Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
  
 collapse section
  
  
མཚན་གྱི་དོན་བཤད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousམཚན་གྱི་དོན་བཤད་པ།next

མཚན་གྱི་དོན་བཤད་པ།


GLG012_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་དོན་བཤད་པ།དེ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ། ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པ་དང་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ལེགས་སྦྱར་གྱི་སྐད་དུ་བསྟན་བཅོས་འདིའི་མཚན་ལ། མ་དྷྱཱ་སོགས་སུ་འབོད་པ་ཡིན་ཏེ། མདྷྱཱ་མ་ཀ་ནི་དབུ་མ། ཨ་ཝ་ཏཱ་ར་ནི་འཇུག་པ། ནཱ་མ་ནི་ཞེས་བྱ་བ་ལ་སྐད་གཉིས་སྨྲ་བ་རྣམས་ཀྱིས་བསྒྱུར་པའི་ཕྱིར། དེ་ལྟར་རྒྱ་བོད་ཀྱི་སྐད་ཤན་སྦྱར་བ་ལ་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་འདི་ཉིད་འཕགས་ཡུལ་མཁས་པའི་གསུང་ངག་ཡིན་པར་ཤེས་པ་དང་། རང་རེའི་སྟོན་པས་ཀྱང་གསུང་རབ་ཕལ་ཆེར་ལེགས་སྦྱར་གྱི་སྐད་ལ་བརྟེན་ནས་བཀའ་སྩལ་པས། སྐད་དེ་ལ་བག་ཆགས་གཞག་པའི་ཆེད་ཡིན་པའི་ཕྱིར། དེ་ཡང་བྱིངས་ལས་མིང་དང་། མིང་ལས་ཚིག་ཏུ་བསྒྲུབ་པའི་ཚུལ་ཅུང་ཟད་བརྗོད་ན། མཁས་རྣམས་དགའ་བ་བསྐྱེད་པར་ནུས་མོད། འོན་ཀྱང་མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས། གངས་རིའི་ཁྲོད་འདིར་སྒྲ་ལ་མཁས་པ་དཀོན། །ཀླ་ཀློ་བླུན་པོའི་སྐད་ཀྱིས་བརྡ་དོན་འཚོལ། །འགའ་ཞིག་སྐད་དོད་ཙམ་གྱིས་ཆོག་པར་འཛིན། །ལ་ལ་རང་གི་རྣམ་དཔྱོད་ཚོད་ལྟ་བྱེད། །ཅེས་གསུངས་པ་ལྟར། མཁས་པར་རློམ་པ་རྣམས་ཀྱང་ཕྱོགས་འདི་ལ་རོ་འཛིན་གཡོ་བ་ཆེས་ཉུང་བས་རེ་ཞིག་


GLG012_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་མོ། །གཉིས་པ་ནི། མ་དྷྱཱ་ཞེས་བྱ་བའི་སྐད་ནི། དབུས་དང་བར་དང་དཀྱིལ་ཞེས་སོགས་མང་པོ་ལ་འཇུག་ཅིང་། དབུ་མའི་ལྟ་བ་ལ་དབུ་མར་བྱས་པ་དང་། དེ་སྟོན་པའི་བསྟན་བཅོས་ལ་དབུ་མར་བྱས་པ་དང་། དེ་འཛིན་པའི་གྲུབ་མཐའ་ལ་དབུ་མར་བྱས་པ་སོགས་མང་ཡང་། འདིར་འཇུག་བྱའི་དབུ་མ་ནི་བསྟན་བཅོས་ལ་ངོས་འཛིན་དགོས་སྟེ། རང་འགྲེལ་ལས། དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར། དབུ་མ་ལ་འཇུག་པ་རྩོམ་པར་འདོད་པས། ཞེས་གསུངས་པའི་ཕྱིར། བསྟན་བཅོས་འདི་རིགས་པའི་ཚོགས་དྲུག་སོགས་མང་པོ་ལ་བྱེད་དམ་སྙམ་ན། མ་ཡིན་ཏེ། རང་འགྲེལ་དུ། རྩ་ཤེའི་ལུང་འདྲེན་མཛད་པའི་ཚེ། དབུ་མ་ལས་ཞེས་གསུངས་ཤིང་། གཞན་རྣམས་ལ་རང་རང་གི་མིང་ནས་སྨོས་པས་ན་བསྟན་བཅོས་ཀྱང་རྩ་ཤེ་ལ་བྱེད་པ་དོན་གྱིས་བསྟན་པའི་ཕྱིར། འདིས་རྩ་ཤེ་ལ་ཇི་ལྟར་འཇུག་སྙམ་ན། ཟབ་རྒྱས་གཉིས་ལས། ཟབ་པའི་སྒོ་ནས་འཇུག་ཚུལ་ཡོད་དེ། རྩ་ཤེར་རང་རྒྱུད་པ་དང་སེམས་ཙམ་པ་སོགས་ཀྱི་ལུགས། ཕྱི་རོལ་དོན་གྱིས་སྟོངས་པའི་ཤེས་པ་བདེན་གྲུབ་དང་། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་ལ་དགག་པ་དངོས་སུ་མ་མཛད་པ་རྣམས་བསྟན་བཅོས་འདིར་དམིགས་ཕུག་པའི་སྒོ་ནས་བཀག་ནས། རང་རྒྱུད་པ་མན་ཆད་ཀྱིས་རྩ་ཤེའི་དགོངས་པ་བཀྲལ་བ་དང་། ཐུན་མོང་མ་ཡིན་པའི་ཚུལ་གྱིས་དེའི་དགོངས་པ་འགྲེལ་པ་ལ་འཇུག་པའི་ཕྱིར། རང་འགྲེལ་ལས། ལུགས་འདི་ནི་ཐུན་མོང་མ་ཡིན་པའོ། །ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །ཞེས་དང་། དེ་ཉིད་མ་རྟོགས་པས་ཆོས་ཟབ་མོ་འདི་སྤངས་


GLG012_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་ཕྱིར། བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར་དབུ་མ་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྒྱ་ཆེ་བའི་སྒོ་ནས་འཇུག་ཚུལ་ཡོད་དེ། འཕགས་པའི་མན་ངག་ལ་བརྟེན་ནས། མཆོད་བརྗོད་ཀྱི་སྐབས་སུ་བྱང་སེམས་སོ་སྐྱེའི་ཆོས་གསུམ། ལུས་ཀྱི་སྐབས་སུ་འཕགས་པ་སློབ་པའི་ས་བཅུ་དང་། མི་སློབ་པ་འབྲས་བུའི་སའི་རྣམ་གཞག་དང་། ས་ལྔ་པ་དང་། དྲུག་པའི་གོ་རིམ་གྱིས་བསམ་གཏན་གྱི་ངོ་བོ་ཞི་གནས་ལ་བརྟེན་ནས་བདག་མེད་པ་གཉིས་ཀྱི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པའི་ལྷག་མཐོང་བསྒོམ་པའི་ཚུལ་སོགས་རྒྱ་ཆེར་གསུངས་པའི་སྒོ་ནས་འཇུག་པའི་ཕྱིར། གསུམ་པ་ལ་ཁ་ཅིག་ན་རེ། སྟོང་པ་ཉིད་དེ་འདིར་འཇུག་བྱའི་དབུ་མ་ཡིན་ཟེར་ན། དེ་ཆོས་ཅན། རྗོད་བྱེད་ཀྱི་ཚིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། མ་ཁྱབ་ན། ཁྱབ་པར་ཐལ། དེ་ཡིན་ན་བསྟན་བཅོས་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན་རྩ་ཤེ་དང་དེའི་གཞུང་གང་རུང་ཡིན་དགོས་པའི་ཕྱིར། དེར་ཐལ། ཊཱིཀ་ཆེན་ལས། དབུ་མ་ལས་ཞེས་མང་དུ་གསུངས་པ་ལྟར་རྩ་ཤེ་ལ་བྱ་ཡི། དབུ་མའི་གཞུང་གཞན་དང་དབུ་མའི་དོན་གཞན་ལ་མི་བྱའོ། །ཞེས་གསུངས་པའི་དོན་གཞན་དེ་སྟོང་ཉིད་ལ་བསྙེག་དགོས་པའི་ཕྱིར། ཁ་ཅིག །རྩ་ཤེར་ཟབ་པའི་རིམ་པ་རྒྱས་པར་མ་བསྟན་ལ། འདིར་རྒྱས་པར་བསྟན་པའི་རྒྱུ་མཚན་གྱིས་འཇུག་པ་ཞེས་བཤད་པ་ཡིན་ཟེར་ན། མི་འཐད་པར་ཐལ། འཇུག་པ་ལས་རྩ་ཤེ་དེ་ཁོ་ན་ཉིད་སྟོན་པའི་རིགས་པའི་རྣམ་གྲངས་མང་


GLG012_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། དེར་ཐལ། རྣམ་བཤད་ལས། དེ་ཁོ་ཉིད་གཏན་ལ་འབེབས་པའི་རིགས་པའི་རྣམ་གྲངས་ནི་འཇུག་པ་ལས་རྩ་བ་ཤེས་རབ་ཤིན་ཏུ་རྒྱས་པས་བཤད་པ་དེ་ལེགས་པར་མ་མཐོང་ངོ་། །ཞེས་གསུངས་པའི་ཕྱིར། ཁ་ཅིག་རྩ་ཤེས་རྒྱ་ཆེ་བའི་ཐེག་ཆེན་གྱི་ཁྱད་ཆོས་དངོས་སུ་མ་བསྟན་པས། ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྟན་བཅོས་སུ་མི་འགྱུར་ཏེ། འཕགས་པའི་ལུགས་ལ་ཐེག་པ་ཆེ་ཆུང་གི་ཁྱད་པར་རྒྱ་ཆེ་བའི་ཐེག་ཆེན་ལམ་གྱི་རིམ་པ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ན་མ་ཁྱབ། འདོད་ན། མི་འཐད་པར་ཐལ། དེས་སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསྟན་པ་གང་ཞིག །དེ་འདྲའི་བསྟན་བཅོས་ཡིན་ན་ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྟན་བཅོས་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་སྟོན་པའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན་ཐེག་ཆེན་གྱི་རིགས་ཅན་ཡིན་དགོས་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར། ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ། རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། དེའི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མེད་པར་ཐལ། དེའི་ཆེད་དུ་བྱ་བའི་གདུལ་བྱ་དང་ཐེག་དམན་གྱི་གང་ཟག་ལ་ཁྱད་པར་ཡོད་པའི་ཕྱིར། དེར་ཐལ། རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོ་ལས། གཞུང་འདིར་ལྟ་བ་ལས་མ་གཏོགས་པའི་ཐེག་ཆེན་གྱི་ཁྱད་ཆོས་མ་བསྟན་ཀྱང་ཆོས་ཀྱི་བདག་མེད་ཤིན་


GLG012_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྒྱས་པར་སྟོན་པས་ཆེད་དུ་བྱ་བའི་གདུལ་བྱ་ལ་ཁྱད་པར་ཡོད་དོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་རྩ་ཤེས་རྒྱ་ཆེ་བའི་ལམ་གྱི་རིམ་པ་དངོས་སུ་བསྟན་ཟེར་ན། བསྟན་བཅོས་འདིས་རྩ་ཤེ་ལ་རྒྱ་ཆེ་བའི་སྒོ་ནས་འཇུག་པའི་ཚེ་འཕགས་པའི་མན་ངག་གཞན་གྱིས་ཁ་འགེངས་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་བཤད་ལས། རྒྱ་ཆེ་བའི་ལམ་གཞན་འཕགས་པའི་མན་ངག་གིས་ཁ་བསྐང་ན་ཤིན་ཏུ་ལེགས་པས་ཞེས་གསུངས་པ་མི་འཐད་པར་ཐལ་ལོ། ཁ་ཅིག་དབུ་མ་ལ་དབྱེ་ན། གཞི་དབུ་མ། ལམ་དབུ་མ། འབྲས་བུ་དབུ་མ་གསུམ་ཡོད། བདག་མེད་དང་པོ་དང་། བདག་མེད་རྟོགས་པའི་ཡེ་ཤེས་གཉིས་པ་དང་། སྐུ་གསུམ་པོ་གསུམ་པའི་མཚན་གཞི་ཡིན་ཟེར་ན། བདག་མེད་རྟོགས་པའི་ཡེ་ཤེས་ཆོས་ཅན། ཁྱོད་སངས་འཕགས་ཀྱི་རྒྱུད་ལ་མེད་པར་ཐལ། ཁྱོད་ལམ་དབུ་མ་ཡིན་པའི་ཕྱིར། འདོད་མི་ནུས། རྟག་ཆད་ཀྱི་མཐའ་དང་བྲལ་བའི་ཆོས་ཡིན་ན་དབུ་མ་ཡིན་དགོས་པར་ཐལ། སྐུ་གསུམ་དབུ་མ་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་སྐྱེ་བ་སྔ་ཕྱི་མེད་པ་དེ་སྐུར་འདེབས་ཀྱི་མེད་མཐའ་ཡིན་ཟེར་ན། སྐྱེ་བ་སྔ་ཕྱི་མེད་པ་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་མེད་མཐའ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྐྱེ་བ་སྔ་ཕྱི་ཆོས་ཅན། ཁྱོད་མེད་པ་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ཡོད་མཐའ་ཡིན་ན་མེད་མཐའ་མ་ཡིན་པས་ཁྱབ་ཟེར་ན། བདེན་མེད་བདེན་པར་གྲུབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། བདེན་མེད་ཆོས་ཅན།


GLG012_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་བདེན་པར་གྲུབ་པ་ཡོད་མཐའ་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། འདོད་ན། ཡིན་པར་ཐལ། ཁྱོད་དུ་འཛིན་པའི་བློ་དེ་མེད་པའི་མཐར་འཛིན་ཡིན་པའི་ཕྱིར། དེར་ཐལ། རྩ་ཤེ་ཊཱིཀ་ཆེན་ལས། དགག་བྱ་བཀག་པའི་མེད་པ་ཡང་དག་པར་ཡོད་དོ་ཞེས་འཛིན་ན་དངོས་པོ་མེད་པའི་མཐར་ལྷུང་བས་དེ་འགོག་པ་ཡང་མེད་མཐའ་འགོག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། ཆོས་ཉིད་བདེན་གྲུབ་ཏུ་འཛིན་པའི་བློ་དེ་མེད་པའི་མཐར་འཛིན་ཡིན་པར་ཐལ། བདེན་མེད་ལ་དེའི་ཕྱིར། འདོད་ན། བུམ་པ་བདེན་གྲུབ་ཏུ་འཛིན་པའི་བློ་དེ་མེད་པའི་མཐར་འཛིན་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་སྐབས་འདིར་འཇུག་བྱའི་དབུ་མ་ཡིན་ན་རྩ་ཤེ་ཡིན་པས་ཁྱབ་ཟེར་ན། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་ཀྱི་ཤླཽ་ཀ་གཅིག་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རྩ་ཤེའི་རང་གཞུང་རྣམ་དག་ཡིན་པའི་ཕྱིར། འདོད་ན། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །ཅེས་སོགས་ཀྱི་ཤླཽ་ཀ་གཅིག་པུ་དབུ་མ་འཇུག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སེམས་བསྐྱེད་བཅུའི་བདག་ཉིད་ཅན་གྱི་བསྟན་བཅོས་ཡིན་པར་ཐལ་ལོ། ཁ་ཅིག་དངོས་བསྟན་སྟོང་ཉིད་བསྟན་བྱའི་གཙོ་བོར་བྱེད་པའི་མདོ་ཡིན་ན། རྒྱ་ཆེ་བའི་ལམ་ཤུགས་ལ་བསྟན་པས་ཁྱབ་ཟེར་ན། འཁོར་ལོ་དང་པོའི་ནང་ཚན་དུ་གྱུར་པའི་སྟོང་ཉིད་དངོས་བསྟན་བསྟན་བྱའི་གཙོ་བོར་བྱེད་པའི་མདོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་མ་བསྟན་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། ཐེག་དམན་ཐུན་མོང་མ་ཡིན་པའི་མདོ་ཡིན་པའི་ཕྱིར།


previousམཚན་གྱི་དོན་བཤད་པ།next