Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།


  collapse section
   
   
   
   
   
   
   
   
   
   
   
རྗེས་སུ་འགྲོ་ཞིང་ཐོབ་པའི་ཉམས་སྐྱོང་ཚུལ།
   
   
   
   
   
   
   
   


 
previousརྗེས་སུ་འགྲོ་ཞིང་ཐོབ་པའི་ཉམས་སྐྱོང་ཚུལ།next

རྗེས་སུ་འགྲོ་ཞིང་ཐོབ་པའི་ཉམས་སྐྱོང་ཚུལ།

གསུམ་པ་རྗེས་སུ་འགྲོ་ཞིང་ཐོབ་པའི་ཉམས་སྐྱོང་ཚུལ་ནི༔ མཉམ་བཞག་གི་ཡེ་ཤེས་ཏེ་རྗེས་སུ་ཐོབ་པར་གྲོལ་ལུགས་བཞི་སོགས་ཀྱིས་བསྲེ་བ་དང་༔ ཡང་རྨི་ལམ་གཉིད་འཐུག་གི་བསྲེ་བ་གཉིས་སོགས་ཀྱི་གདེང་བག་བཙལ་བར་བྱས་པས་འོད་གསལ་འཛིན་སྦྱོངས་ཀྱི་བར་དོར་གྲོལ་བའི་ངེས་པ་འཛིན་པའོ༔

ལ་བཟླ་བའི་སྒོ་ནས་མཇུག་བསྡུ་བ་དགོས་པ་དང་བཅས་པ་ནི༔ དེ་ལྟར་ཐག་གཅིག་ཐོག་ཏུ་བཅད་པས༔ མདོ་ཧྲིལ་གྱིས་དྲིལ་ན་གཞི་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་རྒྱུ་གཅིག་ལས་མེད་པར་ཐག་རྦད་ཀྱིས་བཅད་པར་བྱ༔ རྒྱུ་དེ་ནི་གང་ཡིན་ན་ཡེ་སངས་རྒྱས་པའི་མགོན་པོ༔ སྐྱེ་འགགས་མཚོན་བརྗོད་ལས་འདས་པ༔ འཕོ་འགྱུར་མེད་པའི་དེ་བཞིན་ཉིད༔ རྐྱེན་གྱིས་མ་བསྐྱེད་པའི་ཆོས་སྐུ༔ དངོས་པོ་དང་མཚན་མ་མེད་ཀྱང་ཆོས་ཉིད་ཀུན་ཏུ་འགྲོ་བ་དང་༔ བག་ཆགས་ཀྱི་སྦུབས་ཀྱིས་མ་བསྒྲིབ་པའི་ཟང་ཐལ༔ རྒྱུ་དང་ལམ་རྐྱེན་གྱིས་བཟང་པོར་བྱར་མེད་པ༔ དམིགས་ཤིང་བསམ་པའི་བློའི་ཡུལ་ལས་འདས་པ༔ མུ་མཐའ་ལས་གྲོལ་བའི་དབུ་མ་ཆེན་པོ་འཕྲལ་དང་སླད་ཀྱིས་མ་ཡིན་པར་ཐོག་མ་ནས་འཁྲུལ་མ་མྱོང་བའི་ཀ་དག་ངོ་བོ་ངོས་བཟུང་གི་ཆོས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་ལ༔ གཟུང་འཛིན་ཡུལ་སེམས་གང་དུའང་གྲུབ་པ་མེད་པའི་འཁོར་འདས་བར་དོ༔ བཟང་ངན་འདོད་སྡང་གི་ཡུལ་ལ་དགག་སྒྲུབ་དང་སྤངས་ལེན་མེད་པའི་བཏང་སྙོམས་ཆེན་པོ་དེ་ཉིད་ནི༔ ཞི་ལྷག་དབྱེར་མེད་ཀྱི་དགོངས་པ་མ་བཅོས་ལྷན་ཅིག་སྐྱེས་པ༔ དབང་བཞི་པའི་དོན་གྱི་ཡེ་ཤེས་ཉིད་ཡིན་པར་ཐག་བཅད་དོ༔ དེ་ངོ་མ་ཤེས་པས་འཁྲུལ་བ་ལུ་གུ་རྒྱུད་དུ་འཕྱན་པ་ལས༔ འཁྲུལ་རྐྱེན་གཞན་མེད་པར་ཐག་རྦད་ཀྱིས་བཅད༔ རྒྱུད་ལུང་མན་ངག་གི་ལྟ་བའི་མཐར་ཐུག་སྤྲོས་བྲལ་དོན་གྱིས་ཡེ་ཤེས་སངས་རྒྱས་ཀྱི་སྙིང་པོ་ཉིད་རང་ལ་གནས་པ༔ བླ་མའི་མན་ངག་གིས་དཔེ་དོན་རྟགས་གསུམ་གྱིས་མཚོན་ཏེ༔ དཔེར་ན་མེ་ལོང་ལ་བརྟེན་ནས་རང་གི་བྱད་མཐོང་བ་ལྟར་གཏན་ལ་འབེབས་ཤིང་རྟོགས་པར་ཐག་རྦད་ཀྱིས་བཅད༔ དངོས་པོའི་གནས་ལུགས་སྤྲོས་མེད་ཡེ་གྲོལ་ཆེན་པོར་བཞུགས་པས༔ བསྒོམ་དུ་ཡོད་པའི་ཐེག་པའི་ལྟ་བསྒོམ་ནི་གཞི་ལམ་འཛོལ་བས་དོན་ལས་རིང་ཞིང་༔ དེའི་ཕྱིར་ན་བསྒོམ་དུ་མེད་པའི་ལུང་ཆེན་པོ་འདི་མ་ཤེས་པར་སངས་མི་རྒྱ་བར་ཤེས་ནས༔ གནས་ལུགས་བསྒོམ་མེད་ཅོག་བཞག་རང་གྲོལ་ཆེན་པོར་ཐག་རྦད་ཀྱིས་བཅད་དེ༔ འཁོར་བ་ཉིད་ཐོག་མ་གང་ལས་བྱུང་ན་རང་རིག་རང་ངོ་མ་ཤེས་པས་མ་རིག་པ་ལས་དང་༔ དེ་དྲུང་ཕྱུང་ནས་རང་ངོ་ཡེ་ཤེས་སུ་གསལ་བའི་མཐའ་ཆོད་པར་ཤེས་པས་དུས་ལ་མི་ལྟོས་པར་སངས་རྒྱས་ད་ལྟ་ནས་རྙེད་པ་སྟེ༔ པདྨ་འཁྱིལ་བའི་རྒྱུད་ལས༔ དེ་ནས་ལྟ་བ་ལ་གཅོད་འདི་འགྲོ་བའི་ཆེད་དུ་གསུངས་སོ༔ སངས་རྒྱས་དང་སེམས་ཅན་གཉིས་ལ་རྒྱུ་གཅིག་ལས་མེད་པར་ལ་རྦད་ཀྱིས་ཆོད༔ རྒྱུ་དེ་ཡང་སངས་རྒྱས་ཡིན་པར་ཐག་ཆོད༔ དེ་རང་གི་ངོ་བོ་མ་ཤེས་པས་འཁྲུལ་བ་མ་རིག་པར་ལ་རྦད་ཀྱིས་ཆོད༔ དེ་ཡང་མེ་ལོང་ལ་བརྟེན་ནས་སྐྱེས་བུ་རང་གི་བྱད་མཐོང་བར་ལ་རྦད་ཀྱིས་ཆོད༔ དེ་མཐོང་བའི་དོན་ལ་མ་ཡེངས་པར་ཐག་ཆོད༔ དངོས་པོའི་གནས་ལུགས་ལ་བསྒོམ་དུ་མེད་པར་ལ་རྦད་ཀྱིས་ཆོད༔ བསྒོམས་པས་རྙེད་ན་གནས་ལུགས་མིན་པར་ཐག་ཆོད༔ བསྒོམ་དུ་མེད་པའི་དོན་གཅིག་མ་ཤེས་པར་སངས་མི་རྒྱ་བར་རྦད་ཀྱིས་ཆོད༔ འཁོར་བ་ཐོག་མཐའ་མ་ཤེས་པར་མན་ངག་གི་ཐག་མི་ཆོད་པར་ཐག་བཅད༔ ཡི་གེ་མེད་པའི་རྒྱུད༔ བསྒོམ་དུ་མེད་པའི་ལུང་༔ རེ་བ་མེད་པའི་ལྟ་བ༔ མ་བཀག་པའི་སྤྱོད་པ༔ མ་བསགས་པའི་ཚོགས༔ མ་སྦྱངས་པའི་སྒྲིབ་པ༔ རྒན་མོ་མཛུབ་ཚུགས་ཀྱི་མན་ངག་ཤེས་རབ་སྒྲོན་མ་ལྟོས་ཤིག༔ ཅེས་དང་སྟོན་པས་འཁོར་ལ་བཀའ་སྩལ་པ༔ སྐྱེ་མེད་མཚོན་དུ་མེད་པར་ཐག་བཅད་དོ༔ སྙིང་པོ་འཕོ་འགྱུར་མེད་པར་ཐག་བཅད་དོ༔ ཆོས་སྐུ་རྐྱེན་དང་བྲལ་བར་ཐག་བཅད་དོ༔ དངོས་མེད་ཟང་ཀར་ཐག་བཅད་དོ༔ བྱར་མེད་བློ་འདས་ཐག་བཅད་དོ༔ མིང་མེད་བརྗོད་ལས་འདས་པར་ཐག་བཅད་དོ༔ མུ་མཐའ་གྲོལ་བར་ཐག་བཅད་དོ༔ གཏིང་མཐའ་ཡས་པར་ཐག་བཅད་དོ༔ ཆོས་ཉིད་ཀ་དག་ཆེན་པོར་ཐག་བཅད་དོ༔ དངོས་པོ་མེད་པར་ཐག་ཀྱང་བཅད༔ ངོས་བཟུང་མེད་པར་ཐག་ཀྱང་བཅད༔ ཡུལ་སེམས་མེད་པར་ཐག་ཀྱང་བཅད༔ དགག་སྒྲུབ་སྤང་ལེན་མེད་པར་ཐག་བཅད་དོ༔ ཞེས་གསུངས་སོ༔

དེ་ལྟར་ཐག་གཅིག་ཐོག་ཏུ་བཅད་ཅིང་ལ་བཟླས་པའི་དགོས་པ་ནི༔ གཞི་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྫོགས་པར་ཐག་བཅད་པས༔ འཁོར་འདས་རང་རྒྱུད་པར་མི་གོལ་པའི་དགོས་པ་དང་༔ རྩལ་ཐོག་ནས་གྲོལ་འཁྲུལ་རུང་བར་ཤེས་པའི་དགོས་པ་དང་༔ དམིགས་མེད་ཀྱི་ཡེ་ཤེས་ལ་ཐབས་ཤེས་ཅིག་ཆར་རྫོགས་པར་ཐག་བཅད་པས་ཤེས་རབ་སྟེ་སྟོང་ལྟར་མི་གོལ་བ་དང་༔ ཐབས་ཏེ་མཚན་བཅས་སུ་མི་ལྡོག་པའི་དགོས་པ་དང་༔ རྫོགས་པ་ཆེན་པོ་ཐབས་མེད་ཧ་ཤང་གི་ཕྱོགས་སུ་ལོག་པར་མི་རྟོགས་པའི་དགོས་པའོ༔ རང་ཤར་ལས༔ བྱས་པ་གང་དང་གང་ཡོད་པ༔ འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར༔ ཞེས་པས་འབྲས་བུ་ཡེ་ཤེས་ལ་སྐུ་གསུམ་ལྷུན་གྱིས་གྲུབ་པར་ཐག་བཅད་པས་དུས་དང་རྒྱུ་རྐྱེན་གྱི་ཆོས་སྐུ་འདུས་བྱས་འཇིག་པའི་ཆོས་ཅན་དུ་མི་གོལ་བའི་དགོས་པ་རྣམས་གྲུབ་ལ༔ དེ་ཡང་ཐོས་པའི་ཤེས་རབ་གཙོ་བའི་སྒོ་ནས་འཁོར་འདས་ལམ་གསུམ་རྫོགས་པར་ཤེས་ཤིང་ཐག་ཆོད་དགོས་པའི་ཕྱིར་དེའི་ཡུལ་དུ་བཞག་གོ༔ དགོངས་པའི་ངོ་བོ་ཀ་ནས་དག་པའི་གོལ་སྒྲིབ་འཁྲུལ་གསུམ་དེ༔ ཇི་བཞིན་པར་རྟོགས་པའི་རྣལ་འབྱོར་ཡང་རབ་ལ་མེད་ཀྱང་༔ དམན་འབྲིང་གི་བློ་ཅན་རྣམས་ཀྱིས་འདྲ་གཞི་ལས་འཁྲུལ་བར་འབྱུང་བའི་ཚུལ་བསྟན་པས་ཤེས་ཤིང་༔ དེའི་ཕྱོགས་སུ་མི་འཆོར་པའི་དགོས་པ་གྲུབ་པའི་ཕྱིར་དུ་དེ་དག་གི་དབྱེ་བ་སོགས་བསྟན་པ་ཡིན་ལ༔ དེ་ལས་བཟློག་པའི་ཕྱིར་དུ་གོལ་སྒྲིབ་བཅད་ཚུལ་བཤད༔ དེ་བཟློག་ཏུ་རུང་བ་ཡང་ངོ་བོ་ཀ་ནས་དག་པ་ལ་ཐུག་པས་དགོངས་པ་སྐྱོན་མེད་ཕྱལ་བ་ཆེན་པོར་ཐག་གཅིག་ཐོག་ཏུ་ཆོད་པའི་དགོས་པའོ༔ བསྒོམ་པའི་དགོས་པ་ནི་གོང་དུ་བཤད་གྲུབ་བོ༔ དེ་ལྟར་ཐོས་པས་ཚིག་དང་༔ བསམ་པས་དོན་དང་༔ བསྒོམ་པས་གཉིས་ཀའི་སྒྲོ་འདོགས་རང་རིག་པའི་ཡེ་ཤེས་གཅིག་གི་ཐོག་ཏུ་ཆོད་པ་དང་༔ ཕྱི་ནང་གསང་གསུམ་གྱི་སྒྲོ་འདོག་གོ་རྟོགས་མྱོང་གསུམ་གྱི་སྒོ་ནས་ཆོད་དེ༔ ཉི་ཟླ་ཁ་སྦྱོར་ལས༔ ཤེས་རབ་ནི་གསུམ་སྟེ༔ ཐོས་པའི་ཤེས་རབ་ཀྱིས་ཕྱི་ཡི་སྒྲོ་འདོགས་གཅོད་པ་དང་༔ བསམ་པའི་ཤེས་རབ་ཀྱིས་ནང་གི་སྒྲོ་འདོགས་གཅོད་པ་དང་༔ བསྒོམ་པའི་ཤེས་རབ་ཀྱིས་གསང་བའི་སྒྲོ་འདོགས་གཅོད་པའོ༔ ཞེས་གང་གསུང་བ་དག་གི་དགོངས་པ་དང་མཐུན་པར་བཤད་པ་ཡིན་ནོ༔


previousརྗེས་སུ་འགྲོ་ཞིང་ཐོབ་པའི་ཉམས་སྐྱོང་ཚུལ།next