བར་བྱ། །སྒོ་ནི་རིགས་དང་འདྲ་བ་སྟེ། །སྒོ་ཡི་ཁ་ཁྱེར་ཟླ་གམ་ལ། །བུམ་པ་རིགས་དང་འདྲ་བ་བྲི། །དེ་ཡི་ཕྱི་རིམ་ཟླུམ་པོ་སྟེ། །ཟླ་གམ་བཞི་ནི་དམར་པོར་བྱ། །ཟླུམ་པོ་དེ་ཡི་ཕྱི་རིམ་དུ། །འཁོར་ལོ་རྩིབས་ནི་བཅོ་ལྔ་བྲི། །འཁོར་ལོའི་རྩིབས་མཆན་དག་ཏུ་ནི། །ཡི་གེ་ཕཊཿནི་རེ་རེ་བྲི། །ཕྱི་རིམ་ཟླུམ་པོ་དག་ཏུ་བྱ། །རྡོ་རྗེའི་ར་བ་བཅས་པ་བྲི། །ཕྱི་རིམ་མེ་རི་དག་ཏུའོ། །དེ་ལྟར་དཀྱིལ་འཁོར་རབ་བྲིས་ནས། །དཀྱིལ་འཁོར་དེ་ཡི་སྟེང་དུ་ཡང་། །སྒྲུབ་པའི་རྫས་ནི་ཚོགས་ཚད་བཞག །ཕོ་བྲང་གྲུ་གསུམ་སྟེང་དག་ཏུ། །དཔལ་གྱི་གཏོར་མ་གཞག་པར་བྱ། །མུ་ཁྱུད་ཕྱི་མའི་སྟེང་དུ་ཡང་། །གཏོར་མ་ཆ་གསུམ་གཞུང་མཐུན་བཤམ། །དཀྱིལ་འཁོར་དེ་ཡི་ཤར་ཕྱོགས་སུ། །རིགས་དྲུག་དཀྱིལ་འཁོར་སྟེང་དུ་ཡང་། །ཤ་སྣ་དག་གི་གཏོར་མ་དང་། །དཀར་གསུམ་དག་གིས་བརྒྱན་པ་དང་། །མངར་གསུམ་དག་གིས་བརྒྱན་པ་དང་། །ཆུ་གཙང་དག་གིས་བྲན་པ་དང་། །ཁྲག་སྣ་དག་གིས་བྲན་པ་དང་། །བག་ཟན་ཁུར་བས་བརྒྱན་པའོ། །འགྲོ་དྲུག་དྲང་བ་གོང་དང་འདྲ། །ཕྱི་ཆོག་ནང་ཆོག་གཞུང་བཞིན་བྱ། །དེ་ནས་སློབ་དཔོན་གསང་བ་དེས། །མེ་ཡི་ལྷ་དང་མཉམ་སྦྱར་ནས། །བཅོམ་ལྡན་སྣང་བ་མཐའ་ཡས་བསྒོམ། །མེ་ཡི་ལྷ་ཚོགས་སྤྱན་དྲངས་པའི། །སྔགས་འདི་རབ་ཏུ་བརྗོད་པ་དང་། །མེ་ཡི་ལྷ་དང་གཉིས་མེད་བསམ། །དེ་ནས་མེ་ལྷ་བཞུགས་གསོལ་དང་། །མེ་ཡི་དཀྱིལ་འཁོར་གསལ་གདབ་དང་། །མེ་ཡི་ལྷ་ཉིད་བསྡུ་བ་དང་། །མེ་ཡི་ལྷ་ཚོགས་བསྡིམ་པ་དང་། །མེ་ལྷ་ཉིད་དང་དམ་ཚིག་བསྲེ། །མེ་ལྷ་སྦར་བའི་ཆོ་ག་དང་། །དེ་ཉིད་


DNG003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་སྔགས་སུ་བཤད། །དེ་དག་ཐམས་ཅད་བསྐྱེད་པ་ཡི། །སྔགས་འདི་རབ་ཏུ་བྱ་བར་གསུངས། །ཨོཾ་རཾ་མ་ཧཱ་ས་མ་ཡ་ཧཱུཾ་ཛ། ཨོཾ་མ་ཧཱ་ཤུ་རཾ་ཏཱ་ག་རཾ། ཨེ་ཨ་གྣེ་ཛྭ་ལ་རཾ། སུ་རཾ་སརྦ་བུ་ཏི་ཏིཥྛ་ས་མ་ཡ་ལྷན། ཨེ་རཾ་ཛྭ་ལ་རཾ། ཕཊ་རཾ། ཏྲག་རཾ། ཡམ་རཾ། ཁམ་རཾ། མ་མ་ར་ག་ཤ་ཛྭ་ལ་རཾ། སུ་མ་རཾ། ཀེ་མ་རཾ། བྷྲཱུྃ་རཾ། སྥ་ར་ཎ་རཾ། སཾ་ཧ་ར་ཎ་རཾ་སཱུརྱ་རཾ། ཙནྡྲ་རཾ། བཾ་རཾ། ཨེ་ཨགྣེ་མཎྜ་ལ་སྟྭཾ་ཧཱུཾ་སྭཱ་ཧཱ། ཨོཾ་མ་ཧཱ་ས་མ་ཡ་མུ་དྲ་རཾ། སརྦ་ཡ་དུ་ལིང་ཏིང་། སང་ཧ་ར་ཎ་ཧཱུཾ། ཨེ་ཨགྷི་རྡེ་བ་སུ་ཏྲི་རཾ། ཧ་ཧ་སྟམ་བྷ་བཛྲ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཨཱརྱ་དྷརྨ་མུ་དྲ་ས་མ་ཡ་དྷུ་དྷུ་རཾ། ཡཾ་རཾ་ཧཱུཾ་ཕཊཿསྭཱ་ཧཱ། ཨེ་རཾ། ཛྭ་ལ་རཾ། ཕཊ་རཾ། ཏྲག་རཾ། ཧྲཱྀཿརཾ། པདྨ་ཀྲོ་དྷ་རཾ། དྷཾ་དྷཾ། སྥ་ར་ཎ་ཕཊ་རཾ། གྲྀཧྞ་གྲྀཧྞ་རཾ། ཧ་ན་ཧ་ན་རཾ། ད་ཧ་ད་ཧ་རཾ། པ་ཙ་པ་ཙ་རཾ། ཧཱུཾ་རཾ་སྥ་ར་ཎ། ཨ་རཾ་སྥ་ར་ཎ། སྭཱ་རཾ་སྥ་ར་ཎ། ཧཱ་རཾ་སྥ་རཾ་ཎ། ཨོཾ་རཾ་སྥ་ར་ཎ་ཕཊ། ཨོཾ་ཨཱཿཧཱུཾ་རཾ་རཾ་རཾ། ཧྲྀ་ད་ཡ་རཾ་རཾ་རཾ། ཨོཾ་པདྨཱནྟ་ཀྲྀཏ་རཾ་རཾ་རཾ། ཧུ་ལུ་ཧུ་ལུ་རཾ་རཾ་རཾ། མ་ཧཱ་དྷརྨ་ཨཱ། ཤོ་དྷ་ཡ། ཨགྣི་རཾ་རཾ། ཧཱུཾ་ཨ་ཨ་ཨ། དེ་ལྟར་སྔགས་རྣམས་རྫོགས་ནས་ཀྱང་། །བདག་ཉིད་པདྨ་དབང་དུ་བསྒོམ། །བདག་གི་མདུན་དུ་སྣང་མཐའ་ཡས། །སྐུ་མདོག་དམར་པོ་འོད་ཆགས་བསྒོམ། །པདྨཱནྟ་ཀྲྀཏ་སྒྲ་བརྗོད་པས། །བདག་ཉིད་དབང་ཆེན་ཐུགས་ཀ་ནས། །རྟ་མགྲིན་དམར་པོ་གཅིག་བྱུང་སྟེ། །རྟ་སྐད་ཐེངས་གསུམ་བརྗོད་པ་ཡིས། །སྲིད་གསུམ་མེ་རུ་འབར་བར་བསྒོམ། །ཚེ་འདས་སྒྲིབ་གཉིས་བྱང་བར་བསམ། །དེ་ནས་དབང་ཆེན་བདག་ཉིད་ལ། །རང་བཞིན་བསྟོད་པ་འདི་སྐད་དོ། །ཧྲཱྀཿ། ཡེ་ཤེས་རིག་པ་ཉིད་ལས་སྐྱེས་པའི་ལྷ། །རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་མཁའ་ལ་སྐར་ཚོགས་སྤྲས་པའི་སྐུ། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཞལ་


DNG003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕྱག་དྲུག་གཡས་ན་མོ། །དཀར་བའི་མདོག་ལ་བཞད་པ་ཆེ། །ཞལ་གསུམ་ཕྱག་དྲུག་གཡོན་ན་མོ། །དམར་བའི་མདོག་ལ་ཐིག་ལེ་ཆེ། །ཞལ་གསུམ་ཕྱག་དྲུག་དབུས་ན་མོ། །དམར་ནག་མདོག་ལ་ཁྲོ་གཉེར་ཆེ། །དབུས་ན་རྟ་མགོ་ལྗང་ཞུར་ལ། །རྟ་མགྲིན་རྒྱལ་པོ་རྟ་སྐད་འཚེར། །ལྷང་ལྷང་ཙེར་ཙེར་ཕྱོགས་བཅུར་སྒྲོགས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །སྤྱན་ནས་མེ་ཡི་ཚ་ཚ་འཕྲོ། །ཤངས་ནས་འཐོར་བའི་རླུང་ཆེན་ལྡང་། །གཡས་ཀྱི་རྟ་སྐད་ཐེངས་གཅིག་གིས། །མྱ་ངན་འདས་པའི་ཆོས་ཀྱང་སྟོན། །གཡོན་གྱི་རྟ་སྐད་ཐེངས་གཅིག་གིས། །གཡར་དམ་ཅན་ལ་དངོས་གྲུབ་སྟེར། །དབུས་ཀྱི་རྟ་སྐད་ཐེངས་གསུམ་གྱིས། །སྲིད་གསུམ་མ་ལུས་དབང་དུ་སྡུད། །སྐུ་མདོག་དམར་ནག་དུར་ཁྲོད་མེ་ཆེན་འབར། །པགས་ཆེན་རློན་པའི་གཡང་གཞིའི་ཤམ་ཐབས་ཅན། །སྦྲུལ་ནག་སྟོང་གིས་བརྒྱན་པའི་གདེངས་ཀ་ཅན། །ཚངས་པ་ཆེན་པོ་ལ་སོགས་ལྷ་ཆེན་གྱི། །མགོ་བཅད་སྦྲེལ་བས་དབུ་ཡི་རྒྱན་དུ་བྱས། །ཐལ་ཆེན་ཁྲག་དང་ཞག་གི་ཚོམ་བུས་སྤྲིས། །འཇིགས་ཚོགས་ཆེན་པོ་དུར་ཁྲོད་རྒྱན་གྱི་གནས། །དཔའ་བོ་ཆེན་པོ་སྒེག་ཆེན་འཇིགས། །ཁ་ཊྭཱཾ་རྔེའུ་ཆུང་རལ་གྲི་དགྲ་སྟྭ་དང་། །མདའ་གཞུ་མདུང་ཐུང་གསེར་གྱི་ཞགས་བརྐྱང་ཞིང་། །ཐོད་ཕྲེང་རྒྱན་དུ་བྱས་ཤིང་བཙུན་མོའི་ཚོགས་ལ་འཁྲིལ། །དཔའ་བོ་ཆེན་པོ་འབར་ཆེན་པོ། །ལྷ་ཆེན་བརྒྱད་ནི་ཞབས་ཀྱིས་མནན། །ཀླུ་ཆེན་བརྒྱད་ནི་གདན་དུ་བཏིང་། །གཡས་ཀྱི་ཕྱག་བརྒྱད་བྱུང་བ་ཡིས། །ལྷ་ཆེན་བརྒྱད་ཀྱི་མགོ་བཅད་ནས། །བྷནྡྷ་བརྒྱད་ནི་རཀྟས་བཀང་། །རཱུ་ཏྲ་བརྒྱད་ཀྱིས་དཀྲུགས་ཤིང་གསོལ། །གཡོན་གྱི་ཕྱག་བརྒྱད་བྱུང་བས་ནི། །ལྷ་ཆེན་བརྒྱད་ཀྱི་སྙིང་ཕྱུང་ནས། །ཙིཏྟ་བརྒྱད་ནི་ཐབས་ཀྱིས་རོལ། །དགྲ་བོའི་ཞིང་ཆེན་ཁྲ་ལ་ལ། །ཐོད་རུས་རྐང་རུས་ཉི་ལི་ལི། །རཀྟའི་རྒྱ་མཚོ་སྔོ་དམར་ཀྱི་ལི་ལི། །དབང་ཕྱུག་ཆེན་པོ་བསྐྱོད་ཙམ་ན། །འཁོར་གྱི་མ་ཚོགས་ལས་ལ་བྷྱོ། །ཀང་ཀང་ཆུམ་ཆུམ་ལས་ལ་འདུས། །


DNG003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་པདྨཱནྟ་ཀྲྀཏ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཧྲཱྀཿཛ། དེ་ལྟར་བསྟོད་ཅིང་ལས་རྣམས་རྫོགས། །དེ་ནས་མེ་ལྷའི་ཆོ་ག་བྱ། །མེ་ཉིད་སྦྱངས་པའི་ཏིང་འཛིན་ལྡན། །ཚེ་འདས་བག་ཆགས་བསྲེག་པར་བསམ། །ཕྱི་ནང་ཉོན་མོངས་ཟད་པར་བསམ། །ཆོས་ཉིད་དབང་དང་ལྡན་བྱ་ཞིང་། །དཀྱིལ་འཁོར་ལྷ་ཚོགས་གསལ་བར་བསྒོམ། །མེ་ལྷ་བདག་དང་དབྱེར་མེད་བསྐྱེད། །རིག་པའི་སྟོབས་དང་ཏིང་འཛིན་བསྐྱེད། །རང་རིག་མཉམ་ལ་མ་འདྲེས་བསྒོམ། །མེ་ཡི་ལྷ་ནི་སྤྱན་དྲངས་ནས། །མེ་ཡི་སྒྲིབ་སྦྱོང་ལས་འདི་བྱ། །སྔགས་འདི་བརྗོད་ཅིང་དབང་བྲོ་བརྡུང་། །ཨོཾ་བཛྲ་སཏྭ་ཧྲྀ་ད་ཡ། བཛྲ་པཱ་ཎི་ཧཱུཾ་ཕཊ། དེ་སྐད་བརྗོད་ཅིང་ལྷ་གསུམ་བསྐྱེད། །ཞི་རྒྱས་དབང་དང་མངོན་སྤྱོད་པའི། །མེ་ཡིས་མཆོད་པ་རྫོགས་པར་བྱ། །ཞི་བའི་མཆོད་པ་འདི་སྐད་དོ། །ཧཱུཾ་སྣང་སྲིད་ནམ་མཁའ་སྟོང་པའི་ཧོམ་ཁུང་དུ། །འབྱུང་བ་སྣ་ཚོགས་སྣང་བའི་མེ་སྦར་བས། །མཚན་མ་སྣ་ཚོགས་སྣང་བའི་མེ་བྱུང་སྟེ། །རྣམ་ཤེས་ཕུང་པོའི་ཚོགས་རྣམས་བསྲེགས་སྦྱངས་ཐིམ། །ཧཱུཾ་དབུས་ཕྱོགས་ཟླུམ་པོའི་ཧོམ་ཁུང་དུ། །བཅོམ་ལྡན་རྣམ་པར་སྣང་མཛད་ལས། །ཆོས་ཀྱི་དབྱིངས་ཀྱི་མེ་བྱུང་བས། །གཏི་མུག་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ཤར་ཕྱོགས་ཟླུམ་པོའི་ཧོམ་ཁུང་ནས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལས། །མེ་ལོང་ལྟ་བུའི་མེ་བྱུང་བས། །ཞེ་སྡང་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ལྷོ་ཕྱོགས་ཟླུམ་པོའི་ཧོམ་ཁུང་དུ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལས། །མཉམ་པ་ཉིད་ཀྱི་མེ་བྱུང་བས། །ང་རྒྱལ་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ནུབ་ཕྱོགས་ཟླུམ་པོའི་ཧོམ་ཁུང་ནས། །བཅོམ་ལྡན་སྣང་བ་མཐའ་ཡས་ལས། །སོ་སོར་རྟོགས་པའི་མེ་བྱུང་བས། །འདོད་ཆགས་རྣམ་རྟོག་བསྲེགས་སྦྱངས་ཐིམ། །བྱང་ཕྱོགས་ཟླུམ་པོའི་ཧོམ་ཁུང་ནས། །བཅོམ་ལྡན་དོན་ཡོད་གྲུབ་པ་ལས། །བྱ་བ་གྲུབ་པའི་མེ་བྱུང་བས། །ཕྲག་དོག་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ཧཱུཾ་ཞི་བའི་མེ་ནི་དཀར་ལ་འཚེར། །རྣམ་ཤེས་དག་པའི་ཞིང་དུ་སྒྲོལ། །ཚེ་འདས་བྱ་བའི་རིགས་ཀྱི་བུ། །ཁྱོད་ཀྱི་


DNG003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་ངས་བསྒྲལ་བས། །ཆོས་ཉིད་ཞི་བའི་དོན་རྟོགས་ཤོག །ཨོཾ་བཛྲ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་ཏིང་འཛིན་རབ་ལྡན་པས། མར་ལ་སོགས་པ་རོ་བསྲེག་ཁང་བུའི་ནང་དུ་བླུགས་ལ། རྒྱས་པའི་མེ་ཆོག་རྫོགས་པར་བྱ། ཧཱུྃ་སྲིད་གསུམ་ཡུམ་གྱི་བྷ་གའི་ཧོམ་ཁུང་དུ། །ལྷག་པ་བྱང་ཆུབ་སེམས་ཀྱི་མེ་སྦར་བས། །སྤྲུལ་པ་ཡེ་ཤེས་གསལ་བའི་མེ་བྱུང་ནས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་བསྲེགས་སྦྱངས་ཐིམ། །ཧཱུཾ་དབུས་ཕྱོགས་གྲུ་བཞིའི་ཧོམ་ཁུང་དུ། །ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་ལས། །དེ་བཞིན་རིགས་ཀྱི་མེ་བྱུང་བས། །མ་རིག་རྟོག་པ་བསྲེགས་སྦྱངས་ཐིམ། །ཤར་ཕྱོགས་གྲུ་བཞིའི་ཧོམ་ཁུང་དུ། །ཡུམ་ཆེན་སངས་རྒྱས་སྤྱན་ཉིད་ལས། །རྡོ་རྗེ་རིགས་ཀྱི་མེ་བྱུང་བས། །ཡིད་ཀྱི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ལྷོ་ཕྱོགས་གྲུ་བཞིའི་ཧོམ་ཁུང་དུ། །ཡུམ་ཆེན་མཱ་མ་ཀཱི་ཉིད་ལས། །རིན་ཆེན་རིགས་ཀྱི་མེ་བྱུང་བས། །སེམས་ཀྱི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ནུབ་ཕྱོགས་གྲུ་བཞིའི་ཧོམ་ཁུང་དུ། །ཡུམ་ཆེན་གོས་དཀར་མོ་ཉིད་ལས། །པདྨ་རིགས་ཀྱི་མེ་བྱུང་བས། །འཛིན་པའི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །བྱང་ཕྱོགས་གྲུ་བཞིའི་ཧོམ་ཁུང་དུ། །ཡུམ་ཆེན་དམ་ཚིག་སྒྲོལ་མ་ལས། །ལས་ཀྱི་རིགས་ཀྱི་མེ་བྱུང་བས། །ཞེན་པའི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ཧཱུཾ་རྒྱས་པའི་མེ་ནི་སེར་ལ་འཚེར། །ཚེ་འདས་ལས་ལ་གནས་པ་འདི། །སྐྱེ་མེད་དབྱིངས་སུ་སྒྲོལ་བའི་ཕྱིར། །རྒྱས་པའི་མེ་ཡིས་རྟོག་སྦྱངས་ནས། །སྐྱེ་མེད་བྱང་ཆུབ་གནས་སུ་བཞུད། །ཚེ་འདས་རྣམ་ཤེས་ཚོགས་བརྒྱད་རྣམས། །ཡེ་ཤེས་ཆེན་པོའི་མེ་བརྒྱད་ཀྱིས། །བསྲེགས་ནས་ཐལ་བ་རྡུལ་དུ་བརླག །སྦྱིན་སྲེག་དཀྱིལ་འཁོར་དམ་པ་འདིས། །ཆོས་ཉིད་རྒྱས་པའི་དོན་རྟོགས་ཤོག །ཨོཾ་རཏྣ་ཨེ་ལ་རཾ། དེ་ནས་ཏིང་འཛིན་རབ་ལྡན་པས། །ཟས་ཕུད་གཏོར་མའི་ཕུད་བསགས་ནས། །དབང་གི་མེ་ཡི་མཆོད་རྫོགས་བྱ། །དབང་


DNG003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གི་མེ་ཆོག་འདི་སྐད་དོ། །ཧཱུཾ་སྣང་སྲིད་རྡོ་རྗེ་འབར་བའི་ཧོམ་ཁུང་དུ། །རྟོག་མེད་ཡེ་ཤེས་རིམ་གྱིས་མེ་སྦར་བས། །སྐྱེ་མེད་རྟོག་པའི་ཀློང་ནས་མེ་བྱུང་ནས། །རྣམ་རྟོག་མཚན་མའི་བདུད་རྣམས་བསྲེགས་སྦྱངས་ཐིམ། །སྟེང་ཕྱོགས་ཟླ་གམ་ཧོམ་ཁུང་དུ། །བཅོམ་ལྡན་གཟི་བརྗིད་འོད་འཕྲོ་ལས། །ཡེ་ཤེས་ཆེན་པོའི་མེ་བྱུང་ནས། །ངར་རྟོག་མཚན་མ་བསྲེགས་སྦྱངས་ཐིམ། །ཤར་ཕྱོགས་ཟླ་གམ་ཧོམ་ཁུང་ནས། །བཅོམ་ལྡན་པདྨ་གསང་བ་ལས། །ཁ་དོག་ལྔ་ཡི་མེ་བྱུང་བས། །ཆགས་སྡང་དྲག་པོ་བསྲེགས་སྦྱངས་ཐིམ། །ལྷོ་ཕྱོགས་ཟླ་གམ་ཧོམ་ཁུང་ནས། །བཅོམ་ལྡན་པདྨ་ཆེ་མཆོག་ལས། །འབར་མ་བརྒྱད་ཀྱི་མེ་བྱུང་བས། །བདུད་དང་མུ་སྟེགས་བསྲེགས་སྦྱངས་ཐིམ། །ནུབ་ཕྱོགས་ཟླ་གམ་ཧོམ་ཁུང་ནས། །བཅོམ་ལྡན་པདྨ་ལས་སྐུ་ལས། །སྟོང་པ་ཉིད་ཀྱི་མེ་བྱུང་བས། །དངོས་པོའི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །བྱང་ཕྱོགས་ཟླ་གམ་ཧོམ་ཁུང་ནས། །རྣལ་འབྱོར་བདག་ལས་མེ་བྱུང་བས། །མཚན་མའི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །དབང་གི་མེ་ནི་དམར་ལ་དྭངས། །རྣམ་ཤེས་བརྒྱད་ལ་ཛྭ་ལ་རཾ། །ཕུང་པོ་ལྔ་ལ་ཛྭ་ལ་རཾ། །ཚེ་འདས་ལས་ངན་སྡིག་ཅན་ཁྱོད། །དང་པོ་འཁོར་བར་ཅི་ཕྱིར་འཁོར། །ད་ལྟ་གནས་པ་ཅི་ལ་གནས། །ཐ་མ་ཆགས་པ་ཅི་ལ་ཆགས། །ཁྱོད་ནི་དེ་ལས་མ་གྲོལ་ན། །འཁོར་བའི་གནས་ལས་མི་ཐར་ཏེ། །ང་ཡིས་རྣམ་ཤེས་བསྲེགས་ནས་ནི། །ཆོས་ཉིད་དབང་གི་ཕོ་བྲང་དུ། །ཕཊ་ཀྱིས་འཕངས་ལ་བསྡིམ་པར་བྱ། །ཚེ་འདས་རྟོག་པས་བཅིངས་པ་ཁྱོད། །ཆོས་ཉིད་དབང་གི་དོན་རྟོགས་ཤོག །ཨོཾ་ཕཊ་མ་ཨེ་ད་དུ་ཕཊཿརཾ། དེ་ནས་ཏིང་འཛིན་རབ་ལྡན་པས། །དམར་གཏོར་ཕུད་དང་བཅས་པ་བླུག །དྲག་པོའི་མེ་ཆོག་རྫོགས་པར་བྱ། །མཆོད་པ་རྒྱས་པ་འདི་སྐད་དོ། །ཧཱུཾ་འབྱུང་བ་ལྔ་ཡི་ཧོམ་ཁུང་དུ། །གསང་བ་སྔགས་ཀྱི་མེ་སྦར་བས། །སྟོང་པ་སྣ་ཚོགས་བསྡུས་པའི་མེ་བྱུང་བས། །འདི་ཡི་ཕུང་པོ་རྣམ་ལྔ་ཛྭ་ལ་རཾ། །ཧཱུཾ་ཡེ་ཤེས་ཀློང་ཡངས་འཁྱིལ་


DNG003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཧོམ་ཁུང་དུ། །དག་པ་ཡེ་ཤེས་ཆེན་པོའི་ཡམ་ཤིང་ལ། །སྐྱེ་མེད་ཆོས་སྐུ་ཆེན་པོའི་མེ་སྦར་བས། །སྟོང་པ་ཆེན་པོའི་མེ་བྱུང་ནས། །འདི་ཡི་ཡུལ་ལྔ་ཛྭ་ལ་རམ། །དཔལ་ཆེན་ཧེ་རུའི་ཞལ་གྱི་ཧོམ་ཁུང་དུ། །འཛབ་དང་སྙིང་པོ་འཕྲོ་འདུའི་མེ་སྦར་བས། །དག་པ་ཡེ་ཤེས་ཆེན་པོའི་མེ་བྱུང་ནས། །འདི་ཡི་ཡུལ་བརྒྱད་ཛྭ་ལ་རམ། །སྣང་སྲིད་ཡུམ་གྱི་བྷ་གའི་ཧོམ་ཁུང་དུ། །གསང་བ་ཡེ་ཤེས་ཡམ་ཤིང་ལ། །ལྷག་པ་བྱང་ཆུབ་སེམས་ཀྱི་མེ་སྦར་བས། །གསང་བ་ཡེ་ཤེས་ཐིག་ལེའི་མེ་བྱུང་ནས། །འདི་ཡི་འདོད་ཆགས་ཛྭ་ལ་རམ། །ཆོས་ཉིད་འགྱུར་བ་མེད་པའི་ཧོམ་ཁུང་དུ། །རིག་པ་རྟོག་པ་མེད་པའི་ཡམ་ཤིང་ལ། །ཡེ་ཤེས་སྒྲོན་མེ་གསལ་བའི་མེ་སྦར་བས། །སྣང་སྲིད་ཆོས་སྐུའི་མེ་བྱུང་ནས། །འདི་ཡི་གཏི་མུག་བསྲེགས་སྦྱངས་ཐིམ། །ཧཱུཾ་རྟོག་མེད་ནམ་མཁའ་སྟོང་པའི་ཧོམ་ཁུང་དུ། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཡམ་ཤིང་ལ། །སྣ་ཚོགས་ཡེ་ཤེས་ཆེན་པོའི་མེ་སྦར་བས། །འདི་ཡི་ཞེ་སྡང་ཛྭ་ལ་རམ། །ཆོས་ཉིད་བརྡལ་བ་ཆེན་པོའི་ཧོམ་ཁུང་དུ། །སྣ་ཚོགས་མཚན་མར་འཛིན་པའི་ཡམ་ཤིང་ལ། །འཛིན་མེད་རྟོག་མེད་རང་བྱུང་མེ་སྦར་བས། །ཡེ་ཤེས་སྟོང་གསལ་ཆེན་པོའི་མེ་བྱུང་ནས། །འདི་ཡི་ཕྲག་དོག་ཛྭ་ལ་རམ། །སྣང་སྟོང་གསལ་བ་ཡུམ་གྱི་བྷ་གའི་ཧོམ་ཁུང་དུ། །དག་པ་ཁ་དོག་ལྔ་ཡི་ཡམ་ཤིང་ལ། །ཡེ་ཤེས་ཆེན་པོ་ལྔ་ཡི་མེ་སྦར་བས། །ཆོས་ཉིད་ཡུལ་ལྔ་ཤེས་པའི་མེ་བྱུང་ནས། །འདི་ཡི་ང་རྒྱལ་ཛྭ་ལ་རམ། །ཧཱུཾ་ཤར་ཕྱོགས་གྲུ་གསུམ་ཧོམ་ཁུང་ནས། །བཅོམ་ལྡན་བཛྲ་ཧེ་རུ་ལས། །སེངྷ་བརྒྱད་ཀྱི་མེ་བྱུང་ནས། །མ་རིག་ལོག་རྟོག་ཆེན་པོ་འདིའི། །གློ་སྙིང་ནང་ཁྲོལ་ཛྭ་ལ་རམ། །ལྷོ་ཕྱོགས་གྲུ་གསུམ་ཧོམ་ཁུང་དུ། །ཁྲོ་རྒྱལ་རཏྣ་ཧེ་རུ་ལས། །ཕྲ་མེན་བརྒྱད་ཀྱི་མེ་བྱུང་ནས། །མགོ་དང་ཡན་ལག་ཛྭ་ལ་རམ། །ནུབ་ཕྱོགས་ཟུར་གསུམ་ཧོམ་ཁུང་ནས། །ཁྲོ་རྒྱལ་པདྨ་ཧེ་རུ་ལས། །ཡུམ་ཆེན་ལྔ་ཡི་མེ་བྱུང་ནས། །མིག་དང་དབང་པོ་ཛྭ་ལ་རམ། །


DNG003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་ཟུར་གསུམ་ཧོམ་ཁུང་ནས། །ཁྲོ་རྒྱལ་ཀརྨ་ཧེ་རུ་ལས། །རིན་ཆེན་འདུས་པའི་མེ་བྱུང་ནས། །བར་དུ་གཅོད་པའི་འབྱུང་པོ་འདིའི། །ཤ་དང་ཁྲག་ལ་ཛྭ་ལ་རམ། །དབུས་ཕྱོགས་ཟུར་གསུམ་ཧོམ་ཁུང་ནས། །ཁྲོ་རྒྱལ་བུཌྜྷ་ཧེ་རུ་ལས། །མ་མོ་འདུས་པའི་མེ་བྱུང་ནས། །མིང་དང་རུས་ལ་ཛྭ་ལ་རམ། །ཧཱུཾ་ཁྲོ་རྒྱལ་རྟ་མཆོག་རྒྱལ་པོ་ཡིས། །མེ་ཡི་ལྷ་དང་མཉམ་སྦྱར་ནས། །འདི་ཡི་མགོ་ལུས་ཛྭ་ལ་རམ། །ཨེ་ལ་རམ། ཛྭ་ལ་རམ། ཕཊ་རམ། འབྱུང་པོ་ཛྭ་ལ་རམ། བར་དུ་གཅོད་པའི་འབྱུང་པོ་ཛྭ་ལ་རམ། དེ་ནས་ཏིང་འཛིན་རབ་ལྡན་པས། །ཟས་དང་གཏོར་མ་ཕུད་བླུགས་ལ། །མེ་ཡི་ཆོ་ག་རྒྱས་པར་བྱ། །འདི་སྐད་རབ་ཏུ་བརྗོད་པར་བྱ། །ཧཱུཾ་ང་ནི་ཡེ་ཤེས་བསྐྱེད་པའི་ལྷ། །མེ་ཡི་ལྷ་ཚོགས་སྤྱན་འདྲེན་གྱིས། །གནས་འདིར་རབ་ཏུ་གཤེགས་སུ་གསོལ། །ཧཱུཾ་མེ་ཡི་མ་ནི་གོས་དཀར་མོ། །མེ་ཡི་ལྷ་ནི་སྣང་མཐའ་ཡས། །མེ་ཡི་གཙོ་བོ་དབང་ཆེན་སྐུ། །མེ་ཡི་མཚན་ཉིད་སྲེག་པར་བྱེད། །མེ་ཡི་ཡབ་ནི་ཚ་བ་ཆེ། །མེ་ཡི་སྣང་བ་དམར་ལ་དྭངས། །མེ་ཡི་ལྷ་ཚོགས་སྤྱན་འདྲེན་གྱིས། །གནས་འདིར་གཤེགས་ལ་དངོས་གྲུབ་སྩོལ། །ཧཱུཾ་གཏི་མུག་ནམ་མཁའི་མེ་ནི་སྨུག་ནག་འབར། །ཞེ་སྡང་མེ་ཡི་མེ་ནི་དཀར་ནག་འབར། །ང་རྒྱལ་ས་ཡི་མེ་ནི་སེར་ནག་འབར། །འདོད་ཆགས་ཆུ་ཡི་མེ་ནི་དམར་ནག་འབར། །ཕྲག་དོག་རླུང་གི་མེ་ནི་ལྗང་ནག་འབར། །མེ་ཡི་ཕུང་པོ་ནམ་མཁའི་མཐའ་དང་མཉམ། །འདི་ཡི་ཉོན་མོངས་ལྔ་ལ་ཛྭ་ལ་རམ། །ཞེ་སྡང་རུས་པའི་མེ་ནི་ཕྱོགས་བཅུར་འཕྲོ། །འདོད་ཆགས་ཤ་ཡི་མེ་ནི་བསྐལ་པར་འབར། །ཕྲག་དོག་ནང་ཁྲོལ་མེ་ནི་ཀུན་ཏུ་འབར། །ང་རྒྱལ་ཆུ་རྒྱུས་མེ་ནི་ནམ་མཁར་འབར། །གཏི་མུག་ཁྲག་གི་མེ་ནི་ས་གཞི་ཁེངས། །མེ་ཡི་ཕུང་པོ་བསྐལ་པའི་མཐའ་དང་མཉམ། །ཡེ་ཤེས་མེ་དཔུང་ཕྱོགས་བཅུར་རབ་ཏུ་འཕྲོ། །འདི་ཡི་རྣམ་ཤེས་ཚོགས་ལ་ཛྭ་ལ་རམ། །ཧཱུཾ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནས། །


DNG003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འོད་ལྔའི་མེ་བྱུང་ནས། །འདི་ཡི་ཕུང་པོ་ལྔ་ལ་ཛྭ་ལ་རམ། །སྟོང་པ་ཉིད་ཀྱི་ཀློང་དཀྱིལ་ནས། །ཡེ་ཤེས་རྣམ་ལྔའི་མེ་བྱུང་བས། །འདི་ཡི་དབང་པོ་ལྔ་ལ་ཛྭ་ལ་རམ། །ཆོས་ཉིད་ཞི་བའི་དཀྱིལ་འཁོར་ནས། །ཚོམ་བུ་རྣམ་ལྔ་བྱུང་བ་ཡིས། །འདི་ཡི་ཡུལ་ལྔ་ཛྭ་ལ་རམ། །སྣང་བ་ཆེན་པོའི་དཀྱིལ་འཁོར་ནས། །རིགས་ཀྱི་སྐུ་ལྔ་བྱུང་བ་ཡིས། །འདི་ཡི་ཆགས་སྡང་ལྔ་པོ་ཛྭ་ལ་རམ། །དཔལ་ཆེན་ཧེ་རུ་ཀ་ཡི་ཐུགས་ཀ་ནས། །ཀོའུ་རཱི་མ་བརྒྱད་བྱུང་བ་ཡིས། །འདི་ཡི་རྣམ་ཤེས་བརྒྱད་ལ་ཛྭ་ལ་རམ། །དཔལ་ཆེན་ཧེ་རུ་ཀ་ཡི་ཡན་ལག་ལ། །སྒོ་སྐྱོང་མ་བཞི་བྱུང་བ་ཡིས། །འཇིགས་པ་བཞི་ལ་ཛྭ་ལ་རམ། །དཔལ་ཆེན་སྣང་བ་ཆེན་པོ་ལས། །རིགས་ཀྱི་ཡུམ་ལྔ་བྱུང་བ་ཡིས། །འབྱུང་བ་ལྔ་ལ་ཛྭ་ལ་རམ། །ཛྭ་ལ་རམ་སྟེ་མཆོད་པར་རོལ། །དཔལ་ཆེན་གནས་སུ་མཆོད་པར་རོལ། །ཨོཾ་ཀརྨ་ཏིཥྛ་ཡ་ནི་རམ་ཕཊ། ཛྭ་ལ་རམ་ཕཊཿརམ། ཨེ་ལ་རམ། དེ་ནས་ཏིང་འཛིན་ངེས་པར་བསྒོམ། །དེ་ནས་ཟན་དང་ཕུད་གཏོར་དེ། །ངེས་པའི་གླུ་ཆེན་འདི་སྐད་དོ། །ཧཱུཾ་ཆོས་སྐུ་མཁའ་ཁྱབ་དག་པའི་བྱིན་རླབས་ལས། །རིག་པའི་རྒྱལ་པོ་ཁྲོ་རྒྱལ་དབང་གི་སྐུ། །སྐུ་མདོག་དམར་དྭངས་མེ་ཡི་འོད་ལྡན་འཕྲོ། །དེ་ཡི་སྐུ་ལས་འོད་ཟེར་རབ་འཕྲོས་པས། །མ་རིག་འཇོམས་པའི་མེ་ནི་སྣ་ཚོགས་འབར། །ཞེ་སྡང་འཇོམས་པའི་མེ་ནི་དཀར་ནག་འབར། །གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །མེ་ཡི་བསྐལ་པ་མུན་ནག་གློག་ལྟར་འཁྱུག །དུར་ཁྲོད་མེ་རི་སྣ་ཚོགས་ཀུན་དུ་འབར། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །སྣ་ཚོགས་མེ་ཡིས་ཁྱོད་ཀྱི་སྡུག་བསྔལ་སྦྱོང་། །ཤེས་རབ་ཆེན་པོ་ཡུམ་གྱི་མེ་བྱུང་བས། །འཁོར་བའི་སྡུག་བསྔལ་ཡེ་ཤེས་ཆེན་པོར་བསླང་། །སྒྲིབ་དང་ཉོན་མོངས་ནད་རྣམས་
ཞི་བར་མཛོད། །ཨེ་ཨགྣི་སྥ་ར་ཎ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨ་ཨ་རམ་རམ་སྭཱ་ཧཱ། དེ་ལྟར་མཆོད་པའི་རིམ་རྫོགས་ནས། །བསྐང་གསོའི་ཆོ་ག་རྒྱས་པར་བྱ། །བཤགས་པ་བྱ་ཞིང་དབང་རྫོགས་བྱ། །གནས་བསྲུང་བ་དང་ལམ་ཉིད་བསྟན། །གཏོར་མ་བཏང་ཞིང་ལྷ་ཚོགས་བསྡིམ། །མེ་ལྷ་བསྡིམ་དང་སྔགས་ཉིད་བཟླས། །རིག་པ་བསྐུལ་ཞིང་སྟོང་ཉིད་བསྒོམ། །ཆོས་སྐུ་ངོས་བསྟན་གཉིས་མེད་བསམ། །སྐུ་གསུམ་གཞི་རྫོགས་རང་འོད་སྐུ། །རང་བཞིན་གསལ་སྣང་རིག་པའི་ངང་། །ཆོས་ཉིད་ཡུལ་དང་གསང་མཚན་འབོད། །མིང་ནས་འདོན་ཞིང་ལས་གྲུབ་བྱ། །དཀྱིལ་འཁོར་བསྡུ་ཞིང་ས་རྣམས་རློག །ཕྱིས་ནི་ལྡང་མེད་འདྲེ་མནན་གདབ། །དཀྱིལ་འཁོར་གསོ་ཞིང་གསང་སྔགས་བཟླས། །རྒྱུ་རྣམས་སྦྱངས་ཤིང་སྐྱེ་རྒྱུན་གཅོད། །གནས་ནས་སྦར་ཞིང་ཕཊ་ཅེས་བཟླས། །ཤེས་པ་བསྡུ་ཞིང་ཧཱུཾ་གིས་བསྐྱེད། །གཤེད་བྱེད་བསྐྲད་ཅིང་གནས་ལུགས་བསྟན། །སྐུ་གསུམ་བརྗོད་ཅིང་ཐིག་ལེར་གཞུག །ཞིང་ཁམས་བསྟན་ཞིང་སྐུ་བསྟན་བྱ། །ལྷ་ཡི་ངོ་བསྟན་ཡེ་ཤེས་དབབ། །རྒྱུ་རྐྱེན་དབྲལ་ཞིང་རིག་པ་གཅུན། །རང་བཞིན་ཉིད་དང་ངོ་བོ་བསྟན། །སྣང་བ་གསལ་ཞིང་སྒྲིབ་པ་སྦྱང་། །གཉིས་མེད་ལྷ་དང་དབྱེར་མེད་བསམ། །དུས་དང་གནས་དང་ཡེ་ཤེས་བསྟན། །ས་ལམ་སྦར་བ་རབ་ཏུ་བཤད་པའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། རོ་བསྲེག་ཐལ་བའི་ལུང་བསྟན་པའི་ལེའུ་སྟེ་བདུན་པའོ། །རྫོགས་སོའོ།། །།


previousཚེ་འདས་ཀྱི་གདུང་སྲེག་པའི་ཆོ་ག་རོ་སྲེག་ཐལ་བའི་ལུང་། next