Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

65 occurrences of དེའི་འོག་ཏུ་
[Clear Hits]


  
28  collapse section
  
  
  
 
  
  
  
  
  
  
འདིར་བསྟན་ཡང་དག་མཐའ་བཤད་པ།
  
  
  
  
 
  
  
  
  
  
  
11   
 
  
  
 
 
  
  
  
  
  
  
  
expand section
  
17  expand section
expand section
 expand section
expand section
expand section


65 occurrences of དེའི་འོག་ཏུ་
[Clear Hits]

 
previousའདིར་བསྟན་ཡང་དག་མཐའ་བཤད་པ།next

འདིར་བསྟན་ཡང་དག་མཐའ་བཤད་པ།


GLG013_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བསྟན་ཡང་དག་མཐའ་བཤད་པ། གཉིས་པ་རྒྱས་པ་ལ་དད་པའི་གང་ཟག་ལ་ཕྱེ་སྟེ་བཤད་པ་ལ། བསྟན་བཅོས་ཀྱི་དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན། དང་པོ་ལ། བསྟན་བཅོས་བརྩམས་པ་ལ་དགོས་མེད་དྭོགས་པ་སོ་སོར་སྤངས་ནས་བརྗོད་བྱ་མཁྱེན་གསུམ་སྤྱིའི་རྣམ་གཞག་བཤད་པ། མདོ་དང་ཟློས་པའི་སྐྱོན་སྤངས་ནས་དགོས་པ་ཡོད་པར་སྒྲུབ་པའོ། །དང་པོ་ལ། རྩོད་པ་དང་ལན་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཁོ་ན་རེ། དེས་ན་དེ་ལྟར་ཡུམ་ལ་ཕྱག་འཚལ་བ་དང་བསྟོད་པ་སྔོན་དུ་འགྲོ་བའི་བསྟན་བཅོས་མངོན་རྟོགས་རྒྱན་རྩོམ་ན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་


GLG013_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པའི་ཕྱིར་དུ་གཞི་དང་། མི་མཐུན་ཕྱོགས་སེལ་བའི་ཕྱིར་དུ་གཉེན་པོ་དང་། ཤེས་བྱ་མ་ལུས་པ་ཤེས་པའི་ཕྱིར་དུ་རྣམ་པ་ཅི་ཞིག་བརྗོད་བྱར་བསྡུས་པ་རྣམས་ལས། གང་ཡང་རུང་བ་ཞིག་བསྡུས་པ་མཛད་བརྟག་ན་ཞེས་དྲིས་པ་ལ། ཤེས་བྱ་ཆོས་ཅན། ཕྱོགས་དང་པོ་ལྟར་ན་ནི་བསྟན་བཅོས་བརྩམས་པའི་འབད་པ་དོན་མེད་པ་ཡིན་ཏེ། ཆོས་མངོན་པ་དང་ཟློས་པའི་སྐྱོན་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་རྟོགས་རྒྱན་འདི་ལས་ནི། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་གཏན་ལ་འབེབས་པའི་མཚན་ཉིད་ཀྱི་བསྟན་བཅོས་དག་ལས་སྨོས་པའི་གཞི་གང་ཡིན་པ་དེ་འབྱུང་བ་ནི་མེད་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྟན་བཅོས་འདི་ལ་བརྟེན་ནས། གཉེན་པོ་འདི་སྤང་བྱ་གང་གི་གཉེན་པོ་ཡིན་པར་ཁོང་དུ་ཆུད་པར་མི་འགྱུར་བར་ཐལ། བསྟན་བཅོས་འདིས་སྤང་བྱ་ཀུན་ནས་ཉོན་མོངས་པའི་དངོས་པོ་བརྗོད་བྱར་མ་བསྡུས་པའི་ཕྱིར། དེར་ཐལ། གཉེན་པོ་རྣམ་པར་བྱང་བའི་དངོས་པོ་ཙམ་ཞིག་བརྗོད་བྱར་བསྡུས་པའི་ཕྱིར། འོ་ན། བསྟན་བཅོས་འདིས་དོན་གཉེར་གྱི་སྐྱེས་བུ་ལ་ཉེར་མཁོ་ཅུང་ཟད་ཀྱང་མ་བསྟན་པར་ཐལ། འདིས་རྣམ་པ་གཞི་མེད་ཙམ་ཞིག་བརྗོད་བྱར་བསྡུས་པའི་ཕྱིར། ཁྱབ་པ་ཡོད་དེ། ཕུང་སོགས་ཀྱི་ཚོགས་པའི་གཞི་དང་འབྲེལ་བའི་དོན་བསྟན་བཅོས་འདི་ལ་བརྟེན་ནས་རྟོགས་པ་མེད་པའི་ཕྱིར། འདི་བརྩམས་པ་ལ་དོན་མེད་པར་ཐལ། དོན་གཉེན་ཅན་ལ་དོན་ཅུང་ཟད་ཀྱང་མ་བཤད་པའི་ཕྱིར། དེས་ན་བསྟན་བཅོས་བརྩམས་པ་དོན་མེད་པ་ཡིན་ནོ་སྙམ་དུ་དཔྱོད་ལྡན་གཞན་དག་སེམས་པར་འབྱུང་བ་མ་ཡིན་ནམ་ཞེ་ན། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །གཞིས་གཞི་ཤེས་ཁོ་ན། གཉེན་པོས་


GLG013_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཤེས་ཁོ་ན། རྣམ་པས་རྣམ་མཁྱེན་ཁོ་ན་མཚོན་ཟེར་ན། གཞི་གཉེན་རྣམ་པའི་ཕྱོགས་གསུམ་གྱིས་གཞི་ཤེས། ལམ་ཤེས། རྣམ་མཁྱེན་གསུམ་རེ་རེ་ནས་མི་མཚོན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེར་ཐལ། གཞི་ལ་བཀར་ན་གཞི་བདེན་པ་བཞི་རྣམ་པ་བདེན་བཞིའི་ཁྱད་ཆོས། གཉེན་པོ་བདེན་བཞི་རྟོགས་པའི་གཞི་ཤེས་འཇོག་ནུས་པའི་ཕྱིར། དེས་མཚོན་ཏེ་གཞི་བདེན་བཞི་རྣམ་པ་བདེན་བཞིའི་སྟེང་གི་ཆོས་ཀྱི་བདག་མེད་གཉེན་པོ་བདེན་བཞི་རྟོགས་པའི་ལམ་ཤེས། དེས་རྣམ་མཁྱེན་ལ་ཡང་འགྲེའོ། ཁ་ཅིག །གཞི་བདེན་བཞི་ཁོ་ན་རྒྱན་གྱི་བརྗོད་བྱ་ཡིན་ཟེར་ན། གཉེན་པོ་སོགས་དེའི་བརྗོད་བྱ་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཡོད་དེ། ཁོ་ནའི་སྒྲས་གཞན་འགོག་པའི་ཕྱིར། དེར་ཐལ། སྲིད་སྒྲུབ་ཁོ་ན་འཕོངས་སྐྱེན་ཞེས་པས་གཞན་འཕོངས་མི་སྐྱེན་པ་བསྟན་པའི་ཕྱིར། གཉིས་པ་ལ་བཞི། ལན་དངོས། ཤེས་བྱེད་ཀྱི་ལུང་དགོད། ལུང་གི་དོན་བཤད། དོན་བསྡུས་པའོ། །དང་པོ་ནི། མངོན་རྟོགས་རྒྱན་ཆོས་ཅན། ཁྱོད་ཀྱི་གཞི་གཉེན་རྣམ་གསུམ་གང་རུང་གཅིག་ཁོ་ན་བརྗོད་བྱར་བྱས་པའི་སྒོ་ནས། སྐྱོན་དེ་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ན་ཁྱོད་ཀྱིས་དེ་གསུམ་ཀ་བརྗོད་བྱར་བྱས་ཤིང་། དེ་གསུམ་གྱི་ཕྱོགས་གསུམ་ཆར་གྱིས་ཀྱང་མཁྱེན་གསུམ་མཚོན་པའི་སྒོ་ནས་ཁྱོད་ཀྱི་བརྗོད་བྱར་བསྡུས་པའི་ཕྱིར། ཤེས་བྱ་ཆོས་ཅན། སྐབས་འདིར་མཁྱེན་གསུམ་གཏན་ལ་འབེབས་པའི་རྒྱུ་མཚན་ཡོད་དེ། འཕགས་བཞིའི་མངོན་པར་རྟོགས་པ་མཐའ་དག་གཏན་ལ་འབེབས་པར་འདོད་པས་ན། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་


GLG013_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དང་བླ་ན་མེད་པའི་སངས་རྒྱས་རྣམས་ཀྱི་མངོན་རྟོགས་ཀུན་གོ་རིམ་ཇི་ལྟ་བ་བཞིན། གཞི་ཤེས་དང་། ལམ་ཤེས་དང་། རྣམ་མཁྱེན་དང་། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་ཕྱིར། གཉིས་པ་ལ། ཡུམ་བར་མའི་ཤེས་བྱེད་དང་། བསྡུས་པའི་ཤེས་བྱེད་དང་། རྒྱས་པའི་ཤེས་བྱེད་ཁ་འཕངས་པའོ། །དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། ཤེས་བྱ་ཆོས་ཅན། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་བསྡུས་ཚུལ་ཡོད་དེ། འདི་ལྟར་རྒྱལ་བའི་ཡུམ་བར་མ་ལས། རྒྱལ་བས་རབ་འབྱོར་ཞེས་བོས་ནས། ཐམས་ཅད་ཤེས་པ་ཉིད་ནི་རྣམ་གཞག་དང་སྐྱེ་བ་གཉིས་ཀྱི་རྟེན་ལས། དང་པོའི་དབང་དུ་བྱས་ནས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་ཡིན་ནོ། །ལམ་ཤེས་པ་ཉིད་ནི་སྔ་མ་དང་འདྲ་བར་མངོན་རྟོགས་རིགས་སོ་སོར་འབྱེད་པའི་རྟེན་གྱི་དབང་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་རྟོགས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་གཞག་དང་སྐྱེ་བའི་རྟེན་གཉིས་ཀ་ལྟར་ན་ཡང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མངོན་པར་རྟོགས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། གཉིས་པ་ལ། གཞི་ཤེས་ཀྱིས་ཉན་རང་གི་མངོན་རྟོགས་བསྡུས་ཚུལ། ལམ་ཤེས་ཀྱིས་བྱང་སེམས་ཀྱི་མངོན་རྟོགས་བསྡུས་ཚུལ། རྣམ་མཁྱེན་གྱིས་སངས་རྒྱས་ཀྱི་མངོན་རྟོགས་བསྡུས་ཚུལ་ལོ། །དང་པོ་ལ། དྲི་བ་དང་། ལན་ནོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ཐམས་ཅད་ཤེས་པ་ཞེས་སོགས་ལས་བརྩམས་ཏེ་དྲི་བ་ཞུས་ཚུལ་ཡོད་དེ། བཅོམ་ལྡན་འདས་ཞེས་བོས་ནས།


GLG013_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་དང་དགོས་པ་ཅིའི་སླད་དུ་ཐམས་ཅད་འཚལ་བ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་རྟོགས་སུ་གསུངས་པ་ལགས་ཞེས་ཞུས་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མངོན་རྟོགས་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་བསྡུས་ཞེས་བྱ་བ་ཡིན་ཏེ། རབ་འབྱོར་ཞེས་བོས་ནས། གཞི་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་སྐྱེ་བ་སྐྱེ་མཆེད་བཅུ་གཉིས་པོ་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མི་རྟག་སོགས་བཅུ་དྲུག་གིས་ཁྱད་པར་དུ་བྱས་ནས། མངོན་སུམ་དུ་ཤེས་པས་གཞི་ཤེས་ཡོད་ཀྱི། ལམ་གསུམ་པོ་ཐམས་ཅད་ཀྱིས་ཀྱང་ངེས་པར་འབྱུང་བཞིན་པ་མ་ཡིན་པས་ལམ་ཤེས་མེད་ལ། རྣམ་པ་ཐམས་ཅད་མངོན་སུམ་དུ་རྟོགས་པ་ཡང་མ་ཡིན་པས་རྣམ་མཁྱེན་མེད་པ་དེའི་ཕྱིར། གཉིས་པ་ལ། དྲི་བ་དང་། ལན་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་པ་ཉིད་ནི་ཞེས་སོགས་ལས་བརྩམས་ཏེ་དྲི་བ་ཞུས་ཚུལ་ཡོད་དེ། །བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གསུམ་གྱི་རྣམ་པ་འཚལ་བ་སྟེ་ཤེས་པ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་རྟོགས་སུ་གསུངས་པ་ལགས་ཞེས་ཞུས་པའི་ཕྱིར། གཉིས་པ་ལན་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མངོན་རྟོགས་ཆོས་ཅན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བས་བསྡུས་པ་ཡིན་ཏེ། ཐབས་ཤེས་ཀྱིས་ཟིན་པའི་རྒྱལ་སྲས་རྣམས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བྱང་སེམས་ཀྱི་མངོན་རྟོགས་ཤེས་རབ་ཁྱད་པར་ཅན་གྱིས་བསྡུས་ཏེ། ཤེས་


GLG013_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྣམ་པར་དག་པ་དང་ལྡན་པས་གདམས་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ། གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོངས་པར་རྟོགས་པའི་ཡེ་ཤེས་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པ་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་ལམ་གསུམ་པོ་ཐམས་ཅད་དང་པོར་རྒྱུད་ལ་བསྐྱེད་པར་བྱ་ཞིང་། དེ་ནས་ལམ་ཐམས་ཅད་མངོན་སུམ་དུ་ཤེས་པར་བྱའོ། །ལམ་གསུམ་པོ་དེ་དག་ཀྱང་སྤངས་རྟོགས་ཀྱི་སྒོ་ནས་ཡོངས་སུ་རྫོགས་པར་བྱ་ཞིང་། གསུམ་པོ་དེ་དག་གི་ཐུན་མོང་གི་ལམ་གྱི་བྱ་བ་སེམས་ཅན་སྨིན་པ་ཡང་བྱ་ལ་སྟེ་བྱ་བའི་ཕྱིར། བྱང་འཕགས་ཆོས་ཅན། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱེད་པའི་དུས་དང་དུས་མ་ཡིན་པ་ལ་མཁས་ཏེ། ཁྱོད་ཀྱིས་སྨོན་ལམ་གྱི་ནུས་པ་ཡོངས་སུ་རྫོགས་པའི་སྒོ་ནས་སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་། ཞིང་བྱེ་བ་ཕྲག་བརྒྱར་དེ་མཚུངས་ཀྱི་སྐུ་དང་དེའི་འཁོར་ཆོས་ཀྱི་ཚིགས་བཅད་ཀྱིས་འཕགས་པའི་སར་འགོད་པའི་ནུས་པ་རྫོགས་པའི་སྒོ་ནས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པ་དང་། ལོངས་སྤྲུལ་གྱི་ཞིང་འགྲུབ་པའི་དགེ་རྩ་ཡོངས་སུ་རྫོགས་པའི་སྒོ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར། ཞི་བའི་དབྱིངས་སུ་བསྐལ་པ་སོགས་སུ་སྙོམས་པར་ཞུགས་ཚུལ་གྱི་དེ་དག་གི་ཡང་དག་པའི་མཐའ་མངོན་དུ་མི་བྱའོ་སྟེ་མི་བྱེད་ཅིང་། རྫོགས་སྨིན་སྦྱང་གསུམ་བྱས་རྗེས་སུ་དེ་མངོན་དུ་བྱེད་པ་དེའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། ཁ་ཅིག །གང་ཟག་གི་བདག་


GLG013_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྟོགས་པའི་ཡེ་ཤེས་དེ། ཉན་ཐོས་ཀྱི་ལམ་ཡིན་ཟེར་ན། ཉན་ཐོས་ཀྱི་ལམ་ཡིན་ན། ཉན་ཐོས་རང་རྒྱུད་ཀྱིས་བསྡུས་པའི་ལམ་ཡིན་མི་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེར་ཐལ། ཉན་ཐོས་ཀྱི་མངོན་རྟོགས་ཡིན་ན། ཉན་ཐོས་རང་རྒྱུད་ཀྱིས་བསྡུས་པའི་མངོན་རྟོགས་ཡིན་དགོས་པའི་ཕྱིར། དེར་ཐལ། དེའི་ཐེག་པ་ཡིན་ན། དེ་རང་རྒྱུད་ཀྱིས་བསྡུས་པའི་ཐེག་པ་ཡིན་དགོས་པའི་ཕྱིར། དེར་ཐལ། དེའི་རྟོགས་རིགས་སུ་གནས་པའི་ཐེག་པ་ཡིན་ན་དེའི་ཐེག་པ་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་པའི་ཕྱིར། འདོད་ན། མཐར་ཐུག་ཉན་ཐོས་ཀྱི་ཐེག་པ་ཡིན་པར་ཐལ། ཉན་ཐོས་ཀྱི་ཐེག་པ་གང་ཞིག །མཐར་ཐུག་གི་ཐེག་པ་ཡིན་པའི་ཕྱིར། འདོད་ན། མཐར་ཐུག་ཉན་ཐོས་ཀྱི་ཐེག་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་ཐལ། འདོད་མི་ནུས་སོ། །ཁ་ཅིག །གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་དེ་འདིར་བསྟན་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ལམ་དང་། དེ་འདིར་བསྟན་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ཟེར་ན། འོ་ན། འདིར་བསྟན་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ན། ཉན་ཐོས་ཀྱི་ལམ་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། འདིར་བསྟན་ཡང་དག་མཐའ་ཡིན་ན་ཡང་དག་མཐའ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱབ་པ་འདུ་བྱེད་ཀྱི་


GLG013_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཉེ་བར་ཞི་བའི་ཉེར་བཞི་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེའི་མཚན་གཞི་ཞིག་ཡོད་པའི་ཕྱིར། འདོད་ན། སྟོང་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཁ་ཅིག །གཟུངས་འཛིན་རྫས་གཞན་གྱིས་སྟོང་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་དེ། འདིར་བསྟན་ཤེས་བྱ་རང་རྒྱལ་གྱི་ལམ་ཡིན་ཟེར་ན། རྣམ་གཞག་གི་རྟེན་རང་རྒྱལ་ལ་འཇོག་ཅིང་། བྱང་ཆུབ་སེམས་དཔའི་རྒྱུད་ལའང་སྐྱེ་བ་ཞིག་ཡིན་པར་ཐལ། དེ་འདིར་བསྟན་བསྐྱེད་བྱ་རྒྱུའི་ལམ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། བྱང་སེམས་འཕགས་པས་འདིར་བསྟན་ཤེས་བྱ་རང་རྒྱལ་གྱི་ལམ་དེ་ཤེས་པར་བྱེད་ཚུལ་རང་རྒྱུད་ལ་བསྐྱེད་ནས་ཤེས་པར་བྱེད་ཀྱི། མིག་གི་གཟུགས་ལ་ལྟ་བ་ལྟར་བྱེད་པ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བྱང་སེམས་ཀྱི་མཐོང་ལམ་ཡིན་པའི་ཕྱིར། ཁ་ཅིག །གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་གང་ཟག་སུའི་རྒྱུད་ལ་ཡོད་ཀྱང་ཉན་ཐོས་ཀྱི་ལམ་ཡིན་ཟེར་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་ཉན་ཐོས་ཀྱི་ལམ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་རྣམ་གཞག་གི་དབང་དུ་བྱས་པའི་ཉན་ཐོས་ཀྱི་ལམ་ཡང་མ་ཡིན། སྐྱེ་བའི་རྟེན་གྱི་དབང་དུ་བྱས་པའི་ཉན་ཐོས་ཀྱི་ལམ་ཡང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཉན་ཐོས་སློབ་པ་རྣམས་ཀྱི་བྱང་ཆུབ་འཐོབ་པ་ལ་བསྒོམ་བྱའི་གཙོ་བོར་བྱས་ནས་སྒོམ་ཞིང་། བསྒོམས་ན་ཉན་ཐོས་ཀྱི་བྱང་ཆུབ་འཐོབ། མ་བསྒོམས་ན་དེ་མི་འཐོབ་པའི་ལམ་ཡིན་པར་ཐལ། མ་གྲུབ་


GLG013_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་ཕྱིར། འདོད་ན། རྣམ་མཁྱེན་བསྒོམ་བྱའི་གཙོ་བོར་བྱེད་པའི་ཉན་ཐོས་སློབ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཕྱི་མ་མ་གྲུབ་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་རང་རྒྱུད་ལ་སྐྱེས་པའི་ཉན་ཐོས་སློབ་པ་ཡོད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་མི་ནུས་སོ། །ཁ་ཅིག །གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཉན་ཐོས་ཀྱི་ལམ་ཡིན་ཟེར་ན། གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་དེ་ཉན་ཐོས་ཀྱི་འགོག་བདེན་ཡིན་པར་ཐལ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཉན་ཐོས་ཀྱི་ལམ་བདེན་ཡིན་པའི་ཕྱིར། དེར་ཐལ། དེ་ཉན་ཐོས་ཀྱི་འཕགས་ལམ་ཡིན་པའི་ཕྱིར་ཏེ། དེ་ཉན་ཐོས་ཀྱི་ལམ་ཡིན་པའི་ཕྱིར། འདོད་ན། དེ་སྤངས་པའི་མྱང་འདས་དེ་ཉན་ཐོས་ཀྱི་མྱང་འདས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་སངས་འཕགས་མེད་པར་ཐལ་ལོ། །གཞན་ཡང་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་རྣམས་སྐྱེས་བུ་གསུམ་གྱི་ལམ་ལ་འཁྲིད་པ་དེའི་ཚེ་འབྲིང་གི་ལམ་དངོས་ལ་འཁྲིད་པར་ཐལ། མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ལམ་ལ་འཁྲིད་པ་གང་ཞིག །དེ་འབྲིང་གི་ལམ་དངོས་ཡིན་པའི་ཕྱིར། དེར་ཐལ། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཉན་ཐོས་ཀྱི་ལམ་དངོས་ཡིན་པའི་ཕྱིར། རྟགས་ཁས། རྩ་བར་འདོད་མི་ནུས་ཏེ། དེ་སྐྱེས་བུ་འབྲིང་དང་ཐུན་མོང་པའི་ལམ་ལ་འཁྲིད་པ་ཡིན་གྱི། འབྲིང་གི་ལམ་དངོས་ལ་འཁྲིད་ན་གོལ་སར་ལྟུང་བའི་སྐྱོན་ཡོད་པའི་ཕྱིར། ཁ་ཅིག །གཞུང་འདིའི་དངོས་ཤུགས་ཀྱི་དོན་ལ་སྤྱིར་བཏང་དམིགས་བསལ་གྱི་དོན་འཆད་ཟེར་ན། དེ་མི་འཐད་པར་ཐལ། སྤྱིར་བཏང་དམིགས་


GLG013_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་ཞེས་པ། དཔེར་ན་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་སྤྱིར་བཏང་དང་། གང་ཟག་གཅིག་མ་གཏོགས་པ་ན་འདི་ལྟ་སྟེ། སློབ་པ་རྒྱུན་དུ་ཞུགས་པ་ཚེ་དང་ལྡན་པ་ཀུན་དགའ་བོའོ་ཞེས་དམིགས་ཀྱིས་བསལ་བ་ལྟ་བུ་དངོས་ཟིན་ལ་ཡོད་པ་དང་ཡིན་པ་ལ་སྤྱིར་བཏང་ནས། མེད་པ་དང་མ་ཡིན་པ་ལ་དམིགས་ཀྱིས་བསལ་བ་གཅིག་འབྱེད་རིགས་པའི་ཕྱིར། ཁ་ཅིག །ཆོས་ཉིད་ལ་མཉམ་པར་བཞག་བཞིན་པའི་ངང་ནས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་ནུས་པ་དེ་སྨོན་ལམ་རྫོགས་པའི་ཚད་དང་། དེ་བཞིན་ཉིད་དེ་འདིར་བསྟན་ཡང་དག་མཐར་བྱེད་དོ་ཟེར་ན། མཆོག་གི་སྤྲུལ་སྐུས་དམན་ལམ་སྔོན་དུ་མ་སོང་བའི་བྱང་འཕགས་ལ་ཆོས་སྐུ་མ་ཐོབ་བར་དུ་ཆོས་སྐུ་མངོན་དུ་མི་བྱའོ་ཞེས་གདམས་རིགས་པར་ཐལ། དེས་དེ་ལ་རྫོགས་སྨིན་སྦྱང་གསུམ་མ་བྱས་བར་དུ་འདིར་བསྟན་ཡང་དག་མཐའ་མངོན་དུ་མི་བྱའོ་ཞེས་གདམས་རིགས་པ་གང་ཞིག །རྫོགས་སྨིན་སྦྱང་གསུམ་བྱས་པའི་གང་ཟག་ཡིན་ན་ཆོས་སྐུ་ཐོབ་པའི་གང་ཟག་ཡིན་པས་ཁྱབ། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་གང་ཟག་ཡིན་ནའང་ཆོས་སྐུ་ཐོབ་པས་ཁྱབ་པའི་ཕྱིར། གཉིས་པ་དེར་ཐལ། དེ་ཡིན་ན་ཆོས་ཉིད་ལ་མཉམ་པར་བཞག་ཟིན་པའི་ངང་ནས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་ནུས་པས་ཁྱབ་པ་གང་ཞིག །དེ་ནུས་པའི་གང་ཟག་ཡིན་ན། ཆོས་སྐུ་ཐོབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་ཀྱི་སྨོན་ལམ་རྫོགས་པའི་ཚད་དེ་འཐད་པའི་ཕྱིར། གཉིས་པ་སྒྲུབ་མི་དགོས། རྩ་རྟགས་གསུམ་པ་གྲུབ་སྟེ། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་གང་ཟག་ཡིན་ན། དེ་བཞིན་ཉིད་མངོན་དུ་བྱས་པའི་གང་ཟག་ཡིན་དགོས།


GLG013_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མངོན་དུ་བྱས་པའི་གང་ཟག་ཡིན་ན། ཆོས་སྐུ་ཐོབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་འདིར་བསྟན་ཡང་དག་མཐའ་ཡིན་པའི་ཕྱིར། གཉིས་པ་སྒྲུབ་མི་དགོས། བྱས་པ་ལ་ཁོ་ན་རེ། བྱང་འཕགས་ཆོས་ཅན། ཆོས་སྐུ་ཐོབ་པར་ཐལ། དེ་བཞིན་ཉིད་མངོན་དུ་བྱས་པའི་ཕྱིར། དེར་ཐལ། དེ་མངོན་སུམ་དུ་རྟོགས་པའི་ཕྱིར་ན་མ་ཁྱབ། དེ་ལ་ཁ་ཅིག་ལོངས་སྐུ་མངོན་སུམ་དུ་རྟོགས་ན་དེ་མངོན་དུ་བྱས་པས་ཁྱབ་པར་ཐལ། མཚུངས་པའི་ཕྱིར། འདོད་ན། དེའི་འཁོར་དུ་གྱུར་པའི་བྱང་འཕགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཤིང་རྟགས་སྒྲུབ་མི་དགོས་ཟེར་ཡང་། མི་འཐད་པར་ཐལ། ལོངས་སྐུའི་གཟུགས་ཕུང་མངོན་སུམ་དུ་རྟོགས་ན་ལོངས་སྐུ་མངོན་སུམ་དུ་རྟོགས་པས་མ་ཁྱབ་པའི་ཕྱིར། དེར་ཐལ། ལོངས་སྐུའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ལོངས་སྐུ་ཡིན་པའི་ཕྱིར། དེར་ཐལ། ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་ཡིན་པའི་ཕྱིར། དེར་ཐལ། རྟོག་གེ་འབར་བ་ལས། འདི་ལྟར་ཁོ་བོ་ཅག་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རང་ལུགས་ནི། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་ན་དེ་མངོན་དུ་བྱས་པས་མ་ཁྱབ་པར་ཐལ། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་མངོན་སུམ་རྟོགས་ན་དེ་མངོན་དུ་བྱས་པས་མ་ཁྱབ་པའི་ཕྱིར། དེར་ཐལ། དེ་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཡོད་པའི་ཕྱིར། ཁ་ཅིག་རང་གི་སྨོན་ལམ་གང་བཏབ་ཀྱི་ཞེན་དོན་ཡོངས་སུ་རྫོགས་པ་དེ་སྨོན་ལམ་རྫོགས་པའི་ཚད་ཡིན་ཟེར་ན། སངས་རྒྱས་འཕགས་ཆོས་ཅན། ཚད་དེ་


GLG013_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་ཐལ། སྨོན་ལམ་རྫོགས་པའི་ཚད་རྫོགས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། སངས་འཕགས་ཡིན་པའི་ཕྱིར། འདོད་ན། དེས་སྐྱེ་བོ་ཐམས་ཅད་སྦྱིན་པས་གྲོལ་བར་བྱས་ཟིན་པར་ཐལ། དེས་དེ་འདྲའི་སྨོན་ལམ་བཏབ་པ་གང་ཞིག །རང་གིས་སྨོན་ལམ་གང་བཏབ་ཀྱི་བཞེད་དོན་ཡོངས་སུ་རྫོགས་པའི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འཕོངས་པའི་སྐྱེ་བོ་ཡོད་པའི་ཕྱིར། ཁ་ཅིག །རང་གི་འཁོར་དུ་མངོན་ཤེས་ལྔ་དང་མི་ལྡན་པའི་གདུལ་བྱ་མེད་པར་མ་གྱུར་པ་དེ་སྲིད་དུ་བདག་འཚང་མི་རྒྱའོ་ཞེས་པའི་སྨོན་ལམ་གྱི་ནུས་པ་ཡོངས་སུ་རྫོགས་པ་དེ་སྤྲུལ་སྐུའི་དབང་དུ་བྱས་པའི་སྨོན་ལམ་ཡོངས་སུ་རྫོགས་པའི་ཚད་ཡིན་ཟེར་ན། མཆོག་གི་སྤྲུལ་སྐུའི་འཁོར་དུ་གྱུར་པའི་གདུལ་བྱ་ཡིན་ན་མངོན་ཤེས་ལྔ་དང་ལྡན་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །རང་ཉིད་གང་དུ་འཚང་རྒྱ་འགྱུར་གྱི་སངས་རྒྱས་ཀྱི་ཞིང་དེར། འཁོར་བྱང་སེམས་འཕགས་པ་ཤ་སྟག་འབྱུང་བའི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ་ལོངས་སྐུའི་དབང་དུ་བྱས་པའི་སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་ཡིན་ཟེར་ན། ལོངས་སྐུ་ཆོས་ཅན། རང་ཉིད་གང་དུ་འཚང་རྒྱ་འགྱུར་གྱི་སངས་རྒྱས་ཀྱི་ཞིང་དེར་འཁོར་བྱང་སེམས་འཕགས་པ་ཤ་སྟག་འབྱུང་བའི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པར་ཐལ། ཅིག་ཤོས་ཀྱི་ཚད་རྫོགས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་འཚང་རྒྱ་འགྱུར་གྱི་སངས་རྒྱས་ཀྱི་ཞིང་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་འཚང་རྒྱ་འགྱུར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །རྫོགས་སྨིན་སྦྱང་གསུམ་བྱས་པའི་གང་ཟག་


GLG013_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་སངས་རྒྱས་ཡིན་དགོས་ཏེ། གཞན་དོན་དུ་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་པའི་སྨོན་ལམ་གྲུབ་པ་དེ་རྫོགས་ཚད། རང་གི་སྐུ་དངོས་ཀྱི་གདུལ་བྱར་གྱུར་པའི་སེམས་ཅན་རྣམས་སྒྲིབ་པ་དངོས་སུ་སྤོང་རུང་དང་གཉེན་པོ་དངོས་སུ་སྐྱེ་རུང་དུ་བྱས་པ་དེ་སྨིན་ཚད། སངས་རྒྱས་རང་སྣང་ལ་ཞིང་དག་པ་རབ་འབྱམས་འབའ་ཞིག་སྣང་བ་དེ་སྦྱངས་ཚད་ཡིན་ཟེར་ན། མཆོག་གི་སྤྲུལ་སྐུས་དམན་ལམ་སྔོན་དུ་མ་སོང་བའི་བྱང་འཕགས་ལ་རྫོགས་སྨིན་སྦྱང་གསུམ་མ་བྱས་པར་འདིར་བསྟན་ཡང་དག་མཐའ་མངོན་དུ་མི་བྱོའི་ཞེས་དངོས་སུ་གདམས་པའི་ཤུགས་ལ་དེ་གསུམ་རྫོགས་ནས་དེ་བྱེད་པར་མ་བསྟན་པར་ཐལ། རྫོགས་སྨིན་སྦྱང་གསུམ་བྱས་པའི་གང་ཟག་ཡིན་ན། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པས་ཁྱབ་པའི་ཕྱིར། མ་གྲུབ་ན་སོང་། དེར་ཐལ། དེ་ཡིན་ན་སངས་རྒྱས་འཕགས་པ་ཡིན་དགོས་པའི་ཕྱིར། གཞན་ཡང་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་དག་པའི་ཞིང་མི་སྣང་བར་ཐལ། དེ་ལ་ཞིང་དག་པ་འབའ་ཞིག་སྣང་བའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། མེད་པར་ཐལ། སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། རྣམ་ངེས་ལས། ཐམས་ཅད་མཁྱེན་པའི་གཟིགས་པ་ལོག་པས་ནི་ཐམས་ཅད་དུ་མེད་པ་གོ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར། རོང་ཊཱིཀ་པ་ན་རེ། ས་དང་པོ་ནས་ཉན་རང་གི་སྤངས་རྟོགས་གཉིས་ཀ་རྫོགས་ལ། དེ་ཡང་སྤངས་པ་ས་དང་པོར་རྫོགས་ཏེ། ཉོན་སྒྲིབ་ལ་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་དང་བག་ལ་ཉལ་གྱི་ཉོན་སྒྲིབ་གཉིས་ལས། དང་པོ་ས་དང་པོ་ནས་ཀྱང་སྤངས། གཉིས་པ་ཉན་ཐོས་དགྲ་བཅོམ་པས་ཀྱང་མ་


GLG013_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པའི་ཕྱིར་ཏེ། མ་རིག་བག་ཆགས་ཀྱི་རྒྱུ་ལས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་ཕྱིར་ཟེར་ན། འཕགས་པའི་གང་ཟག་སློབ་པ་རྣམས་དགེ་འདུན་དཀོན་མཆོག་ཏུ་གཞག་ཏུ་མི་རུང་བར་ཐལ། སྐྱབས་གནས་ལ་ཐེ་ཚོམ་ཟ་བའི་ཐེ་ཚོམ་གྱི་གཉེན་པོ་རྒྱུད་ལ་སྐྱེ་མ་མྱོང་བའི་འཕགས་པ་ཡོད་པའི་ཕྱིར། མཐོང་ལམ་བར་ཆད་མེད་ལམ་ལ་གནས་པའི་ཉན་ཐོས་འཕགས་པའི་རྒྱུད་ལ་དེའི་དངོས་གཉེན་བར་ཆད་མེད་ལམ་སྐྱེ་མ་མྱོང་བའི་ཕྱིར་ཏེ། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་དེ་དེའི་དངོས་གཉེན་བར་ཆད་མེད་ལམ་མ་ཡིན་པའི་ཕྱིར། ཉན་ཐོས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་ལ་གནས་པའི་འཕགས་པས་སྐྱབས་གནས་ལ་ཐེ་ཚོམ་ཟ་བའི་ཐེ་ཚོམ་གྱི་ས་བོན་ཟད་པར་མ་སྤངས་པའི་ཕྱིར། དེར་ཐལ། དེས་ཉོན་སྒྲིབ་ཀུན་བརྟགས་ཀྱི་ས་བོན་ཟད་པར་མ་སྤངས་པའི་ཕྱིར། དེར་ཐལ། ཉན་ཐོས་དགྲ་བཅོམ་པས་ཉོན་སྒྲིབ་ལྷན་སྐྱེས་ཀྱི་ས་བོན་ཟད་པར་མ་སྤངས་པའི་ཕྱིར། དེར་ཐལ། དེས་བག་ལ་ཉལ་གྱི་ཉོན་སྒྲིབ་མ་སྤངས་པའི་ཕྱིར། གཞན་ཡང་། མ་རིག་བག་ཆགས་ཀྱི་ས་དེ་ཉོན་སྒྲིབ་ཡིན་པར་ཐལ། ཉན་ཐོས་དགྲ་བཅོམ་པས་བག་ལ་ཉལ་གྱི་ཉོན་སྒྲིབ་མ་སྤངས་པའི་སྒྲུབ་བྱེད་དུ་མ་རིག་བག་ཆགས་ཀྱི་རྒྱུ་ལས་ཡིད་ལུས་ལེན་པ་འགོད་རིགས་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཤེས་སྒྲིབ་ཏུ་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཞེད་པའི་ཕྱིར། ཁོ་ན་རེ། བག་ལ་ཉལ་གྱི་ཉོན་སྒྲིབ་ཤེས་སྒྲིབ་ཡིན་ཟེར་ན། མི་འཐད་པར་ཐལ། ས་དང་པོར་ཉན་རང་གི་སྤངས་རྟོགས་རྫོགས་མ་རྫོགས་དཔྱོད་པའི་སྤང་བྱར་ཤེས་སྒྲིབ་མི་རུང་བའི་ཕྱིར། གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་དེ་རང་རྒྱལ་གྱི་


GLG013_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བྱར་རུང་བར་ཐལ། རང་རྒྱལ་སློབ་པས་ཤེས་སྒྲིབ་རགས་པ་སྤང་བྱའི་གཙོ་བོར་བྱེད་པའི་ཕྱིར། དེར་ཐལ། རང་རྒྱལ་དགྲ་བཅོམ་པས་ཤེས་སྒྲིབ་རགས་པ་སྤངས་པའི་ཕྱིར། གཞན་ཡང་། བྱང་སེམས་འཕགས་པ་ཡིན་ན་ཉོན་སྒྲིབ་སྤངས་པས་ཁྱབ་པར་ཐལ། ཉན་རང་གི་སྤངས་རྟོགས་ས་དང་པོ་ནས་རྫོགས་པའི་ཕྱིར། འདོད་ན། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་རྣམས་ཀྱིས་སྒྲིབ་གཉིས་ཅིག་ཅར་དུ་མི་སྤོང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་ལས་བཏུས་ལས། དེས་བྱང་ཆུབ་ཐོབ་པ་ན་ཅིག་ཅར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་། ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །དེས་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང་། སྔགས་དང་སྨན་གྱིས་བསད་པའི་དུག་དང་། དཔེར་ན་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། སྒོམ་སྤང་ཉོན་མོངས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། འགྲེལ་ཆེན་ལས། དེ་བས་ན་ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ། །དེ་ལས་གཞན་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུར་བརྗོད་པའི་བར་ཆད་མེད་པའི་ལམ་གང་ལས་དེ་མ་ཐག་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་འཐོབ་པའི་བར་འདི་དག་ཐམས་ཅད་ནི་ཆོས་ཀྱི་དབྱིངས་མཆོག་གི་དོན་ལ་སོགས་པ་སོ་སོར་རྟོགས་པའི་ཕྱིར་སྒོམ་པའི་ལམ་ཡིན་པར་བཤད་དོ། །དེ་ལ་ཡང་ཉོན་མོངས་པ་དྲུག་ཅི་རིགས་པར་སྤོང་ངོ་། །འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། ང་རྒྱལ་དང་། མ་རིག་པ་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་


GLG013_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་འདོད་པ་སྤྱོད་པ་དྲུག་གོ །དེ་དག་ཉིད་ལས་ཞེ་སྡང་བོར་ཏེ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བཅུ་ཡིན་ནོ། །མཐོང་བ་དང་སྒོམ་པའི་ལམ་ལ་ཡོངས་སུ་སྦྱོང་བའི་ཆོས་ཀྱི་དབྱེ་བས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུར་རྣམ་པར་བཞག་གོ །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང་། ས་དང་པོར་གང་ཟག་གི་བདག་འཛིན་དང་། གཟུང་བ་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པའི་ས་བོན་སྤངས་པས་ཁྱད་པར་དུ་བྱས་པའི་གང་ཟག་གི་བདག་མེད་རྟོགས་པ་དང་། གཟུང་བ་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་རྟོགས་རིགས་རྫོགས་པར་ཐལ། ས་དང་པོར་ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དམན་ལམ་སྔོན་མ་སོང་གི་བྱང་སེམས་འཕགས་པས་ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་པ་དང་སངས་རྒྱས་པ་དུས་མཉམ་དུ་འབྱུང་བའི་ཕྱིར། དེར་ཐལ། རྟོགས་པའི་ཚད་འདི་ཙམ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །གློ་བུར་དྲི་བྲལ་གྱི་ཆོས་ཉིད་དེ་འདིར་བསྟན་ཡང་དག་མཐའ་དང་། དེ་ཐོབ་པ་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་ཚད་ཡིན་ཟེར་ན། དེ་ཆོས་ཅན། དམན་ལམ་སྔོན་མ་སོང་གི་བྱང་འཕགས་ཀྱིས་རྫོགས་སྨིནསྦྱང་གསུམ་མ་བྱས་པར་ཁྱོད་མངོན་དུ་བྱེད་ནུས་པར་ཐལ། འདིར་བསྟན་ཡང་དག་མཐའ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །དེ་བཞིན་ཉིད་འདིར་བསྟན་ཡང་དག་མཐའ་དང་། དེ་ལས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་དེ། དེ་མངོན་དུ་བྱས་པའི་ཚད་ཡིན་ཟེར་ན། ཆོས་གསུམ་མ་རྫོགས་པར་དེ་བཞིན་ཉིད་ལས་སླར་མི་ལྡང་པའི་ཚུལ་གྱིས་མཉམ་པར་


GLG013_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པའི་གང་ཟག་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། ས་དེ་ལ་དེ་ལྟར་མཉམ་པར་བཞག་པའི་སེམས་ཅན་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཡོད་པར་ཐལ། བྱང་སེམས་རྒྱུན་མཐའ་པ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་བཞིན་ཉིད་ལ་མཉམ་པར་བཞག་པ་ལས་ལྡང་མི་སྲིད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །ཉོན་སྒྲིབ་སྤངས་པའི་སྤངས་པ་དེ་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་ཞེས་པའི་སྐབས་ནས་བསྟན་པའི་འདིར་བསྟན་ཡང་དག་མཐའ་དང་། གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་པའི་སྤངས་པ་དེ། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། ཞེས་པའི་སྐབས་ནས་བསྟན་པའི་འདིར་བསྟན་ཡང་དག་མཐའ་དང་། ཤེས་སྒྲིབ་སྤངས་པའི་སྤངས་པ་དེ་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་ཞེས་པའི་སྐབས་ནས་བསྟན་པའི་འདིར་བསྟན་ཡང་དག་མཐའ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་རྣམས་རེ་རེ་ནས་འདིར་བསྟན་ཡང་དག་མཐའ་མ་ཡིན་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་དེ་འདིར་བསྟན་ཡང་དག་མཐའ་མ་ཡིན་པའི་ཕྱིར། དེར་ཐལ། འདིར་བསྟན་ཡང་དག་མཐའ་ཡིན་ན། རང་ཉིད་མངོན་དུ་བྱས་པའི་ཐེག་དམན་ལྷག་བཅས་པ་མེད་དགོས། ཆོས་གསུམ་མ་རྫོགས་པར་གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་མངོན་དུ་བྱས་པའི་གང་ཟག་ཡོད་པའི་ཕྱིར། ཕྱི་མ་དེར་ཐལ། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཆོས་གསུམ་མ་རྫོགས་པར་གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་མངོན་དུ་བྱས་པའི་གང་ཟག་ཡིན་


GLG013_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། ཁྱོད་གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་མངོན་དུ་བྱས་པའི་གང་ཟག་གང་ཞིག །ཁྱོད་ཆོས་གསུམ་མ་རྫོགས་པའི་གང་ཟག་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཁྱོད་ཉོན་སྒྲིབ་སྤངས་པའི་སྤངས་པ་མངོན་དུ་བྱས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཁྱོད་དགྲ་བཅོམ་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་ཐེག་དམན་ལྷག་བཅས་པ་ཡིན་པའི་ཕྱིར། དེ་འདྲའི་གང་ཟག་ཆོས་ཅན། ཁྱོད་དེ་མངོན་དུ་བྱས་པའི་གང་ཟག་ཡིན་པར་ཐལ། རང་གིས་མངོན་དུ་བྱས་པའི་དེ་མངོན་དུ་བྱས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། རང་གིས་མངོན་དུ་བྱས་པའི་དེ་ཡོད་པའི་ཕྱིར། དེར་ཐལ། རང་གིས་མངོན་དུ་བྱས་པ་དང་དེའི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་དེ་དེ་ཡིན་པའི་ཕྱིར། ཡང་ཁ་ཅིག །ཆད་པའི་མྱང་འདས་དེ་འདིར་བསྟན་ཡང་དག་མཐའ་ཡིན་ཟེར་ན། དམན་ལམ་སྔོན་མ་སོང་གི་བྱང་འཕགས་དེས་རྫོགས་སྨིན་སྦྱང་གསུམ་བྱས་ནས་ཁྱོད་མངོན་དུ་བྱེད་ནུས་པར་ཐལ། རྟགས་དེའི་ཕྱིར། གཉིས་པ་རང་ལུགས་ནི། གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས། གཟུང་འཛིན་རྫས་གཞན་གྱིས་སྟོངས་པར་རྟོགས་པའི་ཡེ་ཤེས། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་ཡེ་ཤེས་གསུམ་རིམ་པ་བཞིན། འདིར་བསྟན་ཤེས་བྱ་ཉན་ཐོས་ཀྱི་ལམ་སོགས་སུ་འཇོག །སྐབས་འདིར་སྤྱིར་བཏང་དམིགས་བསལ་ཞེས་པ་ཡང་། ཟས་མ་ཞུ་བའི་བར་དུ་སྨན་མི་བཟའོ་ཞེས་སྤྱིར་བཏང་བ་ན། ཟས་ཞུ་ནས་སྨན་ཟ་བ་དོན་གྱིས་གོ་བ་ལྟར་རྫོགས་སྨིན་སྦྱང་གསུམ་མ་བྱས་བར་དུ་འདིར་བསྟན་ཡང་དག་མཐའ་མངོན་དུ་མི་བྱའོ་ཞེས་བརྗོད་པ་ན་


GLG013_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སྨིན་སྦྱང་གསུམ་བྱས་རྗེས་སུ་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱེད་པ་གོ་ནུས་པའི་ཚིག་གཅིག་ཉིད་ཀྱི་དངོས་ཤུགས་ཀྱི་དོན་ལ་སྤྱིར་བཏང་དང་དམིགས་བསལ་མི་བྱེད་པར་ལམ་གྱི་བྱ་བ་ཡང་བྱ་ལ་ཞེས་པས་ལམ་གསུམ་གྱི་བྱ་བ་སྤྱིར་བཏང་ནས། འོ་ན། དུས་ཐམས་ཅད་དུ་ལམ་གྱི་བྱ་བ་མཐའ་དག་བྱའམ་ཞེ་ན་རྫོགས་སྨིན་སྦྱང་གསུམ་མ་བྱས་བར་དུ་འདིར་བསྟན་ཡང་དག་མཐའ་མངོན་དུ་མི་བྱའོ་ཞེས་དམིགས་ཀྱིས་བསལ་བ་ཡིན་ནོ། །ལོངས་སྐུའི་ཞིང་ཁྱད་པར་ཅན་གྱི་གདུལ་བྱའི་ཆེད་དུ་གདམས་པའི་སྨོན་ལམ་གྱི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ་ལོངས་སྐུའི་ཞིང་ཁྱད་པར་ཅན་གྱི་གདུལ་བྱའི་ཆེད་དུ་གདམས་པའི་སྨོན་ལམ་ཡོངས་སུ་རྫོགས་པའི་ཚད་སྤྲུལ་སྐུ་ལ་ཡང་ལོངས་སྐུ་ཁ་སྤོས་ནས་སྔར་བཞིན་དེའི་སྨོན་ལམ་རྫོགས་ཚད་དང་། ཞིང་བྱེ་བ་ཕྲག་བརྒྱར་སྐུའི་བཀོད་པ་གྲངས་དེ་སྙེད་རེ་རེའི་འཁོར་དུ་སེམས་ཅན་གྲངས་ལས་འདས་པ་ལ་ཆོས་ཚིགས་སུ་བཅད་པ་རེ་རེ་བསྟན་པ་ལ་བརྟེན་ནས་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པའི་རྒྱུའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་བསགས་ཟིན་པ་དེ་སེམས་ཅན་ཡོངས་སུ་སྨིན་པའི་ཚད་ཡིན་ལ། སྤྱིར་སེམས་ཅན་སྨིན་པའི་ཚད་ནི། དཔེར་ན་རྣག་སྨིན་པ་བརྟོལ་བས་ཆོག་པ་ལྟར། སེམས་ཅན་དེའི་རྒྱུད་ཀྱི་མཐོང་སྤང་དངོས་སུ་སྤང་རུང་དུ་བྱས་པ་དང་། ཤིང་ཐོག་སྨིན་པ་ལོངས་སྤྱད་དུ་རུང་བ་ལྟར་སེམས་ཅན་དེའི་རྒྱུད་ལ་གཉེན་པོ་མཐོང་ལམ་དངོས་སུ་སྐྱེ་རུང་དུ་བྱས་པ་དེ་སེམས་ཅན་སྨིན་པའི་ཚད་ཡིན་ཏེ། མདོ་སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། །ཟས་དང་སྤྱད་དུ་རུང་བ་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་


GLG013_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཞི་བ་དང་། །ལོངས་སུ་སྤྱད་པ་སྨིན་པ་ཉིད་དུ་འདོད། །ཅེས་གསུངས་པའི་ཕྱིར། རང་གང་དུ་འཚང་རྒྱ་འགྱུར་གྱི་ལོངས་སྤྲུལ་གྱི་ཞིང་ཁྱད་པར་ཅན་འགྲུབ་པའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་བསགས་ཟིན་པ་དེ་སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་ཡིན། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པ་རྣམས་ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་པ་དང་སངས་རྒྱས་པ་དུས་མཉམ་པ་ཡིན་ཏེ། དེས་གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པའི་རིགས་རྫོགས་པ་དང་། སྤངས་པ་དེས་ཁྱད་པར་དུ་བྱས་པའི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་རྫོགས་པ་དང་། གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་པའི་སྤངས་པའི་རིགས་རྫོགས་པ་དང་། སྤངས་པ་དེས་ཁྱད་པར་དུ་བྱས་པའི་གཟུགས་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་རྟོགས་རིགས་རྫོགས་པ་རྣམས་དུས་མཉམ་པའི་ཕྱིར། ཐེག་དམན་ལྷག་མེད་པས་རང་གི་བསམ་ངོ་ལ་ལྟོས་དེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེར་བཞི་ལས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་དེ་ཐེག་དམན་གྱི་དབང་དུ་བྱས་པའི་དེ་མངོན་དུ་བྱས་པའི་ཚད་དང་། སངས་འཕགས་ཀྱིས་དེ་ལས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་དེ་ཐེག་ཆེན་གྱི་དབང་དུ་བྱས་པའི་དེ་མངོན་དུ་བྱས་པའི་ཚད་ཡིན་ནོ། །གསུམ་པ་རྩོད་པ་སྤོང་པ་ལ། ཁོ་ན་རེ། དམན་ལམ་སྔོན་མ་སོང་གི་བྱང་སེམས་ཡིན་ན། ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་པ་དང་། སངས་རྒྱས་པ་དུས་མཉམ་པས་ཁྱབ་པར་ཐལ། དེ་དུས་མཉམ་པའི་ཕྱིར་ན་མ་ཁྱབ། འོ་ན། དམན་ལམ་སྔོན་མ་སོང་གི་བྱང་སེམས་ཐེག་དམན་


GLG013_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་ཞུགས་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཐེག་དམན་དགྲ་བཅོམ་པར་གྱུར་པ་ཡོད་པའི་ཕྱིར། ཡང་ཁ་ཅིག །དམན་ལམ་སྔོན་མ་སོང་གི་བྱང་སེམས་ཉན་རང་གི་སྤངས་རྟོགས་རྫོགས་པ་དང་སངས་རྒྱས་པ་དུས་མཉམ་ཟེར་ན། མི་འཐད་པར་ཐལ། སངས་རྒྱས་ཀྱི་སར་ཉན་རང་གི་སྤངས་རྟོགས་མེད་པའི་ཕྱིར། དེར་ཐལ། སངས་རྒྱས་སར་དང་པོ་མེད་པ་གང་ཞིག །ཕྱི་མ་མེད་པའི་ཕྱིར། དང་པོ་དེར་ཐལ། དེར་ཉན་རང་གི་འགོག་བདེན་མེད་པའི་ཕྱིར། གཉིས་པ་དེར་ཐལ། དེར་ཉན་རང་གི་ལམ་བདེན་མེད་པའི་ཕྱིར། ཡང་ཁ་ཅིག །བག་ལ་ཉལ་གྱི་ཉོན་སྒྲིབ་ཉོན་སྒྲིབ་ཡིན་ཡང་། ཉོན་སྒྲིབ་ཀྱི་བག་ལ་ཉལ་ཤེས་སྒྲིབ་ཏུ་བྱེད་པ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། དེ་ཤེས་སྒྲིབ་ཡིན་ན་ཅིག་ཤོས་ཀྱང་ཤེས་སྒྲིབ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་ཚུལ་ཇི་ལྟ་བུ་ཞེ་ན། ཡོད་དེ། ཉན་རང་ལྷག་མེད་པ་དང་དག་ས་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་གནས་ངན་ལེན་གྱི་དྲི་མ་ཕྲ་མོ་དེ་མ་རིག་བག་ཆགས་ཀྱི་ས་དང་། དེ་རྣམས་ཀྱི་རྒྱུད་ཀྱི་ཡིད་ལུས་ལེན་པར་འདོད་པའི་ཀུན་སློང་གི་རྩོལ་བ་ཕྲ་མོར་གྱུར་པའི་སེམས་བྱུང་སེམས་པ་དེ་ཟག་མེད་ཀྱི་ལས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཟག་མེད་ཀྱི་ལས་མ་ཡིན་པར་ཐལ། དེ་ཟག་བཅས་ཀྱི་ལས་ཡིན་པའི་ཕྱིར། དེར་ཐལ། ཟག་བཅས་གང་ཞིག །ལས་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཤེས་སྒྲིབ་ཀྱི་ཟག་པ་དང་བཅས་པའི་ཕྱིར། ཟེར་ན། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཟག་མེད་ཀྱི་མངོན་ཤེས་ཆོས་ཅན། ཟག་མེད་ཀྱི་མངོན་ཤེས་མ་ཡིན་པར་ཐལ། ཟག་བཅས་ཀྱི་མངོན་


GLG013_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཡིན་པའི་ཕྱིར། དེར་ཐལ། ཟག་བཅས་གང་ཞིག །མངོན་ཤེས་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཤེས་སྒྲིབ་ཀྱི་ཟག་པ་དང་བཅས་པའི་ཕྱིར། ཁྱབ་པ་འགྲིག །ཡང་ཁོ་ན་རེ། གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་དེ་འདིར་བསྟན་ཡང་དག་མཐའ་ཡིན་པར་ཐལ། དེ་གང་ཟག་བདག་མེད་པའི་མཐའ་ཞི་བ་ཉིད་ཅེས་པའི་སྐབས་ནས་བསྟན་པའི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། འདིར་བསྟན་ཡང་དག་མཐའ་ངོས་འཛིན་དུ་ཆོས་ཀྱི་བཤེས་གཉེན་གྱི་བཤད་ལ། ཊཱི་ཀྐར་བདེན་ཁ་ཡོད་པའི་ཕྱིར་ན་སྐྱོན་མེད་དེ། གང་ཟག་གི་བདག་འཛིན་སྤངས་པས་ཁྱད་པར་དུ་བྱས་པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་བཞི་དེ་འདིར་བསྟན་ཡང་དག་མཐའ་ཡིན་པ་ཞི་བ་ཞེས་པའི་ཚིག་གི་ནུས་པ་ལ་དགོངས་པའི་ཕྱིར། ཡང་ཁོ་ན་རེ། ཐེག་དམན་ལྷག་མེད་པ་ཡིན་ན་རང་གི་བསམ་ངོ་ལ་ལྟོས་ཏེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞི་ལས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པས་ཁྱབ་པར་ཐལ། དེ་དེའི་ཚད་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་ཡིན་ན་དེ་ལ་གནས་པས་མ་ཁྱབ་པའི་ཕྱིར། རྗེས་ཐོབ་ལ་གནས་པའི་དེ་ཡོད་པའི་ཕྱིར་ཏེ། ཁ་ཅིག །ཐེག་ཆེན་གྱི་རྟེན་ལ་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པའི་གང་ཟག་ཡིན་ན། ཐེག་ཆེན་གྱི་དབང་དུ་བྱས་པའི་དེ་མངོན་དུ་བྱས་པས་ཁྱབ་པར་ཐལ། ཁྱོད་ཀྱིས་ཐེག་ཆེན་གྱི་དབང་དུ་བྱས་ནས་དེའི་ཚད་དེ་འཐད་པའི་ཕྱིར་ན་མ་ཁྱབ། འོ་ན། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་བྱང་སེམས་ཀྱི་ཚོགས་ལམ་དུ་ཞུགས་པའི་རྟེན་ལ་རྣམ་སྨིན་གྱི་ཕུང་པོ་བོར་བ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། །ཡང་ཁ་ཅིག །ཆོས་གསུམ་མ་རྫོགས་
པར་འདིར་བསྟན་ཡང་དག་མཐའ་མངོན་དུ་མི་བྱའོ་ཞེས་གདམས་པའི་ཡུལ་གྱི་གདུལ་བྱ་ལ་གཙོ་བོ་ཐེག་ཆེན་གྱི་རིགས་ངེས་དང་། ཕལ་པ་ཐེག་དམན་པ་ཐེག་ཆེན་ཙམ་དུ་ཞུགས་པ་ཡོད་པ་ལ་བསམས་ཏེ། འདིར་བསྟན་གདམས་དོན་གཙོ་བོར་གྱུར་པའི་ཡང་དག་མཐའ་དང་། འདིར་བསྟན་གདམས་དོན་ཕལ་པར་གྱུར་པའི་ཡང་དག་མཐའ་གཉིས་སུ་དབྱེ་ཟེར་ན། མི་འཐད་པར་ཐལ། གདམས་ངག་འདི་གཙོ་ཕལ་གཉིས་ཀ་ལ་གདམས་པའི་ཕྱིར་རོ། །དེ་ལྟར་ཚུལ་འདི་ཤིན་ཏུ་རྟོགས་དཀའ་བས་ཞིབ་ཏུ་དཔྱད་དགོས་པར་མཁས་པ་ཕལ་ཆེར་གསུང་བས་ན་མཐའ་དཔྱོད་ཀྱི་རིམ་པ་མང་དུ་སྤྲོས་ཚེ། ཚིག་གི་ཁུར་པོས་ཧ་ཅང་གནོན་པས་འཇིགས་པར་གྱུར་ལ། ཉུང་ངུ་ཞིག་གིས་དངོས་བསྟན་གྱི་དོན་ཙམ་ལས་མཐའ་ཐམས་ཅད་ཆོད་པར་དཀའ་བས། བློ་གསལ་རྣམས་ཀྱིས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ཡང་ནས་ཡང་དུ་དཔྱོད་པ་གནད་དུ་ཆེའོ། །སྨྲས་པ། མཁས་མང་དགོངས་དོན་དབྱིངས་འཛིན་ལུས་ཕྲའི་ལྟོར། །རྟོགས་དཀའི་སྦས་དོན་གཞུང་གི་རྐང་འཐུང་འཕྲེང་། །ཕྲ་ཞིབ་རིགས་པའི་ལོ་མའི་ཕང་ཕུང་དེས། །བློ་དམན་དོན་གྱི་འབྲས་བུ་ལྟ་ལ་སྒྲིབ། །འོན་ཀྱང་མི་དམན་སྦྱངས་པའི་སྟོབས་རྒྱས་ཤིང་། །ཤེས་རབ་འཕྲུལ་གྱི་འཁོར་ལོ་འདེགས་ཤེས་པའི། །དཔྱོད་ལྡན་ཤེས་བྱའི་ས་ལ་ཐོགས་མེད་དུ། །བགྲོད་ཚེ་ཉིན་བྱེད་ཕྱི་ལ་བསྙེག་ཕྱིར་བྲེལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousའདིར་བསྟན་ཡང་དག་མཐའ་བཤད་པ།next