གཏེར་སྟོན་ཆེན་པོ་སྤྲུལ་སྐུ་མངའ་རིས་རིག་འཛིན་ལེགས་ལྡན་རྡོ་རྗེས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།
གསོལ་འདེབས་ལས། གཅེན་དང་ལྷན་ཅིག་ཉིད་ལ་ཁྱད་པར་དུ། འོན་བུ་སྟག་ཚང་དྲག་པོ་དབུ་དགུ་ཡི་སྐོར། སྤྱན་དྲངས་གསང་མཚན་རྡོ་རྗེ་གྲོ་ལོད་ཅེས། མངའ་རིས་རིག་འཛིན་ཆེན་པོ་ལ་གསོལ་བ་འདེབས། ཞེས་སྤྲུལ་སྐུ་མངའ་རིས་རིག་འཛིན་ལེགས་ལྡན་བདུད་འཇོམས་རྡོ་རྗེ་ནི་ཐུན་མོང་གི་ལུང་བསྟན་རིག་འཛིན་ཡོངས་འདུས་ཀྱི་སྐབས་སྨོས་ཟིན་པ་ལྟར་དང་། སྒོས་ཀྱི་ལུང་བསྟན་ནི་ཨོ་རྒྱན་གླིང་པའི་ཐང་ཡིག་ཚིག་སྣ་རིང་བ་ལས། མཐའ་དམག་དབུས་འཐིབ་འབྲི་དང་ཕག་པ་འཐབ། །དབུས་གཙང་སིལ་བུ་ཕག་ཁྱུ་ཚལ་པར་གས༔ འོན་ཕུ་སྟག་ཚང་སྦས་པའི་གཏེར་ཁ་འདི༔ མི་གཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་རྡོ་རྗེ་གྲོ་ལོད་ཅེས་བྱ་འབྱུང་༔ ཞེས་དང་། ཐུགས་རྗེ་ཆེན་པོ་དབྱིངས་གྲོལ་གྱི་ལོ་རྒྱུས་རིན་ཅེན་འཕྲེང་བར། བདག་གི་སྨོན་ལམ་དབང་བཙན་པས༔ རྡོ་རྗེ་བདུད་འཇོམས་སྐྱེ་བའི་མཐའ༔ བྱང་སེམས་སྤྲེའུའི་ལོ་པ་གཅིག༔ ལས་ལྡན་ཐོག་བབས་ཚུལ་དུ་འབྱུང་༔ དེ་ཡིས་འདི་འབྱིན་འགྲོ་འདྲེན་འགྱུར༔ ཞེས་དང་། ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་ལོ་རྒྱུས་དོན་བསྡུས་གསལ་བའི་སྒྲོན་མེར། དེ་དུས་བདག་གི་ཐུགས་རྗེ་དང་༔ ཁྱེད་ཀྱི་སྨོན་ལམ་མཐའ་བཙན་པས༔ བདུད་འཇོམས་སྐྱེ་བ་ཉི་ཟླའི་མིང་༔ དྲག་སྤྱོད་ཧུར་འགྲོགས་བརྟུལ་ཞུགས་ཅན༔ དུག་ལྔ་རགས་ལ་ཡུན་ཐུང་བ༔ པདྨའི་གནས་ཆེན་སྒོ་འབྱེད་བྱེད༔ དེ་དུས་ཟབ་གཏེར་འདི་དང་འཕྲད༔ དེ་ཡིས་བོད་ཁམས་ལོ་སྐོར་བདེ༔ ཞེས་པ་ལྟར་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྐྱེ་བ་གཏེར་སྟོན་རྡོ་རྗེ་གྲོ་ལོད་དམ་ཉི་ཟླའི་མཚན་ཅན་དང་པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ་སོགས་སྐུ་གཅིག་ལ་མཚན་དུ་མར་གྲགས་པའི་མཆོག་
སྤྲུལ་ལེགས་ལྡན་རྡོ་རྗེས་བོད་ཀྱི་ཚེ་བྲག་དཔལ་གྱི་ཆུ་བོ་རིའི་ཚེ་ཆུ་ གསང་བའི་ཕུག ་པ་ནས་སྤྱན་དྲངས་པའི་བླ་མ་སྐུ་གསུམ་གྱི་གྲོལ་བྱེད་ལ། སྔོན་འགྲོ་སྐྱབས་སེམས་ཚོགས་གསོག་སྒྲིབ་སྦྱོང་། དངོས་གཞི་བླ་མའི་རྣལ་འབྱོར་ལ་བརྟེན་ནས་སྣང་བ་སྐུའི་འཁྱེར་སོ་བླ་མ་སྤྲུལ་སྐུའི་འཁྲིད། གྲགས་སྟོང་གསུང་གི་འཁྱེར་སོ་བླ་མ་ལོངས་སྐུའི་འཁྲིད། དྲན་རྟོགས་ཐུགས་ཀྱི་འཁྱེར་སོ་བླ་མ་ཆོས་སྐུའི་འཁྲིད་རྣམས་ཉམས་སུ་ལེགས་པར་བསྟར་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་སྤྱན་རས་གཟིགས་དབང་། སྤྲུལ་སྐུ་ཨོ་རྒྱན་ཆེན་པོ། ལས་ཅན་དག་པའི་འཁོར་ལྔ། གཏེར་སྟོན་ཉི་ཟླ་འོད་ཟེར། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་བསྟན་འཁྲུལ་སྤོང་དང་པོ་ལས། ཆོ་འཕྲུལ་ཐོགས་མེད་འོད་ཀྱི་ཕུང་པོ་རྣམས༔ རྗེ་བཙུན་གུ་རུས་སྒྱུ་མའི་འཁོར་ལ་བཤད༔ ཚིག་ཏུ་མ་བརྗོད་དོན་གྱི་བརྡ་ཕྱག་མཇལ༔ སྤྲུལ་པའི་འཁོར་ལ་རྒྱུད་དང་གདམས་པ་ཤར༔ བླ་མེད་གསང་བ་བདེ་གཤེགས་ཡོངས་རྫོགས་ཀྱི༔ ཆོས་ཀྱི་ཕུང་པོ་དོན་རྫོགས་འདུས་པ་རྣམས༔ ལན་ཅིག་མ་ཡིན་རྒྱུན་ཆད་མེད་པར་སྟོན༔ ཕྱི་རབས་དོན་དུ་དཀར་ཆག་ཡི་གེ་ནི༔ སྤྲུལ་པའི་རིག་འཛིན་གཙོ་འཁོར་ཀུན་གྱིས་བྲིས༔ རིག་པའི་ཀློང་བས་འགྲོ་ལ་བརྩེ་བ་ཡིས༔ སྒྱུ་མ་ཆེན་པོ་གནད་ཀྱི་ལུང་བསྟན་དང་༔ བདེ་གཤེགས་གསང་བ་ཡོངས་འདུས་ཆོས་སྡེ་ཡི༔ རྣམ་གྲངས་དྲི་མེད་ཤེལ་ལྟར་དག་པའི་འོད༔ འཕྲེང་བ་ལྟ་བུར་ཚར་དུ་བསྒྲིགས་ནས་
ཀྱང་༔ རྒྱས་བསྡུས་འབྲིང་པོ་དར་ཤོག་སྣ་ལྔ་ལ༔ ཡིག་རིགས་དགུ་རུ་བཀོད་ནས་གསང་གཏེར་ཉིད༔ རྒྱ་ཆེན་རོལ་པ་དཔལ་གྱི་བསམ་ཡས་སུ༔ རྣམ་པར་སྣང་མཛད་འོད་ཀྱི་གསང་དུ་སྦས༔ ཞེས་རིག་འཛིན་ཡོངས་འདུས་དང་ལྷན་དུ་ཚར་གཅིག་སྦས་པ་ལ་རྒྱུད་མེད་ཅིང་། རྒྱུད་མ་གཏོགས་གཞན་མ་ཞུས་དག་ཕེར་བ་ཞིག་འོན་ཕུ་སྟག་ཚང་སེང་གེ་བསམ་གྲུབ་ཏུ་སྦས་པ་དཔེར་ན་བཀའ་བརྒྱད་གསང་རྫོགས་གཏེར་ཁ་གསུམ་དུ་སྦས་པ་ཆོས་དབང་། རྡོར་གླིང་། པད་གླིང་གསུམ་གྱི་བཏོན་པ་དང་། དྲེགས་འདུལ་ཕྲ་བྲག་དང་ཕྲ་རིང་བྲག་ཏུ་སྦས་པ་ལས་འབྲེལ་རྩལ་སྐུ་སྐྱེ་སྔ་རྟིང་གིས་བཏོན་པ་དང་མཚུངས་པ་ལྟ་བུ་སྟེ། དེ་ཡང་པཎ་ཆེན་སྐུ་མཆེད་གཉིས་ཀྱིས་བསམ་ཡས་ནས་སྤྱན་དྲངས་པར་མ་ཟད་རང་གཏེར་དུ་སྤྲུལ་པའི་གཏེར་སྟོན་ལེགས་ལྡན་རྡོ་རྗེ་གྲོ་ལོད་རྩལ་གྱིས་འོན་ཕུ་སྟག་ཚང་སེང་གེ་བསམ་གྲུབ་ནས་གདན་དྲངས་པའི་གུ་རུ་དྲག་པོ་དབུ་དགུ་ཕྱག་བཅོ་བརྒྱད་པ་ཡང་གསང་རྡོ་རྗེ་འབར་བ་བདེ་གཤེགས་ཡོངས་རྫོགས་འདུས་ཆེན་ནམ་དྲག་པོ་ཡེ་ཤེས་རང་གསལ་དུ་གྲགས་པའི་སྐོར་ལ། གསང་བ་ཡེ་ཤེས་རང་གསལ་གྱི་མངོན་རྟོགས་ལས་བྱང་དབང་གི་ཆོ་ག་གསུམ་ལ་བརྟེན་ནས་སྐུ་འབག་བདུད་རྩི། རྡོ་རྗེ། གཏོར་མ་ལ་བརྟེན་ནས་སྐུ་གསུང་ཐུགས་སྐུ་ལྔ་རྫོགས་པའི་དབང་། ཚོམ་བུའི་དཀྱིལ་འཁོར་དུ་དབང་ཆོག་བདེ་ཆེན་རོལ་པའི་སྟེང་ནས་འཇུག་པ་སྔོན་དུ་འགྲོ་བའི་བུམ་པ་ལ་བརྟེན་ནས་སྐུའི་དབང་། ཐོད་པ་བདུད་རྩིས་གསང་བ་གསུང་གི་དབང་། བུམ་པ་མེ་ལོང་དང་བཅས་པས་ཤེས་རབ་ཡེ་ཤེས་ཐུགས་ཀྱི་དབང་། རྡོར་དྲིལ་གྱིས་བཞི་པ་ཡང་དག་མཆོག་གི་དབང་མཐའ་རྟེན་འཕྲིན་ལས་བཞིའི་དབང་དང་བཅས་པ། དབང་ཆོག་ཆོ་
འཕྲུལ་ཡེ་ཤེས་གསང་རྫོགས་ཀྱི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་རྣམ་སྣང་ཅོད་པན། མི་བསྐྱོད་པ་བུམ་པ། རིན་འབྱུང་དབུ་རྒྱན། འོད་དཔག་མེད་རྡོ་རྗེ། དོན་གྲུབ་དྲིལ་བུ། ཞི་ཆས་རིག་པའི་བརྟུལ་ཞུགས། དུར་ཁྲོད་ཆས་དྲག་པོའི་བརྟུལ་ཞུགས། སྨན་རཀ་གཏོར་གསུམ་གྱིས་དོན་དབང་སྟེ་ཕྱི་བུམ་པའི་དབང་བསྐུར། རྡོ་རྗེ་རྒྱལ་པོ་སྐུ་གསུམ་རྫོགས་པའི་དབང་། རིག་པ་གཟེངས་བསྟོད་དེ་གནས་ལུགས་ངོ་སྤྲོད་ཀྱི་མཐའ་རྟེན་དང་བཅས་པ། ནང་གི་བུམ་དབང་རྩ་ཁམས་བྱིན་གྱིས་བརླབ་པ་ལྷའི་དབང་། སྣང་སྲིད་ལྷ་འདྲེའི་སྲོག་དབང་། མཐའ་རྟེན་རིན་ཅེན་བདུན། བཀྲ་ཤིས་བརྒྱད་ཞི་རྒྱས་དབང་དྲག་སྟེ་ཕན་པའི་དབང་གསུམ། རྡོ་རྗེ་སློབ་དཔོན་ནུས་པ་མཆོག་གི་དབང་། ནུས་པ་མཆོག་བསྐྱེད་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་རིགས་བརྒྱུད་སྤེལ་བའི་དབང་། དབང་གཉིས་པ་བྱང་ཆུབ་སེམས་ལ་བརྟེན་ནས་གསང་བ་ཡང་ཏིག་བདེ་ཆེན་འཁོར་ལོའི་དབང་། དབང་གསུམ་པ་ཕྱག་རྒྱ་ལ་བརྟེན་ནས་ཤེར་དབང་ཞར་བྱུང་བཞི་པ་ཚིག་གི་དབང་དང་བཅས་པ་མནོས་ནས། རྒྱབ་རྟེན་ལུང་ལ། རྩ་བ་རྒྱུད། ལུང་བསྟན་ལོ་རྒྱུས། སྒྲུབ་པ་དབང་། བསྐྱེད་རྫོགས་འཕྲིན་ལས་ཁ་བསྒྱུར། ཧཱུཾ་སྒྲུབ། བཀའ་སྲུང་དང་དྲུག །དང་པོ་ནི། སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་རྡོ་རྗེ་དྲག་པོ་ཁྲག་འཐུང་རོལ་པའི་དེང་སང་སྣང་རྩེ་བ་ཕྱོགས་རྣམས་འདི་ལ་རྒྱུད་མེད་སངས་རྒྱས་གླིང་པའི་དྲག་པོ་ནས་ཁ་བསྐངས་ཟེར་ཀྱང་འཁྲུལ་སྤོང་དང་པོར། སྤྲུལ་པའི་འཁོར་ལ་རྒྱུད་དང་གདམས་པ་ཤར། ཞེས་པས་མངོན་སུམ་དུ་བསྟན་ནོ། །རྩ་རྒྱུད་མན་ངག་གི་ཏནྟྲ་ལེའུ་བཅུ་བཞི་པ། གཉིས་པ་ལུང་བསྟན་ལོ་རྒྱུས་ལ། གང་ཟག་མཆོག་གི་ལུང་བསྟན་འཁྲུལ་སྤོང་དང་པོ་ཞེས་པ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་
ཀྱི་ཀློང་ནས་གྲུབ་ཆེན་དགུ་ཤར་ཚུལ་སོགས་བསྟན་པ། བཀའ་བབས་ལུང་བསྟན་གཉིས་པ་ཞེས་འཚོ་རྒྱལ་གྱི་དཔེ་རྒྱུད་ཐུགས་རྒྱུད་རྣམས་ཀྱི་བཅུད་ཡོངས་རྫོགས་འདུས་པ་གནམ་སྐས་མཁར་ཆུ་ཟང་ལྷ་བྲག་གསུམ་སྦས་ཚུལ་སོགས་དང་གཏེར་སྟོན་གྱི་ལུང་བསྟན། བདེ་གཤེགས་ཡོངས་རྫོགས་འདུས་པའི་ལུང་བསྟན་གསུམ་པ་ཞེས་བསྟན་པ་དར་ནུབ། བདེ་སྡུག །མཐའ་དམག་འབྱུང་ཚུལ། གཏེར་སྟོན་ཨོ་རྒྱན་ཆེན་པོ་དང་རྗེ་འབངས་ཉེར་ལྔའི་ཡེ་ཤེས་ལས་སྨིན་ཚུལ་སོགས་བསྟན་པ། ཆོ་འཕྲུལ་འབྱུང་བའི་དཀའ་གསང་ཟབ་མོ་ལུང་བསྟན་བཞི་པ་གཟུགས་དང་ཆོས་ཀྱི་སྐུའི་སྒྲུབ་ཐབས་མཐར་ཐུག་བསྟན་པའི་སྐབས། མར་མེ་ལ་བརྟེན་ནས་གདམས་པ་སྤེལ་ལུགས་ཞར་བྱུང་གཏེར་སྟོན་ལ་འབྲེལ་པ་ཐོགས་ཚད་འཚེངས་ཚུལ་བསྟན་པའི་གསང་བའི་ལྐོག་ཡིག་མ་བུའི་ཐེམས་སུ་བསྟན་པ་རྣམས། གསུམ་པ་གྲུབ་དབང་ལ། གུ་རུའི་མཐར་ཐུག་གསང་བ་ཡེ་ཤེས་རང་གསལ་གྱི་ལས་ཁྲིགས་གསང་བ་དོན་གྱི་ནོར་བུ་ཞེས་པ་ལས་བྱང་གི་རིམ་པ། གུ་རུ་གསང་བ་ཡེ་ཤེས་རང་གསལ་གྱི་སྒྲུབ་ཐབས་གྱི་སྐལ་ལྡན་སྙིང་ལ་བཅང་བ། གསང་བ་ཡེ་ཤེས་རང་གསལ་གྱི་དབང་ཆོག་ཀུན་གྱི་ཐུན་མོང་མ་ཡིན་པ་ཡང་གསང་དགོངས་པ་གཏེར་བཅུད། ཀུན་བཟང་དོན་གྱི་སྙིང་པོ་མཐར་ཐུག་པདྨ་རྡོ་རྗེ་དྲག་པོ་སྒྲུབ་པའི་རྩ་དབང་བདེ་ཆེན་རོལ་པ། བདེ་གཤེགས་ཡོངས་རྫོགས་རིག་འཛིན་བླ་མའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་རྒྱུའི་དབང་བསྐུར་ཆོ་འཕྲུལ་ཡེ་ཤེས་གསང་རྫོགས་སྤྱི་དོན་རྣམ་པ་གསུམ་གྱིས་བསྟན། ལྷ་དབང་ཡེ་ཤེས་འཇིག་རྟེན་ཡང་ཏིག་ཅེས་པ་ནང་གི་བུམ་དབང་ལྷ་དབང་བསྐུར་ཐབས། སྡེ་བརྒྱད་ཀྱི་སྲོག་དབང་། བུམ་དབང་
མཐའ་རྟེན་ཕན་པའི་དབང་བསྐུར་ཆོ་འཕྲུལ་ཆེན་པོ་རིན་ཅེན་བང་མཛོད་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ནས་གཞན་དོན་ནུས་པའི་དབང་རིམ། རྣམ་པ་བརྒྱད་དམ་ཐེག་པའི་རྐན་སྐྲས་བརྒྱད་པ། ནུས་པ་མཆོག་བསྐྱེད་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་ཆོ་འཕྲུལ་ནོར་བུའི་འོད་ཟེར་རམ་ཟབ་མོ་སྣང་བའི་འོད། རིགས་བརྒྱུད་རྒྱུས་བྱེད་གསང་བ་རྡོ་རྗེ་འཕྲེང་ཐག་གི་དབང་ཆོག །དབང་བསྐུར་མཆོག་གྱུར་གསང་བ་བྱང་ཆུབ་སེམས་ཀྱི་ཕྱི་ནང་གསང་བ་ཡང་གསང་བ་ཞི་གབ་སྦས་དཀྲུག་པ་མངོན་དུ་ཕྱུང་བའི་གསང་བ་ཡང་ཏིག་བདེ་ཆེན་འཁོར་ལོ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་བསྟན་པ་རྡོ་རྗེ་པདྨ་རྣམ་རོལ། སྦྱོར་ལམ་ཤེས་རབ་ཡེ་ཤེས་དབང་གི་ཆོ་ག་གསང་བ་གསུམ་གྱི་རིན་ཅེན་ཟ་མ་ཏོག་ནོར་བུའི་བང་མཛོད་རྣམས། བཞི་པ་བསྐྱེད་རྫོགས་འཕྲིན་ལས་ཁ་བསྒྱུར་ལ། ཡང་ཏིག་གཙོ་བོའི་ཆོ་འཕྲུལ་ཡེ་ཤེས་རབ་འབྱམས་ལ་ནང་གསེས་ཀྱི་དཀྱིལ་འཁོར་དབུས་ཀྱི་ཁྲོ་བོ་ཡཀྵ་མེ་དབལ་དབུ་དགུ་ཕྱག་བཅོ་བརྒྱད་པ་རྩ་བའི་ལྷ་ལྔས་བསྐོར་བ། ཆོ་འཕྲུལ། མཆོག་ཐུན་དངོས་གྲུབ་འགྲུབ་པ། བྱེ་བྲག་ཆོ་འཕྲུལ་བརྒྱད་ལ་གཤིན་རྗེའི་གདོན་འཇོམས་གཤིན་རྗེ་སེར་པོ། ཀླུའི་གདོན་འཇོམས་རྟ་མགྲིན་དམར་པོ། གནོད་སྦྱིན་གདོན་འཇོམས་ཕུར་པ་མཐིང་ནག །སངས་རྒྱས་ཡོན་ཏན་རྒྱས་པ་ཆེ་མཆོག་སྨུག་ནག །མོ་གདོན་འཇོམས་པ་མངོན་རྫོགས་མཐིང་ནག །སྲིན་པོའི་གདོན་འཇོམས་ཚེ་དཔག་མེད་དམར་པོ། ཕྱོགས་སྐྱོང་གདོན་འཇོམས་དྲེགས་འདུལ་མཐིང་ཁ། སྡེ་བརྒྱད་གདོན་འཇོམས་སྟོབས་ལྡན་ནག་པོ་རྣམས་ཞལ་གཅིག་ཕྱག་གཉིས་པ། ཡང་དྲེགས་འདུལ་དབུ་དགུ་ཕྱག་བཅོ་བརྒྱད་པ། དཔལ་ཆེན་འཁོར་གྱི་ལྷ་ཚོགས་གཙོ་
བོ་བརྒྱད་ཅེས་པ་ཡང་དག །གཤིན་རྗེ། རྟ་མགྲིན། ཕུར་པ། ཚེ་དཔག །དྲེགས་འདུལ། སྟོབས་ལྡན་རྣམས་ཞལ་གསུམ་ཕྱག་དྲུག་ཏུ་བསྟན་པ་དང་བཅས་པ་སྡེ་བརྒྱད་ཡོངས་རྫོགས་དངོས་གྲུབ་ཐོབ་པ། ཡང་ཏིག་གསང་བ་དཀྱིལ་འཁོར་གྱི་ཆོ་འཕྲུལ་ཞིང་ཁམས་རབ་འབྱམས་ལ་ནང་གསེས་ཀྱི་གཞལ་ཡས་ཁང་དང་པདྨ་འབྱུང་གནས་གཙོ་འཁོར་གསུམ་པ་ཚན་བརྒྱད་ཀྱིས་བསྐོར་བ། གུ་རུ་ཐོད་པ་རྩལ་རིག་འཛིན་བརྒྱད་ཀྱིས་བསྐོར་བ་གང་འདོད་འཕྲིན་ལས་འགྲུབ་པ། རྡོ་རྗེ་འཆང་རིགས་ཀྱི་གུ་རུ་བཞིས་བསྐོར་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ། གུ་རུ་བདེ་ཆེན་རོལ་པ་རང་འདྲ་བཞིས་བསྐོར་བས་སྲིད་གསུམ་དབང་སྡུད། གུ་རུ་རྡོ་རྗེ་དྲག་རྩལ། ཕྱག་རྡོར། འཇམ་དཔལ། རྟ་མགྲིན། མེ་དབལ་བཞིས་བསྐོར་བས་མཆོག་གི་དངོས་གྲུབ་ཐོབ་པ། མཁའ་འགྲོ་བརྒྱད་ཀྱིས་སྣང་བ་དབང་སྡུད། དཔའ་བོ་བརྒྱད་ཀྱིས་གཡུལ་ལས་རྒྱལ་བ། མཚན་བརྒྱད་ཀྱིས་ཡེ་ཤེས་ཕབས་པ། མཆོད་རྟེན་ཚེ་དཔག་མེད་བརྒྱད་ཀྱིས་ཚེ་འཕེལ་བ། སྒྲོན་མ་བརྒྱད་ཀྱིས་འཇིགས་བརྒྱད་སྒྲོལ་བ། ཛ་བ་ཏི་བརྒྱད་ཀྱིས་ལམ་གྱི་འཇིགས་སྐྱོབ། སྨན་བླ་བརྒྱད་ཀྱིས་དོན་འགྲུབ་པ། སེམས་དཔའ་བརྒྱད་ཀྱིས་སྒྲིབ་པ་སྦྱོང་བ་བཅས་བསྟན་པ། བརྟེན་པ་ལྷའི་ཆོ་འཕྲུལ་ཆེན་པོ་རོལ་པར་ནང་གསེས་ཀྱི་རྒྱས་པའི་བསྡུས་པ་གཙོ་བོ་དབུ་ཉེར་གཅིག་ཕྱག་ཞེ་གཉིས་པ་བདུན་བརྒྱ་ཉེར་ལྔས་བསྐོར་བ། རྒྱས་པའི་འབྲིང་པོ་དབུ་དགུ་ཕྱག་སྟོང་དང་བརྒྱད་བརྒྱ། ཤིན་ཏུ་རྒྱས་པ་དབུ་འབུམ་ཕྱག་བྱེ་བ། འབྲིང་པོའི་རྒྱས་པ་དབུ་དགུ་ཕྱག་བཅོ་བརྒྱད་པ་སྟེ་བརྒྱད་རིག་འཛིན་ཕྱོགས་སྐྱོང་ཁྲོ་བོ་སོགས་ཀྱིས་བསྐོར་བ། འབྲིང་པོའི་འབྲིང་པོ་འཁོར་རིགས་བཞིར་བསྡུས་པ། འབྲིང་
པོའི་བསྡུས་པ་འཁོར་རྣམས་མོས་པ་ཙམ། བསྡུས་པའི་རྒྱས་པ་དབུ་གསུམ་ཕྱག་དྲུག་པ་རིགས་བཞིས་བསྐོར་བ། བསྡུས་པའི་འབྲིང་པོ་ཞལ་གཅིག་ཕྱག་གཉིས་འཁོར་སྐབས་དང་སྦྱར་བ། ཤིན་ཏུ་བསྡུས་པ་མ་ཧཱ་གུ་རུ་གཙོ་རྐྱང་བཅས་བསྟན་པའི་སྙིང་མིག་སྲོག་གི་དྭངས་མའི་བཅུད། ཡང་ཏིག་གནད་ཀྱི་སྒྲོན་མེ་ནོར་བུ་རྒྱ་མཚོ་ལ་ནང་གསེས་ཀྱི་རིགས་ལྔ་ཡབ་ཡུམ་ལ་མཁའ་འགྲོ་བཅུས་བསྐོར་བར་བརྟེན་ནས་འོད་གསལ་འཆར་ཞིང་འབྲུ་བཅུའི་བཟླས་པས་གྲོལ་བར་བྱེད་པ། དེ་ཉིད་རིགས་ལྔའི་ལས་ཀྱི་ཡང་སྙིང་། རྡོ་རྗེའི་བཟླས་པ། གསང་བའི་སྙིང་པོ་དཔལ་གྱི་ཐུགས་ཀར་གཞོན་ནུ་བུམ་སྐུ་ལྷུན་གྲུབ་ཀྱི་ཉམས་ལེན་དང་བཅས་བསྟན་པ། ཡང་ཏིག་གསང་བའི་མན་ངག་རྡོ་རྗེའི་འཕྲེང་བར་ནང་གསེས་ཀྱི་ཕྱི་སྒྲུབ་འགྲོ་བ་འདུལ་བ་ཨོ་རྒྱན་ཟ་ཧོར་མར་རིག་འཛིན་མཁའ་འགྲོས་བསྐོར་བ། ནང་སྒྲུབ་དངོས་གྲུབ་མྱུར་འགྲུབ་པད་འབྱུང་བདེ་ཆེན་རྩལ་ཡབ་ཡུམ་རང་འདྲ་བརྒྱད་ཀྱིས་བསྐོར་བ། གསང་བ་རྟོག་མེད་རིག་གསལ་པདྨ་འབྱུངགནས་ཡེ་ཤེས་རྩལ་ལ་ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བ། ཡང་གསང་གུ་རུ་དུས་འཁོར་རྩལ་ཡུམ་བཅས་རྣམས་ཀྱི་སྒྲུབ་པ། གུ་རུའི་སྒྲུབ་པ་ཐབས་ཅད་ཀྱི་རྩ་བ་སྙིང་པོ་ཡེ་ཤེས་རང་གསལ་སྙན་བརྒྱུད་ཀྱི་ལྡེ་མིག་རིན་ཅེན་སྣང་བ་ལ་ནང་གསེས་ཀྱི་དབང་བསྐྱེད་རྫོགས་ལས་མཐའ་བཞི། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། གནས་དུས་ཡོ་བྱད་འགྲེལ་པ་དང་བཞི་རྣམས་རེ་རེ་ལ་ཡང་བཞི་བཞི་ཚང་བ། གཙུག་ཏོར་ཆོ་འཕྲུལ་གནད་ཀྱི་འཕྲེང་བ་ལ་ནང་གསེས་ཀྱི་ཡིད་བཞིན་ནོར་བུས་ཚེ་བསོད་ནམས་རྒྱས་པ། རྡོ་རྗེ་སེམས་དཔར་རིགས་ལྔས་བསྐོར་བས་སྒྲིབ་པ་སྦྱོང་བ། ཀུན་བཟང་རྡོར་སེམས་ཀྱིས་ཡོན་ཏན་ཐོབ་པ།
ཀུན་བཟང་ཚེ་དཔག་མེད་ཀྱིས་བདེ་བ་ཅན་དུ་འཚང་རྒྱ་བ། ཀུན་བཟང་སྣང་མཛད་རིགས་ལྔ་ཡབ་ཡུམ་སོགས་ཀྱིས་བསྐོར་བ་ཚེ་གཅིག་འཚང་རྒྱ་བ། སྒྲུབ་སྡེ་བརྒྱད་ཀྱིས་ལས་རྒྱ་མཚོ་འགྲུབ་པ། ནམ་མཁའི་རྒྱལ་པོས་བདེ་བ་ཅན་དུ་སྐྱེ་བ། འོད་དཔག་མེད་ཀྱིས་བདེ་བ་ཅན་དུ་བྱང་ཆུབ་པ། ཕྱི་ལྟར་པདྨ་སམ་བྷ་ཝའི་བླ་མའི་རྣལ་འབྱོར་གྱིས་ཇི་ལྟར་བསམ་པ་འགྲུབ་པ། ནང་ལྟར་པདྨ་ཐོད་འཕྲེང་མཚན་བརྒྱད་ཀྱིས་བསྐོར་བས་གནས་སྐབས་མཐར་ཐུག་དོན་ཀུན་འགྲུབ་པ། ཐོད་འཕྲེང་རིགས་དགུས་ཡེ་ཤེས་འབེབས་ཤིང་དབང་བསྐུར་བ། ཤཱཀྱ་ཐུབ་པས་ས་ལམ་གྱི་ཡོན་ཏན་ཐོབ་པ། སྒྲོན་མ་རང་འདྲ་བརྒྱད་ཀྱིས་བསྐོར་བས་དོན་ཀུན་འགྲུབ་པ། རྣམ་སྣང་གངས་ཅན་མཚོ་ལ་སྨན་བླ་བརྒྱད་ཀྱིས་བསྐོར་བས་སྨོན་ལམ་ཐམས་ཅད་འགྲུབ་པ་རྣམས་བསྟན་པ། གཙུག་ཏོར་ཆོ་འཕྲུལ་མཆོག་གི་རྡོ་རྗེ་འབར་བ་ལ་ནང་གསེས་ཀྱི་ཀུན་བཟང་ཚེ་དཔག་མེད་དགུས་བདེ་བར་འཚོ་བ། ཨ་དཀར་དགུས་སྡིག་སྒྲིབ་འདག་པ། རྡོར་སེམས་དགུས་བསོད་ནམས་འཕེལ། དཔལ་དགུས་སྒྲུབ་པ་ཆུད་མི་འཛའ་བ། རྟ་མགྲིན་གཙོ་འཁོར་དགུས་སྡེ་བརྒྱད་བསྲུང་བ། སེང་གེ་དགུས་བྱད་བཟློག་པ། སྟོབས་ལྡན་ནག་པོ་དགུས་མུ་སྟེགས་ཐལ་བར་རློག་པ། ཁྱུང་དམར་ཕྱག་རྡོར་དགུས་གཟའི་གནོད་པ་ལས་རྒྱལ་བ། མ་ཧེ་འཇམ་དཔལ་དགུས་འཆི་བདག་འདུལ་བ། ཆུ་སྲིན་དམར་པོ་གསང་བདག་དགུས་བཤད་སྒྲུབ་རིགས་བརྒྱུད་སྡེ་རིགས་དར་བ་དང་བཅས་པ། ཡང་སྙིང་གཅིག་དྲིལ་གསང་བའི་ཡང་ཏིག་རྡོ་རྗེ་འབར་བ་ཞེས་ཐུགས་ཀར་དམ་པ་རིགས་བརྒྱས་ཡོན་ཏན་ཀུན་འབྱུང་བ་དང་རྒྱུད་སྡེ་ཀུན་གྱི་གསང་བ་སྙིང་གཅིག་གཉིས། དབུའི་ཆོ་འཕྲུལ་ཡང་གསང་སྙིང་
གི་དུམ་བུ་སྲོག་རྩ་དམར་པོ་ཞེས་པར། དབུ་ལ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྐུ་དང་རླུང་སྦྱོར་གྱིས་འཇའ་འོད་ཐིག་ལེར་གྲོལ་བ། སྙན་ཁུང་བཅོ་བརྒྱད་ནས་རང་བྱུང་སྔགས་ཀྱི་སྒྲས་བར་དོའི་འཇིགས་པ་ཞི་བ། ཤངས་དགུའི་ཧཱུཾ་རིང་གིས་སྐུ་དང་ཐིག་ལེའི་ཞིང་ཁམས་རྒྱས་པ། རལ་པའི་ཉག་མ་རེར་རྡོ་རྗེ་རྩེ་དགུས་དབང་དང་དངོས་གྲུབ་མྱུར་འགྲུབ། ལྗགས་ཀྱི་སྣང་མཐའ་དགུས་ངག་སྐྱོན་སེལ་བ། སྨིན་མ་ཆ་ཆེན་དགུས་འོད་ཟེར་ཛ་རུ་འཕྲོས་པས་དངོས་གྲུབ་ལེན་པ་དང་དབང་དུ་བྱེ་བ་ཞལ་ཚོམ་སྤུ་གྲིའི་དཀྱིལ་འཁོར་ནས་ཕཊ་དང་རལ་གྲིའི་ཚོགས་ཀྱིས་བྱད་མའི་སྲོག་རྩ་གཅོད་པ། ཚེམས་ཀྱི་འཕྲེང་བ་མས་དགུག་འཆིང་སྡོམ་མྱོས་ཀྱི་སྤྲུལ་པས་ཕུར་ཁ་བཅིངས་ནས་ཚེ་སྲོག་བརྟན་པ་རྣམས་བསྟན་པ། རྩ་ཞལ་གྱི་ཆོ་འཕྲུལ་སྤུ་གྲི་འབར་བའི་རྒྱ་ཅན་ལ་ནང་གསེས་ཀྱི་དཔལ་གྱི་འཁོར་བརྒྱད་མུ་མེན་གྱི་མདོག་ལྟ་བུས་གསང་སྔགས་རྒྱུད་སྡེ་བསྙེན་སྒྲུབ་ཐེངས་པ། དཔའ་བོ་མཁའ་འགྲོ་བརྒྱད་ཀྱིས་མཁའ་སྤྱོད་འགྲུབ་པ། རྩ་ཞལ་ཁྱུང་ཆེན་དམར་པོས་གདོན་ཚོགས་ཟིལ་གནོན། རྩ་ཞལ་མ་ཧེ་དམར་ནག་གིས་འཆི་བདུད་ཟིལ་གནོན། རྩ་ཞལ་རྟ་མགོ་ལྗང་ཞུར་གྱིས་ཀླུ་བརྒྱད་ཟིལ་གནོན། རྩ་ཞལ་ཆུ་སྲིན་ཁྲོས་པས་གནོད་སྦྱིན་ཟིལ་གནོན། རྩ་ཞལ་ཕག་སྣ་ཁྲོས་པའི་འུར་སྒྲས་ས་བདག་ཟིལ་གྱིས་གནོན་པ་རྣམས་བསྟན་པ། གསང་བ་ཐུགས་ཀྱི་ཆོ་འཕྲུལ་འོད་གསལ་ཐིག་ལེ་རང་གསལ་ནང་གསེས་ཀྱི་སྐྱ་རེངས་དང་པོ་གཉིས་པ་གསུམ་པར་སྔོན་འགྲོ །ཉི་ཤར་ནས་བསྐྱེད་རྫོགས་ཟུང་འཇུག །སྐུ་གསུམ་བཞུགས་སྟངས་ལ་བརྟེན་ནས་སྣང་བཞིའི་ལམ་ལ་སྦྱོང་བ། སྲོད་ཀྱི་བྱ་བ་དཔལ་དགུ་དྲག་པོ་རྩལ་དབུ་དགུ་ཕྱག་
བཅོ་བརྒྱད་པའི་ཐུགས་ཀར་ཐིག་ལེ་དང་ལྷ་སོགས་ལ་བརྟེན་ནས་རླུང་སྦྱོར་རྡོ་རྗེའི་བཟླས་པ་བཅས་བསྟན་པ། ཕྱག་གཡས་ཕྱག་རྒྱའི་ཆོ་འཕྲུལ་རྡོ་རྗེ་འབར་བའི་གཟི་འོད་ལ་ནང་གསེས་ཀྱི་ཡེ་ཤེས་ཟིལ་གནོན་དྲག་རྩལ་དབུ་དགུས་ལྷ་གདོན་འདུལ་བ། དྲག་རྩལ་མ་ཧེའི་ཞལ་ཅན་དབུ་དགུས་འཆི་བདག་གཤིན་རྗེ་འདུལ་བ། དབུ་དགུ་ཁྲོ་ཆེན་རྔམས་ཞལ་གྱིས་མ་མོ་འདུལ་བ། དབུ་དགུ་སེང་གེའི་ཞལ་ཅན་གྱིས་བདུད་བཞི་འདུལ་བ། དམར་ནག་སྲིན་པོ་དབུ་དགུས་བཙན་གཟེར་དྲག་པོའི་ཆོ་འཕྲུལ་ཞི་བ། གནོད་སྦྱིན་ཁྲོས་པའི་དྲག་རྩལ་དབུ་དགུས་རྒྱལ་འགོང་འདུལ་བ། དབུ་དགུ་རྟའི་གདོང་པ་ཅན་གྱིས་གནོན་སྦྱིན་གདུག་པ་འདུལ་བ། ཁྱབ་བདག་དྲག་པོ་རྩལ་དབུ་དགུ་ཆུ་སྲིན་མཆེ་བ་བཙིགས་པས་ཀླུ་གཉན་འདུལ་བ། དབང་དྲག་རྡོ་རྗེ་གྲོ་ལོད་རྩལ་དབུ་དགུ་ཁྱུང་དམར་ཁྲོ་ཞལ་བརྩེགས་པས་ཐེའུ་བྲང་དང་འགོང་པོ་འདུལ་བ། དྲེགས་པ་ཀུན་འདུལ་དྲག་རྩལ་དབུ་དགུ་ལྕགས་སྡིག་ཁྲོས་པས་རྡོ་རྗེ་ལས་འཕྲོས་པའི་དཔལ་བརྒྱད་ཀྱིས་སྡེ་བརྒྱད་འདུལ་བ། སྡེ་བརྒྱད་ཀྱི་སྲོག་ཡིག་གནད་ཐེམས་བཅས་བསྟན་པ། ཕྱག་གཡས་སྡིག་པའི་ཆོ་འཕྲུལ་གསང་བའི་ཡང་ཏིག་ཅེས་པ་ཡོངས་རྫོགས་དཔལ་ཆེན་དབུ་དགུ་ཕྱག་བཅོ་བརྒྱད་པའི་སྡིགས་མཛུབ་རྩེ་ལས་སྤྲུལ་པའི་ཁྲོ་ཆེན་ཡཀྵ་ཧཱུཾ་ཀ་རས་གཟའ་རྣམས་ཞི་བྱེད། དཔལ་ཆེན་དུང་མདོག་གི་ཕྱག་མཚན་དུང་སྡིག་མགོ་དགུ་པས་ཤར་ཕྱོགས་དགྲ་ལྷའི་གདོན་འདུལ་བ། རྡོ་རྗེ་མེ་དབལ་ཕྱག་བཅོ་བརྒྱད་པའི་ཟངས་སྡིག་གིས་མེ་གདོན་འདུལ་བ། རྡོ་རྗེ་དྲག་པོ་རྩལ་ཕྱག་བཅོ་བརྒྱད་པའི་སྡིག་པས་འཆི་བདག་འདུལ་བ། ཟ་བྱེད་ཁྲོས་པ་ཕྱག་བཅོ་བརྒྱད་པའི་བསེའི་སྡིག་པས་སྲིན་པོ་འདུལ་བ། གཏུམ་ཆེན་ཕྱག་བཅོ་བརྒྱད་པའི་
ཟངས་སྡིག་གིས་ཀླུ་གཉན་འདུལ་བ། འཕྲིན་ལས་དྲག་རྩལ་ཕྱག་བཅོ་བརྒྱད་པའི་གཡུ་སྡིག་གིས་རླུང་ལྷའི་གདོན་འདུལ་བ། རིན་ཅེན་ཁྲོ་རྒྱལ་ཕྱག་བཅོ་བརྒྱད་པའི་གསེར་སྡིག་གིས་གནོད་སྦྱིན་ནོར་ལྷའི་ཚོགས་བསྡུ་བ། དཔའ་བོ་རྡོ་རྗེ་དྲག་རྩལ་ཕྱག་བཅོ་བརྒྱད་པའི་དངུལ་སྡིག་གིས་ཡོན་ཏན་དཔལ་གྱི་དངོས་གྲུབ་བསྡུ་བ། ཁྱབ་བདག་དྲག་རྩལ་ཕྱག་བཅོ་བརྒྱད་པའི་སྟེང་ཟིལ་སྡིག་པས་རྒྱལ་བསེན་ས་བདག་ཀླུ་གཉན་འདུལ་བ། མཚན་མ་གཟུགས་དང་འཁོར་ལོ་གནད་ཀྱི་གདམས། ལྕགས། ཟངས། ཁྲོ་ཆུ། དངུལ། གསེར། རུས་པ། རྫ་རྣམས་ཀྱི་སྡིག་པར་རྟེེན་པའི་ལས་སྦྱོར་དང་བཅས་པ། ཞབས་ཀྱི་ཆོ་འཕྲུལ་དྲེགས་པ་ཀུན་འདུལ་ལ་ནང་གསེས་ཀྱི་དྲག་པོ་རྩལ་དབུ་དགུ་ཕྱག་བཅོ་བརྒྱད་པར་གཤེད་པོས་བསྐོར་བར་བརྟེན་ནས་དགྲ་བོ་ཁྲམ་གྱིས་གསོད་པ། ཤོ་རྡེལ་དཀར་ནག་གིས་གསོད་པ། མ་མོ། གཟའ། ཀླུ། བཙན་རྣམས་ཀྱིས་རྟགས་དང་བསྟུན་ཏེ་གསོད་པ། དཔལ་ཆེན་དབུ་དགུ་པའི་ཞབས་ཀྱི་ཆོ་འཕྲུལ་གྱིས་འགོང་པོ་དང་ཀླུ་གཉན་འདུལ་བ། ཁམས་རྒྱ་མ་དྲུག་དྲང་བ། དམུས་ལོང་བཅུ་དྲུག་འགུགས་པ། ཕོ་ཉ་བཞི་འགུགས་པ། མེ་འབྲུག་ཆུ་འབྲུག་འབོད་པ། རྟགས་མཐོང་འོད་ཀྱིས་དམ་ཅན་མཆོད་ནས་རྦད་ཅིང་ཞར་བྱུང་རླུང་འཇུག་གིས་ཚེ་དང་བསོད་ནམས་རྒྱས་པ། ལྷ་ཆེན་དབང་སྡུད་བཀོལ་བའི་གནད་བསྟན་པ། རང་གཤེད་འབེབས་པའི་སྔགས་རྒོད་ཅེས་པ་ལྷ་ཆེན་ཆུང་མ་དབང་མོའི་ཚོགས་རྣམས་རྦད་པ་ཕྲད་ཤོག་གི་མཐའ་ཅན། ཞབས་ཀྱུ་ཆོ་འཕྲུལ་ཁྱད་པར་དྲོད་ཚད་བརྟག་པ་ཞེས་པ་ལ་དུས་བསྙེན། གྲངས་བསྙེན། རྟགས་བསྙེན་གསུམ་ལས་ཕྱི་མ་ལ་དགེ་བའི་མཚན་མ་སྤྱི་དང་བྱེ་བྲག་ལྷ་གཙོ་འཁོར་གྲུབ་པའི་རྟགས། སྡེ་བརྒྱད་འཁུ་
བ། བྱད་ཁ་ཉམས་ཆགས་ཀྱི་རྟགས་དང་སོ་སོ་གནད་དབབ་ཀྱི་མན་ངག །ལས་འགྲུབ་མཚན་རྟགས་དང་བཅས་བསྟན་པ། ཞབས་ཀྱི་ཆོ་འཕྲུལ་རྩལ་ཆེན་འབར་བ་ཉམས་རྟགས་དྲོད་ཀྱི་ཡེ་ཤེས་ཚད་བསྟན་པ། རྒྱན་གྱི་ཆོ་འཕྲུལ་གསང་བ་དོན་བཅུད་གནད་ཀྱི་ལྐོག་ཡིག་ལ་ནང་གསེས་ཀྱི་ཆོ་འཕྲུལ་དང་པོ་སྣང་མཐའ་ཏིང་ངེ་འཛིན་གྱིས་སྡིག་སྒྲིབ་དག་བྱེད་བདུད་རྩི་ཤེལ་གྱི་བུམ་ཁྲུས། ཆོ་འཕྲུལ་གཉིས་པ་ཐོད་འཕྲེང་དཔའ་བ་བདུད་དང་རུ་ཏྲ་རྣམ་རྟོག་ཆོ་འཕྲུལ་ཚར་གཅོད། ཆོ་འཕྲུལ་གསུམ་པ་ཡོན་ཏན་སྤྲུལ་པའི་ཁྱུང་ཆེན་གྱིས་ཞི་དྲག་གི་ཆར་འབེབས་ཞར་བྱུང་སེར་བ་དང་ཐོག་བསྲུང་བ། འཇམ་དཔལ་གྱིས་མཚོན་བསྲུང་། རྟ་མགྲིན་གྱི་སྔགས་ཀྱིས་ངར་འདོགས་ཤིང་ཡུངས་དཀར་གྱི་ཆོ་འཕྲུལ། གསང་བདག་གིས་གསལ་བརྟན་ཚད་ལ་ཕེབས་ནས་རྟེན་འབྲེལ་སྔགས་ཀྱི་ཆོ་འཕྲུལ་གྱིས་རྒྱལ་པོ་འཁོར་དང་གྲོང་ཁྱེར་ཐིབས་སུ་གཞུག་པ། གཉིད་ལོག་པ། གཉིད་ཀྱི་ལྷའི་མངོན་རྟོགས། རྡོ་རྗེ་རྣལ་འབྱོར་མའི་གསང་བ་དོན་གྱིས་ལས་མཐའ། ཞར་བྱུང་པྲ་སྒྲུབ། འབྱུང་པོ་ངོས་བཟུང་པ། པྲ་གཞན་ལ་འབེབས་པ། ཡཀྵ་མེ་དབལ་གྱི་རྟོག་པ་ཆོས་སྐུར་མ་ཞི་ན་དམ་ཉམས་ལོག་ལྟ་འདུལ་བ། ལྕགས་སྡིག་གིས་དགྲ་བགེགས་དམ་སྲི་འདུལ་བ། དགྲ་ཇག་ཆོམ་རྐུན་སྒྲིབ་པ། ལྷ་སྲིན་སྡེ་བརྒྱད་བསྲུང་བ་བཅས་པ། སྣང་གསུམ་ཡེ་ཤེས་གསལ་སྒྲོན་ཆོ་འཕྲུལ་མཆོག་གི་སྙིང་པོ་ལ་ནང་གསེས་ཀྱི་སྔོན་འགྲོ་དངོས་གཞི་ཐུན་མཚམས་ཀྱི་བྱ་བ། གེགས་སེལ་བོགས་འདོན་གྱི་རྩ་བ། བུམ་དབང་ལྷའི་ལམ་འཁྱེར། གསང་དབང་གཏུམ་མོའི་ལམ་འཁྱེར། ཤེར་དབང་ཕོ་ཉའི་ལམ་འཁྱེར། རིག་རྩལ་དོན་དམ་ལམ་འཁྱེར། བདག་བྱིན་བརླབ། མུན་འཁྲིད་དཀར་སེར་ཁྲ་འཁྲིད། དབང་
བཞིའི་འབྲས་བུ། རང་བཅས་རང་ངོ་ལྟ་བ་བཅས་བསྟན་པ། ལམ་ཆིག་ཆོད་གནད་ཀྱི་ཡང་ཏིག་གསང་བ་དོན་གྱི་ཆོ་འཕྲུལ་རྒྱུན་གྱི་རྣལ་འབྱོར་སྲོག་གི་དངས་མ་སྒྲོན་མ་གསལ་བ་རྣམས། ལྔ་པ་ཧཱུཾ་སྒྲུབ་ལ། ཡང་ཏིག་གསང་བ་འབྲུ་གཅིག་ཅེས་པར་ནང་གསེས་ཀྱི་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལུས་ལྷའི་དཀྱིལ་འཁོར། ཧཱུཾ་ལྔ་བརྩེགས་སུ་བཟླས་པས་བསྙེན་ཅིང་སྒྲིབ་པ་སྦྱོང་བ། ཧཱུཾ་རིག་བཟླས་པས་ནད་གདོན་བགེགས་ཞིའི་འཁྲུལ་སྦྱོར། ཧཱུཾ་ལྔ་ལྡན་གྱིས་འོད་གསལ་འཆར་བ་གསང་སྔགས་ལྟོ་ཚིལ་སྙིང་ཏིག །རྩལ་སྦྱང་སྒྲུབ་ཆེན་གྱིས་ཧཱུཾ་སྒྲ་བརྩེགས་མ་དར་ལྡན། ཧཱུཾ་གི་ཡོན་ཏན་རྗེས་ཀྱི་བྱ་བ་དང་བཅས་པ། གསང་བ་ཐུགས་ཀྱི་སྒྲུབ་པའི་གསང་བའི་མན་ངག་ཅེས་སྔོན་འགྲོ་སྐྱབས་སེམས། རྡོར་སེམས། བླ་མའི་རྣལ་འབྱོར། དངོས་གཞི་དྲག་པོ་རྩལ་གྱི་བསྐྱེད་རིམ་སྐུ་རྡོ་རྗེར་འཚང་རྒྱ་བ། ཡི་གེའི་འཕྲེང་བས་གསུང་རྡོ་རྗེར་འཚང་རྒྱ་བ། རིག་པ་རྩལ་སྦྱོང་གིས་ཐུགས་རྡོ་རྗེར་འཚང་རྒྱ་བའི་གདམས་པ། འཆི་མེད་ཚེའི་གདམས་པ་མྱུར་མགྱོགས་གསང་བའི་སྒྲུབ་པ་ཞེས་པ་ཚེ་དཔག་མེད་བཞེངས་སྐུ་ལ་བརྟེན་པའི་མངོན་རྟོགས་དབང་དང་བཅས་པ། གསང་སྒྲུབ་སྙིང་པོ་རྡོ་རྗེའི་ཚེ་སྒྲུབ་རྣམས། དྲུག་པ་བཀའ་སྲུང་ལ། བཀའ་སྲུང་གི་གཏོར་བསྔོས་གསང་གཏེར་རྫོགས་སོའི་མཐའ་ཅན། བོད་སྐྱོང་བསྟན་མའི་གསོལ་ཁ་ལེགས་པའི་འབྱུང་གནས་དག་པའི་འཁོར་ལྔར་གདམས་པ་དང་བཅས་པ་རྣམས་ལེགས་པར་ཐོབ་པ་ལས་ཡེ་ཤེས་རང་གསལ་གྱི་དབང་དང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཧེ་རུ་ཀ །ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་དྲག་པོ། ལས་ཅན་དག་པའི་འཁོར་ལྔ།
གཏེར་སྟོན་པདྨ་རྒྱལ་པོ། ཆོས་བདག་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེའི་བར་གཅོད་གཡུལ་ལས་རྒྱལ་བའི་མཚོན་ཆར་གནང་ངོ་། །རྩ་དབང་དང་སྒྲུབ་ཆེན་གྱི་དབང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ལོ་རྒྱུས་དོན་གསལ་སྒྲོན་མ་ལས། ཀྱེ་ཧོ་སྔགས་ཀྱི་རྣལ་འབྱོར་པ༔ ཚེ་རྒྱུད་བདུད་རྩི་འཁྱིལ་བའི་སྐོར༔ མ་བུར་བཅས་འདི་མ་སྤེལ་ཏེ༔ རིན་ཅེན་སྙིང་པོའི་བྲག་ལོགས་ལ༔ འཆི་མེད་ལྷ་ཚོགས་རང་བྱོན་ཡོད༔ དེ་ཡི་གཡོན་ཟུར་ཚེ་ཆུའི་སྟེང་༔ རིན་ཅེན་འདྲ་བའི་བྲག་འོག་ཏུ༔ ཚེ་ཟུར་བཅས་ཏེ་གཏེར་དུ་སྦེད༔ ད་ལྟ་སྤེལ་བའི་དུས་མ་ཡིན༔ ད་ནས་མི་ལོ་སྟོང་ཟིན་དུས༔ དུས་ངན་བཅུ་གསུམ་འཆར་བ་དང་༔ འཕགས་པའི་དབང་དུ་ལྷ་བཟང་འདི༔ སྤྲེའུ་ལོ་པ་གདོང་སྨེ་ཅན༔ བྱུང་ནས་མྱང་སྟོད་སྐྱོང་དུས་སུ༔ བཻ་རོའི་སྤྲུལ་པ་ཅིག་བྱུང་ནས༔ བསྟན་པའི་རིམ་གྲོ་བྱེད་དུས་སུ༔ རྟེན་འབྲེལ་བསྒྲིགས་ན་བོད་ཁམས་འདིར༔ ཉེར་ལྔའི་ལོ་རུ་བོད་ཡོངས་བདེ༔ ཞེས་དང་། ཆོས་སྤྱོད་ལམ་རིམ་ལས། ཟབ་དང་རྒྱ་ཆེའི་བརྗོད་པ་ཀུན་གྱི་དོན༔ ཚིག་ཉུང་དོན་འདྲིལ་ཉམས་སུ་བླང་བདེའི་ཆོས༔ ཨོ་རྒྱན་བདག་གིས་སྤྱད་པའི་ལམ་རིམ་འདི༔ ད་ལྟར་རྗེ་འབངས་ཉི་ཤུ་ལྔ་ལ་གདམས༔ སྙིགས་དུས་ནམ་མཁའི་མིང་ཅན་ལ་སོགས་པ༔ སྡེ་སྐྱོང་དགུ་ཡི་དོན་དུ་ཡི་གེར་བཏབ༔ བདུད་འཇོམས་སྐྱེ་བར་སྤྲུལ་པ་དེ་དང་སྤྲོད༔ ཅེས་པ་ལྟར་། སྤྲུལ་པའི་གཏེར་སྟོན་ཉི་ཟླ་འོད་ཟེར་གྱིས་
སྦས་ཡུལ་འབྲས་མོ་ལྗོངས་ཀྱི་བྱ་སྒོའི་ནང་ལྷ་རིན་ཆེན་སྙིང་པོའི་འཇའ་འོད་ཕུག་ནས་སྤྱན་དྲངས་པའི་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་སྐོར་ལ། སྨིན་བྱེད་བསྙེན་པའི་དབང་རིམ་བདུད་རྩི་འཁྱིལ་བའི་སྟེང་ནས་ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་འཆི་མེད་ཚེའི་བུམ་པ་གནས་ལྔར་བསྐུར་བས་བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་། རིག་པ་རྩལ་གྱི་དབང་། ཐོད་པ་བདུད་རྩི་གནས་ལྔར་བསྐུར་བས་འཁོར་ལོ་ལྔ་བྱིན་གྱིས་བརླབ་པ་གསང་དབང་། མེ་ལོང་དང་ཕྱག་རྒྱ་ཡས་བབས་མས་བརྟེན་གྱིས་དགའ་བཞི་ཤེས་རབ་ཡེ་ཤེས་ཀྱི་དབང་། ཤེལ། མེ་ལོང་། མར་མེ། རྨ་བྱའི་མདོངས་ཀྱི་རིག་པ་རྩལ་གི་དབང་། ཚེ་ཟན་མདའ་དར་གྱིས་ཚེ་བཅུད་བསྡུ་བ། མཐའ་རྟེན་བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་བདུན། ཚེ་རིལ། ཚེ་ཆང་། སྣོད་བཅུད་ཀྱི་སྡུད། མདའ་དར་སྲོག་རྟེན་གྱི་དབང་། ཚེ་སྦ་བ་སྨོན་ལམ་དང་བཅས་པ། སྒྲུབ་དབང་དངོས་གྲུབ་རྒྱ་མཚོའི་སྟེང་ནས་འཇུག་པ་སྔོན་དུ་འགྲོ་བའི་ཐུན་མོང་རིག་པའི་དབང་ལྔ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་། ལྷ་དབང་། གསང་དབང་། སྔགས་དབང་། ཤེར་དབང་གཏོར་དབང་དང་བཅས་པ་ཐོབ་ནས། ལུང་ལ། ཡིད་ཆེས་བསྐྱེད་པ་ལོ་རྒྱུས། རྩ་བ་རྒྱུད། སྒྲུབ་འཕྲིན་དབང་། ལས་ཕྲན་དང་བཞི། དང་པོ་ནི། བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་དོན་ལོ་རྒྱུས་དོན་བསྡུས་གསལ་བའི་སྒྲོན་མ་ཞེས་པ་མཆིམས་ཕུར་ཚེའི་རྒྱུད་བསྒྱུར་བའི་དུས་ཇོ་མོ་འཚོ་རྒྱལ་གྱིས་རྒྱུད་ཀྱི་བཀའ་ཇི་ལྟར་བབས་ཚུལ་སོགས་ཞུས་པ། གཉིས་པ་རྩ་བ་རྒྱུད་པ་ནི། བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལེའུ་བཅུ་བཞི་པ་ཨོ་རྒྱན་ཆེན་པོའི་རང་རྒྱུད། འདི་དང་ཞུས་
དག་ཕེར་བའི་བཀའ་མ་རྒྱ་གར་གྱི་པཎྜི་ཏ་བི་ཤ་མ་ཏྲ་དང་ལོ་ཙཱ་བ་འཇིགས་གསལ་འབར་གྱིས་བསྒྱུར་བ་ཅིག་ཡོད་དོ། །གསུམ་པ་སྒྲུབ་འཕྲིན་དབང་ལ། འཆི་མེད་ཚེའི་རྒྱུད་དོན་སྔོན་འགྲོའི་ཆོས་སྤྱོད་ལམ་རིམ་ལྔ་པ། སྔོན་འགྲོའི་ལྷན་ཐབས་རིན་ཆེན་འཕྲེང་བ་ཞེས་སྔགས་དྲུག །ཕྱག་རྒྱ་དྲུག །ཏིང་ངེ་འཛིན་དྲུག་གིས་བྱིན་གྱིས་བརླབ་པ། མགྲོན་སྤྱན་དྲངས་ཤིང་མཆོད་གསོལ་གཤེགས་པ་དང་བཅས་པ། འཆི་མེད་ཚེའི་རྒྱུད་དོན་ཀུན་གྱི་ཁ་སྐོང་ལས་བྱང་དངོས་གྲུབ་ཆར་འབེབས་སྦྱོར་དངོས་འཇུག་གསུམ་གྱིས་བསྟན་པ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་ཡི་གེར་བཀོད་པ། རྒྱུན་དུ་རྣལ་འབྱོར་ནང་མར་ཉམས་སུ་ལེན་པའི་ལས་རིམ་ཡེ་ཤེས་སྙིང་པོ་རྒྱུད་དོན་དཀྲོལ་ནས་ཉམས་ལེན་དུ་གདམས་པ་འཚོ་རྒྱལ་གྱིས་ཡི་གེར་བཀོད། འཆི་མེད་ཚེའི་རྒྱུད་དོན་ཚེ་བསྲིང་ཞིང་། ནད་སེལ་བའི་ཐུགས་དམ་ནར་མ་བདུད་རྩི་རྒྱུད་འབྱུང་ཨོ་རྒྱན་གསུང་བཞིན་ནམ་མཁའི་སྙིང་པོས་ཡི་གེར་བཀོད། འཆི་མེད་ཚེའི་རྒྱུད་དོན་སྨིན་བྱེད་བསྙེན་པའི་དབང་རིམ་བདུད་རྩི་འཁྱིལ་བ་དཔལ་འབྲས་མོ་ལྗོངས་ཀྱི་བཀྲ་ཤིས་སྡིངས་སུ་རྗེ་འབངས་ཉེར་ལྔ་ལ་གསང་སྔགས་སྤྱིའི་ཆོས་འཁོར་བསྐོར་ཚེ་བཻ་རོ་ཙ་ནས་ཡི་གེར་བཀོད་པ། རྒྱུད་ཚོམ་བུ་ཚོགས་སྒྲུབ་ཀྱི་ལས་རིམ་ཞེས་པ་དཀྱིལ་འཁོར་བཞི་སྦྲགས་སུ་སྒྲུབ་པའི་སྒྲུབ་ཁོག་དངོས་གྲུབ་རྒྱ་མཚོ་འམ་དངོས་གྲུབ་བང་མཛོད་དུ་གྲགས་པ་རྣམས། བཞི་པ་ལས་ཕྲན་ལ། འཆི་མེད་ཚེའི་རྒྱུད་དོན་ཚེ་ཉམས་འགུགས་ཤིང་གསོ་བ་སློབ་དཔོན་གྱི་མཚན་ཉིད་བརྟག་པ་བྱིན་རླབས་སྤྲིན་ཕུང་། འཆི་མེད་ཚེའི་རྒྱུད་དོན་འཆི་རྐྱེན་རྟགས་ཀྱི་རིམ་པ་བསྟན་པ་གསལ་བྱེད་མེ་ལོང་སྐབས་ལྔ་པ། འཆི་མེད་རྒྱུད་དོན་བཅུད་
ལེན་གྱིས་ཚེ་བསྲིང་བའི་རིམ་པ་འཆི་མེད་ཡེ་ཤེས་བདུད་རྩི་འཁྱིལ་བ་འདི་ལ་སྨན། འབྲས་བུ། རྡོ། རྩི། ཤ །ས། ཆུ་སྟེ་རིགས་ཐམས་ཅད་ཀྱི་བཅུད་ལེན་ཀུན་འདུས་པ་སྤྱི་དོན་གསུམ་གྱིས་བསྟན་པ་བདུད་རྩི་བཅུད་ལེན་འདུས་པའི་ལྐོག་ཡིག་རྫས་སྦྱོར་མན་ངག །འཆི་མེད་ཚེའི་རྒྱུད་དོན་འཆི་བ་བསླུ་ཐབས་ཤིན་ཏུ་ཟབ་པའི་ལག་ལེན་འཆི་བདག་བཟློག་པའི་ཆོ་ག་རྟེན་འབྲེལ་གནད་ཀྱི་འཁོར་ལོ། འཆི་མེད་ཚེའི་རྒྱུད་དོན་ཚེའི་འཁོར་ལོས་ཚེ་བསྲིང་ཞིང་སྤེལ་བའི་ཐབས་ཚེ་སྒྲུབ་ཡིད་བཞིན་འཁོར་ལོ། བྱོལ་སོང་ཕྱུགས་ཀྱི་ཚེ་བསྲིང་བའི་འཁོར་ལོ། བྲེ་སྲང་དང་བཅད་ཤིང་རྣམས་ལ་གདབ་རྒྱུའི་སྔགས། འཆི་མེད་ཚེའི་རྒྱུད་དོན་ལས་བསངས་ཡིག་བདུད་རྩི་འཁྱིལ་བ་བཅས་ཐོབ་པ་ལས་དབང་དང་སྒྲུབ་ཁོག་གི་ལུང་བརྒྱུད་ནི། ཆོས་སྐུ་ཀུན་བཟང་འོད་དཔག་མེད། ལོངས་སྐུ་ཚེ་བདག་ཞི་ཁྲོ། སྤྲུལ་སྐུ་ཨོ་རྒྱན་ཆེན་པོ། སྤྲུལ་པ་རྗེ་འབངས་ཉེར་ལྔ། གཏེར་སྟོན་ཉི་ཟླ་འོད་ཟེར། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །སྒྲུབ་ཁོག་མ་གཏོགས་ལུངས་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། གཏེར་སྟོན་ནས། རྒྱལ་སྲས་མགར་རྩ་བ་བདེ་ཆེན་རྡོ་རྗེ། ལྕགས་ཟམ་ཆོས་རྗེ་ངག་དབང་ཉི་མ། ལྕགས་ཟམ་སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག །ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ལོ་རྒྱུས་རིན་ཅེན་འཕྲེང་བ་ལས། ཨེ་མ་དུས་གསུམ་རྒྱལ་བའི་ཐུགས༔ མི་འགྱུར་དགོངས་པའི་ཡང་གཏེར་འདི༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ རིན་ཅེན་ས་ཡི་གཏེར་དུ་སྦ༔ ད་ལྟ་དམ་ཚིག་འདྲེས་པ་ཡི༔ ལས་
ལྡན་བུ་ཡི་དཔལ་དུ་འགྱུར༔ ཞེས་དང་། རྡོ་རྗེའི་ཚིག་རྐང་ལས། དེ་ལྟར་རྒྱལ་བ་ཀུན་གྱི་དགོངས་པའི་བཅུད༔ འཕགས་མཆོག་རྡོ་རྗེའི་གསུང་གིས་བདག་ལ་གནང་༔ པདྨ་བདག་གིས་མན་ངག་ཁ་བསྐངས་ཏེ༔ དངས་མའི་འཁོར་ལྔ་མ་འོངས་ལས་ལྡན་དོན༔ རྣམ་སྣང་ཐུགས་ཀྱི་སྒྲོམ་བུར་ཨ་ཐམ་རྒྱ༔ མ་འོངས་ལྔ་བཅུ་ཁ་རལ་ཡང་མཐའི་ཚེ༔ གབ་སྦས་མན་ངག་ཀུན་གྱི་བདག་པོ་གཅིག༔ བདག་གིས་བྱིན་བརླབས་ཐོགས་མེད་བདུད་འདུལ་རྩལ༔ མཁའ་ལ་ཉི་ཤར་ཇི་བཞིན་བྱུང་བའི་དུས༔ ཆོས་འདིའི་བསྟན་པ་ཕྱོགས་མཐར་ཁྱབ་པར་འགྱུར༔ ཁྱད་པར་ཐུགས་ཀྱི་དམ་འདྲེས་ལས་ཅན་ལྔ༔ དགོངས་པ་དབྱེར་མེད་ཡང་ཟབ་བསྟན་པ་སྐྱོང་༔ ཞེས་པ་ལྟར་སྤྲུལ་པའི་གཏེར་སྟོན་ཉི་ཟླ་འོད་ཟེར་གྱིས་སློབ་དཔོན་ཆེན་པོའི་ལུང་བསྟན་བཞིན་སྤ་གྲོ་སྟག་ཚང་ནས་ཁ་བྱང་གདན་དྲངས་ཏེ་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་བར་ཁང་གི་བཅོམ་ལྡན་འདས་རྣམ་པ་སྣང་མཛད་ཀྱི་ཐུགས་ཀ་ནས་སྤྱན་དྲངས་པའ་ིདུར་ཁྲོད་ཆེན་པོ་བརྒྱད་ཀྱི་ས་སྣ་རྡོ་སྣ་ལ་གར་བུ་བྱས་པའི་ཟ་མ་ཏོག་ཏུ་གཏམས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་གྲོལ་གྱི་ཆོས་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཆོག་བདེ་ཆེན་དབྱིངས་སྦྱོར་གྱི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་ཐུན་མོང་རིག་པའི་དབང་ལྔ། ཐུན་མོང་མ་ཡིན་པ་རྡོ་རྗེ་རྒྱལ་པོའི་དབང་། ལྷ་དབང་། རིགས་ཀྱི་བདག་པོའི་དབང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་། བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་། མེ་ལོང་། མན་ཤེལ། དར་སྣ་ལྔ། ཉི་ཟེར། ཨ་མྲྀ་ཏ་ལ་བརྟེན་ནས་རིག་པའི་རྩལ་དབང་རྣམས་ལེགས་པར་མནོས་ནས།
རྒྱབ་རྟེན་ལུང་ལ། ཡིད་ཆེས་བསྐྱེད་པ་ལོ་རྒྱུས། དབང་སྒྲུབ་འཕྲིན་ལས། གྲོལ་བྱེད་རྫོགས་རིམ། གཞན་ཕན་འཕྲིན་ལས། བཀའ་སྲུང་དང་ལྔ། དང་པོ་ནི། སྐལ་ལྡན་ཡིད་ཆེས་བསྐྱེད་ཕྱིར་གདམས་པའི་ལོ་རྒྱུས་༼བྱང༽རིན་ཆེན་འཕྲེང་བ། གཉིས་པ་དབང་སྒྲུབ་འཕྲིན་ལས་ལ། ཆོས་བདག་བ་ལེ་བ་རྣམ་རྒྱལ་དཔལ་བཟང་དམ་ཆོས་རྒྱལ་མོས་གུས་གྲུབ་པས་མཛད་པའི་བརྒྱུད་འདེབས་ཆོས་དབྱིངས་གྲུ་འཛིན་མ། ཐུགས་རྗེ་ཆེན་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཕྱི་དཀྱིལ་འཁོར་དུ་སྒྲུབ་པའི་སྒོམ་༼བྱང༽རིམ་ཡིད་བཞིན་ནོར་བུ། ཐུགས་རྗེ་ཆེན་པོ་ལུང་ཨ་ནུ་ཡོ་ག་ལྟར་ནང་ལུས་དཀྱིལ་དུ་༼བྱང༽སྒྲུབ་པའི་སྒོམ་རིམ་ཡིད་བཞིན་ནོར་བུ། ཐུགས་རྗེ་ཆེན་པོ་རྫོགས་པ་ཨ་ཏི་ཡོ་ག་ལྟར་གསང་བ་སེམས་ཀྱི་དཀྱིལ་འཁོར་དུ་སྒྲུབ་པའི་༼བྱང༽སྒོམ་རིམ་ཡིད་བཞིན་ནོར་བུ། ཡོ་ག་གསུམ་གྱི་སྒྲུབ་པའི་ཁ་སྐོང་༼བྱང༽ལས་བྱང་ཡེ་ཤེས་འཁོར་ལོ། སྐལ་ལྡན་སྨིན་བྱེད་དབང་གི་རིམ་པ་བདེ་ཆེན་དབྱིངས་སྦྱོར་རྣམས། གསུམ་པ་གྲོལ་བྱེད་རྫོགས་རིམ་ལ། གནས་བརྟག་པ་ནི་ལོ་རྒྱུས་ཀྱི་སྤྲོ་བ་བསྐྱེད་པའི་བར་བརྒྱད་ཀྱི་རྗེས་སུ་ཐུན་མོངས་མ་ཡིན་པར་བདུན་གྱི་ནང་ཚན་སྔོན་འགྲོ་སྐྱབས་འགྲོ་ནས་ཚོགས་གསོག་གི་བར་ལྔ། བསྙེན་པ་ཁ་གསོ། བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བའི་འཁྲིད། རིག་པའི་རྩལ་དབང་དང་འབྲེལ་བའི་རྫོགས་པ་ཆེན་པོའི་སྔོན་འགྲོ་དང་ཀ་དག་ལྷུན་གྲུབ་ཀྱི་ལམ། མཇུག་མི་འགུལ་བ་ནས་གདེངས་ཀྱི་དྲུག་བར་དོ། འཕོ་བ་རྣམས་སྟོན་པ་༼བྱང༽རྩ་བ་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་རྣམ་སྣང་ཐུགས་ཀྱི་སྒྲོམ་བུར་ཨ་ཐམ་རྒྱས་བཏབ་པ། རྩ་བ་རྡོ་རྗེའི་ཚིག་རྐང་གི་དོན་རྒྱས་པར་དཀྲོལ་བ་སྙན་བརྒྱུད་རིན་པོ་ཆེའི་ཐུགས་ཀྱི་ཐགས་པ་ཟབ་རྒྱའི་རྫོགས་རིམ་༼བྱང༽འཇའ་ལུས་མཆོག་སྦྱིན་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་
བསྟན་པ། བར་དོ་གནད་ཀྱི་མན་ངག་ཅེས་པ་དབང་པོ་རབ་རང་བཞིན་བར་དོ་ཆོས་སྐུར་གྲོལ་བ་བྱ་ཐི་བ་རང་གི་ཚང་དུ་འཇུག་པ་ལྟ་བུ། དབང་པོ་འབྲིང་འཆི་ཁ་དང་ཆོས་ཉིད་བར་དོ་ལོངས་སྐུར་གྲོལ་བ་མའི་པང་དུ་བུ་རྒྱུག་པ་ལྟ་བུ། དབང་པོ་མཐའ་མ་སྲིད་པ་བར་དོ་སྤྲུལ་སྐུ་འགྲོ་བ་ཡུར་བར་ཀོང་ཆད་པ་ལ་ཝ་འཛུགས་པ་ལྟ་བུ་རྣམས་བསྟན་པ། སྡིག་ཅན་ངན་འགྲོ་ལས་སྐྱོབ་པ་མ་བསྒོམས་སངས་རྒྱས་༼བྱང༽འཕོ་བ་ཡེ་ཤེས་ཟང་ཐལ། དེའི་ཞལ་༼བྱང༽ཤེས། ཟབ་མོ་རྫོགས་པ་ཆེན་པོའི་འཁྲིད་ཀྱི་མན་ངག་གསལ་བར་བྱེད་པ་ནོར་བུའི་འཕྲེང་བ་ཞེས་པ་ཆོས་བདག་བ་ལེ་བ་སངས་རྒྱས་དཔལ་བཟང་ངམ་རྣམ་རྒྱལ་དཔལ་བཟང་པོས་མཛད་པ་རྣམས། བཞི་པ་གཞན་ཕན་འཕྲིན་ལས་ལ། མཚམས་མེད་ལྔ་སྤྱད་པའང་༼བྱང༽ངན་འགྲོ་ལས་སྐྱོབ་པ་དམ་རྫས་བདུད་རྩིའི་སྒྲུབ་པ་མྱོང་གྲོལ་མཆོག་སྟེར། ལས་ཚོགས་འདོད་དགུའི་བང་མཛོད་ལ་ནང་གསེས་ཀྱི་ཉི་མའི་འོད་ཁྱབ་ཀྱི་འགྲོ་བ་རྣམས་བདག་གི་འདུལ་བྱར་འགྱུར་བ། ཆུ་སུམ་བཏུང་སྒྲིབ་པ་དག་ནས་འཕགས་ཞིང་དུ་སྐྱེ་བ། རླུང་ཕོག་ཚད་ཀྱི་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱོང་བ། བྲིས་སྐུ་ལ་བརྟེན་ནས་སྐུའི་མཐོང་གྲོལ། འཁོར་ལོ་ལ་བརྟེན་ནས་གསུང་གི་མཐོང་གྲོལ། མེ་ལོང་ལ་བརྟེན་ནས་ཐུགས་ཀྱི་བཅས་མཐོང་གྲོལ་གྱི་བསྟན་པ་རྣམས། ལྔ་པ་བཀའ་སྲུང་ཆོས་སྐྱོང་ལ། བཀའ་སྲུང་དུག་གི་སྤུ་གྲི་ཁྱབ་འཇུག་ནག་པོའི་གསོལ་མཆོད་སྔོན་ཚེ་དབང་ཆེན་མ། འདི་ལ་གཞན་ཡང་སྒྲུབ་སྐོར་དང་གདོང་གཏད་སོགས་མང་དུ་ཡོད་འདུག་པ་ནི་གཏེར་སྟོན་གྱི་གབ་ནས་དེང་སང་རྒྱུན་མི་སྣང་ངོ་། །དེ་ལྟར་དབང་ལུང་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡོངས་གྲུབ་བདེ་ཆེན། སྤྲུལ་སྐུ་པདྨ་མཚོ་སྐྱེས་རྡོ་རྗེ། རྒྱལ་ཡུམ་ཡེ་
ཤེས་འཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས། གཏེར་སྟོན་ཉི་ཟླ་འོད་ཟེར་རམ་ལེགས་ལྡན་རྡོ་རྗེ། ཆོས་བདག་བ་ལེ་བ་སྤྱན་སྔ་རྣམ་རྒྱལ་དཔལ་བཟང་། མཁས་ཤིང་གྲུབ་བརྙེས་སྟག་ལུང་ངག་དབང་རྣམ་རྒྱལ། དེ་དབོན་མཚུངས་མེད་ངག་དབང་བཀྲ་ཤིས་དཔལ་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་གྱི་རིགས་ལས་སྔགས་དཀར་མ་ཎི་བའི་ཉམས་ལེན་མནོག་ཆོས་སུ་སྩལ་བའི་བཀའ་དྲིན་ནི་བྱང་ཆུབ་ཀྱི་བར་དུའང་གཞལ་བར་མི་ནུས་སོ། །བྱང་གི་རྟགས་ཡོད་པའི་ལུང་བརྒྱུད་ལུགས་གཅིག་ནི། བ་ལེ་བ་རྣམ་རྒྱལ་དཔལ་བཟང་ནས། གཏེར་སྟོན་གྱི་ཡང་སྲིད་རིག་འཛིན་ངག་གི་དབང་པོ་ཐུགས་རྗེ་དབང་གྲུབ་རྩལ། སྔགས་འཆང་ཀུན་བཟང་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་སྟོན་ཉི་ཟླ་འོད་ཟེར་གྱི་ཟབ་གཏེར་ལས་བྱོན་པའི་དཔལ་ཨོ་རྒྱན་ཆེན་པོའི་རྣམ་ཐར་མཛད་ཚུལ་དགུ་བཅུ་པ་ལས་ཅན་དག་པའི་འཁོར་ལྔས་ཞུས་ཤིང་འཚོ་རྒྱལ་དང་སྣ་ནམ་པ་གཉིས་ཀྱིས་ཡི་གེར་བཀོད་པའི་དོན་བསྡུས་གསལ་བའི་ཉི་འོད་ལས་མཛད་པ་བཅོ་ལྔ་པ་གཏེར་སྦས་ཤིང་གཏེར་འབྱིན་པའི་དུས་རྟགས་ཀྱི་ནང་ནས་མངའ་བདག་ཉང་དང་ཆོས་དབང་སྐུ་འཁྲུངས་པའི་འདི་མན་མ་ཚང་བ་ཤོག་སེར་ནས་འབེབས་འཕྲོར་ལུས་པ་ཡིན་མིན་བརྟག །ལུང་བསྟན་ནི་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས་ལས་ཅན་དག་པའི་འཁོར་ལྔ། གཏེར་སྟོན་སྤྲུལ་པའི་སྐུ་མཆོག་ལེགས་ལྡན་རྡོ་རྗེ། ལ་སྟོད་བྲག་སྨྱོན་ལེགས་པ་མཆོག །བླ་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་
ཟ་ཧོར་གྱི་བནྡེ་ལའོ། །མངའ་རིས་རིག་འཛིན་ཆེན་པོས་བསམ་ཡས་མཆོད་རྟེན་ནག་པོ་ནས་གདན་དྲངས་པའི་གཤིན་རྗེ་འཆར་ཀ་ནག་པོའི་ཡང་ཟློག་གསད་པ་གཅིག་ཏུ་དྲིལ་བ་ཉི་མ་མདུང་གང་མར་གྲགས་པ་དེས་སྤ་གྲོ་སྐྱེར་ཆུའི་ལྷ་ཁང་ནས་ཟླ་བ་བདུན་པའི་ཚེས་དགུའི་ཐོ་རེངས་གདན་དྲངས་པའི་སཱཙྪ་ནག་པོར་བརྟེན་ནས་ཚེ་དང་བསོད་ནམས་བསྣུབ་ཐབས། དགྲ་བོའི་བསོད་ནམས་བསྣུབ་པ་འཁོར་ལོ་ནག་པོའི་ལས་སྦྱོར། སྙིང་གཟེར་ནག་པོའི་ལས་མཐའ་ཕ་རོལ་དགེ་འདུན་གྱི་མདོ་སྒྲུབ་ཀྱི་བྱས་པ་བཤིག་པ་རྣམས་ཀྱི་བརྒྱུད་པ་ནི། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལེགས་ལྡན་རྡོ་རྗེ། དེའི་མཆོད་དཔོན་སྔགས་འཆང་ལེགས་མཆོག་པ། ཟུར་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །སྤྲུལ་པའི་གཏེར་སྟོན་བདུད་འཇོམས་རྡོ་རྗེ་ཉི་ཟླའི་མཚན་ཅན་ལ་སློབ་དཔོན་ཆེན་པོས་དངོས་སུ་གནང་བའི་འཆི་མེད་ཚེའི་སྒྲུབ་པ་ནམ་མཁའ་ཟས་སུ་ཟ་བའི་གདམས་པ་ཤིན་ཏུ་ཟབ་པ་ཁྱབ་བདག་དབང་ཕྱུག་རབ་བརྟན་ཡབ་སྲས་གཉིས་ལ་བྱ་གཤོང་དུ་རིག་འཛིན་རྗེས་གནང་བའི་རེག་ཞིག་གི་ལུང་ཕྲ་ཞིབ་ཕྱག་ལེན་ཞལ་ཤེས་དང་བཅས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་མགོན། སྤྲུལ་སྐུ་ཨོ་རྒྱན་པདྨ་ཚེ་དབང་རྩལ། ཡང་སྤྲུལ་ལེགས་ལྡན་བདུད་འཇོམས་རྡོ་རྗེ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེའི་མནོག་ཆོས་སུ་གནང་བའི་བཀའ་དྲིན་བླ་ན་མེད་པའོ། །ལུང་བརྒྱུད་ལུགས་གཅིག་ནི། རྗེ་དབང་ཕྱུག་རབ་བརྟན་ནས། གླང་ཕུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །ལྕགས་ཟམ་
སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག །ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །