Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
collapse section
  
  
 
  
  
  
  
  
  
  
རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཁྱད་པར་བཤད་པ།
 
  
  
  
  
  
  
  
  
  
  
  
  
  
 collapse section
  
  
 collapse section
  
  
  
  
  
 collapse section
  
  
  
  
 collapse section
  
  
  
  
  
  
  
  
  
  
  
 collapse section
  
  
  
  
  
  
  
 collapse section
  
  
  
  
  
  
 collapse section
  
  
  
  
  
  
  
  
 collapse section
  
  
  
  
  
 collapse section
  
  
  
  
  
  


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousརྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཁྱད་པར་བཤད་པ།next

རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཁྱད་པར་བཤད་པ།


GLG014_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་རིག་བྱེད་མིན་པའི་གཟུགས་དེ་གཟུགས་ཀྱི་ཁྱད་པར་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གཟུགས་ལ་གསུམ་སྟེ། གཟུགས་རགས་པ་མིག་གི་སྤྱོད་ཡུལ་དུ་འགྱུར་བ་གཟུགས་ཀྱི་སྐྱེ་མཆེད་ལྟ་བུ་བསྟན་ཡོད་ཐོགས་བཅས། འབྲིང་པོ་སྒྲ་དྲི་རོ་རེག་དབང་པོ་གཟུགས་ཅན་ལྔ་ལྟ་བུ་བསྟན་མེད་ཐོགས་བཅས། ཕྲ་བ་རིག་བྱེད་མིན་པའི་གཟུགས་ལྟ་བུ་བསྟན་མེད་ཐོགས་མེད་གསུམ་སྟེ། དེ་ལྟ་བུའི་རྣམ་དབྱེ་ཤེས་པ་ལ་ཆོས་མངོན་པའི་སྡེ་སྣོད་ལེགས་པར་ཤེས་དགོས་མོད་ཀྱི། བོད་ཀྱི་རྟོག་གེ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཕྱ་པ་ཆོས་ཀྱི་སེང་གེས་ཀྱང་དངོས་པོ་ལ་བེམ་རིག་གང་རུང་གིས་ཁྱབ་པ་སོགས་ཀྱིས་གྲུབ་མཐའ་མང་དུ་བཞག་པ་ནི་དོན་འདི་ལ་སླ་བཅོས་ཧམ་ཤུར་མཛད་པའི་སྐྱོན་ཡིན་ནོ། །དེས་ན་འདུལ་བ་དང་མངོན་པ་མི་ཤེས་པས་སོ་ཐར་སྡོམ་པའི་བཤད་པ་བྱེད་པ་ནི་དམུས་ལོང་གིས་ཁ་དོག་དཀར་དམར་གྱི་བཤད་པ་བྱེད་པ་ལས་ཀྱང་མཚང་ཆེའོ། །དེར་མ་ཟད་གཞུང་ལུགས་འདི་དག་ལ་ལེགས་པར་སྦྱངས་པའི་ཆེན་པོ་དག་ལ་ཡང་འཁྲུལ་པ་ཅུང་ཟད་མཐོང་སྟེ། བུ་སྟོན་ཆོས་ཀྱི་རྒྱལ་པོས་མདོ་རྩའི་ཊཱིཀ་ཆེན་དུ། སོ་ཐར་སྡོམ་པའི་མཚན་ཉིད་ཆོས་འདི་པ་དག་གི་འདོད་(༧༥བ)


GLG014_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་སྤྱད་པའི་ཚུལ་ཁྲིམས་ཞེས་བཞག་པ་ཡང་། ཆོས་འདི་པའི་ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་སོ་ཐར་གྱི་སྡོམ་པར་ཐལ་ལ། འདོད་མི་ནུས་ཏེ། དེ་གཉིས་ངེས་འབྱུང་གི་བསམ་པ་ཉམས་པས་སོ་ཐར་སྡོམ་པར་མི་འགྱུར་ཞེས་ཉིད་ཀྱི་ལས་ཆོག་ཏུ་བྲིས་ཤིང་ལུང་རིགས་དུ་མས་ཀྱང་འགྲུབ་པའི་ཕྱིར་རོ། །དེས་ན་ཚུལ་ཁྲིམས་ཙམ་ལ་འཇིགས་སྐྱོབ་ལེགས་སྨོན་ངེས་འབྱུང་ཚུལ་ཁྲིམས་ཏེ་གསུམ་དུ་དབྱེར་རུང་ཀྱང་སྡོམ་པ་ལ་མི་རུང་སྟེ། དང་པོ་གཉིས་ཚུལ་ཁྲིམས་དང་ལེགས་སྤྱད་ཙམ་གྱི་སྡོམ་པ་མིན་པའི་ཕྱིར་རོ། །གཞན་ཡང་དེ་ཉིད་ལས། དེ་ལྟར་ན་སྡོམ་གསུམ་ཙམ་ལ་ནི་ངོ་བོ་གཅིག་པའི་དོགས་པ་འོང་དོན་མེད་དེ། གང་ནས་འབྱུང་བའི་ལུང་ཁུངས་འགལ། དེ་བཞིན་དུ་གང་ལས་ལེན་པའི་ཡུལ། གང་གིས་ལེན་པའི་གང་ཟག །ཇི་ལྟར་ལེན་པའི་ཆོ་ག །གང་གིས་གཏོང་བའི་རྩ་ལྟུང་། ནམ་གྱི་ཚེ་གཏོང་བའི་དུས་རྣམས་འགལ་བའི་ཕྱིར་རོ། །ཅི་ཏེ་ཁྱོད་ཀྱིས་བཤད་པའི་སོ་ཐར་ནི་ཉན་ཐོས་དང་ཐུན་མོང་ཡིན་ལ། དེ་དང་སྡོམ་པ་གོང་མ་གཉིས་འགལ་བར་རྗེ་བཙུན་ཆེན་པོའི་རྩ་ལྟུང་འཁྲུལ་སྤོང་དུ་ཡང་བཤད་པས་བདེན་དུ་ཆུག་ཀྱང་སོ་ཐར་ཙམ་པོ་ཞེས་དང་མི་འགལ་ཞིང་། སྡོམ་པ་གོང་མ་གཉིས་ནི་ཤིན་ཏུ་ཡང་མི་འགལ་བར་འཁྲུལ་སྤོང་དུ་བཤད་དོ་ཞེ་ན་བཤད་མོད། འདུལ་བ་ནས་མ་བཤད་པའི་སོ་ཐར་དེ་གང་ཡིན། ལུང་གང་ནས་བཤད། དེ་ནི་གཞན་ལ་གནོད་པ་གཞི་བཅས་སྤོང་བའི་ཚུལ་ཁྲིམས་ཙམ་ཡིན་ལ། ཉེ་བར་འཁོར་གྱིས་ཞུས་པའི་དཀོན་བརྩེགས་ལས་བྱང་ཆུབ་སེམས་(༧༦ན)


GLG014_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སོ་སོ་ཐར་པ་ཞེས་གསུངས་སོ་ཞེ་ན། འོ་ན་མུ་སྟེགས་གཅེར་བུ་པའི་རྒྱུད་ལ་ཡང་སོ་སོ་ཐར་པའི་སྡོམ་པ་ཡོད་པར་འགྱུར་ཏེ། དེ་ལ་གཞན་གྱི་ལུས་སྲོག་ལ་གཏན་མི་འཚེ་བའི་བརྟུལ་ཞུགས་ཡོད་ལ། བོད་ཀྱི་བོན་པོར་གྲགས་པ་ལ་ཡང་དེ་བཞིན་ནོ། །དེ་བཞིན་དུ་ལྷའི་དགེ་སློང་དང་བྱིས་པའི་དགེ་སློང་སྲིད་པར་ཐལ་འགྱུར་ནན་གྱིས་གཞུང་འདིར་གསུངས་པ་ཐམས་ཅད་འགོག་པའི་སྡོམ་གསུམ་རབ་དབྱེའི་བསྟན་འཛིན་རེ་མཚར། ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས་གསུངས་པའི་བྱང་སེམས་སོ་ཐར་གྱི་བྱང་སེམས་ཀྱི་སྡོམ་པ་ཡིན་ཏེ། འདོད་ཆགས་ལ་ལྟུང་བ་ཆུང་བ་དང་སླར་ཡང་བཅོས་སུ་ཡོད་པར་གསུངས་པ་སོགས་སྡོམ་གསུམ་ནང་ཚན་གྱི་སོ་ཐར་ལ་མེད་ཅིང་བྱང་སེམས་ལ་ཡོད་པའི་ཁྱད་པར་གྱི་ཆོས་དང་ལྡན་པར་གསུངས་པའི་ཕྱིར་རོ། །འདིས་ནི་སོ་ཐར་གྱི་སྒྲ་བཤད་དང་བྱེད་ལས་རགས་པ་ཚང་བ་ཙམ་ལ་དེའི་མིང་གིས་བཏགས་པ་ཙམ་མོ། །དེ་ལྟ་ན་ནི་གཞུང་ཤེར་ཕྱིན་དང་གཞན་དོན་རྗེས་དཔག་དང་མི་འབྱོར་ལྡན་ལ་ལྷ་དང་བླུན་པོ་ལ་བ་ལང་དུ་བཏགས་པ་སོགས་ཀྱང་དེ་དང་དེར་འགྱུར་བར་ཧ་ཅང་ཐལ་ལོ། །ཅིས་ཏེ་རྒྱུད་ཐ་དད་ཀྱི་སྡོམ་གསུམ་ངོ་བོ་ཐ་དད་ཀྱང་གང་ཟག་གཅིག་རྒྱུད་ཀྱི་རྣམས་ངོ་བོ་གཅིག་སྟེ། འཁྲུལ་སྤོང་དུ། འོ་ན་སྔར་སོ་ཐར་གྱི་སྡོམ་པ་དགེ་སློང་གི་བར་ཐོབ་པ་ཞིག་གིས་ཕྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སླར་ཡང་དབང་ནོས་པར་གྱུར་ན་འདི་ལ་སྡོམ་པ་ཇི་ལྟར་ལྡན་ཞེ་ན། དགེ་སློང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ་སོ་སོ་ཐར་པ་ཐམས་(༧༦བ)


GLG014_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བྱང་ཆུབ་སེམས་དཔའི་སྡོམ་པར་འགྱུར་ལ། དཀྱིལ་འཁོར་དུ་ཞུགས་པའི་ཚེ་ན་སྡོམ་པ་ཐམས་ཅད་ཀྱང་རིག་པ་འཛིན་པའི་སྡོམ་པ་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་རྒྱུད་འབུམ་པའི་ལུང་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གྲུབ་པ་ཞེས་བྱ་བ་ལས་འབྱུང་བ། རྡོ་ཡི་རིགས་ཀྱི་བྱེ་བྲག་ནི། །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཐམས་ཅད་གསེར་དུ་སྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ནས། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་གསུངས་སོ། དཔེའི་རྡོ་ནི་ཕལ་པ། ལྕགས་ཉན་ཐོས། ཟངས་རང་རྒྱལ། དངུལ་བྱང་སེམས། གསེར་ནི་རྡོ་རྗེ་ཐེག་པའི་བསླབ་པ་ཡིན་པར་མངོན་ནོ། །ཞེས་གསུངས་པའི་ཕྱིར་རོ་ཞེ་ན། གསུང་དེ་གསལ་མོད་ཀྱི་དགོངས་པ་མ་བླངས་པར་སྒྲ་དྲང་ཐད་དུ་ཁས་བླངས་ན་རིགས་ལམ་དུ་མི་ཚུད་དེ། དཔེའི་ལྕགས་སོགས་གསེར་འགྱུར་གྱི་རྩིས་གསེར་དུ་བསྒྱུར་ཟིན་པའི་གོང་བུ་གསེར་ཁོ་ན་ཡིན་ནམ་མ་ཡིན་ན་ཐམས་ཅད་གསེར་དུ་སྒྱུར་བར་བྱེད། ཅེས་པའི་ཚིག་ཉམས་ཤིང་དོན་ལ་སྡོམ་པ་ཐམས་ཅད་རིགས་འཛིན་སྡོམ་པ་ཡིན་ཞེས་གསལ་བར་དམ་བཅས་པའི་དཔེར་མི་རུང་། ཡིན་ན་དེ་ལ་ལྕགས་ཟངས་སོགས་མེད་པ་བཞིན་དུ་དོན་ལའང་སྔགས་སྡོམ་ཐོབ་པའི་ཚེ་གཞན་གཉིས་མེད་པར་འགྱུར་ཞིང་དེ་ལྟར་ན་སྡོམ་པ་གསུམ་ལྡན་ཇི་ལྟར་ཡིན། སྡོམ་པ་གསུམ་ལྡན་མ་ཡིན་ན། འོ་ན་ཁྱེད་ཀྱི་སོ་སོ་ཐར་པ་སྔོན་དུ་སོང་བའི་སྡོམ་པ་གསུམ་ཀ་ཡིན་ན་ཞེས་པའི་ལན་དུ་ཇི་(༧༧ན)


GLG014_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འགྲོ། གཞན་ཡང་དེ་འདྲའི་སྔགས་སྡོམ་ཅན་དེས་མི་ཚངས་སྤྱོད་དང་རྙེད་བཀུར་ལ་ལྷག་པར་ཆགས་པས་བདག་བསྟོད་གཞན་སྨོད་བྱས་པས་སོ་ཐར་དང་བྱང་སེམས་ཀྱི་རྩ་ལྟུང་མི་འབྱུང་བར་འགྱུར་ཏེ་སྡོམ་པ་དེ་གཉིས་མེད་པའི་ཕྱིར་དང་། གཞི་དེ་དག་སྔགས་སྡོམ་གྱི་རྩ་ལྟུང་དུ་ཡང་མི་རུང་བའི་ཕྱིར་རོ། །ཅིས་ཏེ་སྔགས་སྡོམ་དེ་སྡོམ་པ་གཞན་གཉིས་ཀྱང་ཡིན་ནོ་ཞེ་ན། དགེ་སློང་བྱང་ཆུབ་ཏུ་སེམས་བསྐྱེད་པས་སོ་ཐར་བྱང་སེམས་ཀྱི་སྡོམ་པར་འགྱུར་ཞེས་སོགས་དང་དངོས་སུ་འགལ་ཏེ་མ་གྱུར་པའི་ཕྱིར་རོ། །གཞན་ཡང་དེ་འདྲའི་སྔགས་སྡོམ་དེ་ཆོས་ཅན། མི་ཚངས་སྤྱོད་བྱས་པས་གཏོང་བར་འགྱུར་ཏེ་སོ་ཐར་སྡོམ་པ་ཡིན་པའི་ཕྱིར། བྱང་སེམས་ཀྱི་རྩ་ལྟུང་གིས་གཏོང་བར་འགྱུར་ཏེ་བྱང་སེམས་ཀྱི་སྡོམ་པ་ཡིན་པའི་ཕྱིར། ཁྱོད་རྩ་ལྟུང་གིས་བཏང་ན་དེ་གཉིས་བཏང་བར་འགྱུར་ཏེ། ཁྱོད་སྡོམ་པ་དེ་གཉིས་ཡིན་པའི་ཕྱིར། གནས་འགྱུར་དུ་འདོད་པའང་མི་འཐད་པར་འགྱུར་ཏེ། མ་གྱུར་པར་རང་སོར་གནས་པའི་ཕྱིར་རོ། །འདིའི་སོ་ཐར་ནི་ཉན་ཐོས་དང་ཐུན་མོང་བའི་སོ་ཐར་མིན་ནོ་ཞེ་ན། ཉན་ཐོས་དང་ཐུན་མོང་བ་ཞེས་པའི་ཚིག་ལ་ནུས་པ་མེད་པར་འགྱུར་ཏེ། ཉན་ཐོས་དང་ཐུན་མོང་བའི་སོ་ཐར་མི་སྲིད་པའི་ཕྱིར་ཏེ། བྱང་སེམས་ཀྱི་སྡོམ་པ་ཐོབ་ནས་དེ་ལྡོག་པའི་སྒོ་ནས་བྱང་སེམས་ཀྱི་རྒྱུད་ལ་དེ་འབྱུང་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་རྗེ་བཙུན་ཆེན་པོའི་གསུང་འདི་དག་ནི་ཁ་བ་ཅན་ན་བསྟན་པའི་རྩ་བ་སོ་སོ་ཐར་པ་ལ་ཤིན་ཏུ་མི་མོས་པས་རབ་ཏུ་འབྱིན་མི་ནུས་པར་མ་ཟད། དགེ་བསྙེན་(༧༧བ)


GLG014_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྡོམ་པ་ཙམ་ཡང་མི་འཛིན་པར་རྡོ་རྗེ་འཛིན་པ་ཆེན་པོར་རློམ་པ་མང་དུ་བྱུང་ཞིང་། འབྱུང་བ་རྣམས་སྤྲོ་བསྲིང་ཞིང་ཞུམ་པ་བསལ་བར་བྱ་བའི་ཕྱིར་དུ་སྡོམ་པ་གསུམ་ལྡན་ཡིན་ནོ་ཞེས་དགོངས་ཏེ་གསུངས་པའི་དྲང་དོན་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཡང་གཞུང་འདིའི་རྣམ་བཤད་རྒྱས་པའི་ཐོག་མ་བྱེད་པ་པོ་དག་གིས། སྡོམ་གསུམ་ངོ་བོ་གཅིག་པའི་སྒྲུབ་བྱེད་དང་ཐ་དད་ལ་གནོད་བྱེད་འགོད་པར་འདོད་ནས་སྡོམ་གསུམ་གྱི་ངོ་བོ་བེམ་པོ་ཡིན་ནམ་རིག་པ་ཡིན། དང་པོ་མི་རིགས་ཏེ། མཁས་མཆོག་དབྱིག་གཉེན་གྱིས་བཀག་པའི་ཕྱིར་རོ། །གཉིས་པ་ལྟར་ན་སེམས་བྱུང་ངམ་སེམས་པ་ཡིན་པས་གཙོ་བོ་རྣམ་ཤེས་ཀྱི་འཁོར་དུ་འབྱུང་དགོས་ལ། དེ་ཡང་དབང་ཤེས་ལྔའི་འཁོར་དུ་མི་འབྱུང་སྟེ་དབང་ཤེས་དགེ་བ་མེད་པའི་ཕྱིར། ཀུན་གཞི་ཉོན་ཡིད་ནི་ལུང་མ་བསྟན་ཡིན་པས་མི་འབྱུང་བའི་ཕྱིར་ཡིད་ཀྱི་རྣམ་ཤེས་ལས་མ་འདས་ལ། རྣམ་ཤེས་གཅིག་གི་འཁོར་དུ་སེམས་པ་གསུམ་བྱུང་ན་རྫས་མཚུངས་ཉམས་པར་འགྱུར། གལ་ཏེ་ས་བོན་ལ་འཇོག་ནའང་དེ་བེམ་རིག་གང་རུང་ལས་མ་འདས་པས་སྔར་གྱི་ཉེས་པ་ལས་མ་གྲོལ་ལོ་ཞེས་བཀག་ན་རྗེ་བཙུན་ཆེན་པོའི་དངོས་བསྟན་ཇི་བཞིན་ཁས་བླངས་པ་དང་། ཕྱིས་ཀྱི་མཁས་པར་གྲགས་པ་དག་ཀྱང་སེམས་པ་ངོ་བོ་དང་འཛིན་སྟངས་མི་འདྲ་བ་གསུམ་དང་གང་ཟག་གཅིག་རྒྱུད་ལ་ཅིག་ཅར་འབྱུང་མི་སྲིད་པས་སྡོམ་གསུམ་ནི་ངོ་བོ་གཅིག་པ་ལས་མ་འདས་སོ་ཞེས་འཁོར་མང་པོའི་དབུས་ན་གད་བརྒྱངས་དང་བཅས་ཏེ་སྒྲོག་གོ་ཞེས་བསྒྲག་གོ །(༧༨ན)


GLG014_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ཀྱང་མི་འཐད་དེ། མཁས་མཆོག་དབྱིག་གཉེན་གྱིས་བཀག་པ་མ་གྲུབ་སྟེ། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་གཟུགས་ཅན་དུ་གསལ་བར་གསུངས་པའི་ཕྱིར་རོ། །དབང་ཤེས་ལ་དགེ་བ་མི་སྲིད་ཅེས་སྨྲས་པ་ནི། ཆོས་མངོན་པ་གཏན་མི་ཤེས་པའམ་ཅུང་ཟད་ཤེས་ཀྱང་བརྗེད་པར་གསལ་ཏེ། །ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་གཞན་རྣམས་གསུམ། །ཞེས་དབང་པོ་གཟུགས་ཅན་ལྔ་དང་ཕྱིའི་གཟུགས་སྒྲ་བོར་བའི་གཟུགས་ཅན་གྱི་ཁམས་གསུམ་སྟེ་བརྒྱད་པོ་མཐའ་གཅིག་ཏུ་ལུང་མ་བསྟན་ཡིན་གྱི་གཞན་ཁམས་བཅུ་ཀ་ལ་དགེ་སྡིག་ལུང་མ་བསྟན་གསུམ་ཀ་ཡོད་དོ། །ཞེས་དབྱིག་གཉེན་གྱིས་གསལ་བར་གསུངས་པ་བཞིན་ཐོགས་མེད་ཀྱིས་ཀྱང་ལེགས་པར་གསུངས་པའི་ཕྱིར་རོ། །ས་བོན་བེམ་རིག་གང་རུང་དུ་འདོད་པ་ཡང་ཆོས་མངོན་པ་ལས་ཕུང་པོ་ལྔ་གསུངས་པའི་གཟུགས་ཕུང་བེམ་པོ་དང་། ཚོར་འདུ་རྣམ་ཤེས་གསུམ་རིག་པ་དང་། འདུ་བྱེད་ཕུང་པོའི་ཕྱོགས་གཅིག་སེམས་བྱུང་རྣམ་རིག་པ་ཡིན་ཀྱང་ཕྱོགས་གཅིག་ལྡན་མིན་འདུ་བྱེད་མངོན་པ་གོང་མ་ལས་ཉི་ཤུ་རྩ་གསུམ་དང་འོག་མར་བཅུ་བཞི་སོགས་བཤད་པ་རྣམས་གཟུགས་སེམས་གང་ཡང་མིན་པའི་འདུས་བྱས་སུ་གསུངས་པ་རྣམས་རྒྱུས་མེད་པ་དང་། ཚད་རྐྱང་པ་རང་ལ་གྲགས་པའི་དངོས་པོ་བཙན་པོ་དེ་བེམ་རིག་གང་ཡིན་ཡང་དཔྱད་པ་ཅུང་ཟད་ཀྱང་མ་བྱས་པར་བསྡུས་རྙིང་རྣམས་སུ་དངོས་(༧༨བ)


GLG014_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་བེམས་པོ་དང་རིག་པ་གཉིས་ཞེས་པ་ཙམ་སེམས་ལ་ཡོད་པའི་ཆོས་སྐད་དོ། །གཞན་ཡང་སྔ་ཕྱི་ཐམས་ཅད་ཀྱིས་སྡོམ་པ་ལ་སེམས་མངོན་གྱུར་གྱིས་ཁྱབ་པར་བཟུང་བས་ནོངས་ཏེ། དེ་ལྟ་ན་གཉིད་འཐུག་པོའི་ཚེ་སྡོམ་མེད་དུ་འགྱུར་ཞིང་དེ་ལྟ་ན་གཉིད་ཀྱིས་བསྐྱེད་པའི་ལྟུང་བ་མི་སྲིད་པ་དང་། གཉིད་སད་པའི་ཚེ་སྡོམ་པ་གསར་དུ་སྐྱེ་ན་སྡོམ་པ་བསྐྱེད་ཆོག་རྒྱལ་བས་མ་གསུངས་པ་དུ་མ་ཁས་ལེན་དགོས་པར་འགྱུར་བས་འདུལ་བ་མངོན་པ་མ་ཚོར་བར་སྡོམ་པའི་བཤད་པ་བག་ཡངས་སུ་བྱེད་པ་ལ་ཉན་མཁན་དང་རྗེས་འབྲངས་མང་དུ་འབྱུང་བ་ནི་རྒྱལ་བའི་བསྟན་པ་བསྡུས་པར་གསལ་ལོ། །དེ་ན་སེམས་པ་རིགས་མི་མཐུན་ཅིག་ཅར་དུ་འབྱུང་དགོས་པའི་ལུང་རིགས་གཉིས་ཀ་མེད་ཅིང་ངེས་པར་ཤེས་པ་རྣམས་ཀྱི་བཅུག་ཡིན་ཀྱང་མ་བྱས་ལ། གཉིད་འཐུག་སོགས་ཀྱི་ཚེ་ཡང་སོ་ཐར་གྱི་ནི་རིག་བྱེད་མ་ཡིན་པ་བརྟན་པར་ཡོད་ཅིང་གཞན་གཉིས་ཀྱི་ཡང་སྤང་བྱ་གཟུགས་ཅན་སྤོང་བ་རྣམས་དེ་དང་འདྲ་ལ། ཡིད་ཀྱིས་སྤོང་བ་ནི། སེམས་པ་དང་དེས་བཞག་པའི་ས་བོན་དང་ཐོབ་པ་དབང་དང་རྒྱུན་ཆགས་སོགས་ཡོད་པས་གཏོང་རྒྱུའི་རྩ་ལྟུང་སོགས་མ་བྱུང་ན་ཚེ་ཇི་སྲིད་འཚོའི་བར་དུ། སྡོམ་པ་གསུམ་ལྡན་ཉེས་ལྟུང་དྲི་མ་མེད། །དགེ་སྦྱོང་མཆོག་གྱུར་རྒྱལ་སྲས་རྡོ་རྗེ་འཛིན། །ཞེས་པ་རྟོགས་པའི་བསྟན་པ་མཐའ་དག་གི་སྙིང་པོ་སོ་སོ་སྐྱེ་བོའི་དུས་ནས་རྫོགས་པར་འཛིན་དུ་ཡོད་པས་ཤིན་ཏུ་སྤྲོ་བ་འཕེལ་ཞིང་། དེས་དྲངས་པའི་དོན་གཉེར་དང་བླང་དོར་ལ་འབད་པ་དྲག་པོ་བསྐྱེད་པར་བྱའོ་གསུངས་པ་འདི་རྣམས་ཚིག་དོན་གཉིས་ཀ་ནུས་པ་ཆེ་བར་(༧༩ན)


GLG014_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བས་སྒྲ་ཟུར་མ་ཉམས་པར་བྲིས་སོ། །དེར་མ་ཟད་སྡོམ་པ་གནས་འགྱུར་མི་འགྱུར་གྱི་སྐོར་ལ་མཁས་པ་གཞན་དག་གི་གསུང་འཕྲོས་ཀྱང་མང་བས། མངོན་པ་མཛོད་ལས། །ཐ་དད་དེ་དག་འགལ་བ་མེད། །ཅེས་གསུངས་པའི་དགོངས་དོན་ལྟར། ས་བཟང་མ་ཏི་པཎ་ཆེན་གྱིས། དེ་ལ་སྡོམ་པ་གསུམ་པོ་དེ་དག་ནི་གང་ཟག་གཅིག་གི་རྒྱུད་ལ་ཡོད་པའི་ཚེ་ནའང་ཐ་དད་ཁོ་ནར་ཡོད་དེ། གཞན་དུ་ན་དགེ་སློང་གི་སྡོམ་པ་བཏང་བས་གསུམ་ཅར་གཏོང་བར་འགྱུར་བ་ལས། དགེ་སློང་བཏང་ནས་དགེ་ཚུལ་དང་དེའང་བཏང་ནས་དགེ་བསྙེན་དུ་འགྱུར་བར་གསུངས་པའི་ཕྱིར་རོ། །འོན་ཀྱང་དེ་དག་འགལ་བ་མེད་པས་བསྟན་པ་ལ་རིམ་གྱིས་ཞུགས་པའི་དགེ་སློང་གི་རྒྱུད་ལ་དེ་གསུམ་གྱི་རིག་བྱེད་མ་ཡིན་པ་རྣམས་ནི་སོ་སོར་ཡོད་ཅེས་སོ། །དེ་ལྟ་ན་དགེ་བསྙེན་དང་དགེ་ཚུལ་ཡང་ཡིན་པར་འགྱུར་ཞེ་ན། ཡིད་སྨོན་གྱི་དགེ་སློང་ཞེས་བརྗོད་པ་ནི་ཡོན་ཏན་གཙོ་བོའི་སྒོ་ནས་བརྗོད་པ་ཡིན་ལ། དེས་ན་དགེ་སློང་ཞེས་བརྗོད་ཅིང་དེར་འཛིན་པའི་བསམ་པས་ཀུན་ནས་སློང་བའི་ཕྱིར་རིག་བྱེད་ནི་དགེ་སློང་གི་ཁོ་ན་ཡོད་པར་འཆད་དོ། །ཞེས་དང་། བུ་སྟོན་རིན་པོ་ཆེའི་འདུལ་ཊཱིཀ་ཏུ། འོ་ན་གང་ཟག་གིས་སྡོམ་པ་རིམ་ཅན་དུ་བླངས་པ་ན། སྤོང་བའི་འཕེལ་བ་དང་ལྡན་པ་དགེ་བསྙེན་གྱི་ལྔའི་སྟེང་དུ་དགེ་ཚུལ་གྱི་ལྷག་པོ་ལྔ་བསྣན་པས་བཅུར་སོང་བ་ལྟ་བུ་ཡིན། འོ་ན་ཐམས་ཅད་ཐ་དད་ཅེ་ན། དོང་ཙེ་བརྩེགས་པ་ལྟར་རྫས་ཐ་དད་མ་འདྲེས་པར་ཡོད་དེ། སྲོག་གཅོད་སྤོངས་བ་གསུམ་ནས་ཆང་སྤོང་བ་གསུམ་(༧༩བ)


GLG014_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་མཚན་ཉིད་ཐ་དད་པ་སྐྱེ་སྟེ། ལྷག་མ་གར་སོགས་སྤོང་བའང་དེ་དང་འདྲའོ། །འོ་ན་ཁྱད་པར་ཅི་ཡོད་ཅེ་ན། གཞིའི་ཁྱད་པར་ལས་ཁྱད་ཡོད་དེ། བསླབ་པའི་གཞི་ཆེས་མང་པོ་དག་ལེན་པར་འདོད་པ་སྟེ་དེ་ལྟར་རྒྱགས་པ་དང་བག་མེད་པའི་གནས་ཆེན་པོ་མང་པོ་ལས་ལོག་པ་དང་། སྲོག་གཅོད་པ་ལ་སོགས་པའི་གཞི་དུས་མ་ཡིན་པའི་ཁ་ཟས་ལ་སོགས་པ་ལས་ལོག་པར་འགྱུར་བ་དང་། སྤོང་བའི་གཞི་རྣམས་ལ་ཡང་འཇུག་པར་འགྱུར་བས་ཁྱད་ཡོད་དོ། །དེ་ལྟ་མ་ཡིན་པ་རྫས་གཅིག་ན་དགེ་སློང་གི་སྡོམ་པ་བཏང་བས་གསུམ་ཅར་བཏང་བར་ཐལ་ལོ། །དེས་ན་དེ་དག་རྒྱུད་གཅིག་ལ་ལྷན་ཅིག་གནས་པ་ཡིན་གྱིས། སྡོམ་པ་ཕྱི་མ་བླངས་པས་སྔ་མ་གཏོང་བ་མ་ཡིན་ནོ། །ཞེས་དང་། མངོན་པའི་འགྲེལ་པ་མངོན་པའི་རྒྱན་ཞེས་པ་ལས་ཀྱང་། དགེ་བསྙེན་ལ་སོགས་པའི་སྡོམ་པ་དེ་དག་ཐ་དད་པ་ཡིན་གྱི་སྔ་མ་སྔ་མ་གནས་འགྱུར་བ་ཕྱི་མ་ཕྱི་མའམ་གཅིག་ཏུ་ཡོད་པ་ནི་མ་ཡིན་ཏེ། ཞེས་སོགས་དང་། འོ་ན་དགེ་སློང་དེ་ཉིད་དགེ་ཚུལ་དང་དགེ་བསྙེན་དུའང་འགྱུར་རོ་ཞེ་ན། དེ་ལྟ་ནི་མིན་མོད་ཀྱི། དགེ་སློང་ཞེས་བརྗོད་པ་ནི་གཙོ་ཆེ་བའི་ཕྱིར་ཏེ། དགྲ་བཅོམ་པ་དགེ་སློང་ཡིན་ཡང་དགྲ་བཅོམ་པ་ཞེས་བརྗོད་པའི་ཕྱིར་རོ། །ཞེས་གསུངས་པས། རྫས་ཐ་དད་དུ་གནས་པ་ལ་ཐེག་དམན་བཞེད་པ་མི་མཐུན་པ་མ་བྱུང་ཞིང་ཞེས་དང་། མཁས་གྲུབ་རིན་པོ་ཆེའི་སྡོམ་གསུམ་རྣམ་གཞག་ཐུབ་བསྟན་རིན་པོ་ཆེའི་བྱི་དོར་ལས། ཁ་ཅིག་སྡོམ་པ་གོང་མ་གོང་མ་ཐོབ་པ་ན་དེའི་རྒྱུད་སྔར་ཡོད་ཀྱི་སྡོམ་པ་འོག་མ་འོག་(༨༠ན)


GLG014_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡང་གོང་མ་གོང་མར་གནས་འགྱུར་འགྲོ་སྟེ། དཔེར་ན་དགེ་སློང་གིས་བྱང་སེམས་ཀྱི་སྡོམ་པ་མ་བླངས་གོང་དེའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེ་སོ་སོ་ཐར་པའི་སྡོམ་པར་ཡོད་པ་ལ་བྱང་སེམས་ཀྱི་སྡོམ་པ་ཐོབ་པ་ན་དེ་སོ་སོ་ཐར་པའི་སྡོམ་པ་ལས་གནས་འགྱུར་ནས་བྱང་སེམས་ཀྱི་སྡོམ་པར་གནས་འགྱུར་བ་ལྟ་བུའོ། །བྱང་སེམས་ཀྱི་སྡོམ་ལྡན་གྱིས་སྔགས་སྡོམ་ཐོབ་པ་ན་གནས་འགྱུར་བའི་ཚུལ་ཡང་དེ་བཞིན་ནོ་ཞེས་ཟེར་རོ། །ཆེས་མི་རིགས་ཏེ་དེ་ལྟར་ན་དགེ་སློང་བྱང་ཆུབ་སེམས་དཔའ་སྔགས་སྡོམ་ཐོབ་པའི་ཚེ་དེའི་རྒྱུད་ཀྱི་སྔར་ཡོདཀྱི་སྡོམ་པ་གཉིས་པོ་གནས་འགྱུར་ནས་སྔགས་སྡོམ་འབའ་ཞིག་ལ་སོང་བའི་ཕྱིར་སྡོམ་པ་གསུམ་ལྡན་མི་སྲིད་པར་འགྱུར་བ་དང་གོང་མ་ཐོབ་པའི་དབང་གིས་འོག་མ་གཏོང་ན་གོང་མ་འོག་མའི་གཏོང་རྒྱུར་ཁས་ལེན་པ་ལས་ཐ་ཆད་པ་ཅི་ཞིག་ཡོད། འདི་ལ་གནོད་བྱེད་གོང་དུ་ཡང་བརྗོད་ཟིན་ཏོ། །གོང་མ་ཐོབ་པས་འོག་མ་གནས་འགྱུར་ཀྱང་མི་གཏོང་ན་དགེ་སློང་གིས་བྱང་སེམས་ཀྱི་སྡོམ་པ་ཐོབ་པའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེ་ཚེ་འཕོས་པས་ཀྱང་མི་གཏོང་དགོས་པས་ལྷ་དང་དུད་འགྲོའི་དགེ་སློང་སོགས་ཡོད་པར་འགྱུར་བ་དང་། དགེ་སློང་གིས་སྔགས་སྡོམ་ཐོབ་པའི་ཚེ་དེའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེ་སོ་ཐར་གྱི་སྡོམ་པ་མ་ཡིན་པར་སྔགས་སྡོམ་འབའ་ཞིག་ཡིན་པས། བུད་མེད་ལ་སྨོད་ན་དགེ་སློང་གི་སྡོམ་པའི་གཏོང་རྒྱུར་འགྲོ་བ་ཡང་འདོད་དགོས་པའི་ཕྱིར་རོ། །སྡོམ་གསུམ་འོད་འཕྲེང་ལས། གོང་མ་གོང་མ་ཐོབ་པ་ན་སྔ་མ་སྔ་མ་ཟིལ་གྱིས་(༨༠བ)


GLG014_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ནས་ཀུན་གཞི་ལ་བག་ལ་ཉལ་གྱི་ཚུལ་དུ་གནས་ཀྱི་མངོན་འགྱུར་དུ་མི་གནས་ཏེ། དཔེར་ན་མཁའ་ལ་སྐར་ཟླ་ཉི་གསུམ་རིམ་ཅན་གྱིས་ཤར་བའི་ཚེ། ཕྱི་མ་ཕྱི་མའི་འོད་ཀྱིས་སྔ་མ་སྔ་མའི་འོད་ཡོད་ཀྱང་ཟིལ་གྱིས་མནན་ནས་མི་མངོན་པ་དང་འདྲའོ་ཞེས་བཤད་དོ། །དེའང་ཆེས་འཐད་པ་མ་ཡིན་ཏེ། དགེ་སློང་གི་སྡོམ་པ་མངོན་གྱུར་མེད་ཀྱང་ཀུན་གཞི་ལ་སྡོམ་པ་དེའི་བག་ལ་ཉལ་ཡོད་པ་ཙམ་གྱིས་དགེ་སློང་གི་གོ་ཆོད་ན། སེམས་ཅན་ཐམས་ཅད་དགེ་སློང་དུ་ཐལ། ཤེས་རྒྱུད་ལ་དགེ་སློང་གི་སྡོམ་པའི་བག་ཆགས་ཡོད་པའི་ཕྱིར། ཞེས་བརྗོད་ན། ལན་ཅི་ཡོད་སོམས་ཤིག །གོ་མི་ཆོད་ན་དགེ་སློང་རྡོ་རྗེ་འཛིན་པ་མི་སྲིད་པར་ཐལ་བ་བཟློག་ཏུ་ཅི་ཞིག་ཡོད། དཔེ་དོན་ཡང་གཏན་མི་མཚུངས་ཏེ། ཉི་མ་འཆར་བ་ལ་སྔོན་དུ་ཟླ་བ་འཆར་ག་ལ་དགོས། སྔགས་སྡོམ་ཐོབ་པ་ལ་དེའི་སྔོན་དུ་ངེས་པར་བྱང་སེམས་ཀྱི་སྡོམ་པ་ཐོབ་དགོས་པའི་ཕྱིར་དང་། ཉི་མའི་འོད་ཟེར་ཡོད་པའི་ཚེ་ཉི་མའི་འོད་ལས་ལོགས་པའི་ཟླ་བ་དང་སྐར་མའི་འོད་སྒོས་སུ་བསྒྲིབ་པའི་མུན་པ་ཐུན་མོང་མ་ཡིན་པ་རྡུལ་ཙམ་ཡང་མི་སྲིད་ལ། གང་ཟག་གཅིག་གི་རྒྱུད་ལ་སྡོམ་པ་གོང་མ་ཡོད་པའི་ཚེ་ཡང་གོང་མའི་བཅས་པ་ལས་ལོགས་པའི་འོག་མའི་བཅས་པ་དང་འགལ་བའི་ཐུན་མོང་མ་ཡིན་པའི་ལྟུང་བ་དུ་མ་ཞིག་སྲིད་པའི་ཕྱིར་རོ། །ཡང་ཁ་ཅིག །གང་ཟག་གཅིག་གི་རྒྱུད་ཀྱི་སྡོམ་གསུམ་ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་ལ། གོང་མ་གོང་མ་ཁྱབ་བྱེད་དང་འོག་མ་འོག་མ་ཁྱབ་བྱ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་ཁྱབ་བྱེད་བཀག་ན་ཁྱབ་བྱ་ཁེགས་དགོས་(༨༡ན)


GLG014_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། སྡོམ་པ་གསུམ་ལྡན་གྱི་གང་ཟག་ལ་སྡོམ་པ་གོང་མའི་གཏོང་རྒྱུ་ཡིན་ན་འོག་མའི་གཏོང་རྒྱུ་ཡིན་པར་ཁྱབ་པར་ཐལ་བའི་ཕྱིར་དང་། ཁྱབ་བྱ་ཡོད་ན་ཁྱབ་བྱེད་ཡོད་དགོས་པས་སྡོམ་པ་གསུམ་ལྡན་གྱི་གང་ཟག་དེས་ཇི་སྲིད་སོ་ཐར་གྱི་སྡོམ་པ་ཡོད་ཀྱི་རིང་ལ་སྡོམ་པ་གོང་མ་གཉིས་ཀྱང་ཡོད་པས་ཁྱབ་པར་འགྱུར་བའི་ཕྱིར་ཤིན་ཏུ་མི་འཐད་དོ། །འཐད་པའི་ཕྱོགས་ནི་འདི་ཡིན་ནོ། །སྡོམ་པ་གསུམ་ལྡན་གྱི་གང་ཟག་གཅིག་གི་རྒྱུད་ཀྱི་སྡོམ་གསུམ་རང་རང་གི་ཐོག་མའི་རྒྱུ་ཚོགས། ཚོགས་པ་རིགས་མི་མཐུན་གྱི་ཆོ་ག་རིགས་ཐ་དད་ལས་སྐྱེས་པའི་ཐོབ་ཚུལ་སོ་སོར་ངེས་ཤིང་། དེའི་དབང་གིས་མཐར་གཏོང་བའི་རྒྱུ་ཡང་སོ་སོར་ངེས་པ་ཡིན་ལ། འོན་ཀྱང་གནས་སྐབས་སུ་སྡོམ་པ་འོག་མ་བསྲུང་བ་ཡང་གོང་མའི་ཀུན་སློང་ཁྱད་པར་ཅན་གྱིས་ཟིན་པའི་རྐྱེན་གྱིས་གནས་སྐབས་ཀྱི་རྐྱེན་དེ་དང་མ་བྲལ་གྱི་རིང་ལ་འོག་མ་ཡང་གོང་མའི་ཡན་ལག་ཏུ་འགྱུར་བ་ཡིན་གྱི། གྲུབ་སྡེ་དབྱེར་མེད་དང་རིགས་རྒྱུན་ཕན་ཚུན་གཅིག་བཀག་ན་ཅིག་ཤོས་ཁེགས་པའི་ཡན་ལག་ཏུ་འགྱུར་བ་མ་ཡིན་ཏེ། དཔེར་ན་སྣོད་དངས་ཤིང་དྲི་མ་མེད་པར་ཆུ་ཤིན་ཏུ་དངས་པའི་ནང་དུ་རིན་པོ་ཆེ་མར་གད་ལ་སོགས་པ་བཅུག་ན་དེ་སྲིད་དུ་ཆུའི་མདོག་ཀྱང་རིན་པོ་ཆེའི་ཁ་དོག་གི་ཡན་ལག་འགྱུར་མོད་ཀྱི། ཆུ་དང་རིན་པོ་ཆེ་དེ་དག་ཕན་ཚུན་གཅིག་བཀག་ཀྱང་ཅིག་ཤོས་མི་ཁེགས་པ་བཞིན་ནོ། །དེས་ན་བྱང་ས་ལས། སོ་སོ་ཐར་པའི་སྡོམ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཡན་ལག་ཏུ་འགྱུར་བ་ཡིན་ཏེ་ཕྱོགས་གཅིག་ཉིད་དུ་རིག་(༨༡བ)


GLG014_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཞེས་གསུངས་པ་དང་། ཚུལ་ཁྲིམས་ལེའུའི་རྣམ་བཤད་ཀྱི་དོན་ཡང་དེ་ལྟར་ཤེས་པར་བྱའོ། །ཞེས་སྔ་མ་རྣམས་ལ་དགག་བཞག་དང་བཅས་རྒྱ་ཆེར་གསུངས། དེ་ཡང་བུ་སྟོན་རིན་པོ་ཆེའི་བཞེད་པར་ཚིགས་གསུམ་རིམ་གྱིས་ནོས་པའི་སྡོམ་པ་གང་ཟག་གཅིག་གི་ལུས་ལ་རྒྱན་སོ་སོར་བཏགས་པ་དང་འདྲ་ཚུལ། སྟག་ཚང་ལོ་ཙཱ་བ་དང་པཎ་ཆེན་བསོད་ནམས་གྲགས་པ་སོགས་མཁས་པ་མང་པོ་དོང་ཙེ་བརྩེགས་པ་ལྟར་ཡོད་པ་དང་། བི་བྷུ་ཏི་ཙནྡྲས་ནམ་མཁའ་ལ་ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་ཤར་ཚེ་གཞན་གཉིས་མེད་པ་མིན་ཀྱང་ཉི་མའི་འོད་ཀྱི་ཟིལ་གྱིས་མནན་ནས་བག་ལ་ཞ་བ་བཞིན་དུ་སྔགས་སྡོམ་གྱིས་བྱང་སེམས་སོ་ཐར་ཟིལ་གྱིས་གནོན་པར་བཤད་པའི་ཤུགས་ལ་སོ་ཐར་ལ་ཡང་དེ་ལྟར་བཞེད་པས། ཚིགས་གསུམ་གང་ཟག་གཅིག་གི་རྒྱུད་ལ་སོ་སོར་ཡོད་ཀྱང་བསྙེན་རྫོགས་ཀྱི་སྡོམ་པ་གཙོ་ཆེ་བས་དེས་གཞན་གཉིས་དངོས་སུ་མི་མངོན་པར་འཆད་པ་འདུལ་བ་རང་སྐད་སྨྲ་བ་ཕལ་ཆེར་བཞེད་མོད། འོན་ཀྱང་གང་ཟག་གཅིག་གི་རྣ་བ་གཡས་གཡོན་ལ་རྒྱན་རེ་བཏགས་པའི་གཡས་ཀྱི་རྒྱན་བོར་ཡང་གཡོན་གྱི་རྒྱན་འབོར་བའི་ངེས་པ་མེད་པ་བཞིན། ཚིགས་གསུམ་རིམ་གྱིས་ནོས་པའི་དགེ་སློང་ལ་སྲོག་གཅོད་ཀྱི་ཕམ་པ་འཆབ་བཅས་བྱུང་ནས་སྡོམ་པ་ཉམས་ཀྱང་རྒྱན་སོ་སོར་བཏགས་པ་བཞིན། དགེ་ཚུལ་གྱི་ངོས་སྐལ་གྱི་སྲོག་གཅོད་དང་དགེ་བསྙེན་གྱི་ངོས་སྐལ་གྱི་སྲོག་གཅོད་ཀྱི་ལྟུང་བ་མི་འབྱུང་བའི་སྤུ་རིས་དབྱེ་དཀའ། དེ་བཞིན་དུ་དོང་ཙེ་བརྩེགས་མའི་གཅིག་བོར་བས་གཞན་གཉིས་མི་(༨༢ན)


GLG014_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

འབོར་ཞིང་། ཤར་རྩེ་པའི་སྤྱི་དོན་སོགས་སུ་ཉི་ཟླ་སྐར་གསུམ་གྱི་གཅིག་སྤྲིན་གྱིས་བསྒྲིབས་པར་གཞན་གཉིས་བསྒྲིབ་པའི་ངེས་པ་མེད་པ་ལྟ་བུའི་རིག་པ་བཅུག་ཚེ་དམ་བཅའ་བའང་དཀའ་བའི་གནས་སུ་མཆིས། སྡོམ་གསུམ་གནས་འགྱུར་ཚེ་འོག་མ་རྣམས་གོང་མ་དང་གཅིག་ཏུ་སོང་བས་འོག་མ་གཉིས་ཀྱི་སྡོམ་པ་མེད་པར་འགྱུར་ཞེས་དགག་པའང་སྣོད་གཅིག་ཏུ་ཆུ་ཆང་འོ་མ་གསུམ་རིམ་གྱིས་གསེས་ཚེ་ཆང་གི་དྲི་དང་འོ་མའི་མདོག་སོགས་མངོན་ཆེ་ཡང་དེ་ལ་ཆུ་མེད་པར་བསྒྲུབ་མི་ནུས་པས་ཚིག་འཁྲི་ཙམ་ལས་དོན་ཐོག་ཏུ་ཁེལ་བར་མི་སེམས། ཐུབ་བསྟན་རིན་པོ་ཆེའི་བྱི་དོར་གྱི་མཐའ་གཅོད་རྣམས་ཕ་རོལ་གྱི་ཁས་བླངས་ལ་ནུས་པ་ཆེ་བ་ཞིག་སྣང་ཡང་། དཔེའི་སྐབས་སུ་ཉི་མ་འཆར་བའི་སྔོན་དུ་ཟླ་བ་འཆར་མི་དགོས་ཤིང་། ཉི་མའི་འོད་ཟེར་ཡོད་པའི་ཚེ་ཉི་མའི་འོད་ལས་ལོགས་སུ་གྱུར་པའི་ཟླ་སྐར་གྱི་འོད་བསྒྲིབ་པའི་མུན་པ་ལོགས་སུ་མི་འབྱུང་བ། འདྲ་བའི་ཕྱོགས་ནི་དངོས་མ་ཡིན། །མི་འདྲ་བ་ལ་དཔེ་མ་གྲུབ། །ཅེས་གྲགས་པས། ཕྱོགས་ཙམ་འདྲ་བ་ལས་ཐམས་ཅད་འདྲ་བ་ཞིག་ག་ལ་དགོས། རྒྱུ་མཚན་སྙན་ངག་མེ་ལོང་དུ། ཁྱོད་ཀྱི་གདོང་ནི་པདྨ་བཞིན། །མིག་དག་ཨུཏྤལ་སྔོན་པོ་བཞིན། །ཞེས་པ་ཆོས་གཅིག་རྟོགས་བྱེད་པ། །དེ་ནི་དངོས་པོའི་དཔེ་ཉིད་དོ། །ཞེས་དཀར་བ་དང་འཇམ་པའི་ཆ་ནས་པདྨ་དང་། མིག་ནག་ཅིང་མཛེས་པས་ཨུཏྤལ་དཔེར་བཟུང་གི །དེ་ལྟར་ན་གདོང་ནི་ཤ་ཁྲག་པགས་རུས་ལས་གྲུབ་ཅིང་། པདྨ་ནི་དེ་ལྟ་མ་ཡིན་པས་དཔེར་མི་འོས་ཞེས་སྨྲ་དགོས་པར་འགྱུར་ཞིང་། སངས་(༨༢བ)


GLG014_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སྐུ་ལ་བསྟོད་པའི་སྐབས་སུ་དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཞེས་པ་ནམ་མཁའ་སྔོ་སངས་ལ་སྐར་མ་ཤར་བ་དང་། ཐུབ་པའི་སྐུ་གསེར་མདོག་ལ་མཚན་དཔེས་སྤྲས་པ་གཉིས་མི་མཚུངས་ཞེས་མདོ་རྒྱུད་བསྟན་བཅོས་ཀྱི་དཔེ་དོན་ཐམས་ཅད་རོལ་བརྒྱ་ཤལ་གཅིག་གི་རིགས་པ་འདི་འདྲ་དཔལ་ལྡན་ཆོས་གྲགས་ཀྱི་ཐུགས་ལ་ཡང་མ་ཤར་རོ། །དེས་ན་སྡོམ་གསུམ་རབ་དབྱེ་ལས། །ཐེག་པ་གསུམ་གྱི་ལག་ལེན་ཡང་། །རང་རང་གཞུང་ལུགས་བཞིན་བྱེད་ན། །སངས་རྒྱས་བསྟན་ཡིན་མི་བྱེད་ན། །བསྟན་པའི་གཟུགས་བརྙན་ཡིན་ཞེས་བྱ། །ཞེས་ཐེག་པ་གསུམ་སོ་སོའི་ལུགས་བཞིན་ལག་ལེན་མ་འཆོལ་བར་བྱ་དགོས་པར་བཤད་པས། སྡོམ་གསུམ་གནས་འགྱུར་ཀྱང་སྤྱིར་བཏང་དམིགས་བསལ་ལས་ཐམས་ཅད་ལ་ཁྱབ་པར་བཞེད་པའི་ངེས་པ་མི་འདུག་ཅིང་། མཁས་པ་རྣམས་ཀྱི་གྲུབ་མཐའི་འཇོག་མཚམས་ལ་བློ་དམན་རྣམས་ཀྱི་མཐའ་གཅིག་ཏུ་ངེས་བཟུང་དཀའ་ནའང་གཉའ་ནང་བྲག་ཕུག་གི་རྒྱུས་མི་ལ་རས་པའི་དཔེ་བཞིན་ཉན་ཐོས་ལུགས་བཞིན་སོ་ཐར་བླངས་པའི་གདུལ་བྱ་སོ་སྐྱེ་ལས་དང་པོ་པ་རྣམས་ཀྱི་སྐལ་བ་དང་འཚམ་པ་ནི། ལུགས་སྲོལ་འདི་ལ་ཁ་ཆེའི་བསོད་སྙོམས་པ་ཆེན་པོ་བརྒྱུད་པར་བཅས་པ་མཁས་པས། པཎ་ཆེན་ཤཱཀྱ་ཤྲཱི་དང་བི་བྷཱུ་ཏི་ཙནྡྲས་སྡོམ་གསུམ་རྫས་ཐ་དད་དུ་བཞེད་ཅིང་། བི་བྷཱུ་ཏི་ཙནྡྲས། མཁྱེན་བརྩེ་དུང་ཕྱུར་དང་ལྡན་ཞིང་། །པཎ་ཆེན་བློ་ཡི་རྒྱ་མཚོ་ལ། །(༨༣ན)


GLG014_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་གསུམ་ནོར་བུའི་འཕྲེང་བ་བླངས། །ཞེས་པཎ་ཆེན་གྱི་དགོངས་པ་ལྟར་སྡོམ་གསུམ་རྫས་ཐ་དད་དུ་སྟོན་པའི་སྡོམ་གསུམ་འོད་འཕྲེང་མཛད་ཅིང་། དེར། དེས་ན་རིགས་འཛིན་གཅིག་པུ་ལ། །སུམ་ལྡན་སྦྱོར་བ་འཐད་མ་ཡིན། །གལ་ཏེ་འཐད་ན་འོག་མ་གཉིས། །ཆོ་ག་མི་དགོས་སྐྱེ་འགྱུར་རོ། །སྡོམ་གསུམ་ཆོ་ག་ཐུན་མོང་དུ། །ཐུབ་པ་ཆེན་པོས་གསུངས་པ་མེད། །རིག་འཛིན་སྡོམ་པ་ཁོ་ན་བས། །སུམ་ལྡན་བསྔགས་པའི་དགོས་པ་ནི། །འབྲས་བུའི་སྒོ་ནས་མ་ཡིན་ཏེ། །ཡིན་ན་ཀུན་མཁྱེན་མཆོག་དམན་འགྱུར། །ཞེས་སོགས་གསུངས་སོ། །གཉགས་དབོན་བསོད་ནམས་བཟང་པོས་བཤད་མ་ཐག་པའི་རྗེས་སུ་འབྲངས་ཏེ། སོ་སྐྱེ་གཅིག་གི་རྒྱུད་ཀྱི་སྡོམ་གསུམ་རྫས་ཐ་དད་ཡིན་ཏེ། དེའི་སྡོམ་གསུམ་ཕྱི་མ་ཕྱི་མ་སྐྱེ་བ་ལ་སྔ་མ་སྔ་མ་སྐྱེས་ཟིན་རྟེན་དུ་དགོས་པས་སྐྱེ་བའི་དུས་ཐ་དད། སོ་ཐར་ཇི་སྲིད་འཚོའི་བར་ཡིན་ལ། ཕྱི་མ་གཉིས་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཡིན་པས་གནས་པའི་དུས་ཐ་དད། སོ་ཐར་ཚེ་འཕོས་པས་གཏོང་ལ། གཞན་གཉིས་དེས་མི་གཏོང་བ་སོགས་གཏོང་རྒྱུ་ཐ་དད་པའི་ཕྱིར་རོ། །སངས་རྒྱས་ཀྱི་དཀོར་ཀུན་ནས་དཀྲིས་པ་ཆེན་པོས་ཕྲོགས་ན་བྱང་སེམས་ཀྱི་སྡོམ་པ་འཇིག་ཅིང་མྱ་ངན་ལས་འདས་པའི་ལྷ་ཉིད་དོ་ཞེས་པས། དེས་སོ་ཐར་འཇིག་པར་མི་འགྱུར་བ་དང་། ཀུན་ནས་འཁྲུགས་པས་བུད་མེད་ལ་སྨད་ན་གསང་སྔགས་ཀྱི་སྡོམ་པ་འཇིག་ཅིང་། དེས་སོ་ཐར་ལ་ཕམ་པར་འགྱུར་བ་མི་སྲིད་པའི་ཕྱིར་དང་། དམ་ཚིག་ལས་ནི་ཇི་བཞིན་རྙེད། དེ་སྤོང་བ་ནི་བཅུ་གསུམ་པ། ཞེས་(༨༣བ)


GLG014_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་འཁོར་ལོ་མ་ད་ན་སོགས་དམ་ཚིག་གི་རྫས་ཞེ་ནས་སྤོང་ན་རྩ་ལྟུང་བཅུ་གསུམ་པར་འགྱུར་ལ། སོ་ཐར་གྱི་དེ་སྤང་བྱ་ཡིན་པའི་ཕྱིར་གལ་ཏེ་གསུམ་ལྡན་དེའི་སྔགས་ཀྱི་སྡོམ་པ་བཏང་བས་དེའི་སོ་ཐར་ཡང་བཏང་བར་འགྱུར་ན་རྩ་ལྟུང་བཅུ་གསུམ་པ་དང་བཅུ་བཞི་པས་སོ་ཐར་ཡང་གཏོང་པར་ཐལ་ལོ། །འདོད་ན། ཆང་སྤངས་པ་དང་བུད་མེད་ལ་སྨད་པས་སོ་ཐར་སྡོམ་པ་གཏོང་བ་ནི་ཤིན་ཏུ་ངོ་མཚར་བར་འགྱུར་རོ། །ཕྲ་རགས་ཞེས་གསུང་བ་ནི། འོད་འཕྲེང་ལས། དང་པོ་དེ་ནི་ཀུན་གཞི་ལས། །བག་ལ་ཉལ་བའི་ཚུལ་དུ་གནས། །རིག་འཛིན་སྡོམ་པ་ཐོབ་པ་ནས། །འོག་མ་གཉིས་ལ་བག་ལ་ཉལ། །དཔེར་ན་མཁའ་ལ་སྐར་མ་ཤར། །ཅུང་ཟད་སྣང་བར་བྱས་འགྱུར་མོད། །ཟླ་བའི་དཀྱིལ་འཁོར་ཤར་བའི་ཚེ། །སྐར་མ་འོད་ཉམས་འཇིག་རྟེན་སྣང་། །རྟ་བདུན་ཚ་ཟེར་བྱུང་བ་ན། །ཟླ་བའི་འོད་ཉམས་འཇིག་རྟེན་གསལ། ཞེས་སྔ་མ་སྔ་མ་ཕྲ་ཞིང་ཕྱི་མ་རགས་པར་གསུངས་པ་ལྟར་རོ། །འདི་ལ་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ལས། བི་བྷཱུ་ཏི་ཙནྡྲའི་གསུང་བཀྲོལ་ནས་དེ་ལ་དགག་པ་བཏང་བར། ཉི་ཟླ་སྐར་གསུམ་གྱི་དཔེ་དང་སྦྱར་བ་ཡང་མི་འཐད་དེ། རང་གི་རྟོག་པས་སྦྱར་བ་ཙམ་ཡིན་གྱི་ལུགས་རྣམ་པར་དག་པ་གང་ནས་ཀྱང་མ་བཤད་པའི་ཕྱིར་སྔགས་སྡོམ་ལ་གནས་པའི་གང་ཟག་གིས་གཞན་དོན་དུ་སྡོམ་པ་འོག་མ་ལེན་པ་དོན་ལ་གནས་ཀྱང་ཁྱེད་ལ་འགལ་ཏེ། སོ་ཐར་ལེན་པའི་བསམ་པའི་ཡན་ལག་ཏུ་རང་དོན་ཡིད་བྱེད་དགོས་པར་ཁས་བླངས་པའི་ཕྱིར་རོ། །གོང་མ་གནས་ཀྱི་བར་དུ་འོག་(༨༤ན)


GLG014_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལྟུང་བ་འབྱུང་ཡང་རྣམ་སྨིན་གྱིས་མི་གོས་པར་འདོད་པ་ལ་ཡང་བརྗོད་པར་བྱ་སྟེ། སྔགས་སྡོམ་ལ་གནས་པའི་གང་ཟག་ལ་བྱང་སེམས་ཀྱི་སྡོམ་པ་ལ་བལྟོས་པའི་རྩ་ལྟུང་བྱུང་ན་བྱང་སེམས་ཀྱི་སྡོམ་པ་ཉམས་ལ། དེ་ཉམས་ན་འགྲོ་བ་ཀུན་བསླུས་པས་གནོད་པ་ཤིན་ཏུ་མང་བ་དང་། །རྒྱལ་དང་དེ་སྲས་ཐམས་ཅད་དང་། །འགྲོ་བ་ཀུན་གྱིས་ཤིན་ཏུ་ཁྲེལ། །ཕམ་པའི་ལྕི་ཡང་བྱེ་བྲག་གིས། །བསྐལ་པའི་གྲངས་བཞིན་དམྱལ་བར་གནས། །ཞེས་ཁས་བླངས་པ་དང་ཅིའི་ཕྱིར་མི་འགལ། གལ་ཏེ་ཉེས་དམིགས་དེ་དག་ནི་སྡོམ་པ་རེ་རེ་དང་ལྡན་པ་ཉམས་པའི་དབང་དུ་བྱས་ཀྱིས་གོང་མ་དང་ལྡན་པའི་དབང་དུ་བྱས་པ་མ་ཡིན་ནོ་སྙམ་ན་དེ་ཤིན་ཏུ་མི་འཐད་དེ། གོང་མ་དང་ལྡན་པའི་ཚེ་ཡང་སྡོམ་པ་གསུམ་ཆར་གྱི་གཏོང་ཐོབ་གནས་པའི་ཚུལ་ཐམས་ཅད་རང་རང་གི་ཆོ་ག་བཞིན་གནས་པར་ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །གོང་མའི་ལྟུང་བ་བྱུང་ན་འོག་མ་གནས་ཀྱང་སྐྱོབ་མི་ནུས་པ་ལ་ཡང་དཔྱད་པར་བྱ་སྟེ། བྱང་སེམས་ལས་དང་པོ་པ་འགའ་ཞིག་བྱང་སེམས་ཀྱི་སྡོམ་པ་བཏང་ནས་སོ་ཐར་ལ་གནས་ཏེ་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་མེད་པར་ཐལ། གོང་མའི་ལྟུང་བ་བྱུང་ན་འོག་མས་སྐྱོབ་མི་ནུས་པའི་ཕྱིར། འདོད་ན། བྱང་སེམས་རིགས་མ་ངེས་པ་རྣམས་ལ་ཐེག་དམན་དུ་འཇུག་པ་མེད་པར་འགྱུར་རོ། །གཞན་ཡང་དཔེ་དང་བསྒྲིགས་པ་ལྟར་ན་སྔགས་སྡོམ་ལ་བལྟོས་པའི་རྩ་ལྟུང་བྱུང་བའི་བྱང་སེམས་ཀྱི་སྡོམ་པས་སྐྱོབ་མི་ནུས་པ་ལྟར་སྔགས་སྡོམ་མ་བླངས་པའི་(༨༤བ)


GLG014_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་ཀྱི་སྡོམ་པས་ཀྱང་སྐྱོབ་མི་ནུས་པར་ཐལ། ཉི་མ་ནུབ་ན་ཟླ་སྐར་གནས་ཀྱང་མུན་པའི་བག་ཡིན་པ་ལྟར་ཉི་མ་མ་ཤར་ན་ཟླ་སྐར་གནས་ཀྱང་མུན་པའི་བག་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །འདོད་ན། བྱང་སེམས་སྡོམ་པའི་ཕ་རོལ་ཕྱིན། །གནས་སྐབས་བདེ་མང་མཐར་ཐུག་ནི། །རིང་མོ་ཞིག་ནས་རྫོགས་སངས་རྒྱས། །ཞེས་བཤད་པ་དང་དངོས་སུ་འགལ་ལོ། །ཞེས་པ་བི་བྷཱུ་ཏིར་དགག་པ་བཏང་བ་ར་སྤུའི་འུར་རྡོ་ར་མགོའི་དཔེ་བཞིན་སྡོམ་པ་གོང་མས་འོག་མ་ཟིལ་གྱིས་མནན་ཏེ་ཕམ་པ་འཆབ་བཅས་གསོ་རུང་བ་སོགས་ཀྱི་གྲུབ་མཐའ་རྣམས་ཤུགས་ཀྱིས་བགགས་ཤིང་། ཉི་ཟླ་སྐར་གསུམ་གྱི་སྐྱོན་བརྗོད་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་དང་མཐུན་ཞིང་། དཔེར་ན་གོས་ཁ་དོག་ཤིན་ཏུ་བཀྲ་བ་ཞིག་མུན་པར་བཞག་ན་དེའི་སྟོབས་ཀྱིས་མི་གསལ་ཡང་དེ་སྣང་བ་ལ་འཆར་ན་འོད་གང་ཡོད་གསལ་བར་འབྱུང་ལ། གོས་དེ་སྣུམ་ལྟ་བུས་འཚོས་ན་སྣང་མུན་གང་གི་སར་ཡང་བཀྲག་འདོན་རྒྱུ་མེད་ཅིང་། དེ་བཞིན་དུ་གནམ་སྟོང་ལ་ཟླ་བའི་འོད་མི་གསལ་ཡང་ཡར་ངོའི་ཚེ་ཟླ་བའི་བཀྲག་མདངས་མི་ཉམས་པར་འབྱུང་བས་ཟིལ་མནན་པ་དང་ཉམས་པར་བྱས་པ་གཉིས་མི་གཅིག་པས། ས་དགེའི་བསྟན་འཛིན་གྱི་གཙོ་བོ་ཐམས་ཅད་མཁྱེན་པ་གཉིས་ཀྱིས་རྒྱུག་པ་འཕྲེད་འཇོག་གི་གསུང་འགྲོས་མི་མཛད་པ་ཞུ། ས་སྐྱ་པའི་རྗེས་འབྲངས་ཕལ་ཆེར་སྡོམ་གསུམ་གནས་འགྱུར་བར་བརྟེན་ཤེས་པ་ལ་བློ་རྩེ་བསྟད་ནས་ཚིགས་གསུམ་རྒྱུད་ལ་ལྡན་པ་ཞིག་གིས་བསྐྱར་ན་མི་གཏོང་བས་ན་ཁ་(༨༥ན)


GLG014_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གསོའི་ཚུལ་དུ་སོང་ནས་སྡོམ་རྒྱུན་སྔ་ཕྱི་འདྲེས་འགྲོ་བར་འཆད་པ་ཐེག་ཆེན་སོ་ཐར་གཙོ་བོར་སྟོན་ན་དེ་ལས་མ་འདས་མོད། ཉན་ཐོས་ལུགས་ཀྱི་སོ་ཐར་སྒྲ་ཇི་བཞིན་པར་ཁས་བླངས་ཚེ། འདུལ་འཛིན་སྔ་མ་མང་པོ་དང་དགེ་ཞལ་སྟག་ཚང་པ་སོགས་དགོངས་པ་མཐུན་པའི་ལུགས། ཕྱི་མ་ལྟར་རྗེས་འབྲངས་ཀྱི་མཁས་པ་རྣམས་སུ་མ་ཟད་ཚད་ཐུབ་ཕལ་ཆེར་དགོངས་པ་མཐུན་པས་སྡོམ་པ་རྙིང་པས་རྒྱུད་བཀག་པའི་ནང་ནས་དེ་ག་གཅིག་ཐོག་ཏུ་གཅིག་བརྩེགས་མི་རུང་བ་སྔ་མ་ཕུལ་བ་སོགས་མ་བྱས་ན་ཕྱི་མ་མི་ཆགས་པ་ཀུན་མཁྱེན་བུ་སྟོན་རྗེའི་ལས་ཆོག་ཏུ། བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་བཞིན་པ་མ་ཡིན་པ་ཞིག་དགོས་ཏེ། ཐོབ་བཞིན་པ་ལ་ཆོ་ག་བྱས་ཀྱང་མི་འཆགས་ཏེ། ཉིད་ཀྱི་རྣམ་བཤད་ལས། བླངས་པ་ལ་སླར་སླང་བ་མེད་པའི་ཕྱིར་རོ་ཞེས་དང་། ལས་བརྒྱའི་ཊཱིཀྐར། དེ་ཡང་ལས་སྔ་མ་བྱས་ཟིན་ཆགས་པའི་སྟེང་དུ་ཕྱི་མ་མི་འཆགས་པ་ཐམས་ཅད་ལ་འདྲ་སྟེ། བཙུན་པ་བསྡིགས་པའི་ལས་བགྱིས་པ་ལ་བསྡིགས་པའི་ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི་མ་ཡིན་ནོ་ཞེས་པ་ནས། དེ་བཞིན་དུ་ལས་ཐམས་ཅད་ཀྱང་འཁོར་ལོའི་རྒྱུད་བཞིན་དུ་བྱའོ། །ཞེས་བྱུང་བས། དཔེར་ན་ཚིགས་གསུམ་རིམ་གྱིས་ནོས་པའི་དགེ་སློང་ཞིག་སླར་དགེ་སློང་བསྐྱར་ནས་ལེན་ཚེ། དགེ་བསྙེན་ནས་རིམ་གྱིས་བསྒྲུབས་ན་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་གཏོང་རྒྱུ་ཡིན་པས། སྔར་བླངས་པའི་དགེ་སློང་གི་སྡོམ་པ་གཏོང་ཡང་གསར་དུ་བླངས་པ་དེ་སྐྱེ་ཞིང་(༨༥བ)


GLG014_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ཁོ་ན་བསྐྱར་ན་ཆུས་སྣོད་ཁེངས་བཞིན་དུ་གསར་པ་ལྡུགས་མི་ཐུབ་པ་བཞིན་དུ་སླར་བླངས་པའི་སྡོམ་པ་མི་སྐྱེ་བ་མངོན་སུམ་གྱི་གསལ་ཡང་། བྱང་སེམས་དང་སྔགས་སྡོམ་ལྟར་གང་ཟག་གཅིག་གི་རྒྱུད་ལ་བླ་ཆེན་དང་པཎ་ཆེན་གཉིས་ཀའི་སྡོམ་རྒྱུན་ཡོད་པ་སྐད་དུ་ངོམ་པའང་། གནས་འགྱུར་འགོག་པའི་རྗེས་འབྲངས་ནས། །སོ་ཐར་སྡོམ་པ་རྣམ་རིག་དང་། །རྣམ་རིག་མིན་པའི་གཟུགས་ཅན་དུ། །འདོད་བཞིན་བརྒྱུད་པ་གཉིས་བསྲེ་བ། །ལུང་དང་འགལ་བ་སྨོས་ཅི་དགོས། །རང་ལུགས་དང་ཡང་འགལ་བ་ཡིན། །ཞེས་སྡོམ་གསུམ་རབ་དབྱེ་གསར་པ་ཞིག་འབྱོན་པར་སྣང་ངོ་། །དེ་ཡང་སྡོམ་པ་སྔ་མ་གཉིས་མ་ཐོབ་ཀྱང་ཕྱི་མ་སྐྱེ་བས་བསྙེན་རྫོགས་ཉིད་དུ་བསྒྲུབས་ན་ཚེགས་ཆུང་ངོ་སྙམ་ན་མི་རིགས་ཏེ། མདོ་རྩར། དགེ་བསྙེན་ཉིད་དང་ཞེས་སོགས་ཀྱི་རང་འགྲེལ་དུ། དགེ་བསྙེན་ཉིད་ལ་སོགས་པ་འདི་རྣམས་ཀྱིས་སྔ་མ་སྔ་མ་ནི་སྔ་མ་བསྙེན་པར་མ་རྫོགས་པ་ལ་དེའི་བདག་ཉིད་དུ་ཉེ་བར་སོང་བས་ཁས་མ་བླངས་པ་ལ་གང་ཞིག་ཕྱི་མ་ཕྱི་མ་དེ་ནི་བྱ་བ་མ་ཡིན་ཏེ། འདི་ནི་རྣམ་པར་བཞག་པ་བསྟན་པའོ། །བར་ཆད་དྲིས་ནས་རབ་ཏུ་བྱུང་བ་བཟུང་བ་ལ་བལྟོས་པ་དང་པོ་དགེ་བསྙེན་ཉིད་འཛིན་དུ་བཞུག་གོ །དེ་ནས་དགེ་ཚུལ་དང་། དེ་ནས་དགེ་སློང་ཉིད་འབྱུང་བ་ཡིན་ནོ། །ཞེས་བྱ་བ་འདི་ཤེས་པར་བྱ་བའི་དོན་དུ་སྟེ། འདིའི་དོན་ནི་མ་ཡིན་ཏེ། སྔ་མ་མ་བཟུང་བ་ལ་ཕྱི་མ་སྐྱེ་བར་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའོ། །དགེ་སློང་གི་སྡོམ་པའི་སྔོན་དུ་སྡོམ་པ་གཞན་སྐྱེ་བ་ལ་ཡང་ཁུངས་ཀྱི་ཚིག་གཙོ་བོ་(༨༦ན)


GLG014_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཉིད་དེ། དགེ་ཚུལ་གྱི་སྡོམ་པ་ལ་ནི་དགེ་བསྙེན་གྱི་སྡོམ་པ་མེད་པར་སྐྱེ་བ་འབྱུང་བ་ཡིན་ནོ། །དགེ་སློང་གི་སྡོམ་པ་ནི་ཁུངས་ཀྱི་ཚིག་ཡོད་པ་མ་ཡིན་ནོ། །སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བས་སྡོམ་པ་བླང་ངོ་ཞེས་བསྟན་པའི་ཕྱིར་སྐྱབས་སུ་འགྲོ་བ་ཁས་བླངས་པའི་ཚིག་རྩོམ་པ་དང་། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་བླངས་པའི་ཚིག་བྱའོ། །ཞེས་གསུངས། ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་ལས། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དང་དགེ་སློང་ཉིད་དག་གིས་ཚིགས་སྔ་མ་སྔ་མ་གང་དང་གང་ཡིན་པ་དེར་རྫོགས་པར་མ་བསྙེན་པ་ཞེས་བྱ་བ་ཡང་དག་པར་ཐོབ་པའི་གང་ཟག་ལ་ཚིགས་ཕྱི་མ་ཕྱི་མ་མི་བྱའོ་ཞེས་སྟོན་ཏོ། །འདི་སྐད་བསྟན་ཏེ། ཇི་སྲིད་དུ་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་མི་བྱེད་པ་དེ་སྲིད་དུ་དགེ་ཚུལ་གྱི་སྡོམ་པ་སྦྱིན་པར་མི་བྱ་ལ། དེ་བཞིན་དུ་ཇི་སྲིད་དུ་དགེ་ཚུལ་གྱི་སྡོམ་པ་སྦྱིན་པར་མི་བྱེད་པ་དེ་སྲིད་དུ་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བསྟན་ཏོ། །དེ་ནི་རྣམ་པར་བཞག་པ་བསྟན་པ་ཡིན་གྱི་འབྱུང་བའི་རྒྱུ་བསྟན་པ་ནི་མ་ཡིན་ཏེ། འདི་ལྟར་དགེ་བསྙེན་གྱི་སྡོམ་པ་མེད་པར་ཡང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་ན་རུང་བ་ཉིད་ཡིན་ལ། དེ་བཞིན་དུ་དགེ་ཚུལ་གྱི་སྡོམ་པ་མེད་པར་ཡང་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་ན་རུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གོ་རིམ་འདིས་ནི་སྡོམ་པ་ཐམས་ཅད་ཀྱི་ཡང་དག་པར་བླང་བ་བསྟན་པ་ཡིན་ཏེ། འདི་ལྟར་བཙུན་པ་ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་རྫོགས་པར་བསྙེན་པར་བགྱིད་(༨༦བ)


GLG014_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ན། རྫོགས་པར་བསྙེན་ཞེས་བགྱིའམ། རྫོགས་པར་མ་བསྙེན་ཞེས་བགྱི། ཉེ་བར་འཁོར་རྫོགས་པར་བསྙེན་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འདིར་གལ་ཏེ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མ་སྐྱེས་པ་ལ་དགེ་སློང་གི་སྡོམ་པ་མི་འབྱུང་བར་འགྱུར་ན་གཙུག་ལག་དེ་དོན་མེད་པར་འགྱུར་རོ། །དགེ་བསྙེན་གྱི་སྡོམ་པ་མེད་པར་ཡང་དགེ་ཚུལ་གྱི་སྡོམ་པ་སྐྱེ་བའི་ཁུངས་ཀྱང་དེ་ཉིད་ཡིན་ཏེ། དེ་ལྟ་བས་ན་མདོ་འདི་ནི་རྣམ་པར་བཞག་པ་བསྟན་པ་ཙམ་ཡིན་ནོ། །མདོ་རྩར། ཚིགས་སྔ་མ་མེད་པ་ཉིད་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །ཞེས་པའི་རྒྱ་ཆེར་འགྲེལ་དུ། གང་ལ་དགེ་བསྙེན་ཉིད་ལ་སོགས་པའི་ཚིགས་སྔ་མ་མེད་པར་དེ་ནི་ཚིགས་སྔ་མ་མེད་པ་སྟེ། དེའི་དངོས་པོ་དེ་ཉིད་དོ། །དེ་མེད་པ་དེ་ལ་ནི་དགེ་ཚུལ་ཉིད་ལ་སོགས་པའི་ཚིགས་གཞན་དག་ཁས་ལེན་དུ་བཅུག་ན་ཡང་ལས་བྱེད་པ་དག་ལ་ཉེས་བྱས་ཙམ་དུ་ཟད་ཀྱི་དེ་ལ་ནི་སྡོམ་པ་སྐྱེའོ། །འདི་སྐད་བསྟན་ཏེ། དགེ་བསྙེན་ཉིད་མེད་པར་དགེ་ཚུལ་ཉིད་ཁས་ལེན་པ་དང་། དགེ་ཚུལ་ཉིད་མེད་པར་དགེ་སློང་ཉིད་ཁས་ལེན་པར་བྱེད་ན་ཉེས་བྱས་ཙམ་དུ་འགྱུར་གྱི་སྡོམ་པ་མི་སྐྱེ་བར་ནི་མི་འགྱུར་རོ། །ཞེས་དང་། བུ་སྟོན་རིན་པོ་ཆེའི་འདུལ་ཊཱིཀ་ཏུ། འོན་ཀྱང་ཉེས་པ་མེད་པར་འཇུག་པའི་རྣམ་གཞག་བསྟན་པ་ཡིན་གྱིས། མེད་ན་མི་འབྱུང་གི་རྒྱུ་བསྟན་པ་ནི་མ་ཡིན་ནོ། །གླེང་གཞི་ལས། རབ་ཏུ་མ་བྱུང་བསྙེན་རྫོགས་དང་། །ཞེས་སོགས་ཀྱི་ལུང་འདྲེན་པར་མཛད། མཚོ་སྣ་པ་ཆེན་པོའི་ཊཱིཀྐར། ཚིགས་སྔ་མ་མེད་ཀྱང་རྒྱུ་གཞན་ཚང་ན་(༨༧ན)


GLG014_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཕྱི་མའི་སྡོམ་པ་སྐྱེ་སྟེ། ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །ཞེས་གསུངས་པ་དང་། ཊཱིཀྐ་ལས་ཀྱང་ཉེས་བྱས་ཙམ་དུ་ཟད་ཀྱི་དེ་ལ་ནི་སྡོམ་པ་སྐྱེའོ་ཞེས་པ་དང་། གོ་རིམ་དེ་ནི་རྣམ་པར་བཞག་པ་བསྟན་པ་ཡིན་གྱི་འབྱུང་བའི་རྒྱུ་བསྟན་པ་ནི་མ་ཡིན་ཏེ། ཞེས་ཀྱང་ཊཱིཀྐ་ལས་བཤད་པས་ཤེས་སོ། །ཞེས་དང་འདུལ་ཊིཀ་རིན་ཅེན་འཕྲེང་བར་། སྔ་མ་སྔ་མ་བསྙེན་པར་མ་རྫོགས་པ་སྟེ་མ་ཐོབ་པར་ཕྱི་མ་ཕྱི་མ་མི་བྱ་སྟེ་བསྟན་པ་ལ་རིམ་གྱིས་མ་བསླབས་པའི་ཉེས་པར་འགྱུར་བའི་ཕྱིར། སྔ་མ་མེད་པར་ཕྱི་མ་གཏན་ནས་མི་སྐྱེ་བ་ནི་མ་ཡིན་ཏེ། ཚིགས་སྔ་མ་མེད་པ་ནི་ཉེས་བྱས་ཙམ་དུ་ཟད་དོ་ཞེས་གསུངས། ལུང་རིགས་གཏེར་མཛོད་དུ། དགེ་བསྙེན་དང་དགེ་ཚུལ་སྔོན་དུ་མ་སོང་བར་དགེ་སློང་གི་སྡོམ་པ་མི་སྐྱེ་བ་མ་ཡིན་གྱི་བྱེད་པ་པོ་མཁན་སློབ་དགེ་འདུན་དང་བཅས་པ་ལ་སྟོན་པའི་བཅས་པ་དང་འགལ་བའི་ཉེས་པ་འབྱུང་། བསྒྲུབ་བྱའི་རྒྱུད་ལ་སྡོམ་པ་སྐྱེ་བར་བཤད་པའི་ཕྱིར་ཏེ། ཚིགས་སྔ་མ་མེད་པ་ཉིད་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །ཞེས་གསུངས་པའི་ཕྱིར། སྟག་ཚང་ལོ་ཙཱའི་ཊཱིཀྐར། སྔ་མ་སྔ་མ་མེད་པར་ཕྱི་མ་ཕྱི་མ་ཉེས་མེད་མི་སྐྱེ་སྟེ། བསྟན་པ་ལ་རིམ་གྱིས་སློབ་ཏུ་གཞུག་པའི་ཕྱིར་དུ་སྔ་མ་བསྙེན་པར་མ་རྫོགས་ཤིང་མ་ཐོབ་པ་ལ་ཕྱི་མ་སྦྱིན་པར་མི་བྱའོ། །ཞེས་བཅས་པ་མཛད་པའི་ཕྱིར་རོ། །སྐྱེ་ལ་ཉེས་བྱས་སུ་འོག་ནས་སྟོན་པས། འདི་ན་བསྟན་པའི་རྣམ་གཞག་ཏུ་ཆོས་ཀྱི་བཤེས་གཉེན་གསུང་ངོ་། །ཞེས་སོགས་གསུངས་པས། རྒྱ་བོད་ཀྱི་མཁས་གྲུབ་ཕལ་ཆེར་བཞེད་(༨༧བ)


GLG014_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐུན་པར་འདུག་པས། དེ་ལྟར་ན་དགེ་བསྙེན་དགེ་ཚུལ་དགེ་སློང་རྣམས་རིམ་བཞིན་ནོད་པ་སྟེ་ཚིགས་སྔ་མ་སྔོན་དུ་མ་སོང་བར་དགེ་སློང་ལྟ་བུ་བསྒྲུབས་ན་བསྒྲུབ་བྱའི་རྒྱུད་ལ་སྡོམ་པ་སྐྱེ་ཡང་སྡོམ་པ་འབོགས་པ་པོ་ལ་ཉེས་བྱས་འབྱུང་བས་སྐྱེ་ལ་ཉེས་བྱས་དང་། ཚིགས་གསུམ་རིམ་གྱིས་ནོད་ན་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་འབྱུང་བའི་དབང་དུ་བྱས་ནས་གསུངས་པ་ཡིན་ནོ། །དེ་ཡང་འདུལ་བ་རྒྱ་མཚོའི་སྙིང་པོར། རྩ་བ་བཞི་དང་ཡན་ལག་དྲུག །བཅུ་སྤོང་དགེ་ཚུལ་སྡོམ་པའོ། །གར་སོགས་འཕྲེང་སོགས་རྣམ་གཉིས་དང་། །གསེར་དངུལ་ལེན་དང་རྣམ་པ་གསུམ། །ཕྱེ་བས་ཡན་ལག་དྲུག་ཏུ་འགྱུར། །མཁན་པོར་གསོལ་བ་གདབ་པ་དང་། །ཁྱིམ་པའི་རྟགས་ནི་སྤོང་བ་དང་། །རབ་བྱུང་རྟགས་ནི་ལེན་པ་ལས། །ཉམས་པ་རྣམ་གསུམ་བསྣན་པ་ཡིས། །སྤང་བྱ་བཅུ་གསུམ་དག་ཏུ་འགྱུར། །དགེ་ཚུལ་སྡོམ་པ་ཐོབ་རྗེས་སུ། །རྩ་བའི་ཆོས་དྲུག་རྗེས་མཐུན་གྱི། །ཆོས་དྲུག་སྤོང་བའི་སྡོམ་པ་ནི། །དགེ་སློབ་མ་ཡི་སྡོམ་པ་ཡིན། །གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་བརྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་གྱུར་པ་མི་བྱ་ཞིང་། ཁ་ན་མ་ཐོ་འཆབ་མི་བྱ། །དེ་དག་རྩ་བའི་ཆོས་དྲུག་སྤོང་། །གསེར་ལ་བཟུང་བར་མི་བྱ་ཞིང་། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །བྱིན་ལེན་མ་བྱས་བཟའ་མི་བྱ། །གསོག་འཇོག་བྱས་པ་བཟའ་མི་བྱ། །རྩྭ་སྔོན་མི་གཙང་འདོར་མི་བྱ། །ས་ནི་བརྐོ་བར་མི་བྱ་བ། །རྗེས་མཐུན་ཆོས་ནི་རྣམ་དྲུག་སྤོང་། །ཞེས་གསུངས་པའི་དགེ་ཚུལ་བརྟུལ་ཞུགས་མྱུར་དུ་བླང་བའི་ཕྱིར་(༨༨ན)


GLG014_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བསྒྲུབ་པ་སྔོན་དུ་སོང་ནས་དངོས་གཞི་དགེ་ཚུལ་དུ་སྒྲུབ་པའི་སྤང་བྱའི་དོན་གྱི་སྡོམས་བསྟན་པ་ཡིན་ཞིང་། བླངས་འདས་སྐོར་ཅུང་ཟད་རྒྱས་པར་སྤྲོ་ན་སྟག་ཚང་ལོ་ཙཱ་བའི་འདུལ་ཊཱི་ཀ་ཏུ། འདིར་བླངས་འདས་བཤད་པ་ལ། དབྱེ་བ། བསྡུ་བ། གྲངས་ངེས། གོ་རིམ། ངོ་བོ་རྣམས་སོ། །མཚན་ཉིད་ནི་ངོ་བོར་འདུས་ལ། འདས་ན་ཅིར་འགྱུར་ནི་གཞུང་གིས་བཤད་ཟིན་ཏོ། །དང་པོ་ལ་དངོས་དང་། རྩོད་པ་སྤོང་བའོ། །དང་པོ་ལ་ལྟུང་བའི་རྐང་གྲངས་ཀྱི་དབྱེ་བ་དང་། ཁྲིམས་ཉིས་བརྒྱ་ང་གསུམ་དང་སྦྱར་བའི་དབྱེ་བའོ། །དང་པོ་ནི། སྲོག་གཅོད་བཞི་དང་མ་བྱིན་ལེན། །མི་ཚངས་སྤྱོད་དང་བརྫུན་དུ་སྨྲ། །གཞི་མེད་བག་ཙམ་དགེ་འདུན་དབྱེན། །དེ་རྗེས་ཕྱོགས་དང་ཁྱིམ་སུན་འབྱིན། །ཤེས་བཞིན་ཤེས་ངོར་འཕྱ་བ་དང་། །ཟས་ཅུང་ལྷག་མས་སྐུར་འདེབས་དང་། །བསླབ་སྤོང་ད་གདོད་འབྲས་ཆེན་འགེབས། །འབྲུ་ཆང་བཅོས་ཆང་གར་སོགས་གསུམ། །འཕྲེང་སོགས་གསུམ་དང་ཆེ་མཐོ་གཉིས། །དུས་མིན་ཟས་དང་གསེར་དངུལ་གཉིས། །སྡོམ་ལས་ཉམས་པ་སུམ་ཅུ་གསུམ། །བར་མ་ཉམས་པ་རྣམ་གསུམ་སྟེ། །བླངས་འདས་སུམ་ཅུ་རྩ་དྲུག་གོ །དེ་ལ་སྲོག་གཅོད་བཞི་ནི། ཕམ་འདྲ་དང་། སྲོག་ཆགས་དང་བཅས་པའི་ཆུ་ལ་འདེབས་སྤྱོད་གཉིས། དུད་འགྲོ་གསོད་པ་རྣམས་སོ། །གར་སོགས་ནི་གླུ་དང་རོལ་མོ། འཕྲེང་སོགས་ན་ིསྤོས་ཉུག་པ་དང་རྒྱན་དང་ཁ་དོག་འཆང་བའོ། །བར་མ་གསུམ་ནི། མཁན་པོར་གསོལ་བ། ཁྱིམ་པའི་རྟགས་སྤོང་བ། རབ་བྱུང་གི་རྟགས་ཡང་དག་པར་ལེན་པར་ཁས་(༨༨བ)


GLG014_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པ་གསུམ་ལས་ཉམས་པའོ། །གཉིས་པ་ནི་། སྲོག་གཅོད་བཞི། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་བཅུ་བཞི། ཆང་། ཕྱི་དྲོའི་ཁ་ཟས་ཏེ་ཉེར་གཉིས། གར་སོགས་འཕྲེང་སོགས་ཆེ་མཐོ་གསེར་དངུལ་ཉམས་པ་གཉིས་རྣམས་ཀྱིས། རིན་པོ་ཆེ་ལ་རེག་པ་དང་ལོངས་པ་གཞིར་གཏོགས། ཁ་མ་བསྒྱུར་བའི་གོས་གྱོན་པ་གསུམ་སྟེ་རྣམ་འབྱེད་དང་སྦྱར་ན་ལྟུང་བ་ཉེར་ལྔ་འདུས་སོ། །གཉིས་པ་ནི། འོད་ལྡན་རྩ་འགྲེལ་དུ། ཕྱོགས་མཐུན་གྱི་མཚན་གཞིར་འཆིར་དང་གཡའ་སྒོག་ལ་སོགས་ནགས་མེས་གཏོང་། ཞེས་ནགས་ལ་མེས་གཏོང་བ་བསྡམ་བྱར་བཤད་པས་འདེབས་སྤྱོད་དང་མཚུངས་སོ་ཞེ་ན། མི་མཚུངས་ཏེ། གནོད་པ་ལས་བལྟོས་མེད་ཙམ་དང་། སྲོག་ལ་བལྟོས་མེད་ཀྱི་ཆ་ནས་གསོད་སེམས་ཡོད་མེད་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང་། འཁྲུལ་མེད་སྲོག་ཆགས་བསད་བསམ་པས། །རིགས་གཞན་བསད་པ་ལ་ནི་ཉེས་བྱས་འགྱུར། །ཞེས་དང་། གང་ཞིག་སྲོག་ཆགས་བཅས་ཆུ་ལ་སོགས་སྤྱོད། །ཡང་ན་ཆུ་ཚན་ལ་སོགས་ལྡུགས་བྱེད་ལ། །ལྟར་ཡོད་སྐྱེ་བོ་ཤི་ན་དེ་ལ་ནི། །སྲོག་ཆགས་རེ་རེའི་ལྟུང་བ་ལྕི་བ་འབྱུང་། །ཞེས་དང་། ཡིད་ཀྱི་བསྡམ་བྱ་ལ་ལྟུང་བའི་མིང་མི་འདོགས་པར་གསལ་བར་བཤད་པས་སོ། །ཡང་སྔར་དྲངས་པའི་འདུལ་བར་དབྱེན་འདི་ཞེས་སོགས་དང་། འགྲེལ་ཆེན་དུ། རྫུན་དུ་སྨྲ་བའི་ཕྱོགས་དང་མཐུན་པ་ནི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ཕྱོགས་པ་དང་། སྐུར་བ་འདེབས་པ་དང་། ཞེས་དང་། རྣམ་འབྱེད་འགྲེལ་པ་ལས་ཀྱང་། རྫུན་ནི་བསླུས་འདེབས་པ་ཡིན་ལ། སྐུར་(༨༩ན)


GLG014_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ནི་ཉམས་པར་འདུན་པ་ཡིན་ཞེས་སོགས་ཀྱི་གཞི་མེད་བག་ཙམ་སོགས་གཞི་ཕྱོགས་མཐུན་དུ་བསྟན་ནོ་ཞེ་ན། མ་ཡིན་ཏེ། འོད་ལྡན་ལས། ད་ནི་བཤད་པར་བྱ་ཡི། རྫུན་དུ་སྨྲ་བ་ཉོན་ཅིག་དང་བཤད་པར་བྱའོ། །གཞི་མེད་པར་དངོས་པོར་སྨྲ་བར་བྱེད་ན་བརྫུན་དུ་འགྱུར་རོ། །ཞེས་སོགས་དང་། གཞི་མེད་སོགས་རྫུན་གྱི་དབྱེ་བ་དེ་དང་དེ་དག་སྟོན་པའི་ལུང་བསྟན་བཅོས་ཀུན་ལས་རྫུན་གྱི་ལྟུང་བ་ཉིད་དུ་གསུངས་ལ། རྫུན་དུ་སྨྲ་བ་སྤོང་བར་དངོས་སུ་ཁས་བླངས་ནས་དེ་ལས་འདས་པ་བླངས་འདས་སུ་མི་འདོད་པ་ནི་མི་མཁས་པའི་གྲུབ་མཐའ་ཡིན་པའི་ཕྱིར་རོ། །འོ་ན་འབྲས་ཆན་འགེབས་པ་ལ་རྫུན་མ་ཚང་ངོ་ཞེ་ན། སུམ་བརྒྱ་པར། རྫུན་ཞེས་བྱ་བའི་ཚུལ་ནི་ཚིག་ཡིན་པས། ངག་གིས་གོ་བྱེད་འོན་ཏེ་ལུས་ཀྱིས་ཀྱང་། །གོ་བྱེད་ཉེས་བྱས་ཉིད་དེ་འོན་ཀྱང་ཆུང་། །ཞེས་བཤགས་བྱ་ཉེས་བྱས་ཀྱི་རྫུན་ཆུང་ངུར་བཤད་པས་ཚང་ངོ་། ཁ་ཅིག །ཤཱཀྱ་འོད་ཀྱི་བཞེད་པས། ཉམས་པ་གསུམ་ཕྱོགས་མཐུན་ཡིན་ཏེ། །ཁྱིམ་པའི་རྟགས་ནི་སྤོང་བར་སྨྲས་པས་ན། །དེ་ཉམས་ཕྱོགས་མཐུན་ཡོངས་སུ་སྤང་བྱ་སྟེ། ཁྱིམ་པ་འདྲ་བར་ཤམ་ཐབས་མི་བགོ་ཞིང་། ཁ་དོག་གཅིག་པའང་ཁ་ཚར་ཅན་དཀར་མིན་ཞེས་སོ། །ཁྱིམ་པའི་རྟགས་རྫོགས་པ་གོས་དཀར་པོ་གྱོན་པ་སོགས་དང་། གཅེར་བུ། སྐྲ་འབལ་ལག་པར་ཟས་ཟ་བ་སོགས་ཀྱང་ཕྱོགས་མཐུན་དུ་བཞེད་པས་སོ། །ཞེས་ཟེར་མོད། འདིར་སྤྱོད་པར་སྨྲས་པས་ན། ཞེས་དང་། གོང་དུ། (༨༩བ)


GLG014_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པའི་ཕྱོགས་མཐུན་རྣམས་ལ་ཡིད་ཀྱིར་འགྱུར། །ཞེས་པའི་འགྲེལ་པར་བསླབ་གཞི་བཅུ་དང་བར་མ་གསུམ་ག་ཡང་དག་པར་བླངས་པའི་མཚན་གཞིར་བཤད་པས་དེ་ལས་འདས་པ་བཤགས་བྱར་བཞེད་པར་གསལ་ལོ། །དེས་ན་གོས་དཀར་པོ་གྱོན་པ་སོགས་ཀྱི་རྟགས་རྫོགས་པར་མི་འགྱུར་གྱི། འཇིག་རྟེན་ན་ཁྱིམ་པ་དང་མུ་སྟེགས་ཀྱི་རྟགས་རྫོགས་པར་ཇི་ཙམ་གྱིས་འཇོག་པའི་ཡུལ་དུས་དང་བསྟུན་པ་རྫོགས་པ་བླངས་འདས་སུ་འདོད་པར་རིག་པར་བྱའོ། །རྒྱ་འགྲེལ་ལས་ནི། བུད་མེད་དང་ལྷན་ཅིག་ཉལ་བ་དང་། དཀོན་ཅོག་གསུམ་ལ་མ་གུས་པ་དང་། གསོ་སྦྱོང་དགག་དབྱེ་མི་བྱེད་པ་རྣམས་གནས་པ་དང་། མ་གུས་པ་དང་། མི་སྦྱོང་བའི་གཞི་ལས་བྱུང་བའི་ཕྱོགས་མཐུན་གྱི་མཐུན་ཡུལ་བླངས་འདས་སུ་བཤད་ཅིང་། ཁང་པ་ཁང་ཆེན་ལ་ཡང་བཤགས་བྱ་དང་བསྡམ་བྱ་འགྱུར་བ་གཉིས་ཀ་ཡོད་པར་བཤད་དོ། །བོད་སྔ་མ་ཁ་ཅིག །སྲོག་གཅོད་ལ་མི་མ་ཡིན་གསོད་པའང་བགྲང་སྟེ། དེ་ལྟ་ན་ནི་བླངས་འདས་ཀྱི་གྲངས་སྔར་བཤད་པ་ལས་མང་བར་འགྱུར་ནའང་། བོད་ཀྱི་མཁས་པ་ཕལ་ཆེར་སྔར་བཤད་པ་རྣམས་བཞེད་དོ། །བསྡུ་བ་ནི། མཁན་པོ་ལས་ཐོབ་པ་བར་མ་དང་སློབ་དཔོན་ལས་ཐོབ་པ་སྡོམ་པ་གཉིས་ལས་འདས་པའོ། །སྡོམ་པའང་། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་རྫུན་གཅེས་པའི་ཆང་ལ་སོགས། །གར་སོགས་འཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་སྤོང་བ་སྟེ། །ཞེས་པ་བཅུར་འདུས་(༩༠ན)


GLG014_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བླངས་འདས་མང་ཡང་བཅུར་བསྡུ་བའི་རྒྱུ་ནི་མུ་སྟེགས་རྒྱ་གར་གྱི་བུ་ལ་བསླབ་པ་གསུམ་ལས་མེད་དོ། །ཞེས་བསྟན་པ་བཞིན་དུ་མངས་ན་སྐྲག་ནས་མི་འཇུག་པ་སྤང་བའི་ཆེད་ཡིན་ལ། བསྡུ་ཚུལ་ནི། སྲོག་གཅོད་བཞི་སྲོག་ལ་གནོད་པར་གཅིག་པ་དང་། རྫུན་བཅུ་བཞི་འདུ་ཤེས་བསྒྱུར་བ་དང་། ཆང་བག་མེད་དུ་དང་། གར་སོགས་རྒོད་བག་དུ་དང་། འཕྲེང་སོགས་བྱི་བྱད་དུ་དང་། མལ་འདོད་ཞེན་དུ་དང་། གསེར་དངུལ་དོན་མེད་ཀྱི་ལོངས་སྤྱོད་དུ་གཅིག་པས་དེར་བསྡུས་ཏེ་རྟོགས་པར་སླའོ། །ཤིན་ཏུ་བསྡུ་ན། མཛོད་དུ། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །གཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་བསྙེན་གནས་ལ་བཤད་པ་དེ་ཉིད་དེ་བཞིན་ལྔ་རིམ་བཞིན་ཞེས་དགེ་ཚུལ་ཕ་མ་དང་། བཅུ་གཅིག་རིམ་བཞིན་ཞེས་དགེ་སློབ་མ་ལ་སྦྱོར། བསྙེན་པར་མ་རྫོགས་པའི་རྟེན་ལ་ཚེ་འདིར་དགྲ་བཅོམ་ཐོབ་པ་དཀོན་པས་སྐྱེ་བ་བརྒྱུད་དགོས་ལ། དེ་ལ་ཕྱི་མ་ལྷ་མིར་སྐྱེ་བ་དགོས་ཤིང་། དེ་ལ་ཚུལ་ཁྲིམས་དག་པ་དགོས་པས་རྩ་བཞི་ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་ལ། དེ་བག་མེད་ན་མི་འགྲུབ་པས། ཆང་སྤོང་བ་བག་ཡོད་དང་། དེ་གཉིས་ཚང་ཡང་མྱང་འདས་ཀྱི་བསམ་པ་རྒྱུན་དུ་བསྟེན་པ་མེད་ན་ངེས་འབྱུང་ཚུལ་ཁྲིམས་སུ་མི་འགྱུར་ཞིང་། དེ་ཡང་འཁོར་བའི་ཆོས་རྒོད་བག་དང་དྲེགས་པ་ལ་སྐྱོ་བ་མེད་པར་མི་འགྱུར་བས་ན་གར་སོགས་སྤྱོད་པ་ནི་བརྟུལ་ཞུགས་ཀྱི་ཡན་ལག་གོ །གྲངས་ངེས་ནི་བཅུའམ་བཅུ་དྲུག་པོ་འདི་ཙམ་ཁོ་ནས་(༩༠བ)


GLG014_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་མ་རྫོགས་ཤིང་། རབ་ཏུ་བྱུང་བའི་དོན་ཐམས་ཅད་འགྲུབ་པས་འདི་བས་མང་མི་དགོས་ཤིང་ཉུངས་ན་མི་འདུས་པ་སྟེ། སྤངས་བྱའི་གཙོ་བོ་བཅུར་འདུས་པས་དེ་ལས་བཟློག་པའི་སྒོ་ནས་བཞག་སྟེ། གཞན་གྱི་སྲོག་ལ་གནོད་པ་དང་། ལོངས་སྤྱོད་ལ་གནོད་པ་དང་། །རང་འཁྲིག་པའི་འདོད་ཆགས་དང་། འདུ་ཤེས་བསྒྱུར་བ་དང་། བག་མེད་པ་དང་། རྒོད་བག་དང་། བྱི་བྱད་དང་། འདོད་ཞེན་ཆེ་བ་དང་། ཉེས་སྤྱོད་འཕེལ་བའི་ཟས་དང་། ཡོ་བྱད་དོན་མེད་རྣམས་ལས་བཟློག་པས་སོ། །གོ་རིམ་ནི། རྩ་བ་དང་ཡན་ལག་གཙོ་འཁོར་གྱི་དང་། རྩ་བཞི་མི་དགེ་བ་བཅུའི་དང་། ཆང་དང་ཡན་ལག་ལྷག་མ་ཉེས་པ་ཆེ་ཆུང་གི་དང་། གར་སོགས་ལྔ་འཇིག་རྟེན་མཐུན་འཇུག་གི་གོ་རིམ་ཡིན་ཏེ། འཇིག་རྟེན་ན་རྒྱལ་པོ་སོགས་སྤྱན་འདྲེན་པ་ན། དང་པོར་གླུ་གར་གྱི་བསུ། དེ་ནས་འཕྲེང་བ་དང་རྒྱན་འདོགས། དེ་ནས་ཁྲི་བཟང་པོ་ལ་འཇོག །དེ་ནས་ཟས་བསྟབས། དེ་ནས་གསེར་དངུལ་སོགས་འབུལ་བ་བཞིན་ནོ། །ངོ་བོ་ནི་བར་མ་གསུམ་བར་མ་དགེ་བ་དང་། སྡོམ་པ་སྤོང་བཞི་འཁོར་དང་བཅས་པའི་ཚུལ་ཁྲིམས་ཏེ་དེ་གཉིས་ལས་འདས་པའི་ལུས་ངག་གི་ཉེས་སྤྱོད་ཡིན་ལ། གཉིས་ཀའང་རིག་བྱེད་མ་ཡིན་པས་བསྡུས་པའོ། །འོ་ན་བླངས་འདས་ཐམས་ཅད་བཤགས་བྱའི་ཉེས་བྱས་ཡིན་ནམ་མ་ཡིན། ཡིན་ན་རྩ་ལྟུང་ཡང་བཤགས་པས་འདག་པར་འགྱུར་ཞིང་། འདོད་ན། འོད་ལྡན་དུ་བྱེ་བྲག་བཤད་མཚོའི་ལུང་དྲངས་པ་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །(༩༡ན)


GLG014_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཚུལ་ལས་ནི་ཉམས་འགྱུར་ཞིང་། །དགེ་སློང་བཞིན་དུ་དགེ་ཚུལ་ཡང་། །ཕྱིས་ནས་སྡོམ་སྐྱེའི་སྐལ་བ་མེད། །ཅེས་གསོར་མི་རུང་དུ་བཤད་པ་དང་འགལ་ལ། མ་ཡིན་ན། རྒྱ་ཆེར་འགྲེལ་དུ། སྤྱིར་བླངས་པ་མདོར་གཏོགས་ཀུན་དང་ཁྱད་པར་མི་ཚངས་སྤྱོད་བཤགས་བྱ་ཉེས་བྱས་སུ་བཤད་པ་དང་འགལ་ལོ་ཞེ་ན། འདི་ལ་སྔོན་གྱི་མཁས་པ་དག་བརྒལ་བརྟག་མང་དུ་མཛད་མོད་ཀྱི་ཉེས་བྱས་གཞིར་བཞག་ལ་བཤགས་བྱ་དང་བསྡམ་བྱ་གཉིས་སུ་འདུས་པའི་ནང་ནས་རྩ་ལྟུང་ཡང་བཤགས་བྱ་ལས་མ་འདས་ཏེ། ཉེས་བྱས་གང་གི་བསྡམ་བྱ་མ་ཡིན་པས་སོ། །བཤགས་བྱ་ཉེས་བྱས་ཡིན་ན་བཤགས་པས་འདག་པར་ཐལ་བ་ལ་ཁྱབ་པ་མེད་ཅིང་། རྒྱ་འགྲེལ་གྱི་དགོངས་པ་ཡང་བཤགས་པས་འདག་པར་བཞེད་པ་མ་ཡིན་ཏེ། བསྟེན་པའི་དོན་དུ་ཁས་བླངས་ཀྱི་ཐད་དུ་ཕམ་འདྲའི་ཉེས་བྱས་སུ་གསུངས་པས་སོ། །དེས་ན་ཆད་ལས་ཆེན་པོས་བཤགས་བྱ་ཡིན་ནོ་ཞེས་ཟེར་བའང་འཆབ་མེད་ལ་མ་ཁྱབ་པས་མི་འཐད་དོ། །དེ་ལྟར་ན་དགེ་སློང་དང་འདྲ་བར་འཆབ་བཅས་བྱུང་ན་གསོར་མི་རུང་དང་། འཆབ་མེད་བསླབ་པ་བྱིན་ནས་གསོ་བར་བྱ་བ་ཉིད་དོ། །འོ་ན་ཉེས་བྱས་ལ་བཤགས་བྱས་ཁྱབ་བམ་སྙམ་ན། མ་ཁྱབ་སྟེ། བླངས་འདས་དེའི་ཕྱོགས་དང་མཐུན་པ་ལ་ནི་ཡིད་ཀྱིས་བསྡམ་བྱ་ཉེས་བྱས་སུ་འགྱུར་བས་སོ། །འདི་ལ་ཕྱོགས་མཐུན་ངོས་བཟུང་བ་དང་། དེའི་དབྱེ་བསྡུའོ། །དང་པོ་ལ། ཕྱོགས་མཐུན་གྱི་མཚན་གཞི་གང་ཞེ་ན། བཤད་མ་ཐག་པའི་བླངས་འདས་དང་། (༩༡བ)


GLG014_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་མེད་པ་རྣམས་བོར་བའི་ལྷག་མ་དགེ་སློང་ཕ་མ་ལ་ལྟུང་བར་གསུངས་པ་མཐའ་དག་ཡིན་ནོ། །འོ་ན་ཉེས་མེད་དུ་ཡོད་ཅེ་ན། རྒྱ་ཆེར་འགྲེལ་ལས། འཆང་དང་འབྲལ་དང་མ་རིག་དང་། །སྤངས་པ་ཟ་དང་ས་བོན་འཇིག །མི་གཙང་འདོར་དང་ཤིང་འཛེག་དང་། །བླངས་པ་མདོར་གཏོགས་སློབ་མའི་མིན། །དགེ་ཚུལ་གཉིས་ཀྱི་རིན་ཅེན་རེག །གསོག་འཇོག་བྱས་པ་ཟ་བ་དང་། །བྱིན་ལེན་མ་བྱས་ས་བརྐོ་དང་། །སྐྱེ་བ་འཇིག་དང་བཅས་པ་མིན། །དབྱར་གནས་གཅིག་ཏུ་གནས་པ་དང་། །གསོ་སྦྱོང་དགག་དབྱེར་བཅས་པ་དང་། །དེ་ལ་སོགས་པ་དེ་ཡི་ནི། །བླངས་པའི་ཕྱོགས་དང་མཐུན་པ་ཡིན། །ཞེས་པའི་བཤད་པ་མཛད་པ་ན། དགེ་སློབ་མ་ལ་འཆང་བ་སོགས་བདུན་དང་། དགེ་ཚུལ་ཕ་མ་ལ་དེ་དག་གི་སྟེང་དུ་རིན་པོ་ཆེ་ལ་རེག་པ་སོགས་ལྔ་ཉེས་མེད་དུ་གསུངས་ཀྱང་། འཆང་བའི་གྲངས་ལ་ལྷུང་བཟེད་འཆང་བ་ཡང་བསྡུས་ནས་བགྲངས་པ་ཕྱེ་བས་བཅུ་གསུམ་དུ་འགྱུར་ནའང་། ས་བོན་དང་སྐྱེ་བ་འཇིག་པ་གཉིས་དགེ་སློབ་མ་ལ་གནང་མ་གནང་གི་སྒོ་ནས་ཕྱེ་བ་ཡིན་གྱི། ཉིས་བརྒྱ་ལྔ་བཅུ་བའི་གྲངས་ལ་གཅིག་ཏུ་བརྩི་བས་ཉེས་མེད་བཅུ་གཉིས་དངོས་སུ་གསུངས་སོ། །དོན་དེ་ཉིད་འོད་ལྡན་དུ་བྱེ་བྲག་བཤད་མཚོ་དྲངས་པར། འཆང་བ་དང་ནི་འབྲལ་བ་དང་། །དེ་བཞིན་ས་ནི་བརྐོ་བ་དང་། །རིན་ཅེན་རེག་དང་མེ་ལ་རེག །གཏད་ནས་ཟ་བར་བྱེད་པ་དང་། །ལྗོན་ཤིང་འཛེག་དང་ཤིང་གཅོད་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །རྩྭ་སྔོན་མི་གཙང་འདོར་བ་དང་། །དེ་བཞིན་གསོག་(༩༢ན)


GLG014_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་ཟ་བ་དང་། །ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་རྣམས་ནི་མ་གཏོགས་པ། །སོ་སོ་ཐར་པར་བསྟན་པ་དག །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ཞེས་པས་བཤད་ལ། དེ་ཉིད་འོད་ལྡན་གྱིས་བཀྲལ་བ་ན་ཡང་འཆང་བ་གཉིས་སོ་སོར་བགྲངས་ནས་བཅུ་གསུམ་དུ་གསུངས་པ་ལ་ཡང་ས་བོན་སྐྱེ་འཇིག་གཅིག་ཏུ་བསྡུས་པས་བཅུ་གཉིས་སོ། །དེ་ལྟར་ཉེས་མེད་དངོས་སུ་བཤད་པ་ནི་དེ་རྣམས་ཡིན་ལ། དོན་གྱིས་ཐོབ་པ་འབྲལ་བ་སྤྱིར་གནང་བས་བྱེ་བྲག་དགོན་པ་པའི་འབྲལ་བ་ལའང་ཉེས་པ་མེད་པར་འགྲུབ་ཅིང་། རྒྱུ་བྱིན་ལེན་མེད་པས་གསོག་འཇོག་གི་སྤང་ལྟུང་ཡང་མེད། ལས་ལ་འདུར་མི་རུང་ཞིང་འདུས་ན་རྐུ་ཐབས་སུ་གནས་པར་འགྱུར་བས་ལས་ཀྱི་ནང་ནས་མི་སྨྲ་བར་འགྲོ་བ་དང་། ལས་ལ་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བ་ཡང་མེད། སྤྱིར་གོས་བྱིན་གྱིས་མ་བརླབས་པར་འཆང་དུ་གནང་བས་ཟླ་འཇོག་ཀྱང་མེད། དགེ་ཚུལ་མ་ལ་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་མ་བརླབས་པར་འཆང་བ་དང་དེ་ཉིད་ཟླ་བ་ཕྱེད་ཕྱེད་ན་བྱིན་གྱིས་མི་རློབ་པའི་ཉེས་པ་ཡང་མེད། བསྙེན་པར་མ་རྫོགས་པ་ནང་ཕན་ཚུན་ནུབ་ལྷག་པར་ཉལ་དུ་གནང་བས་དེའི་ཕྱེད་ལ་ལྟུང་བ་མེད་དོ། །དེ་ལྟར་ན་དགེ་སློབ་མ་ལ་འཆང་བ་གཉིས། འབྲལ་བ་གཉིས། འཇོག་པ། མེ་རེག །སྤངས་ཟ། ས་བོན་འཇིག་པ། རྩྭ་སྔོན་ལ་མི་གཙང་འདོར་བ། ཤིང་ལ་འཛེག་པ། འདུན་པ་ཕྱིར་བསྒྱུར། ལས་ནང་ནས་མི་སྨྲ་བར་འགྲོ་བ། དགེ་སློབ་མ་ནང་ཕན་ཚུན་ནུབ་ལྷག་པ་སྟེ། ས་བོན་འཇིག་པ་ལོགས་སུ་བགྲངས་ན་ཕྱེད་དང་བཅུ་གསུམ། (༩༢བ)


GLG014_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཚུལ་ཕ་མ་ལ་དེ་དག་གི་སྟེང་དུ་གཞན་གྱི་རིན་པོ་ཆེ་ལ་རེག་པ། གསོག་འཇོག་བྱེད་པ་དང་། ཟ་བ། བྱིན་ལེན་མ་བྱས་པར་ཟ་བ། ས་རྐོ་བ། སྐྱེ་བ་འཇིག་པ་གཅིག་ཏུ་བགྲངས་ན་དྲུག་སྟེ་བསྡོམས་པས་ཕྱེད་དང་བཅུ་དགུ །ཉིས་བརྒྱ་ང་གསུམ་གྱི་གྲངས་ལ་ས་བོན་དང་སྐྱེ་བ་འཇིག་པ་གཅིག་ཏུ་བགྲངས་པ་ལྟར་ན་ཕྱེད་དང་བཅོ་བརྒྱད་ཉེས་མེད་དུ་གནང་ཞིང་། གནང་བའི་རྒྱུ་མཚན། དགེ་སློང་ཕ་མའི་གཡོག་བྱེད་དགོས་ཤིང་ཚུལ་དང་མི་མཐུན་པ་ཤས་ཆུང་བ་སོགས་ཀྱི་ཆ་ནས་འགོག་པའི་དགག་བྱ་ལས་གནང་བའི་དགོས་པ་ཆེ་བས་ཡིན་གྱི། དགེ་ཚུལ་ལོངས་སྤྱོད་ལ་ཞེན་པ་ཆུང་བ་དང་། ཟས་འཇུ་སླ་བ་སོགས་ཀྱིས་ཡིན་ནོ་ཞེས་སྨྲ་བ་ནི་མུན་སྤྲུལ་ལོ། །འོ་ན་ཞུ་བ་ཆེ་བ་ནས་འཆང་འབྲལ་མེ་རེག་སོགས་དུ་མ་ལ་ཉེས་བྱས་སུ་བཤད་པ་ཅི་ཞེ་ན། ལུང་གི་ཡི་གེ་མ་དག་པར་གསལ་ཏེ། ལུང་ཞུ་བ་ཉུང་བ་དང་། བྱེ་བྲག་བཤད་མཚོ་དང་། ཐོ་དཀར་གྱི་མཁས་པ་སོགས་ཀྱིས་ཉེས་མེད་དུ་བཤད་པས་སོ། །འོ་ན་བླངས་འདས་དང་ཉེས་མེད་ལས་གཞན་མཐའ་དག་ཕྱོགས་མཐུན་ཡིན་ན་གཞི་བསྡུས་རྣམས་ཀྱང་དེར་ཐལ་ལ། འདོད་ན། སོ་སོ་ཐར་པར་བསྟན་པ་དག །ཅེས་དང་། བླངས་པ་མདོར་གཏོགས་ཞེས་བཤད་པ་དང་འགལ་ཞེ་ན། མི་འགལ་ཏེ། གཞི་བསྡུས་ཀྱི་ཉེས་པ་སོ་ཐར་དུ་བསྟན་པའི་ཕྱིར་ཏེ། རྩོད་པ་ཞི་བྱེད་དངོས་སུ་བསྟན་ལ། གཞི་གཞན་རྣམས་ཤུགས་ལ་བསྟན་པས་སོ། །དེ་ལྟ་མིན་ན་གཞི་བཅུ་བདུན་པོ་རྣམས་སོ་ཐར་གྱི་དོན་འགྲེལ་མིན་པར་ཐལ་བ་བཟློག་ཏུ་མེད་དོ། །དེ་རྣམས་ཕྱོགས་མཐུན་དུ་འཇོག་(༩༣ན)


GLG014_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མཚན་ནི། དངོས་སུ་བླངས་པ་རྣམས་དང་དགག་བྱ་དགོས་པ་མཐུན། སྦྱོར་བ་རྗེས་སྒྲུབ་མཐུན། རྒྱུད་པ་རྒྱུད་འགྲོ་མཐུན་པ་སྟེ། མཐུན་པ་གསུམ་གྱིས་མཐུན་ཞིང་། བསྙེན་པར་མ་རྫོགས་པ་ལ་གནང་བའི་ལྟུང་བ་རྣམ་གཞག་གིས་མ་བསྐྱེད། གཞི་གཞན་དུ་མ་བཅས་ཤིང་བཤགས་བྱར་མི་འགྱུར་བས་སོ། །དེས་ན་བླངས་འདས་དང་མཐུན་པ་གསུམ་གྱིས་མཐུན་ཞིང་། བསྡམ་བྱར་བཅས་པའི་ཉེས་བྱས་ནི་སྤངས་བྱ་ཕྱོགས་མཐུན་གྱི་མཚན་ཉིད་ཡིན་ལ། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པས་དངོས་སུ་བླངས་པའི་ཚུལ་ཁྲིམས་དང་། མཐུན་པ་གསུམ་གྱིས་མཐུན་ཞིང་བར་མས་བསྡུས་པའི་ཚུལ་ཁྲིམས་ནི་གཉེན་པོ་ཕྱོགས་མཐུན་གྱི་མཚན་ཉིད་ཡིན་གྱི། འདི་སྡོམ་པས་བསྡུས་ན་སྤང་བྱ་ལྟུང་བར་ཐལ་བ་དང་། སྤོང་བ་བདུན་པར་ཐལ་བ་སུས་ཀྱང་མི་བཟློག་གོ །དབྱེ་བ་ནི་རྣམ་འབྱེད་ཀྱིས་བསྡུས་པའི་ལྟུང་བ་རྣམ་གཞག་ལ་བླངས་འདས་སུ་འགྲོ་བ་ཉེར་ལྔ། ཉེས་མེད་ཕྱེད་དང་བཅོ་བརྒྱད་རྣམས་མ་གཏོགས་པ་ཉིས་བརྒྱ་དང་ཕྱེད་དང་བཅུ་མ་རྣམས་ལའང་དེས་འགྲེ་བ་རྣམས་དང་། ལྟུང་བ་རེ་རེ་ཡང་སྦྱོར་བ་དང་སྦྱོར་བའི་སྦྱོར་བ། གཞིས་བསྡུས་ཀྱི་བཤགས་བྱ་ཉེས་བྱས་བསྙེན་པར་རྫོགས་པ་ལ་གང་བཤད་པ་ཐམས་ཅད་ཕྱོགས་མཐུན་དངོས་ཡིན་ལ། སེམས་བསྐྱེད་བསྡམ་བྱ་ཐམས་ཅད་ནི་དགེ་སློང་ཕ་མ་ལའང་བསྡམ་བྱ་ཡིན་པས་འདིར་བསྡམ་བྱ་ཕྲ་མོའོ། །བསྡུ་བ་ནི་བྱེ་བྲག་བཤད་མཚོ་དང་། དྷརྨ་མི་ཏྲས་གཞི་བཅུར་བསྡུས་ཏེ། འགྲེལ་ཆེན་ལས། (༩༣བ)


GLG014_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དང་སློབ་དང་སྣོད་དང་ནི། །ལོངས་སྤྱོད་ཕྱར་གཡེང་འདོད་པ་དང་། །གནོད་པ་དང་ནི་གནས་པ་དང་། །མ་གུས་མི་སྦྱོང་བཞི་ལས་བྱུང་། །ཞེས་སོ། །དེ་ཡང་རྒྱ་ཆེར་འགྲེལ་གྱིས་ནི་བླངས་འདས་དང་ཕྱོགས་མཐུན་གཉིས་ཀ་ལ་མཐུན་ཡུལ་དང་། མཐུན་ཆོས་ཀྱི་ཚུལ་དུ་གཞི་བཅུ་སྦྱར་ལ། འོད་ལྡན་གྱིས་ཕལ་ཆེར་མ་ཕྱེ་བར་སྦྱར་རོ། །དེ་ཡང་རྟགས་ཀྱི་གཞི་ལས་བྱུང་བ་ནི། ཁྱིམ་པ་དང་མུ་སྟེགས་ཀྱི་རྟགས་རྫོགས་པར་འཆང་བ་བླངས་འདས་དང་། ལྷུང་བཟེད་ཀྱང་མུ་སྟེགས་སོགས་དང་འདྲ་བའི་མི་རུང་བ་འཆང་བ་བླངས་འདས་དང་། གོས་སོགས་རྒྱུ་མི་རུང་བ་དང་ཚད་དང་མི་ལྡན་པ་འཆང་བ་བྱི་དོར་མ་གནང་བ་བྱེད་པ་ལྟ་བུ་ཕྱོགས་མཐུན་ནོ། །དེ་བཞིན་དུ་སློང་བའི་གཞི་ཡང་། གསེར་དངུལ་སློང་བ་དང་། གོས་སློང་བ་རིམ་པ་བཞིན་ནོ། །སྣོད་སྤྱད་ཀྱི་ཡང་རིན་པོ་ཆེ་དང་བ་སོ་སོགས་ཀྱིས་ཁབ་རལ་བྱེད་པའོ། །ལོངས་སྤྱོད་ཀྱི། ཕྱི་དྲོའི་ཁ་ཟས་དང་སྒོག་སྐྱ་ཟ་བ་སོགས་སོ། །ཕྱར་གཡེང་གི་ཡང་། མལ་ཆེ་མཐོ་དང་གླུ་གར་སོགས་དང་། ཁྲུས་དང་ཆུ་ལ་རྩེ་བ་སོགས་སོ། །འདོད་པའི་ཡང་། མི་ཚངས་སྤྱོད་དང་འབྱིན་པ་སོགས་སོ། །གནོད་པའི་ཡང་། དབྱེན་སོགས་དང་། ཚིག་རྩུབ་ཕྲ་མ་སོགས་སོ། །གནས་པའི་ལ། འགྲེལ་ཆེན། བུད་མེད་དང་ཉལ་བ་བླངས་འདས་དང་། བསྙིལ་བ་དང་། ཁྱིམ་པ་མུ་སྟེགས་སོགས་དང་ཉལ་བ་ཕྱོགས་མཐུན་དུ་བྱེད་ལ། འོད་ལྡན། སྔ་མ་མི་ཚངས་སྤྱོད་དང་། ཕྱི་མ་སྡོམ་(༩༤ན)


GLG014_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐའ་དག་ཉམས་པའི་ཕྱོགས་མཐུན་ཉིད་དུ་འདོད་དོ། །མ་གུས་པའི་ལ། འགྲེལ་ཆེན། དཀོན་ཅོག་གསུམ་ལ་མ་གུས་པ་བླངས་འདས་དང་། མཁན་སློབ་སོགས་ལ་མ་གུས་པ་ཕྱོགས་མཐུན་དུ་འཆད་ཅིང་། འོད་ལྡན། གནས་ལ་མ་གུས་པ་སྡོམ་པ་མཐའ་དག་ཉམས་པ་དང་། མཁན་པོ་ལ་མ་གུས་པ་མཁན་པོར་གསོལ་བ་བཏབ་པའི་ཕྱོགས་མཐུན་དང་། གང་ཟག་གཞན་ལ་མ་གུས་པ་ནི་མཁན་པོ་ལ་མ་གུས་པའི་ཕྱོགས་མཐུན་ནོ། །མི་སྦྱོང་བ་ལའང་། འགྲེལ་ཆེན། གསོ་སྦྱོང་། དགག་དབྱེ་སོགས་མི་བྱེད་པའི་སྒོ་ནས་བསླབ་པ་འདྲལ་བ་བླངས་འདས་གསོ་སྦྱོང་སོགས་ལ་གཡེལ་བ་ཕྱོགས་མཐུན་དུ་བཞེད་ལ། འོད་ལྡན་ནི། གསོ་སྦྱོང་དང་དགག་དབྱེ་མི་བྱེད་པ་ཉིད་ཕྱོགས་མཐུན་དུ་བཞེད་ལ། དགེ་ཚུལ་ལ་ཡང་དགག་དབྱེ་བྱ་བར་དངོས་སུ་གསུངས་པ་ཉིད་ཀྱིས་གསོ་སྦྱོང་ཡོད་པ་འགྲེལ་པ་གཉིས་ཀས་བཤད་ལ། ཕྱོགས་མཐུན་རྣམས་ལ་བསྡམ་བྱར་འགྱུར་བའི་རྒྱུ་མཚན། འོད་ལྡན་ལས། ཡན་ལག་བཅུ་པ་འདིས་ཞེས་བསླབ་པའི་ཚད་བཞག་ནས་བཅུ་པོ་ཁོ་ན་ལ་འདས་ན་ལྟུང་བར་གསུངས་ཀྱི། གཞན་ལ་མ་གསུངས་ཤིང་སྐྱོན་མེད་པ་ཡང་མ་ཡིན། བླངས་པ་དང་ཤན་འདྲ་བ་ཡིན་པའི་ཕྱིར་དང་། ཡིད་ཀྱིས་བསྡམ་པར་བྱ་བ་ཞེས་སྤྱིར་བསྟན་པའི་ཕྱིར། ཞེས་པའི་སྒྲུབ་བྱེད་དང་། ཡན་ལག་མ་ཚང་བའི་ན་སྨད་དུ་མི་འཐད་དམ་སྙམ་ན། ན་སྨད་ནི་བླངས་འདས་ལྟ་བུ་ལྟུང་བར་འགྱུར་བའི་ཡུལ་ལ། (༩༤བ)


GLG014_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། ཕྱོགས་མཐུན་བསྡམ་བྱ་ནི་ལྟུང་བ་མ་ཡིན་པས་ན་སྨད་མི་འཇོག་པ་དང་། ཕྱོགས་མཐུན་གྱི་ནང་ན་ཡང་སྡིག་པ་ཆེན་པོར་འགྱུར་བ་ཡོད་པས་ལྟུང་བ་ཆེན་པོར་ཅིའི་ཕྱིར་མི་འགྱུར་སྙམ་ན། ལྟུང་བ་ཆེ་ཆུང་ནི་བཅས་པ་ཙམ་གྱི་རྗེས་སུ་འབྲང་གི །སྡིག་པའི་རྗེས་སུ་མི་འབྲང་ལ། སྡིག་པ་ཆེ་ཆུང་ནི་ཡུལ་དང་བསམ་པའི་རྗེས་སུ་འབྲང་བར་བཤད་དོ། །མདོ་རྩ་བ་འདི་ནི་བསྙེན་པར་རྫོགས་པའི་སྤང་བླང་གཙོ་བོར་སྟོན་པས་དགེ་ཚུལ་གྱི་སྤང་བླང་མི་རྒྱས་པས་ན་གཞུང་འདི་གཉིས་ལ་བཤད་པ་ཞིབ་ཏུ་བྱས་པ་ལས་རྟོགས་དགོས་པའི་ཕྱིར་རྒྱས་པར་བྲིས་མོད་ཀྱི། འོན་ཀྱང་སུམ་བརྒྱ་པ་རྩ་འགྲེལ་སོགས་ལ་ད་དུང་བསླབ་པར་བྱའོ། །སྡོམ་པ་སྐྱེས་ལ་མ་ཉམས་ན་སྡེ་ལྔ་རྫོགས་པར་བསྐྱེད་དམ་སྙམ་ན། དེས་མ་ཁྱབ་སྟེ། བསྙེན་པར་མ་རྫོགས་ཤིང་། རབ་ཏུ་བྱུང་བ་དགེ་ཚུལ་ཕ་མ་དང་། དགེ་སློབ་མ་སྐྱེས་ལ་མ་ཉམས་པས་བླངས་པ་ལས་འདས་པ་ལ་ཡང་ཉེས་བྱས་ཀྱི་ལྟུང་བ་ལས་མི་འབྱུང་བའི་ཕྱིར། བསྙེན་པར་མ་རྫོགས་པའི་རབ་བྱུང་ཐམས་ཅད་ཀྱི་ལྟུང་བ་ལ་ཉེས་བྱས་ཁོ་ནའི་མིང་གིས་སྟོན་པའི་རྒྱུ་མཚན་ནི། དགྲ་བཅོམ་པ་ཉེར་སྦས་དང་། ཟླ་བའི་ནོར་བུ་གཉིས་ཀྱིས་བསྙེན་པར་རྫོགས་མ་རྫོགས་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར་དང་། ཚུལ་ཁྲིམས་ཀྱི་མཐའ་མར་གྱུར་བའི་ཕྱིར་རོ། །ཞེས་གསུངས་སོ། །ཀརྨ་ཤ་ཏམ་དུ། དང་པོར་བྱ་དང་ཞེས་པའི་ཁོངས་སུ་བསྒྲུབ་བྱ་ལོ་ཉི་ཤུ་ལོན་དགོས་ལ། རྒྱ་ཆེར་འགྲེལ་དུ། ལོ་ཉི་ཤུ་མ་ལོན་(༩༥ན)


GLG014_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གལ་ཏེ་མ་ལོན་ན་གཞན་ལ་རེ་ཞིག་གནས་པའི་ཕྱིར་གཏད་པར་བྱའོ། །ཞེས་སོགས་ལས་རབ་བྱུང་གི་གཞི་ནས་གསལ་བར་གསུངས་ཀྱང་། ས་ག་ལྷས། གང་འདི་ཉི་ཤུ་མ་རྫོགས་པའི། །ལོ་ཡིས་དགེ་སློང་བྱས་ན་ནི། །ཟླ་བཤོལ་མངལ་གྱི་ཟླ་རྣམས་ཀྱིས། །མཁས་པ་ཡིས་ནི་དགང་བར་བྱ། །གལ་ཏེ་དེ་ལྟ་ན་ཡང་འདིས། །ལོ་ནི་ཉི་ཤུ་མ་ཚང་ན། དགེ་ཚུལ་ཉིད་དུ་གནས་འགྱུར་ཏེ། །དེ་ནི་བསྙེན་པར་རྫོགས་མིན་ཉིད། །ལོ་ནི་གཅིག་གམ་གཉིས་དག་ན། །གལ་ཏེ་དྲན་པ་རྙེད་གྱུར་ན། །འདི་ཡི་ལོ་ནི་ཚང་བ་ཡིས། །བསྙེན་པར་རྫོགས་པ་ཉིད་ཡིན་ནོ། །ཞེས་གསུངས་པ་ལ། བུ་སྟོན་གྱི་ལས་བརྒྱའི་ཊཱིཀྐར། འོ་ན་ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་པ་དེ་ལས་མི་ཆགས་པར་འགྱུར་ཏེ་དོན་ཤེས་མཐུན་པ་མེད་པའི་ཕྱིར་རོ་སྙམ་ན། མ་ལོན་པ་ལ་ལོན་པར་འདུ་ཤེས་པ་ནི་བསྒྲུབ་བྱའི་འདུ་ཤེས་ཡིན། དགེ་འདུན་གྱི་བསྒྲུབ་བྱས་ལོན་པར་འདུ་ཤེས་པ་ལ་དེ་ལྟར་ཤེས་སམ་ཡིད་གཉིས་ཟ་ན་སྡོམ་པ་སྐྱེ་བར་འདུ་ཤེས་པ་ཡིན། དོན་ལ་སྡོམ་པ་སྐྱེ་བའི་བར་ཆད་མེད་པ་ལ་དེ་ལྟར་འདུ་ཤེས་སམ། ཐེ་ཚོམ་ཟ་ན་དོན་ཤེས་མཐུན་པ་ཡིན་ནོ། །གནམ་རྩིབས་སྟེང་མར། གཞིའི་ཡན་ལག་གང་བསྙེན་པར་རྫོགས་པར་བྱེད་པའི་ཡུལ་ནི་བསྙེན་པར་མ་རྫོགས་ཤིང་རྫོགས་པར་འདོད་པ། སྡོམ་པ་སྐྱེ་བའི་བར་ཆད་གཞན་དང་མི་ལྡན་ཞིང་མངལ་བཤོལ་དང་(༩༥བ)


GLG014_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་ལོ་ཉི་ཤུ་མ་ལོན་པའོ། །ཞེས་སོགས་ཀྱི་མཇུག་ཏུ་ཉི་ཤུ་མ་ལོན་པར་འདུ་ཤེས་ན་སྡོམ་པ་སྐྱེ་ལ། དེས་མངལ་བཤོལ་དང་བཅས་ཏེ་ཉི་ཤུ་མ་ལོན་པའི་སྔ་རོལ་དུ་མ་ལོན་པར་བསྙེན་རྫོགས་བྱས་པར་ཤེས་ན་སྡོམ་པ་གཏོང་ངོ་ཞེས་དང་། སྟག་ཚང་ལོ་ཙཱ་བས། འོན་ཀྱང་དེས་ཕྱིས་མ་ལོན་པར་ཤེས་ན་ནི་གལ་ཏེ་བློ་དེ་སྐྱེས་པའི་ཚེ་ན་ཉི་ཤུ་མ་ལོན་ན་སྔར་སྐྱེས་པ་དེ་ཞིག །དེའི་ཚེ་ལོན་ན་མི་འཇིག་སྟེ། འདི་ཡང་འདུ་ཤེས་ཀྱི་ཤུགས་ཀྱིས་སོ། །དྲན་ནས་བརྩི་བ་ན་མངལ་བཤོལ་སོགས་དང་བཅས་ཏེ་ཁ་བསྐང་བས་ཆོག་ལ། དང་པོ་ལེན་པའི་ཚེ་མངལ་བཤོལ་གྱི་ཁ་འགེངས་པ་དག་ལ་ནི་བསྒྲུབ་བྱ་ལ་སྡོམ་པ་སྐྱེས་ཀྱང་མཁན་པོ་ལྟུང་བྱེད་དུ་འགྱུར་བར་རྣམ་འབྱེད་ལས་བཤད་དོ། །ཞེས་དང་། ལུང་རིགས་གཏེར་མཛོད་དུ། བསྒྲུབ་བྱ་བསྙེན་པར་རྫོགས་པར་བྱེད་པ་ལ། དངོས་པོ་ལེན་པའི་ཚེ་མངལ་བཤོལ་གྱི་ཁ་འགེངས་པ་དག་ལ་ནི་བསྒྲུབ་བྱ་ལ་སྡོམ་པ་སྐྱེས་ཀྱང་མཁན་པོ་ལྟུང་བྱེད་དུ་འགྱུར་བར་རྣམ་འབྱེད་ལས་བཤད་དོ། །ཞེས་དང་། ལུང་རིགས་གཏེར་མཛོད་དུ། བསྒྲུབ་བྱ་བསྙེན་པར་རྫོགས་པར་བྱེད་པ་ལ། དངོས་པོ་ལ་ལོ་ཉི་ཤུ་ལོན་པའམ་བསམ་ངོར་ལོ་ཉི་ཤུ་ལོན་ནམ་སྙམ་པའི་ཐེ་ཚོམ་ཡན་ཆད་ཀྱི་སྒོ་ནས་འདུ་ཤེས་པ་ཞིག་དགོས་ལ། དེ་ལས་གཞན་དུ་བསྙེན་རྫོགས་ཀྱི་སྡོམ་པ་མི་འཆགས་པའི་ཕྱིར་རོ། །དེ་ཡང་བསྒྲུབ་བྱ་འགའ་ཞིག་གིས་དང་པོར་ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་པའི་སྒོ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བླངས། ཕྱིས་ཉི་ཤུ་མ་ལོན་པར་ངོ་ཤེས་པའི་ཚེ་མངལ་གྱི་ཟླ་བ་དང་བཤོལ་གྱི་ཟླ་བས་ཁ་བསྐང་བའི་སྟོབས་ཀྱིས་ལོ་ཉི་ཤུ་ཚང་ན་བསྙེན་རྫོགས་ཀྱི་སྡོམ་པ་མི་གཏོང་ལ། དེ་ལྟར་ཁ་བསྐང་ཡང་ལོ་ཉི་ཤུ་མ་ཚང་ན་བསྙེན་རྫོགས་ཀྱི་སྡོམ་པ་གཏོང་། ཞེས་(༩༦བ)


GLG014_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། མཁས་གྲུབ་རྗེས། མངལ་བཤོལ་གཉིས་ཀ་དང་བཅས་པའི་ལོ་ཉི་ཤུ་མ་ལོན་པ་ཡང་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བའི་བར་ཆད་དུ་གསུངས་པ་ལ། དངོས་པོ་ལ་མ་ལོན་ཀྱང་བསྒྲུབ་བྱ་ཁོ་རང་གིས་ལོན་པར་འདུ་ཤེས་ན་ནི་སྡོམ་པ་སྐྱེ་ལ། སྡོམ་པ་སྐྱེས་ཟིན་པའི་རྗེས་སུ་མ་ལོན་པར་བསྙེན་རྫོགས་བྱས་པ་ཉིད་དུ་ངེས་ན། ངེས་པ་དེ་སྐྱེས་པའི་ཚེ་ན་ཡང་ད་དུང་ལོ་ཉི་ཤུ་མ་ལོན་ན་སྔར་སྡོམ་པ་སྐྱེས་པ་དེ་འཇིག་ཅིང་། སྔར་བསྙེན་རྫོགས་བྱེད་པའི་ཚེ་མ་ལོན་པ་ལ་ལོན་པར་འཁྲུལ་ནས་བྱས་པ། དུས་ཕྱིས་ལོ་ཉི་ཤུ་ལོན་པའི་རྗེས་སུ་སྔར་མ་ལོན་པ་ལ་བསྙེན་རྫོགས་བྱས་པར་ངེས་ཀྱང་སྡོམ་པ་སྔར་སྐྱེས་པ་མི་འཇིག་གོ །ཚུལ་འདི་ནི་ལོ་བདུན་མ་ལོན་པར་རབ་བྱུང་བྱས་པ་ལ་ཡང་ཤེས་པར་བྱའོ། །ཞེས་དང་། རྒྱ་ཆེར་འགྲེལ་ལས། ཤེས་ན་ནི་དེ་ཞིག་གོ་ཞེས་བྱ་བ་ནི། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པ་ལོ་ཉི་ཤུ་མ་ལོན་པར་ཤེས་ན་སྔར་སྡོམ་པ་ཆགས་པ་དེ་ཞིག་གོ །ཅི་ཆོ་ག་དེ་ཆོ་ག་གཅིག་ཏུ་ཟད་དམ་ཞེ་ན། དེའི་ཕྱིར་གལ་ཏེ་སྐྱེས་པ་ན་མ་ལོན་པའིའོ། །ཞེས་བྱ་བ་སྨྲས་ཏེ། བསྙེན་པར་རྫོགས་པའི་འོག་ཏུ་བདག་ཉིད་ལོ་ཉི་ཤུ་མ་ལོན་ནོ་སྙམ་པ་ནི་གནས་སྐབས་དེའི་ཚེ་གལ་ཏེ་དགེ་སློང་དེ་ལོ་ཉི་ཤུ་མ་ལོན་པར་གྱུར་ན་དེའི་ཚེ་དེའི་སྡོམ་པ་སྔར་འཆགས་པ་དེ་ཞིག་གོ །གལ་ཏེ་བདག་ཉིད་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་སོ་སྙམ་པའི་འདུ་ཤེས་སྐྱེས་པའི་གནས་སྐབས་དེའི་ཚེ་ན་དེས་ལོ་ཉི་ཤུ་ལོན་པར་གྱུར་ན་ནི་(༩༦བ)


GLG014_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྡོམ་པ་སྔ་མ་འཆགས་པ་དེ་མི་འཇིག་གོ །བསམ་པ་ཙམ་གྱི་དབང་གིས་ཀྱང་སྡོམ་པ་གཏོང་བར་སྣང་སྟེ། དཔེར་ན་དགེ་བའི་རྩ་བ་ཆད་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །ཅི་བསྙེན་པར་རྫོགས་པའི་གནས་སྐབས་ན་བདག་ཉིད་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་ཤེས་པའི་ཚེ་དེའི་གནས་སྐབས་ཕན་ཆད་ལོ་ཉི་ཤུ་ལོན་ནམ་མ་ལོན་བརྩི་བ་སྟེ། དང་པོ་མངལ་གྱི་གནས་བསམ་པ་ནས་བརྩམས་ཏེ། དེ་ཚུན་ཆད་བརྩི་བར་བྱའམ་འོན་ཏེ་མངལ་དུ་ཞུགས་པ་ཚུན་ཆད་ནས་བརྩི་བར་བྱ་ཞེ་ན། དེའི་ཕྱིར་མངལ་ན་གནས་པ་དང་བཤོལ་གྱི་ཟླ་བ་དང་ཡང་བཅས་ཏེའོ། །ཞེས་བྱ་བ་སྨྲས་ཏེ། མངལ་ན་གནས་པའི་ཟླ་བ་དག་དང་བཤོལ་གྱི་ཟླ་བ་ལྷག་མ་དག་དང་ཡང་བཅས་ཏེ། དེའི་ལོ་ཉི་ཤུ་ཉིད་བརྩི་བར་བྱའོ། །བསྙེན་པར་རྫོགས་པར་འདོད་པའི་གནས་སྐབས་སུ་ནི་བརྩི་བར་མི་བྱ་སྟེ། གལ་ཏེ་རྩི་བར་བྱེད་ན་བསྙེན་པར་རྫོགས་པ་ནི་འཆགས་པ་ལ་བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་བྱུང་། བཅུ་བདུན་དང་པོར་ལུས་རྫོགས་བསྟན་ལ་ཞུགས། །གཉིས་པ་རྒྱ་གར་བགྲོད་ནས་མཁས་པ་བསྟེན། །གསུམ་པ་བོད་ཡུལ་ཆོས་འཁོར་བཞི་པ་བསྐོར། །ཞེས་ལོ་ཆེན་བློ་ལྡན་ཤེས་རབ་ཀྱི་ཆེ་བརྗོད་འདི་ལ་བཅུ་བདུན་དང་པོར་བསྟན་ལ་ཞུགས་པ་དགེ་ཚུལ་ཙམ་མིན་པའི་ངེས་པ་མི་འདུག་ཅིང་། གལ་ཏེ་དགེ་སློང་ཡིན་ན་བསྟན་པ་ཕྱི་དར་ནས་ཡུན་ཧ་ཅང་མི་རིང་བས་དཔྱད་པ་མ་ཞུགས་པར་མངོན། འབྲུག་(༩༦ན)


GLG014_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གྱིས་བཅུ་བདུན་པར་མཁྱེན་བཞིན་དུ་བསྒྲུབས་པ། སྡོམ་པ་གཏན་མེད་དུ་སོང་བས་སྔོན་ཆད་ཕྱོགས་དེར་རྟོགས་ལྡན་གྱི་བརྟུལ་ཞུགས་འཛིན་པ་མང་ཞིང་། ཚངས་སྤྱོད་དོན་གཉེར་དག་ཀྱང་ཇོ་གདན་པ་དང་ས་སྐྱ་པ་ཕྱོགས་ལ་གཏུག་པར་ཟད་མོད། རྗེ་པད་དཀར་གྱིས་ལས་ཆོག་གསར་དུ་བརྩམས་ཏེ་རང་ཚུགས་འཛིན་ཡང་རྩ་བ་ཆད་པའི་ལྗོན་ཤིང་གི་འཕྲེང་བ་ཞིག་སྣང་ངོ་། །ལས་བརྒྱའི་འགྲེལ་པ་ཆོ་གའི་གསལ་བྱེད་ལས། འདིར་ཕ་གུ་སྣང་སྟེ། ཕ་གུ་ཞེས་བྱ་བ་ནི་བོང་བ་ཡིན་པར་ཤེས་པར་བྱའོ། །འདིར་བདག་གི་བླ་མ་ལོ་ཙཱ་བ་ཆེན་པོའི་ཞལ་ནས། རྒྱ་གར་དང་བལ་པོ་གཉིས་ཀའི་ཕྱག་ལེན་ལ། ཕ་གུ་སོ་བཏང་བ་རི་མོ་བྲིས་པ་ལ་བྱེད་གསུང་ངོ་། །འགྲེལ་པ་ཤེས་རབ་བྱེད་པས་ཀྱང་། སོ་ཕག་བཏིང་བ་ཞེས་བཤད་དོ། །སྐད་དོད་ལས་སོ་ཕག་གི་སྐད་དོད་ཡོད་དོ། །དེའི་སྟེང་དུ་རྩྭ་བཏིང་བ་ཆོས་གོས་མ་རུངས་པར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རོ། །ཞེས་འདུལ་བ་འཛིན་པ་དག་གི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པུར་འདུག་ཏུ་བཅུག་ནས་ཞེས་གསུངས་པ། གཞི་འགྲེལ་ལས། ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ཏེ་ཙོག་ཙོག་པུར་འདུག་ཏུ་བཅུག་སྟེ། ཞེས་བྱ་བ་ལ་ཕ་གུའི་སྟེང་དུ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པུར་འདུག་ཏུ་གཞུག་པ་ཡུན་རིང་ཙོག་ཙོག་པུར་འདུག་པ་སྡུག་བསྔལ་བ་དེའི་ཕྱིར་འདི་རྗེས་སུ་གནང་སྟེ། རྫོགས་པར་བསྙེན་པར་བྱེད་(༩༧བ)


GLG014_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབ་པ་དང་། གསང་སྟེ་སྟོན་པ་མ་གཏོགས་པར་མཁན་པོར་གསོལ་བ་དང་། རྫོགས་པར་བསྙེན་པར་གསོལ་བ་དང་། ལས་ཀྱི་སློབ་དཔོན་གྱིས་བར་ཆད་དྲི་བ་མཉན་པ་དང་། དེའི་ལན་འདེབས་པ་དང་། རྫོགས་པར་བསྙེན་པར་བྱ་བ་ལ་སོགས་པའི་སྐབས་ཐམས་ཅད་དུ་རྫོགས་པར་བསྙེན་པར་བྱ་བའི་གང་ཟག་དེ་ཕ་གུའི་སྟེང་དུ་རྐང་པ་གཉིས་ཀྱིས་འདུག་ཏུ་གཞུག་པར་བྱའོ། །འདིར་ཕ་གུ་ཞེས་བྱ་བ་ནི་བོང་བ་ཡིན་པར་ཤེས་པར་བྱའོ། །རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པུར་འདུག་ཏུ་གཞུག་པ་ནི་ཆོས་གོས་མ་རུང་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རོ། །ཞེས་འདུལ་བ་འཛིན་པ་དག་གི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས། རང་འགྲེལ་ལས། གསང་སྟེ་སྟོན་པ་མ་གཏོགས་པ་བསྙེན་པར་རྫོགས་པའི་ལས་བྱེད་པ་རྣམས་ལས་ཀྱི་སློབ་དཔོན་གྱིས་བར་ཆད་དྲི་བ་ཉན་པ་དང་། དེའི་ལན་འདེབས་པ་དང་། བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པའི་སྐབས་ཐམས་ཅད་དུ། བསྙེན་པར་རྫོགས་པར་བྱེད་པའི་གང་ཟག་དེར་ཕ་གུའི་སྟེང་དུ་རྟིང་པ་གཉིས་ཀྱིས་འདུག་ཏུ་གཞུག་གོ །ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབ་པ་ནི། སྔར་བྱས་ཟིན་པས་དེ་ལ་ནི་ཆོ་ག་འདི་ཐལ་བར་མི་འགྱུར་ཏེ། རྫས་བྱིན་གྱིས་བརླབ་པ་ལ་སོགས་པས་གནོད་པའོ། །འདིར་ཕ་གུ་ཞེས་བྱ་བ་ནི་དྲང་སྲོང་གི་རྗེས་སུ་འབྲངས་ནས་སྨོས་(༩༨ན)


GLG014_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལྟར་འདི་ནི་དྲང་སྲོང་གི་ལུགས་ལས་འབྱུང་བ་སྟེ་བོང་བའི་རིགས་ཀྱི་དབང་དུ་བྱས་དེའོ། །དུམ་བུ་ཡང་འདིར་རྗེས་བསྙེག་པའོ། །ཞེས་དང་། འགྲེལ་པ་ཤེས་རབ་བྱེད་པར། རྟིང་པ་གཉིས་གཤིབས་པའི་འོག་ཏུ་ཕ་གུ་ཞོག་ཅིག་པའོ། །ཞེས་འབྱུང་ཞིང་། ཞ་ལུ་དང་ཨེ་ཝཾ་ཆོས་ལྡན་དུ་ཕ་གུ་དང་རྩྭ་གདན་ཚད་ལྡན་བཟོས་པ་ཞ་ལུའི་དེ་མཁན་སློབ་ཁ་ཤས་ཀྱི་གོང་ནས་གར་སོང་མ་བྱུང་བར་གྲགས། དིང་སང་དབུས་གཙང་ཕལ་ཆེར་དུ་ལྕི་བ་དང་འཇག་མའི་རྒྱ་གྲམ་ཙམ་གྱིས་མཚོན་དོན་བྱེད་པ་དབང་རྫས་དངོས་བསྟན་མི་འབྱོར་བའི་རིགས་ལ་རི་མོར་བྲིས་པ་སོགས་བྱེད་པས་གཞོགས་དྲུད་པ་འདྲ་ཡང་འདུལ་བ་ཚིག་ལ་རྩག་པས་མི་འཐད་ཅིང་། རུང་ན་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་རི་མོར་བྲིས་ཆོག་པས་ཐུག་མེད་དུ་འགྱུར་རོ། །དར་ཆོག་ལ་མཁན་པོ་དགོས་མི་དགོས་ཀྱི་དོགས་གཞིར་དགྲ་བཅོམ་པ་ས་ག་ལྷས། མཁན་པོ་གཏན་མེད་ཉིད་དང་ནི། །མཁན་པོ་ཁྱིམ་པའི་རྟགས་སོགས་ཉིད། །གང་ཡང་སྐལ་ལྡན་རྐུན་པོ་དང་། །ཡན་ལག་བཅད་སོགས་ཁོང་ཆུད་དང་། །དེ་ཡང་བསྙེན་པར་རྫོགས་འགྱུར་མོད། །དགེ་སློང་འགལ་ཚབས་ཅན་དུ་འགྱུར། །ཞེས་གསུངས་པ་དང་། རྒྱ་ཆེར་འགྲེལ་དུ། དེ་དང་ལྡན་པའི་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་ངོ་། །ཞེས་བྱ་བ་ལ་དགེ་ཚུལ་ལ་སོགས་པའི་སྡོམ་པ་གང་ལ་མཁན་པོ་དེ་ཡོད་པ་དེ་ནི་དེ་དང་ལྡན་པ་སྟེ། མཁན་པོ་དེ་དང་ལྡན་པ་དེའི་སྡོམ་པ་(༩༨བ)


GLG014_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཁོ་ན་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་སྡོམ་པ་སྐྱེ་བ་ཡིན་ཏེ། ཡང་དག་པར་ལེན་པར་བྱེད་པ་གང་ལ་མཁན་པོ་མེད་པ་དེ་ནི་མཁན་པོ་མེད་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ་ལ་ཡང་སྡོམ་པ་སྐྱེའོ། །འདི་སྐད་བསྟན་ཏེ་མཁན་པོ་མེད་ན་ཡང་སྡོམ་པ་སྐྱེ་བ་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་བསྙེན་པར་མ་རྫོགས་པ་ཉིད་ན་ཡང་ངོ་། །ཞེས་བྱ་བ་ནི། མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང་མཁན་པོ་དང་ལྡན་པའི་སྡོམ་པ་སྐྱེ་བ་ཉིད་དུ་འགྱུར་རོ། །དེ་དགེ་སློང་ཉིད་དུ་མ་ཡིན་པར་ཤེས་ན་མི་སྐྱེའོ། །ཞེས་བྱ་བ་ནི། ཡང་དག་པར་ལེན་པར་བྱེད་པས་མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཉམས་པ་ཉིད་ཡིན་པས། དགེ་སློང་ཉིད་མ་ཡིན་པར་ཤེས་ན་ནི་མཁན་པོ་དང་ལྡན་པའི་སྡོམ་པ་མི་སྐྱེ་བ་ཁོ་ནའོ། །འདིར་གཞུང་གི་བསྙེན་པར་རྫོགས་པར་འཚལ་བ་མཁན་པོ་རྐུ་ཐབས་སུ་གནས་པས་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱིའམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། གལ་ཏེ་བདག་གི་མཁན་པོ་རྐུ་ཐབས་སུ་གནས་པ་ཡིན་ནོ། །ཞེས་ཤེས་པ་ནི་བསྙེན་པར་མ་རྫོགས་ཞེས་བྱའོ། །གལ་ཏེ་མི་ཤེས་ན་ནི་བསྙེན་པར་རྫོགས་ཞེས་བྱའོ། །སྔོན་ལྟུང་བ་བྱུང་བས་ཀྱང་དེ་བཞིན་ནོ་ཞེས་གསུངས་པ་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་འདུལ་བའི་ལས་བརྒྱའི་འགྲེལ་པ་བུ་སྟོན་རྗེས་མཛད་པར་ཡང་། འོ་ན་ལས་བྱེད་པ་ཚུལ་ཁྲིམས་འཆལ་བས་བྱས་ན་ལས་མི་འཆགས་པར་འགྱུར་རོ་ཞེ་ན་ལས་བྱེད་པ་ཚུལ་ཁྲིམས་འཆལ་བ་ལས་བསྒྲུབ་བྱས་(༩༩ན)


GLG014_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཐོས་དོགས་གསུམ་གྱི་སྒོ་ནས་ཤེས་ན་ལས་མི་འཆགས་སོ། །དངོས་དོན་ལ་ཚུལ་ཁྲིམས་འཆལ་པ་ཡིན་ཡང་། བསྒྲུབ་བྱའི་ངོས་ནས་མཐོང་ཐོས་དོགས་གསུམ་གྱི་སྐྱོན་མེད་ན་དག་པ་ཡིན་ལ། དེ་ལ་དེ་ལྟར་ཤེས་ན་དོན་དང་འདུ་ཤེས་མཐུན་པས་འདུ་ཤེས་མ་འཁྲུལ་བར་བཞག་སྟེ་ལས་ཐམས་ཅད་སྤྱད་པ། ཐ་སྙད་པའི་འདུ་ཤེས་ཀྱིས་འཇུག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་བསྒྲུབ་མི་ནུས་པའི་སྐྱོན་དུ་འགྱུར་ཏེ། ལྷའི་མིག་དང་རྣ་བ་སོགས་མངོན་ཤེས་ཀྱིས་སྤྱོད་པ་ནི་བཀག་ལ་དེ་ལས་གཞན་གྱིས་དག་མ་དག་མི་ཤེས་པའི་ཕྱིར་རོ། །འོད་ལྡན་ནས་ཚུལ་ཁྲིམས་འཆལ་པ་དེ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། མཐོང་བ་དང་། ཐོས་པ་དང་། དོགས་པ་རྣམས་ཀྱིས་སོ། །ཞེས་བཤད་དོ། །མཁས་གྲུབ་ཐམས་ཅད་མཁྱེན་པས། དགེ་ཚུལ་དང་དགེ་སློང་གཉིས་ཀའང་མཁན་པོ་མེད་ཀྱང་སྐྱེ་བ་ཡིན་ཏེ། མདོ་རྩ་ལས། དེ་དང་ལྡན་པའི་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་ངོ་། །སོགས་དང་། རྒྱ་ཆེར་འགྲེལ་དུ། འདི་སྐད་བསྟན་ཏེ་མཁན་པོ་མེད་ན་ཡང་སྡོམ་པ་སྐྱེ་བ་ཉིད་དོ་ཞེས་པའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་བསྒྲུབ་བྱ་ལ་སྡོམ་པ་སྐྱེ་ཡང་སློབ་དཔོན་དང་དགེ་འདུན་རྣམས་ལ་ཉེས་པ་འབྱུང་བ་ཡིན་ནོ། །མཁན་པོ་སྡོམ་པ་དང་མི་ལྡན་ཡང་བསྒྲུབ་བྱ་དེས་མཁན་པོ་སྡོམ་ལྡན་དུ་ཡིད་ཆེས་ན་ཡང་སྡོམ་པ་སྐྱེ་བ་ཡིན་ཏེ། མདོ་རྩ་ལས། དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང་ངོ་། །ཞེས་གསུངས་པས་སོ། །གཞན་ཡང་དོན་འདི་ནི་ལུང་གི་གླེང་གཞི་ལས་གསལ་བར་ཤེས་ཏེ། མཉན་ཡོད་དུ་ཁྱིམ་བདག་གི་(༩༩བ)


GLG014_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཞིག་གིས་གཞན་ཀྱི་བུ་མོར་ལོག་པར་གཡེམ་དུ་འགྲོ་བ་མས་བསྲུངས་པས་བསམས་བཞིན་དུ་རལ་གྲིས་མའི་སྐེ་བཅད་ནས་དེས་ཕྱིས་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་ན། གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་འགོག་བྱེད་དེ། །ཉི་མ་སྤྲིན་ནས་ཕྱུང་བ་ལྟར། །འཇིག་རྟེན་འདི་ན་དེ་སྣང་འགྱུར། །ཟེར་བ་ཐོས་པས། ཐབས་འདི་ལ་བརྟེན་ནས་སྡིག་པའི་ལས་ཀྱང་འགོག་པར་ནུས་སོ་སྙམ་སྟེ། དགེ་སློང་ཞིག་ལ་བདག་རབ་ཏུ་བྱུང་དུ་གསོལ། དེས་ཀྱང་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བསྒྲུབས་ནས་དེ་ནས་དེ་ཉིད་ཀྱིས་བརྩོན་འགྲུས་བརྩམས་ཏེ་གསུང་རབ་ཀློག་པར་བརྩམས་པས། སྡེ་སྣོད་གསུམ་ལ་མཁས་པར་གྱུར་ཏོ། །དགེ་སློང་དག་གིས་སྨྲས་པ། ཁྱོད་བརྩོན་འགྲུས་འདིས་ཅི་ཞིག་དོན་དུ་གཉེར། སྡིག་པ་ཟད་པའོ། །སྡིག་པ་ཅི་ཞིག་བྱས། མ་བསད་དོ། །མ་མའམ། མ་ཡིན་ཏེ། བསྐྱེད་པའི་མའོ། །དོན་དེ་ཉིད་སྟོན་པ་ལ་གསོལ་བས། མ་བསད་པ་ནི་སྡོམ་པ་མི་སྐྱེ་བའི་ཆོས་ཅན་ཡིན་པས་བསྙིལ་བར་བྱའོ། །ཞེས་བཀའ་སྩལ་ནས། བསྙིལ་ཞིང་གནས་ནས་ཕྱུང་ངོ་། །དེས་ཀྱང་བདག་འབད་པ་ནི་མི་ནུས་ཀྱི་སྙམ་ནས། རང་གིས་རྒྱུས་མི་ཤེས་པའི་མཐའ་འཁོབ་ཅིག་ཏུ་སོང་སྟེ། དེར་ཁྱིམ་བདག་དད་པར་བྱས་ནས་གཙུག་ལག་ཁང་ཞིག་བརྩིགས་ཏེ། དེར་དེ་ལ་བརྟེན་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་འདུན་ཚོགས་ཤིན་ཏུ་ཆེ་བར་ལོངས་ཏེ། འགའ་ཞིག་གི་དགྲ་བཅོམ་པ་ཡང་ཐོབ་བོ། །དེ་ནས་དུས་ནམ་ཞིག་ན་ནད་ཀྱིས་ཐེབས་པར་གྱུར་ཏེ། དེའི་ཆེད་དུ་དགེ་འདུན་གྱིས་བསྲོ་ཁང་བྱས་པས། བསྲོ་ཁང་གི་མེ་ལ་འདུག་བཞིན་དུ་ཤི་སྟེ་མནར་མེད་པའི་དམྱལ་བར་སྐྱེས་སོ། །དེར་དེས་སྨྲས་(༡༠༠ན)


GLG014_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པ། བསྲོ་ཁང་ཚའོ། །སྐལ་ཆད་ཁྱོད་ཀྱི་བསྲོ་ཁང་འདི་ཡིན་ནམ་ཞེས་དམྱལ་སྲུང་གིས་མགོ་ལ་བསྣུན་པས་དམྱལ་བ་ནས་འཕོས་ཏེ་རྒྱལ་ཆེན་བཞིའི་ལྷར་སྐྱེས་ཏེ། དེ་མ་ཐག་སྟོན་པའི་དྲུང་དུ་མཆོད་པའི་སླད་དུ་འོངས་པས་ཆོས་བསྟན་ཅིང་རྒྱུན་དུ་ཞུགས་པ་ཐོབ་པར་གསུངས་སོ། །མཚམས་མེད་བྱས་པས་དམྱལ་བར་ཡུད་ཙམ་ཞིག་སྐྱེས་ཀྱང་དམྱལ་བའི་སྡུག་བསྔལ་མ་མྱོང་ཞིང་། དེ་མ་ཐག་ལྷར་སྐྱེས་ཏེ་འཕགས་པ་ཐོབ་པར་གསུངས་པ་ནི་མཐའ་འཁོབ་ཏུ་དགེ་འདུན་གྱི་སྡེ་བཙུགས་ཤིང་བསྟན་པ་དར་བ་བྱས་པའི་འབྲས་བུར་གསུངས་པས། སྡོམ་པ་མེད་པ་ཡིན་ཡང་ཚུལ་ཁྲིམས་དང་ལྡན་པར་སློབ་མ་དག་གིས་ཡིད་ཆེས་པའི་དབང་གིས་དགེ་སློང་དུ་མ་དེ་ལ་བརྟེན་ནས་བྱུང་བར་ཆེས་གསལ་བར་ངེས་ལ། སྡོམ་པ་དང་མི་ལྡན་ཡང་ལྡན་པ་དང་འདྲ་བའི་ཀུན་སྤྱོད་ཀྱིས་ཁྱིམ་པ་དད་པར་བྱས་ཏེ། དེ་ཡང་ཚུལ་འཆོས་པས་རང་གི་རྙེད་བཀུར་བསྒྲུབ་པའི་ཆེད་མ་ཡིན་པར་དགེ་འདུན་གྱི་སྡེ་བཙུགས་བསྟན་པ་ལ་ཕན་པར་བྱས་ན་མཚམས་མེད་པ་བྱས་པ་ཡང་ཟིལ་གྱིས་གནོན་པའི་བསོད་ནམས་རླབས་པོ་ཆེ་འཐོབ་པར་ཡང་འདི་ཉིད་དང་ཕ་བསད་པའི་གླེང་གཞི་སོགས་ལས་གསལ་བར་ངེས་ཤིང་། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་འཕྲེང་མཐོང་ལྡན་བདེ་བྱེད་བཞིན། ཞེས་གསུངས་པས་བདེ་བྱེད་ཀྱང་མ་བསད་པ་འདི་ཉིད་ཡིན་པར་འགྲེལ་པས་བཤད་དོ། །དེ་ལྟར་ན་མཁན་པོ་མེད་པ་དང་། ཡོད་ཀྱང་ཁྲིམས་(༡༠༠བ)


GLG014_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་ལྡན་པ་ལ་ལྡན་པར་ཡིད་ཆེས་ན་སྡོམ་པ་སྐྱེ་བར་གྲུབ་བོ་ཟེར་ཡང་། སྟག་ཚང་ལོ་ཙཱ་བས། སྔར་མཁན་པོ་ཉིད་དུ་གནས་པ་ལ་སྡོམ་པ་ཡོད་ཀྱི། དེ་མེད་ན་མེད་ཅེས་མཁན་པོ་མེད་ན་སྡོམ་པ་མི་སྐྱེ་བ་དང་། འདིར་སྐྱེ་བར་བཤད་པའི་དོན་ལ། ཁ་ཅིག །སྔ་མ་དགེ་སློང་དང་འདི་དགེ་ཚུལ་གྱི་སྡོམ་པའི་དབང་དུ་བྱས་ཞེས་དང་། ཁ་ཅིག །དེ་ལས་བཟློག་སྟེ་སྨྲ་བ་གཉིས་ལ་ནི་རྒྱུ་མཚན་མེད་ལ། སོག་དེ་དག་དགེ་སློང་མ་ཡིན་པར་ཤེས་ན་མི་སྐྱེ་ཞེས་སོགས་བཤད་པས་བསམ་ངོ་ལ་མེད་ན་མི་སྐྱེ་བ་གཞིའི་དོན་དང་། བསམ་ངོ་ལ་ཡོད་ན་དོན་ལ་མེད་ཀྱང་སྐྱེ་བ་འདིའི་དོན་ཡིན་ཞེས་ཟེར་ལ། རྒྱ་ན་རེ། སྐབས་འདིར་ལུང་དང་བསྟན་བཅོས་སུ་མི་སྐྱེ་བར་བཤད་པ་རྣམས་ཀྱང་མཁན་པོ་དང་ལྡན་པའི་སྡོམ་པ་ལ་དགོངས་པར་ཊཱིཀྐས་བཤད་པས། སྡོམ་པ་ལ་མཁན་པོ་དང་ལྡན་པའི་དང་། མི་ལྡན་པའི་སྡོམ་པ་གཉིས་སུ་བྱས་པའི་སྔ་མ་མཁན་པོ་མེད་ན་མི་སྐྱེ་བ་དང་། ཕྱི་མ་མཁན་པོ་མེད་ཀྱང་སྐྱེ་བ་ལུང་སྔ་ཕྱིའི་དོན་ཡིན་ལ། མཁན་པོ་དེ་སྡོམ་པ་མེད་ན་མི་འབྱུང་བའི་རྒྱུ་མ་ཡིན་པས་མཁན་པོ་དང་མི་ལྡན་པའི་སྡོམ་པ་གྲུབ་ཀྱང་གྲུབ་བོ་ཞེས་ཟེར་ཞིང་ཤ་མི་སོགས་ཀྱང་དེ་བཞིན་དུ་སྨྲའོ། །བྱ་འདུལ་སོགས་ནི་དེ་དགེ་སློང་མ་ཡིན་པར་ཤེས་པ་དང་། རྐུ་ཐབས་སུ་གནས་པ་དང་། སྔོན་ལྟུང་བ་བྱུང་བར་ཤེས་པ་དང་། ཕྱིར་སྤོང་བ་དང་། དེའི་མིང་མ་བརྗོད་ན་མི་སྐྱེ་བར་ཞུ་བ་ནས་དང་། མཁན་པོ་ཚུལ་ཁྲིམས་འཆལ་པ་ལ་སོགས་པའི་སྟོབས་ཀྱིས་སྡོམ་པ་མ་སྐྱེས་པར་འགྲེལ་ཆེན་གྱི་སྐབས་གཞན་དུ་བཤད་པའི་ཕྱིར་དང་། དེ་མེད་ན་ངོ་ཚ་ཁྲེལ་ཡོད་སྐྱེ་བའི་རྟེན་མེད་པའི་ཕྱིར་དང་། ལས་མཁན་ཚུལ་(༡༠༡ན)


GLG014_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་འཆལ་ན་སྡོམ་པ་མི་སྐྱེ་བར་བཤད་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་ན་མཁན་པོ་གཏན་མེད་པར་སྡོམ་པ་སྐྱེ་མི་སྲིད་པ་དང་། སྡོམ་ལྡན་ཡིན་ན་མཚན་ཉིད་མ་ཚང་ཡང་སྐྱེ་བ་ལུང་སྔ་ཕྱིའི་དོན་དུ་བཞེད་དེ། དེ་རྣམས་ཀྱི་སྒྲུབ་བྱེད་སོ་སོར་རྒྱས་པར་ནི་རང་རང་གི་ཊཱིཀྐ་རྣམས་སུ་བལྟའོ། །ཁོ་བོ་ནི་འདི་ལྟར་སེམས་ཏེ། གཞིའི་རྣམ་གཞག་ནི་སྔོན་དང་ད་ལྟར་གྱི་ཆོ་ག་སོ་སོར་ཕྱེ་བས་ད་ལྟར་གྱི་སྐབས་ཡིན་ལ། ཞུ་བའི་སྐབས་འདིར་ནི་མ་ཕྱེ་བར་སྡོམ་པའི་སྐྱེ་ཚུལ་སྤྱི་ལ་ཉེ་བ་འཁོར་གྱིས་དོགས་གཅོད་ཞུས་པ་ཡིན་པས། གཞིར་ནི་ད་ལྟར་གྱི་ཆོ་ག་ལ་མཁན་པོ་དགོས་པར་ནན་གྱིས་བསྒྲུབས་ལ། འདིར་ནི་སྤྱིར་དེ་ཡོད་མེད་ལ་སྐྱེ་མི་སྐྱེ་གཉིས་ཀ་ཡོད་པར་གཏན་ལ་ཕབ་བོ། །དེ་ལྟར་ན་ད་ལྟར་ནི་དགོས་པའི་སྒྲུབ་བྱེད་བྱ་འདུལ་གྱིས་བཀོད་པའི་སྟེང་དུ་གཞིའི་འགྲེལ་ཆེན་དུ་ད་ལྟར་གྱི་སྡོམ་པ་སྤྱིར་གང་ཟག་གཞན་ལ་རག་ལས་ཤིང་། ཁྱད་པར་མཁན་པོ་དང་འབྲེལ་བར་བཤད་པ་དང་། སྐབས་འདིའི་འགྲེལ་ཆེན་དུ། ཡང་དག་པར་ལེན་པར་བྱེད་པ་གང་ལ་མཁན་པོ་མེད་པ་དེ་ནི་མཁན་པོ་མེད་པའོ། །ཞེས་པའི་ཚིག་ཟུར་གྱིས་སྡོམ་པ་ལེན་པའི་ཆོ་ག་ལ་མཁན་པོ་ཡོད་མེད་གཉིས་ཡོད་པར་བསྟན་པ་ཡང་ཆོ་གའི་རིགས་གཉིས་ལ་དགོངས་པར་གསལ་བ་དང་། སྐབས་འདིར་ལྡན་པའི་དང་མི་ལྡན་པའི་ཞེས་པའང་དེ་ལ་དགོངས་པ་དང་། མ་མོ་ལས་ཀྱང་མཁན་པོ་མེད་པ་སོགས་ཀྱི་གང་ཟག་བཅུ་བསྙེན་པར་མ་རྫོགས་པར་གསུངས་པའི་ཕྱིར་དང་། མཁན་པོ་ནི་ད་ལྟར་གྱི་ཆོ་གའི་མཐུན་རྐྱེན་གྱི་གཙོ་བོ་ཡིན་པས་རྒྱལ་བས་ནན་གྱིས་བཅས་པའི་ཕྱིར་རོ། །དེ་ལྟར་ཤེས་(༡༠༡བ)


GLG014_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ན་འགལ་བའི་ཚོགས་མཐའ་དག་ལས་བདེ་བླག་ཏུ་གྲོལ་ལོ། །འོན་ཀྱང་མཁན་པོ་བསྙེན་པར་མ་རྫོགས་པ་ཡིན་ཀྱང་དེ་དང་ལྡན་པའི་སྡོམ་པ་སྐྱེ་བར་གསུངས་པ་ནི་ས་གཞན་ན་གནས་པ་ལྟ་བུའི་མཚན་ཉིད་དང་མི་ལྡན་པ་ལ་དགོངས་སོ། །དེ་ལྟར་ན་མཁན་པོ་མེད་པ་ཉིད་ལ་ཡང་སྡོམ་པ་སྐྱེ་བ་ཡོད་དེ། དེ་སྡོམ་པའི་སྐྱེ་རྒྱུ་མ་ཡིན་པའི་ཕྱིར། དཔེར་ན་དེ་དང་ལྡན་པའི་སྡོམ་པ་མཁན་པོ་ལས་སྐྱེ་བ་ལྟར་རོ། །མཁན་པོ་དེ་དང་ལྡན་པ་ད་ལྟར་གྱི་རབ་བྱུང་སྡོམ་པ་ཆོས་ཅན། ཁྱོད་མཁན་པོ་མཚན་ཉིད་དང་ལྡན་པ་ཁོ་ན་ལ་རག་མ་ལས་ཏེ། དེ་བསྙེན་པར་མ་རྫོགས་པའི་མིང་ཅན་ཉིད་ཡིན་ན་ཡང་ཁྱོད་སྐྱེ་སྲིད་པའི་ཕྱིར། དེ་ཆོས་ཅན། ཁྱོད་བསྒྲུབ་བྱས་མཁན་པོ་དགེ་སློང་མ་ཡིན་པར་ཤེས་པ་དང་། དེ་མི་འདོད་ནས་ཕྱིར་སྤོང་བ་ལ་ནི་སྐྱེ་སྟེ། དེ་ལྟར་བྱས་ན་ཁྱོད་ཀྱི་ཡུལ་གྱི་སྒོ་ནས་སྐྱེ་རྒྱུའི་གཙོ་བོ་མ་ཚང་བར་འགྱུར་བའི་ཕྱིར་རོ། །ཞེས་དགག་སྒྲུབ་དང་བཅས་མཁན་པོ་གཏན་མེད་ལ་མི་སྐྱེ་ཞིང་མཁན་པོ་དགེ་སློང་མ་ཡིན་པ་སོགས་ལ་དེར་མ་ཤེས་ན་སྐྱེ་བའི་སྒྲུབ་བྱེད་ལོ་ཆེན་གྱི་གསུང་དེ་ཤིན་ཏུ་ནུས་པ་ཆེ་བ་ཞིག་གནང་ངོ་། །མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་འགྲེལ་པར། རྗེ་བཙུན་རེ་མདའ་པ་ཆེན་པོས་འདུལ་བ་ལ་ཊཱིཀྐ་མཛད། དེར་ཡང་ད་ལྟར་གྱི་ལས་ཀྱི་ཆོ་ག་སྤྱིར་བཏང་ལ་མཁན་པོ་དགོས་ཀྱང་། དམིགས་བསལ་ལ་ལས་གྲལ་དེར་མཁན་པོ་གཏན་ནས་མེད་པའམ། མཁན་པོ་སོགས་ལས་གྲལ་བ་དེ་དང་དེ་དགེ་སློང་མ་ཡིན་ན་ཡང་བསྒྲུབ་བྱའི་འདུ་ཤེས་ཀྱི་དབང་གིས་སྡོམ་པ་སྐྱེ་བ་ཡོད་པར་བཞེད། དེ་ལ་དྭོགས་(༡༠༢ན)


GLG014_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་འབྱུང་སྟེ། མཁན་པོ་དགེ་སློང་མ་ཡིན་ཡང་འདུ་ཤེས་ཀྱི་དབང་གིས་བསྒྲུབ་བྱ་ལ་སྡོམ་པ་སྐྱེས་པ་དེའི་སྡོམ་རྒྱུན་གང་ལ་འདེད། མཁན་པོའི་ཚུལ་འཆང་བ་དེ་ལ་ནི་སྡོམ་རྒྱུན་མི་བཞུགས་པ་དེ་ཡིན། འདི་ལ་མདོ་རྩའི་ཚིག་ཟིན་སྒྲ་ཇི་བཞིན་པའ་ིརྗེས་སུ་འབྲང་བ་དག་ལན་ཇི་ལྟར་གསུངས། རྗེ་བཙུན་རེ་མདའ་བ། འདུལ་འཛིན་སྔ་མ་དག་གི་ཕྱག་ལེན་ལ་ལས་སློབ་འོས་པ་གཞན་མ་འབྱོར་ན་སླར་ལས་སློབ་ཀྱང་མཁན་པོ་ཉིད་ཀྱིས་བྱས་ཏེ་བསྙེན་པར་རྫོགས་པའི་ཕྱག་ལེན་རིམ་ཅན་དུ་བྱུང་བ་འདི་མི་འཐད་དེ། མཁན་སློབ་གཅིག་གིས་བྱེད་པ་ལུང་ལས་མི་གསལ་ལ། དེ་བས་མཁན་པོ་གཏན་མེད་པར་ཆོ་ག་བྱས་ན་ལེགས་ཏེ། དེ་ཉིད་འདུལ་བའི་གཞུང་ན་གསལ་བའི་ཕྱིར། དེ་བས་ན་འདུལ་འཛིན་རྣམས་ལ་མཁན་སློབ་གཅིག་གིས་བྱེད་པ་འདི་མི་མཛད་པར་ཞུ་ཞེས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་སོ་གསུང་བ་ཡོད་འདུག །ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོའི་གསུང་ལས། འདུལ་བའི་ཆོ་ག་ལ་སྔོན་ཆོག་དང་། དར་ཆོག་གཉིས་ལས། སྔོན་ཆོག་ལ་མཁན་སློབ་ཀྱི་རྣམ་གཞག་མེད་ཅིང་དིང་སང་བྱར་ཡང་མི་རུང་། ད་ལྟར་གྱི་ཆོ་ག་ལ་གསོལ་བཞིའི་ལས་བརྗོད་པའི་ཚེ་བསྒྲུབ་བྱའི་མིང་དང་མཁན་པོའི་མིང་བརྗོད་པ་ཆད་ན་སྡོམ་པ་མི་སྐྱེ་བ་ཉིད་དུ་གསུངས་པས་མཁན་པོ་གཏན་མེད་ཀྱི་ད་ལྟར་གྱི་བསྙེན་རྫོགས་སྟོན་པས་གསུངས་པ་མེད་པས་དེ་འདྲ་མི་མཛད་པ་ཞུ་ཞེས་སླར་རྗེ་རེ་མདའ་པ་ཉིད་ལ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་སོ་ཞེས་གསུངས་པ་ཡིན་ཏེ། མཁྱེན་པའི་གཏེར་ཆེན་ཀླུ་སྒྲུབ་རྗེས་མཛད་པའི་དཔལ་གྱི་འཁྲི་ཤིང་གི་འདུལ་བའི་སྐབས་ལས། མཁན་སློབ་གཅིག་(༡༠༢བ)


GLG014_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདུལ་བའི་གཞུང་མི་གསལ། །དེ་བས་མཁན་པོ་མེད་པར་བསྒྲུབ་པ་འདི། །འདུལ་བར་གསལ་ཕྱིར་འདི་ཉིད་རིགས་སོ་ཞེས། །རེ་མདའ་པ་སོགས་ཐལ་སྦྱར་གསོལ་བ་འདེབས། །གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་ལ། །སྔོན་དང་ད་ལྟར་བྱུང་བ་གཉིས་སུ་ངེས། །དར་ཆོག་བསྙེན་རྫོགས་མིང་གསུམ་ཆད་མི་སྐྱེ། །སྔོན་གྱི་ཆོ་ག་དིང་སང་བྱར་མི་རུང་། །མཁན་པོ་མེད་པར་ད་ལྟར་ཆོ་ག་ཡིས། །བསྙེན་རྫོགས་སྒྲུབ་པའི་ཆོ་ག་ཟུར་པ་ཞིག །སྟོན་པས་མ་གསུངས་ཁྱོད་ཀྱིས་བརྩམ་མ་རིགས། །སླར་ཡང་ཁྱེད་ལ་ཐལ་སྦྱར་གསོལ་བ་འདེབས། །ཞེས་ལུང་རིགས་ཀྱི་དཔྱད་པ་འདི་དག་རྗེས་སུ་ཡི་རང་བའི་གནས་སུ་མཆིས། ནོར་བུའི་ཐེམ་སྐས་སུ། རྣམ་དཔྱོད་དང་ལྡན་པའི་སྒྲ་པ་ཤེས་རིན་པའི་གསུང་ལས། ལུང་གཞི་སོགས་ལས་མཁན་པོ་མེད་ན་བསྙེན་རྫོགས་སྡོམ་པ་མི་སྐྱེ་བར་བཤད་པ་ནི། ད་ལྟར་ཆོ་གའི་དབང་དུ་བྱས་ལ། ཞུ་བ་ལས་མཁན་པོ་མེད་ཀྱང་སྐྱེ་བར་བཤད་པ་ནི། སྔོན་དང་ད་ལྟར་སོ་སོར་མ་ཕྱེ་བའི་དབང་དུ་བྱས་ཞེས་ཐུགས་ཡུས་དག་པར་མཛད་པ་ནི་མི་རིགས་ཏེ། ཞུ་བ་ལས་མཁན་པོ་མེད་ཀྱང་བསྙེན་རྫོགས་སྡོམ་པ་སྐྱེ་མི་སྐྱེའི་དོགས་དཔྱོད་འདི་ད་ཆོག་ཁོ་ནའི་དབང་དུ་བྱས་ནས་དོགས་པ་དཔྱད་པ་ཡིན་པའི་ཕྱིར་ཏེ། ཞུ་བ་ལས་བཙུན་པ་མཁན་པོ་མེད་པར་བསྙེན་པར་རྫོགས་ན་རྫོགས་ཞེས་བགྱིའམ། མ་རྫོགས་ཞེས་བགྱི། ཨུ་པ་ལི་རྫོགས་པ་ཞེས་བྱ་སྟེ། རྫོགས་པར་བྱེད་པ་དག་ལ་འདས་པ་དང་བཅས་པར་རོ། །ཞེས་བཤད་པའི་ཕྱིར་རོ། །དེ་ཡང་སྙིང་པོ་དྲིལ་ན་སྔོན་ཆོག་ལ་བརྟེན་པའི་བསྙེན་རྫོགས་སྡོམ་པ་ཡིན་ན་སྐྱེ་ལ་ཉེས་བྱས་ཀྱི་སྡོམ་པ་ཡིན་དགོས་པར་ཐལ། དེ་ཡིན་ན་མཁན་པོ་(༡༠༣ན)


GLG014_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བསྙེན་པར་རྫོགས་པའི་སྡོམ་པ་ཡིན་དགོས་པ་གང་ཞིག །ཞུ་བའི་ལུང་དེས་མཁན་པོ་མེད་པར་བསྙེན་རྫོགས་སྡོམ་པ་སྐྱེ་ཡང་སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་བྱས་པར་བཤད་པ་དེ་སྔོན་དང་ད་ལྟར་སོ་སོར་མ་ཕྱེ་བར་སྔོན་ཆོག་ལ་དགོངས་ནས་བཤད་པ་ཡིན་པའི་ཕྱིར་རོ། །རྟགས་ཁས། འདོད་ན་ཧ་ཅང་ཐལ་ལོ། །དེས་ན་རང་ལུགས་མཉན་ཡོད་བླ་མ་དམ་པའི་དགོངས་དོན་གྱི་ཟེ་འབྲུ། དར་ཆོག་ལ་བརྟེན་ནས་ཉེས་མེད་ཕུན་ཚོགས་ཀྱི་བསྙེན་རྫོགས་ལ་མཁན་པོ་ཅིས་ཀྱང་དགོས། །སྐྱེ་ལ་ཉེས་བྱས་ཙམ་ལ་མེད་ཀྱང་ཆོག །ཅེས་པ་འདི་ཁོ་ན་ཡིན་ནོ། །དེ་ལ་ཁོ་ན་རེ། དར་ཆོག་ལ་བརྟེན་ནས་བསྙེན་རྫོགས་བསྒྲུབ་པའི་གསོལ་བཞིའི་ཆོ་གའི་ཟུར་དུ་མཁན་པོའི་མིང་ངེས་སྨོས་དགོས་པ་དེ་མི་འཐད་པར་ཐལ། དེ་ལྟར་བསྒྲུབ་པ་ལ་མཁན་པོ་ངེས་པར་མི་དགོས་པའི་ཕྱིར། འདོད་ན། གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བདག་གི་མིང་མི་བརྗོད་པ་དང་། མཁན་པོའི་མིང་མི་བརྗོད་པ་དང་། བསྙེན་པར་རྫོགས་པའི་དུས་མི་ཤེས་པའོ། །ཞེས་དང་། མདོ་རྩ་བར། དེ་དགེ་སློང་མ་ཡིན་པར་ཤེས་ན་མི་སྐྱེའོ། །དེའི་མིང་མ་བརྗོད་ན་མི་སྐྱེའོ། །ཞེས་བཤད་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། ཟེར་ན་མ་ཁྱབ་བོ། །འོ་ན་ལུང་དེའི་དོན་ཅི་སྙམ་ན་ད་ཆོག་ལ་བརྟེན་ནས་བསྙེན་རྫོགས་བསྒྲུབ་པ་ལ་མཁན་པོ་ཡོད་བཞིན་དུ། བསྒྲུབ་བྱ་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བྱ་བ་ལས། ཞེས་སོགས་མ་བརྗོད་ན། བསྙེན་རྫོགས་སྡོམ་པ་མི་ཆགས་ཞེས་བྱ་བའི་དོན་ནོ། །འོ་ན་མཁན་པོ་མེད་པའི་ཚེ་གསོལ་བཞིའི་ཆོ་ག་ཇི་ལྟར་བྱ་སྙམ་(༡༠༣བ)


GLG014_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ན། གཞན་ད་ལྟར་ཆོ་གའི་གསོལ་བཞིའི་ཆོ་ག་ཇི་ལྟ་བ་ལས་མཁན་པོའི་མིང་བོར་ཏེ། བསྒྲུབ་བྱ་མིང་འདི་ཞེས་བགྱི་བ་ལ། དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། ཞེས་སྔོན་ཆོག་བཞིན་བརྗོད་པ་ལས་མ་འདས་པས། འདི་ལ་ཐེ་ཚོམ་ཟ་བར་མི་བྱའོ་ཞེས་གསུང་བ་དཔལ་གྱི་འཁྲི་ཤིང་དང་རང་ཚིག་ནང་འགལ་བྱུང་ཞིང་མཁན་པོ་མེད་པའི་དུས་མིང་མ་བརྗོད་པར་སྐྱོན་མི་ཡོང་ན་ཡོད་པའི་དུས་མིང་ཆད་པ་ལ་ཡང་སྐྱོན་ཡོང་དོན་ག་ལ་ཡོད། སྔོན་ཆོག་ལྟར་དར་ཆོག་ལ་བྱར་རུང་ན་དེང་སང་ཀྱང་སྔོན་ཆོག་གི་སྒོ་ནས་བསྙེན་རྫོགས་བྱར་རུང་བའི་ཐལ་སྐྱོན་དུ་འགྱུར། བསྒྲུབ་བྱས་མཁན་པོ་ཡོད་མེད་ཀྱི་དཔྱད་པ་མ་ཞུགས་པར་རྣམ་དག་ཡིན་སྙམ་པའི་འདུ་ཤེས་མ་འཁྲུལ་བ་ཙམ་གྱིས་སྡོམ་པ་སྐྱེ་བར་མཐའ་མ་བཀག་པ་བྱས་ན་ཆབ་གཏོར་མ་སོགས་ཀྱི་རྒྱུན་ཡང་རྣམ་དག་ཏུ་འགྱུར། ཚིགས་སྔ་མ་གཉིས་མ་སོང་བར་ཁྱིམ་པ་ཞིག་གིས་མཁན་པོ་མེད་པར་ཚིགས་ཕྱི་མ་བསྒྲུབ་ན་ཆོས་གོས་རྣམ་གསུམ་གཏོད་པ་པོ་མེད་པས་གོས་དཀར་ཅན་གྱི་དགེ་སློང་འང་གཏན་ཚིགས་ཀྱིས་མི་འགྲུབ་ཅིང་། མཁན་པོ་མེད་པ་ལ་ཡང་ངོ་། ཞེས་པའི་ཚིག་ལ་ས་དགེའི་མཁས་པ་ཕལ་ཆེར་འདོད་ལན་མཛད་ཀྱང་དོན་ཐོག་ཏུ་ཁེལ་བར་མི་སེམས་པས་ལོ་ཆེན་ལ་ཐུགས་ཡུས་གསུང་ནའང་དུས་སྔ་ཕྱི་ཁྱད་ཞུགས་པ་མ་གཏོགས་ཚུར་གསུང་དགོས་པར་སྣང་ངོ་། །མཁན་པོ་དེ་ཡང་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་དགོས་པའི་རྒྱུ་མཚན་ཉ་སྡེ་ལྗོངས་སུ་དབྱར་གནས་པའི་སྐབས་བསྙེན་པར་རྫོགས་ནས་ལོ་གཅིག་ལས་མ་ལོན་པར་མཁན་པོ་བྱས་པ་ལ་བཅས་པ། ལོ་གཅིག་ལོན་པས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་(༡༠༤ན)


GLG014_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པར་མི་བྱ། དགེ་ཚུལ་ཉེ་བར་བཞག་པར་མི་བྱ། བདག་གིས་ཀྱང་མི་གནས་པ་འདུག་པར་མི་བྱ་སོགས། ལོ་དགུའི་བར་དུ་སྦྱར་ཏེ་གསུངས་ནས། ལོ་བཅུ་ལོན་པས་དེ་དག་བྱ་བར་གསུངས་ཡང་ལོ་བཅུ་ལོན་པ་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པས་རབ་ཏུ་འབྱིན་པར་བྱེད་པ་ན་བདག་ཉིད་མ་དུལ་བ་སོགས་ཀྱིས་གཞན་དུལ་བར་བྱེད་པ་སོགས་ཀྱི་གནས་མེད་པར་གསུངས་པས་དེའི་ཕྱིར་རྒྱས་པར་མ་འཐོན་ན་ལོ་དྲུག་ཅུ་ཙམ་ལོན་ཀྱང་བྱིས་པ་ཡིན་པས་དེ་དག་མི་བྱ་བར་བཅས་པས། ཡང་ལྗོངས་རྒྱུ་བའི་ཚེ་དགེ་སློང་གནས་བརྟན་རྒན་པོ་རྣམས་འགྲོ་བར་མི་ནུས་ཤིང་། གསར་བུ་རྣམས་མཁན་སློབ་མི་འགྲོ་བས་འགྲོ་མ་ནུས་པས་སྟོན་པར་འཁོར་ཉུང་བའི་རྒྱུ་གསོལ་བ་ན་ལོ་ལྔ་ལོན་ཅིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པས་གནས་མ་བཅས་པར་ལྗོངས་རྒྱུ་བར་གསུངས་ཤིང་། མདོ་རྩར། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མཁན་པོ་ཉིད་དང་གནས་ཉིད་དང་མི་གནས་པར་འདུག་པར་མི་བྱའོ། །འོག་ནས་འབྱུང་བ་དག་ལས་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ། །ཞེས་དང་། ལོ་ལྔ་ལོན་ཞིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་ན་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ། །ཞེས་པའི་དགོངས་དོན་ལོ་བཅུ་ལོན་ཅིང་འདུལ་བར་མཁས་ན་གནས་བརྟན་བྱ་བར་དབང་ལ། དེ་ཡང་ལོ་བཅུ་བར་མ་ཆད་ལོན་པ་ཞེས་གནམ་ཙེ་ལྡེང་མ་སོགས་སུ་གསུངས་པའི་ནུས་པས་བསྒྲུབ་བྱ་ཡང་མཁན་པོ་དང་ལྷན་ཅིག་ལོ་བཅུ་གནས་དགོས་པར་ཤེས་ནུས་ཤིང་། འཇམ་དབྱངས་ས་པཎ་གྱིས་ཆག་ལོའི་དྲི་ལན་དུ་ཡང་། བདག་གི་བླ་མ་ཁ་ཆེའི་བསོད་སྙོམས་པ་ཆེན་པོ་དགེ་སློང་གི་མཁན་པོ་ཞུ་བ་ཀུན་ལ། འདུལ་(༡༠༤བ)


GLG014_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉན་ཅིང་ངའི་དྲུང་དུ་ལོ་བཅུ་སྡོད་ནུས་ན་བྱ་གསུང་ནས་མ་གནང་། ཞེས་ཀྱང་གསུང་། དེ་ལྟར་ན་འདུལ་བ་མཁས་པ་ཤུགས་ཀྱིས་འབྱུང་བ་ལ་དགོངས་པས་ལོ་བཅུ་ལོན་པ་ལས་འདུལ་བ་ཤེས་པ་གཙོ་ཆེ་ཞིང་། དེའི་ཕྱིར་བླ་ཆེན་དགོངས་པ་རབ་གསལ་ལ་མཁན་པོ་གཙང་གིས་དམིགས་བསལ་ཡིན་པས་བཏུབ་ཅེས་ལོ་ལྔ་ལས་མ་ལོན་པར་མཁན་པོ་གྱིས་ཤིག་པར་གསུངས་སམ་སྙམ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་འགྲེལ་དུ་མདོ་རྩ་ལས། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མཁན་པོ་ཉིད་དང་། གནས་ཉིད་དང་། མི་གནས་པར་འདུག་པར་མི་བྱ། འོག་ནས་འབྱུང་བ་དག་ནས་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་བླ་མ་ཡིན་ནོ་ཞེས་པས་བསྟན། སྔོན་གྱི་དུས་སུ་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པའི་སྐབས་སུ་དབུས་གཙང་གི་མཁས་པ་མི་བཅུས་བླ་ཆེན་ལ་མཁན་པོ་ཞུས་ཏེ་བསྙེན་རྫོགས་བླངས་པའི་གཏམ་རྒྱུད་ཁུངས་མ་ཡོངས་སུ་གྲགས་པ་འདི་དང་། དྲངས་མ་ཐག་པའི་མདོ་རྩའི་ལུང་གཉིས་འགལ་བ་ལྟར་སྣང་བའི་དོགས་པ་ཅུང་ཟད་འབྱུང་། མཁྱེན་པའི་སྤྱན་ལྡན་མཁས་པའི་དབང་པོས་གསུངས་ཙ་ན། བླ་ཆེན་གྱིས་བསྙེན་པར་རྫོགས་ནས་ལོ་ལྔ་སོང་ནས་གཞན་གྱི་མཁན་པོ་མཛད་དེ། མདོ་རྩར། ལོ་ལྔ་ལོན་ཞིང་ལྷན་ཅིག་སྦྱོར་བ་ཐ་མ་དང་ལྡན་ན་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ། །ཞེས་གསུངས་པ་འདིས་བསྟན་པ་འདྲ་སྟེ། དགེ་སློང་རང་ཉིད་གནས་བླ་མ་ཞིག་ལ་མ་བརྟེན་པར་འགྲོ་འདུག་རང་དབང་ཅན་དུ་མི་བྱ་བ་དང་། གཞན་གྱི་གནས་བླ་མ་དང་མཁན་པོ་བྱེད་པ་ལ་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་དགོས་པར་གསུངས་(༡༠༥ན)


GLG014_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལུགས་སྔ་མ་དེའི་དོན་ཡིན་པ་དེ་ནི་སྤྱིར་བཏང་དང་། ལོ་ལྔ་ལོན་ནས་མཁན་པོ་སོགས་གསུམ་བྱེད་པ་ལུང་ཕྱི་མ་དེས་སླར་དམིགས་བསལ་བསྟན་པ་ཡིན་གསུངས། མཁས་པའི་ཡན་ལག་ལ་ཉི་ཤུ་རྩ་གཅིག་ཏུ་ཡོད་པའི་རེ་རེ་ལ་ལྔ་ལྔ་ལས། དང་པོ་ནི་ལོ་བཅུ་ལོན་པ། ནད་གཡོག །འགྱོད་པ་བསལ་བ། སྡིག་ལྟ་སྤང་པ། བསམ་པ་ཤེས་པ་དང་ལྔ། གཉིས་པ་ནི། སྡེ་སྣོད་གསུམ་འཛིན་པ། མང་ཐོས་ཚུལ་ལྡན་དང་ལྔ། གསུམ་པ་ནི། སྡེ་སྣོད་གསུམ་མཁས་པ་མང་ཐོས་ཚུལ་ལྡན་དང་ལྔ། བཞི་པ་ནི། སྡེ་སྣོད་གསུམ་རིག །མང་ཐོས་ཚུལ་ལྡན་དང་ལྔ། ལྔ་པ་ནི། སྡེ་སྣོད་གསུམ་གསལ་བ། མང་ཐོས་ཚུལ་ལྡན་དང་ལྔ། དྲུག་པ་ནི། སྡེ་སྣོད་གསུམ་འཛིན་འཇུག་ནུས་པ། མང་ཐོས་ཚུལ་ལྡན་དང་ལྔ། བདུན་པ་ནི། བསླབ་པ་གསུམ་ལ་བསླབ་པ། མང་ཐོས་ཚུལ་ལྡན་དང་ལྔ། བརྒྱད་པ་ནི། བསླབ་པ་གསུམ་ལ་བསླབ་འཇུག་ནུས་པ། མང་ཐོས་ཚུལ་ལྡན་དང་ལྔ། དགུ་པ་ནི། ལྷག་པའི་སྤྱོད་པ། འདུལ་བ་སོ་སོར་ཐར་པར་བསླབ་པ། མང་ཐོས་ཚུལ་ལྡན་དང་ལྔ། བཅུ་པ་ནི། ལྷག་པའི་སྤྱོད་པ། འདུལ་བ་སོ་སོར་ཐར་པར་བསླབ་འཇུག་ནུས་པ། མང་ཐོས་ཚུལ་ལྡན་དང་ལྔ། བཅུ་གཅིག་པ་ནི། དད་པ། ཚུལ་ཁྲིམས། ཐོས་པ། གཏོང་བ། ཤེས་རབ་ཕུན་ཚོགས་དང་ལྔ། བཅུ་གཉིས་པ་ནི། ཚུལ་ཁྲིམས་ཏིང་ངེ་འཛིན། ཤེས་རབ། རྣམ་པར་གྲོལ་བ། རྣམ་པར་གྲོལ་བ་མཐོང་བ་ཕུན་ཚོགས་དང་ལྔ། བཅུ་གསུམ་པ་ནི། མང་ཐོས་ཚུལ་ལྡན། བརྩོན་འགྲུས། ཤེས་རབ། དྲན་པ་དང་ལྔ། བཅུ་བཞི་པ་ནི། མང་ཐོས་ཚུལ་ལྡན། བརྩོན་འགྲུས། ཤེས་རབ། ནང་དུ་ཡང་དག་འཇོག་པ་དང་ལྔ། བཅོ་ལྔ་པ་ནི། མང་ཐོས་(༡༠༥བ)


GLG014_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལྡན། བརྩོན་འགྲུས། ཤེས་རབ། མཉམ་པར་འཇོག་པ་དང་ལྔ། བཅུ་དྲུག་པ་ནི། སློབ་པའི་ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ། རྣམ་པར་གྲོལ་བ་ཤེས་པ། རྣམ་པར་གྲོལ་བ་མཐོང་བ་དང་ལྔ།བཅུ་བདུན་པ་ནི། མི་སློབ་པའི་ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ། རྣམ་པར་གྲོལ་བ་ཤེས་པ། རྣམ་པར་གྲོལ་བ་མཐོང་བ་དང་ལྔ། བཅོ་བརྒྱད་པ་ནི། འབྱུང་བ། བཅས་པ། རྗེས་སུ་བཅས་པ། བཀག་པ། གནང་བ་མངོན་པར་ཤེས་པ་དང་ལྔ། བཅུ་དགུ་པ་ནི། བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པར་མངོན་པར་ཤེས་པ། སྨྲ་བ་དང་རྗེས་སུ་སྟོན་པ། གནས་འཆར་འཇུག་ནུས་པ་དང་ལྔ། ཉི་ཤུ་པ་ནི། བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ། སྨྲ་བ། རྗེས་སུ་སྟོན་པ། གནས་འཆར་འཇུག་པ་དང་ལྔ། ཉི་ཤུ་རྩ་གཅིག་པ་ནི། ལྟུང་བ། ལྟུང་བ་མ་ཡིན་པ། ཡང་བ། ལྕི་བ་མངོན་པར་ཤེས་པ། སོ་སོར་ཐར་པ་རྒྱས་པར་ཐོན་པ་དང་ལྔ་རྣམས་ཡིན། པཎ་ཆེན་དངོས་གྲུབ་དཔལ་འབར་གྱི་ལས་ཆོག་ཏུ་སཾ་སྐྲྀ་ཏའི་སྐད་དུ་ཨུ་པ་ཞེས་པ་བྱུང་། དེ་ཉེ་བ་ལ་འཇུག །དེ་ལ་དྷ་ར་སནྡྷ་བེ་ཀཱ་ར་ན་ཞེས་པའི་རྐྱེན་གསུམ་བྱིན་ཞེས་གསུང་བ། ཨུ་པ་ཉེར་བསྒྱུར་དང་དྷཱ་ར་སོགས་བྱིངས་མིང་དུ་གྲུབ་ཟིན་པ་ལ་རྐྱེན་གྱི་ཐ་སྙད་མི་ཡོང་བས་འདི་དང་དབྱིབས་འདྲ་བ་ཉི་ཐང་དྲུང་ཆེན་དངོས་གྲུབ་པས་བྱིངས་བསྒྲུབ་བྱས་ཟིན་པའི་མིང་དུ་གྲུབ་པ་རྐྱེན་ཡིན་ཁུལ་ཀྱི་ཁམས་ཀྱི་སྐད་དོད་དྷཱ་ཏུ་ལ་དྷཱ་རའི་རྐྱེན་དང་སྦྱར་ཞེས་གོང་གི་མཆེད་ཟླ་ཡོད་པ་ས་དགེའི་སྡེ་སྣོད་ལ་རིང་དུ་སྦྱངས་ནས་བསྙེམས་པའི་སྤོ་ག་གས་པ་རྣམས་ཀྱང་། ཞ་ལུ་ལོ་ཆེན་གྱིས། མཁས་ཞེས་བྱ་བ་(༡༠༦ན)


GLG014_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མང་ན་ཡང་། སྒྲ་ཚད་ཀྱི་འཕྲང་ལ་བཅུག་ན་ཤེས། ཞེས་གསུངས་པ་ལྟར། ལེགས་སྦྱར་གྱི་ཚུལ་ལ་མ་སྦྱངས་པར་ཚིག་དོན་གཉིས་ཀའི་ཆ་ལ་སྒྲོ་འདོགས་ཆོད་དཀའ་བས་ནང་རྟེན་རྣམས་ཕྱི་རོལ་དུ་མཇལ་ཁ་མི་གནང་བ་ཞུ་ཞེས་ཕྱོགས་བཅུར་ཐལ་མོ་སྦྱོར་རོ། །གོང་དུ་བཤད་པའི་སཾ་སྐྲྀ་ཏའི་སྐད་གསུམ་པོའི་བསྒྲུབ་ལུགས་ནི་ཉེ་བསྒྱུར་ཨུ་པ་སྔོན་མའི་ཌུ་དྷྲྀཉ་འཛིན་པ་ལའོ་ཞེས་པའི་བྱིངས་ལ། དཎྜ་དང་སུ་ཏྲ་དག་མ་ཡིན་པའི་མཚོན་ཆ་ལའང་དྷྲྀཉ་ལའོ་ཞེས་པའི་བྱིངས་མིང་དུ་བསྒྲུབ་པའི་རྐྱེན་ཨ་ཙ་བྱིན། ཙ་ཁྱད་དོན། བྱིངས་ཀྱི་རྗེས་འབྲེལ་ཌུ་ཡིས། ཌུ་རྗེས་སུ་འབྲེལ་བ་ལས་དེའི་ཚར་པ་ལ་ཏྲི་མ་ཀྲའོ། །ཞེས་པའི་དོན་དང་ཉ་ཡིག་ཨིན་དང་ཉ་དང་ཡ་ཛ་སོགས་ལས་གཉིས་ཀའི་ཞེས་པའི་དོན་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །ཞེས་པ་ས་དྷའི་སྲོག་གི་རྀ་ཕྲལ། ནཱ་མིན་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་ནོས་རྀ་ཨར། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེའི་སྟེང་དུ་དྲང་ངོ་ཞེས་པས་དྷ་དང་ར་སོ་སོར་དྲངས་པས། ཨུ་པ་དྷ་ར་ཞེས་གྲུབ་པ་ལ་མིང་དེ་ཚིག་ཏུ་བསྒྲུབ་པའི་ཆེད་དུ་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན་མི་ཟད་པ་ལས་རྣམ་དབྱེ་རྣམས་ཀྱི་འོས་དེ་ཕྱིས་པའོ། །ཡང་ཨུ་པ་སྔོན་མའི་སནྡྷ་སྙན་ཚིག་རབ་ཏུ་སྦྱོར་བ་ལའོ། །ཞེས་པའི་བྱིངས་ལ། ཉེ་བསྒྱུར་ལ་དཱ་སོགས་ལ་ཀིའོ། །ཞེས་པས་མིང་དུ་བསྒྲུབ་པའི་རྐྱེན་ཀི་སྦྱར། ཀུ་ཡོན་ཏན་འགོག་པའི་དོན། བྱིངས་མཐའི་ཨཱ། ཨཱ་ཏ་རྗེས་སུ་འབྲེལ་པ་ལས་སོའི་ཁྱད་དོན་རིམ་པར་དྲངས་སི་ཕྱིས་པས། ཨུ་པ་སནྡྷི་ཞེས་གྲུབ། ཡང་བི་སྔོན་མའི་ཌུ་ཀྲྀཉ་བྱེད་པ་ལའོ་ཞེས་པའི་བྱིངས་ལ་རྗེས་འབྲེལ་གཉིས་ཕྱིས། ཁྲོ་བ་དང་རྒྱན་དང་གཡོ་བ་དང་སྒྲའི་དོན་རྣམས་ལ་(༡༠༦བ)


GLG014_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཡུ་ཎ་འོས་མིང་སྒྲུབ་ཀྱི་རྐྱེན་ཡུ་སྦྱར། གྲུབ་པ་ཉ་ཎ་རྗེས་སུ་འབྲེལ་བ་ལ་ཨིཙ་བཞིན་ནོའི་བྱིངས་ཀྱི་རྀ་འཕེལ་བ་ཨཱར་དུ་བསྒྱུར། ཡུ་བུ་ཛྷ་སོགས་ཀྱི་མདོས་ཡུ་ཨ་ན། ར་སྔོན་མའི་རྒྱུ་མཚན་ལས་ན་ཎ། སོ་སོར་དྲངས་ནས་སི་ཕྱིས་པས་བི་ཀཱ་ར་ཎ་ཞེས་གྲུབ་པའི་སྔོན་དུ་ཨུ་པ་བཞག་པས་གྲུབ་བོ། །ཡང་བར་མ་རབ་བྱུང་གི་དངོས་གཞིའི་བཤད་པའི་སྐབས། ཉེ་བསྒྱུར་པྲ་སྔོན་མའི་པྲྀ་ཛཱི་འདོར་བ་ལའོ་ཞེས་པའི་བྱིངས་ལ། ལས་ལ་ཀྟ་འོས་བྱིངས་མིང་དུ་བསྒྲུབ་པའི་རྐྱེན་ཀྟ་སྦྱར། བྱིངས་ཀྱི་ཨཱི་དཱིང་ཤྲི་ཨཱིཏ་རྗེས་སུ་འབྲེལ་བའི་དོན། རྐྱེན་གྱི་ཀ །ཀ་ལ་ཡ་ཎ་བཞིན་འང་སྟེ་ཡ་ལ་བརྗོད་པ་བོར་པ་འོའི་ཁྱད་དོན། བྱིངས་ཐམས་ཅད་པ་མ་ཡིན་པ་གསལ་བྱེད་དང་པོ་ཡ་ཡིག་དང་པོ་མ་ཡིན་པའི་དང་པོར་ཨིཊ་ཨཱ་ག་མ་འོས་བར་རྐྱན་ཨིཊ་བྱིན། ཊ་གནས་དོན་ཨིཊ་དང་བཅས་པའི་ནི་ཥཱ་འོས། ཨུ་པ་དྷའི་རྀ་ཨ་རེ། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོས་སོ་སོར་དྲངས། མིང་དེ་ཚིག་ཏུ་བསྒྲུབ་པའི་ཆེད་དུ་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། མི་ཟད་པ་ལས་རྣམ་དབྱེ་རྣམས་ཀྱི་འོས་དེ་ཕྱིས་པས་པྲ་བརྫི་ཏ་གྲུབ་པ་རབ་ཏུ་སྤངས་པའི་དོན་ཏེ། རབ་ཏུ་བྱུང་བ་ལ་དོན་འགྱུར་གྱིས་ཐོབ། བདེ་བར་གནས་པའི་རྐྱེན་བསྟེན་པའི་ནང་ཚན་གོས་མཐའ་གཉིས་སུ་མ་ལྷུངས་པ་སོགས་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་སྐོར་ལ་ལུང་རིགས་གཏེར་མཛོད་ལས། བག་ཡངས་དང་འདྲ་བ་སྲ་བརྐྱང་གི །འཚོ་བའི་ཡོ་བྱད་དང་འབྲེལ་བ་གོས་ཀྱི། དམིགས་བསལ་དང་འབྲེལ་བ་ཀོ་ལྤགས་ཀྱི་གཞིའོ། །དང་པོ་ནི། མཁོ་ཆུང་བས་བཏང་སྙོམས་སུ་བཞག་སྟེ། གཉིས་པ་གོས་གཞི་ལ། གོས་ཇི་ལྟར་བསྒྲུབ་པའི་ཚུལ་དང་། (༡༠༧ན)


GLG014_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གྲུབ་པའི་གོས་ཀྱི་རྣམ་པར་བཞག་པའོ། །དང་པོ་ནི། ལོག་པའི་འཚོ་བ་ཆར་གཏོགས་དང་བཅས་པ་སྤངས་ཏེ་ཡང་དག་པའི་འཚོ་བ་ལ་བརྟེན་པའི་ཚུལ་གྱིས་བསྒྲུབ་པར་བྱའོ། །ལོག་པའི་འཚོ་བ་ལྔ་སྟེ། ཚུལ་འཆོས་ཀྱི་སྒོ་ནས་རྙེད་པ་བསྒྲུབ་པ། ཁ་གསག །གཞོགས་སློང་། ཐོབ་ཀྱིས་འཇལ་བའི་སྒོ་ནས་རྙེད་པ་བསྒྲུབ་པ། རྙེད་པས་བརྙེད་པ་འདོད་པའོ། །དང་པོ་ནི། རིན་ཆེན་འཕྲེང་བར། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པས་ཏེ། །ཞེས་སོ། །གཉིས་པ་ནི་ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྙན་པར་སྨྲ་བའོ། །ཞེས་སོ། །གཉིས་པ་ལ། གོས་ཀྱི་རྒྱུ་རུང་མི་རུང་གི་བྱེ་བྲག་བརྟག་པ། རུང་བ་ལ་གོས་བཟོ་བའི་ཚུལ། གོས་ཀྱི་དབྱེ་བ། དབྱེ་བ་སོ་སོའི་རྣམ་བཞག །གོས་ལ་ལོངས་སྤྱོད་པའི་ཚུལ་ལོ། །དང་པོ་ལ་མི་རུང་བ་ནི། ཁ་ཚར་དང་ཕུན་ཚར་མ་བཅད་པ་དང་དཔག་བསམ་གྱི་ཤིང་ལས་བྱུང་བ་དང་། རྔ་མོའི་བལ་ལས་བྱས་པ་དང་ཁ་དོག་ཁྲའོ། །དབྱིབས་ཁྱིམ་པ་དང་མུ་སྟེགས་ཅན་གྱི་གོས་ལྟ་བུའོ། །རུང་བ་བདུན་ཏེ། བལ་ལས་བྱས་པ། རྩྭ་ཤན་ལས་བྱས་པ། ཉི་འོག་པའི་གོས་རས་གོས་རྩྭ་ཟར་མ་ལས་བྱས་པ་རྩྭ་ཀོ་ཏམ་པ་ལས་བྱས་པ་རྩྭ་དུ་གུ་ལས་བྱས་པ་སྟེ། ས་ག་ལྷས། བག་གོས་ཤ་ན་ཉི་འོག་དང་། །རས་གོས་ཤ་ན་ཉི་འོག་དང་། །རས་གོས་དང་ནི་ཟར་མ་དང་། །(༡༠༧བ)


GLG014_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཀོ་ཏམ་པ་དང་དུ་གུ་ལ། །ཆོས་གོས་རྒྱུ་ནི་རྣམ་པ་བདུན། ཞེས་སོ། །བལ་དང་རས་སོགས་ལས་བྱས་པ་ཡང་སྤུ་ཤིན་ཏུ་ཆེ་བ་ཆོས་གོས་རྣམ་གསུམ་དུ་བྱར་མི་རུང་སྟེ། གཞུང་དུ། སྤུ་ཅན་ཆོས་གོས་གསུམ་ཉིད་དུ་བྱིན་གྱིས་བརླབ་པར་མི་བྱའོ། །ཞེས་དང་། ས་ག་ལྷས། སྤུ་ཅན་རྣམ་པར་སྤངས་ནས་ནི། །བརྟུལ་ཞུགས་ཅན་གྱི་ནང་ཤུན་བྱ། ཞེས་སོ། །གཉིས་པ་ལ་། བཀྲུ་བ། ཁ་བསྒྱུར་བ། དྲས་ཤིང་དྲུབས་པའོ། །དང་པོ་ནི། ས་ག་ལྷས། དག་པར་བྱ་ཕྱིར་ཤམ་ཐབས་ནི། །བཙོ་བླག་མཁན་ལ་འཁྲུར་མི་གཞུག །བརྩེ་ལྡན་རང་ངམ་གཞན་གྱིས་ཀྱང་། །སྣོད་ཀྱི་ནང་དུ་དལ་བུས་བཀྲུ། །ཞེས་པ་ལྟར་རོ། །གཉིས་པ་ནི། མི་རུང་བའི་ཚོན་ཆེན་བརྒྱད་སྤངས་ཏེ་རུང་བའི་ཚོན་ཁ་གསུམ་གྱིས་བསྒྱུར་དགོས་ཏེ། ས་ག་ལྷས། སྔོན་པོ་བཅག་དང་ངུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་སྟེ། །ཚོན་ཆེན་དག་གིས་ཆོས་གོས་ནི། ཁ་བསྒྱུར་བྱེད་པ་བཀག་པ་ཡིན། །ཞེས་གསུངས་པའི་ཕྱིར། ཚོན་ཆེན་བརྒྱད་ནི། ས་ག་ལྷས། རྒྱ་སྐྱེགས་ལེ་བརྒན་རྩི་དང་བཙོད། །སྨ་ཤིང་རྩི་དང་མཐིང་ཤིང་མཚལ། །སིནྡྷུ་ར་དང་གུར་གུམ་སྟེ། །འདི་དག་ཚོན་ཆེན་བརྒྱད་དུ་འདོད། །ཅེས་པ་ལྟར་རོ། །གསུམ་པ་ལ། གོས་གང་ལ་བྱ་བ་དང་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། སྣམ་སྦྱར་ལ་ངེས་པར་དྲས་དྲུབས་དགོས་ལ། བླ་གོས། མཐང་གོས། དགེ་སློང་མའི་ཤིང་ང་དཔུང་ཆད་དང་རྔུལ་གཟན་ལ། རབ་དྲས་དྲུབས། འབྲིང་ལྷན་ཐབས། ཐ་མ་ཐང་ཐང་པོར་བྱ་བ་ཡིན་ནོ། །གདིང་བ་ལ་གླེགས་བུ་ཕྱེད་དང་གཉིས་པ་བྱེད་ཅིང་། གོས་གཞན་རྣམས་ལ་སྣམ་ཕྲན་དང་གླེགས་བུའི་བཤད་པ་མེད་དོ། །ས་ག་ལྷས། གདིང་བ་ལ་དྲ་མི་དགོས། །རྟག་ཏུ་འབྲལ་བ་ཡང་ནི་མེད། །(༡༠༨ན)


GLG014_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་སྦྱར་ངེས་པར་དྲས་ཏེ་བཅང་། །གཞན་དག་མ་ངེས་གང་གི་ཕྱིར། །འདོད་ཆུང་རང་གི་ཆོས་གོས་ཀྱི། །ལས་ཀྱིས་སྐྱོ་བ་བསྐྱེད་ཕྱིར་རོ། །ཞེས་དང་། འདིར་ཡང་སྣམ་སྦྱར་མ་ཡིན་པ་དག་ལ་དྲས་ཏེ་བྱིན་གྱིས་བརླབ་པའི་ངེས་པ་མེད་དོ། །ཞེས་དང་། དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །མཐང་གོས་དང་བླ་གོས་དང་སྣམ་སྦྱར་ལའོ། །དགེ་སློང་མས་ནི་ཤིང་ང་དཔུང་ཆད་དང་རྔུལ་གཟན་སྣམ་པ་གང་ཡང་རུང་བའོ། །ཞེས་སོ། །གཉིས་པ་ལ། བླ་གོས་དང་། སྣམ་སྦྱར་ལ་དྲས་དྲུབས་བྱ་ཚུལ་ལོ། །དང་པོ་ནི། བླ་གོས་ཀྱི་རྒྱུ་ལ་མཐའ་སྐོར་མ་གཏོགས་པ་ལྷག་མ་རྣམས་ལ་གླེགས་བུ་ཚད་མ་བཅུ་བཞི། ཕྱེད་པ་བདུན་ཏེ་དུམ་བུ་ཉེར་གཅིག་ཏུ་དྲའོ། །དྲུབ་པའི་ཚེ་གླེགས་བུ་ཕྱེད་དང་གསུམ་གསུམ་བྱ་སྤུ་ནོན་གྱི་ཚུལ་དུ་སྦྱར་ནས་དྲུབ་བོ། །དེ་ལྟ་བུའི་སྣམ་ཕྲན་བདུན་ཡོད་པ་ལ། གཅིག་དབུས་སུ་བཞག །གཡས་སུ་གསུམ། གཡོན་དུ་གསུམ། གླེགས་བུ་ཆེ་ཆུང་རིམ་པ་འཆོལ་བར་བྱ་སྤུ་ནོན་གྱི་ཚུལ་གྱིས་བཞག་ནས་མཐར་ལྕགས་རིས་བསྐོར་ཏེ་དྲུབ་པར་བྱེད་པའོ། །གཉིས་པ་ནི། རབ་ཀྱི་རབ་སྣམ་ཕྲན་ཉེར་ལྔ་མ་བྱེད་ན་སྣམ་སྦྱར་གྱི་རྒྱུ་ལ་མཐའ་སྐོར་མ་གཏོགས་པ་ལྷག་མ་རྣམས་གླེགས་བུ་ཚད་མ་བརྒྱ་ཐམ་པ། ཕྱེད་པ་ཉེར་ལྔ་སྟེ་དུམ་བུ་བརྒྱ་དང་ཉེར་ལྔར་དྲའོ། །དྲུབ་པའི་ཚེ་གླེགས་བུ་ཕྱེད་དང་ལྔ་ལྔ་བྱ་སྤུ་ནོན་གྱི་ཚུལ་དུ་མཐུད་ནས་དྲུབས་པས་གླེགས་བུ་ཕྱེད་དང་ལྔ་ལྔ་དང་ལྡན་པའི་སྣམ་ཕྲན་ཉེར་ལྔ་འབྱུང་ངོ་། །དེ་ནས་སྣམ་ཕྲན་གཅིག་དབུས་སུ་བཞག །གཡས་སུ་བཅུ་གཉིས། གཡོན་དུ་བཅུ་གཉིས། གླེགས་བུ་རྣམས་རིམ་པ་འཆོལ་བར་བྱ་སྤུ་ནོན་གྱི་ཚུལ་གྱིས་བཞག་པ་ལ་མཐའ་(༡༠༨ན)


GLG014_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་རིས་བསྐོར་བའི་ཚུལ་གྱིས་སྦྱར་ནས་དྲུབ་བོ། །དེ་བཞིན་དུ་སྣམ་སྦྱར་ལྷག་མ་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ལྟར་ཡང་མཚོན་གྱིས་མ་དྲས་པའི་གོས་སྤྱད་པར་མི་བྱའོ། །དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །སྣམ་ཕྲན་སྣྲེལ་ཞི་ཉིད་དང་ལྷག་མ་མཉམ་པ་ཉིད་དང་དབུས་ནས་གཞན་དུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་བལྟ་བ་ཉིད་དང་མཐའ་བསྐོར་བ་ཉིད་དག་གིས་སོ་ཞེས་པ་ལྟར་རོ། །གསུམ་པ་ལ་དྲུག་སྟེ། འཚོ་བའི་ཡོ་བྱད། མཁོ་བའི་ཡོ་བྱད། ལྷག་པའི་ཡོ་བྱད། འཚོ་བའི་ཡོ་བྱད་ཕྲན་ཚེགས། མཁོ་བའི་ཡོ་བྱད་ཕྲན་ཚེགས། ལྷག་པའི་ཡོ་བྱད་ཕྲན་ཚེགས་སོ། །བཞི་པ་ལ་དྲུག་ལས། དང་པོ་ལ། ངོ་བོ། དབྱེ་བ། སོ་སོའི་རང་བཞིན་ནོ། །དང་པོ་ནི། དགེ་སློང་ལ་ལུས་འཚོ་བའི་ཆེད་དུ་རང་དོན་གྱི་བསམ་པས་འཆང་བར་གནང་བའི་རུང་བ་ཚད་ལྡན་གྱིས་གོས་སོ། །གཉིས་པ་ལ། བཅུ་གསུམ་སྟེ། གཞུང་དུ་སྣམ་སྦྱར་དང་བླ་གོས་དང་ཤམ་ཐབས་དང་ཤམ་ཐབས་ཀྱི་གཟན་དང་། རྡུལ་གཟན་དང་། རྡུལ་གཟན་གྱི་གཟན་དང་། གདོང་ཕྱིས་དང་། རྣག་གཟན་དང་། གཡན་པ་དགབ་པ་དང་། སྐྲ་གཟེད་དང་། གདིང་བ་དང་། དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ། །ཞེས་དང་། ས་ག་ལྷས། ཆོས་གོས་དྲས་པ་གསུམ་དང་ནི། །རྡུལ་གཟན་ཤམ་ཐབས་གཉིས་གཉིས་དང་། །གཡན་པ་དགབ་དང་གདིང་བ་དང་། །རས་ཆེན་དང་ནི་སྐྲ་གཟེད་དང་། །གདོང་དང་ལག་པ་ཕྱི་བ་སྟེ། །འདི་དག་བཅུ་གསུམ་དབྱེ་བར་འདོད། །ཅེས་སོ། །ལག་པ་ཕྱི་བ་ནི། རྣམ་གཟན་གྱི་མིང་གི་རྣམ་གྲངས་སོ། །གསུམ་པ་ལ། བཅུ་གསུམ་ཡོད་པའི་དང་པོ། སྣམ་སྦྱར་ལ། ངོ་བོ། དབྱེ་བ། ཁྱད་ཆོས། བྱིན་གྱིས་(༡༠༩ན)


GLG014_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་ཚུལ་ལོ། །དང་པོ་ནི། སྣམ་ཕྲན་དགུ་ཡན་ཆོད་དུ་ངེས་པར་དྲས་དྲུབས་བྱས་ཏེ་བྱིན་གྱིས་བརླབས་ནས་བཅང་དགོས་པའི་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་ནས་གཙོ་བོར་གྱུར་བའི་རུང་བ་ཚད་ལྡན་གྱི་གོས་སོ། །དབྱེ་ན་ཐ་སྐོར་གསུམ། འབྲིང་སྐོར་གསུམ། རབ་སྐོར་གསུམ་མོ། དང་པོ་ལ། ཐ་མའི་ཐ་མ་སོགས་གསུམ་སྟེ། སྣམ་ཕྲན་དགུ་མ། བཅུ་གཅིག །བཅུ་གསུམ་གྱི་བདག་ཉིད་ཅན་ནོ། །གཉིས་པ་ལ་འབྲིང་གི་ཐ་མ་སོགས་གསུམ་སྟེ། སྣམ་ཕྲན་བཅོ་ལྔ། བཅུ་བདུན། བཅུ་དགུའི་བདག་ཉིད་ཅན་ནོ། །གསུམ་པ་ལ། རབ་ཀྱི་ཐ་མ་སོགས་གསུམ་སྟེ། སྣམ་ཕྲན་ཉེར་གཅིག །ཉེར་གསུམ། ཉེར་ལྔའི་བདག་ཉིད་ཅན་ནོ། །སྣམ་ཕྲན་ཉེར་ལྔ་ལས་ལྷག་པ་བྱར་མི་རུང་སྟེ། ཚེམ་བུའི་རང་བཞིན་ཅན་དུ་འགྱུར་བའི་ཕྱིར། དེ་ལྟར་ཡང་། སྣམ་སྦྱར་གྱི་སྣམ་ཕྲན་དག་གི་དགུ་ཡན་ཆད། ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས་སོ་དེ་ཡན་ཆད་ནི་ཚེམ་བུའོ། །ཞེས་དང་། ས་གའི་ལྷས། སྣམ་སྦྱར་རྣམས་ཀྱི་ཚལ་བུ་ནི། །སྣྲེལ་ཞི་བྱའོ་དགུ་སོགས་དགུ །སྣམ་ཕྲན་ཉི་ཤུ་རྩ་ལྔའི་བར། །དེ་དག་དབྱེ་བས་ངེས་པར་བསྟན། །ཞེས་སོ། །གསུམ་པ་ལ། ཚལ་བུའི་ཚད། གླེགས་བུའི་གྲངས། རྒྱ་ཁྱོན་གྱི་ཚད། ཇི་ལྟར་ལོངས་སྤྱོད་ཚུལ་ལོ། །དང་པོ་ནི། གླེགས་བུས་གླེགས་བུ་ཕྱེད་པ་བྱ་སྤུ་ནོན་གྱི་ཚུལ་གྱིས་མནན་པའི་འཕྲོ་དང་། སྣམ་ཕྲན་གྱིས་སྣམ་ཕྲན་གཡས་གཡོན་དུ་བྱ་སྤུ་ནོན་གྱིས་མནན་པའི་འཕྲོ་ནི་ཚལ་བུ་ཡིན་ལ། དེའི་ཚད་ནི། རབ་ལ་སོར་བཞི། ཐ་མ་ལ་སོར་གཉིས། འབྲིང་ལ་དེའི་བར་ཏེ། ས་ག་ལྷས། དང་པོ་ཐ་མ་དག་དང་དབུས། །ཚལ་བུའི་སྒོ་ནི་གསུམ་དུ་འདོད། །དེ་ལ་སོར་ནི་བཞི་དང་གཉིས། །དེའི་བར་ལ་རིམ་(༡༠༩བ)


GLG014_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན། །ཞེས་སོ། །གཞུང་ལས། གླེགས་བུ་དང་གླེགས་བུ་ཕྱེད་དག་མཉམ་པར་བྱའོ། །གཞལ་བའི་ཕྱིར་དེའི་ཚད་ཀྱི་ཆགས་ཤིང་བཅང་བར་བྱའོ། །ཚལ་བུ་དག་ཀྱང་ངོ་། །དེའི་ཚད་ཀྱི་ཆགས་ཤིང་བཅང་བར་བྱའོ། །དེའི་ཆེ་ཚད་ནི་སོར་བཞིའོ། །བྱ་རོག་གི་མཐོ་གང་ཡང་ངོ་། །ཆུང་ཚད་ནི་སོར་གཉིས་སམ། ཕྱེད་དང་གསུམ་མམ། མཐེབ་སོར་གཅིག་གོ །ས་ལ་ཆོས་གོས་འདིང་བར་མི་བྱའོ། །གཉིས་པ་ནི། ཐ་མ་སྐོར་གསུམ་གྱི་སྣམ་ཕྲན་ནི། གླེགས་བུ་ཕྱེད་དང་གསུམ་པ། འབྲིང་གི་གླེགས་བུ་ཕྱེད་བཞི་པ། རབ་ཀྱི་གླེགས་བུ་ཕྱེད་དང་ལྔ་པ་ཡིན་ཏེ། གཞུང་དུ། དང་པོ་གསུམ་ལ་ནི། དེ་དག་ནི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ། །གཉིས་པ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ། །གསུམ་པ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ། །ཞེས་དང་། ས་ག་ལྷས། གླེགས་བུ་ཕྱེད་དང་གསུམ་པ་གསུམ། །གསུམ་ནི་གླེགས་བུ་ཕྱེད་དང་བཞི། །ཐ་མ་གསུམ་གྱི་གླེགས་བུ་ནི། །ཕྱེད་དང་ལྔ་པར་གསུངས་པ་ཡིན། །ཞེས་སོ། །གསུམ་པ་ནི། རབ་སྐོར་གསུམ་ལ་དཔངས་སུ་ཁྲུ་གསུམ། སྲིད་དུ་ཁྲུ་ལྔ། ཐ་མ་གསུམ་ལ་ཁྲུ་ཕྱེད་ཕྱེད་ཕྲི་བའོ། །འབྲིང་ལ་དེའི་བར་ཏེ། དེ་ལྟར་ཡང་བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི། རང་གི་ཁྲུ་གསུམ་དང་ལྔ་དག་གོ །ཆུང་ངུ་དག་ནི་གཉིས་ཀ་ལས་ཁྲུ་ཕྱེད་ཕྱེད་ཕྲི་བའོ། །འབྲིང་རྣམས་ཀྱི་ཚད་ནི་བར་མའོ། །ཞེས་དང་། སྡེ་ཚན་གསུམ་པ་དེ་དག་གིས། །སྣམ་སྦྱར་ཞེས་བྱར་གསུངས་པས་ཏེ། །དེ་དག་ཚད་ནི་ངེས་བསྟན་པ། །དང་པོ་ཁྲུ་ནི་ལྔ་དང་གསུམ། །ཐ་མ་ཕྱེད་དང་གསུམ་དང་ལྔ། །དེ་གཉིས་བར་ནི་བར་མ་ཡིན། །ཞེས་སོ། །བཞི་པ་ནི། གྲོང་དུ་བསོད་སྙོམས་ལ་རྒྱུ་བ་(༡༡༠ན)
དང་། དཀོན་ཅོག་ལ་ཕྱག་བྱ་བ་དང་། དགེ་འདུན་ལས་ལ་འཚོགས་པ་དང་། ཆོས་བཤད་ཉན་གྱི་དུས་སུ་གྱོན་པར་བྱ་བ་ཡིན་ཞིང་། ཆུད་ཟ་བ་སྤང་བའི་ཕྱིར་དུ་ལུས་ཀྱི་ཤ་རྗེན་པ་ལ་མི་རེག་ཅིང་མཆན་ཁུང་དྲོད་ཀྱིས་སྣམ་སྦྱར་ཆུད་མི་ཟ་བར་བྱ་བའི་ཕྱིར་དུ་ཞེང་དུ་མཐོ་གང་དང་སྲིད་དུ་ཁྲུ་ཕྱེད་དང་དོ་ཡོད་པའི་ལྷན་པས་སྐྱབས་ཏེ་ལོངས་སྤྱོད་དགོས་ཏེ། གཞུང་དུ། བསོད་སྙོམས་ལ་རྒྱུ་བ་དང་། ཆོས་སྟོན་དང་མཆོད་རྟེན་ལ་ཕྱག་བྱ་བ་དང་། ཞེས་བྱ་བ་དང་། དགེ་འདུན་ཚོགས་པ་དང་གདམས་ངག་དང་། ཆོས་ཉན་པ་ཉམས་སུ་མྱོང་བ་ལས་གཞན་པའི་བྱ་བ་ལ་སྣམ་སྦྱར་བགོ་བར་མི་བྱའོ། །དེ་ལ་འདུག་པ་ཉལ་བར་མི་བྱའོ། །འགའ་ཡང་སྐུར་བ་ལ་སྦྱར་བར་མི་བྱའོ། །ལུས་ལ་རེག་པར་བགོ་བར་མི་བྱའོ། །མཆན་ཁུང་གཡས་པའི་དྲོད་ཀྱིས་དེ་མ་རུང་བར་འགྱུར་རོ། །དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར། ཕྱོགས་དེར་དེ་ལ་གོས་གླན་པར་བྱའོ། ཁྲུ་ཕྱེད་དང་དོ་དང་མཐོ་གང་ངོ་། །ཞེས་དང་། ས་ག་ལྷས། སྣམ་སྦྱར་དགེ་འདུན་འདུས་པ་དང་། །ཟས་དང་མཆོད་རྟེན་ཕྱག་བྱ་དང་། །གྲོང་སོགས་འཇུག་ལ་བགོ་བྱ་ཡིས། །གཞན་དག་ཏུ་ནི་བཀག་པ་ཡིན། །རྡུལ་གྱི་འཇིགས་པས་སྣམ་སྦྱར་ལ། །རྡུལ་གཟན་སྦྱར་ནས་བཅང་བྱ་སྟེ། །ཞེང་དུ་མཐོ་གང་སྲིད་དུ་ཁྲུ། །ཕྱེད་དང་དོ་ལས་ལྷག་མི་བྱ། །ཞེས་སོ། །


previousརྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཁྱད་པར་བཤད་པ།next