Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

23 occurrences of བརྒྱུད་གསུམ་
[Clear Hits]


  
 
  
  
  
  
  
  
  
  
  
  
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་མི་གཡོ་བའི་བསྐྱེད་རྫོགས་ཀྱི་སྔོན་འགྲོའི་རིམ་པ།
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
 
 
  
  
  
  
  
 
  
  
  
 
  
  
 
  
 
 
  
  
  
 
  
 
  
  
  
 
  
 
  
  
 
  
 
  
  
  


23 occurrences of བརྒྱུད་གསུམ་
[Clear Hits]

 
previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་མི་གཡོ་བའི་བསྐྱེད་རྫོགས་ཀྱི་སྔོན་འགྲོའི་རིམ་པ།next

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་མི་གཡོ་བའི་བསྐྱེད་རྫོགས་ཀྱི་སྔོན་འགྲོའི་རིམ་པ།


JKT015_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

༈ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་མི་གཡོ་བའི་བསྐྱེད་རྫོགས་ཀྱི་སྔོན་འགྲོའི་རིམ་པ་བཞུགས་སོ། །ན་མོ་གུ་རུ་ཙཎྜ་མ་ཧཱ་རོ་ཥ་ཎ་ཡ། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་མི་གཡོ་བ་བདུད་བཞི་ཟིལ་གནོན་གྱིས་བསྐྱེད་རྫོགས་ཟབ་མོ་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་རིམ་པ་ནི་འདི་ཡིན་ཏེ། བར་ཆད་སྐྱོབ་པའི་སྐྱབས་ཀྱི་མཆོག༔ གསུམ་ལ་སྐྱབས་སུ་འགྲོ་བ་ནི༔ མདུན་མཁར་བླ་མ་མི་གཡོ་བར༔ སྐྱབས་གནས་རྒྱ་མཚོས་བསྐོར་བ་ཡི༔ ཚད་མེད་ཐུགས་རྗེའི་སྐྱབས་ཀྱི་འོག༔ བདག་དང་མཁའ་མཉམ་འགྲོ་བ་ཚུད༔ འཇིགས་པ་ཀུན་ལས་དབུགས་དབྱུང་བསམ༔ ན་མོ་བླ་མ་ཡིན་དམ་མི་གཡོ་བ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་


JKT015_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི༔ མཐར་ནི་སྐྱབས་ཡུལ་རང་ལ་བསྟིམ༔ བྱང་ཆུབ་སེམས་གཉིས་ལྡན་པ་ལ༔ བར་ཆད་ཀུན་གྱིས་ཉེ་མི་ནུས༔ །དེ་ཕྱིར་སྐྱབས་ཡུལ་དབང་བྱས་ཏེ༔ སྨོན་དང་འཇུག་པའི་བྱང་སེམས་བསྐྱེད༔ ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཐུན་མཐར་བདེ་སྡུག་གཏོང་ལེན་བསྒོམ༔ འཁོར་གསུམ་དམིགས་པ་བྲལ་བར་བཞག༔ སྡིག་ལྟུང་ལ་བརྟེན་བར་ཆད་འཇུག༔ དེ་ཕྱིར་དེ་ཉིད་སྦྱོང་བ་ནི༔ རང་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་གདན་གྱི་སྟེང་༔ བླ་མ་དོན་ཡོད་གྲུབ་པ་ལྗང་༔ རལ་གྲི་དང་ནི་དྲིལ་བུ་འཛིན༔ རང་འདྲའི་སྒྲོལ་མ་ཡུམ་དང་སྦྱོརཿ དར་དང་རིན་ཆེན་རུས་པས་བརྒྱན༔ མཚན་དཔེའི་གཟི་འབར་སྐྱིལ་སྒྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱ་ཡིག་མཐརཿ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱང་ཚུར་འདུས་བདུད་རྩིའི་རྒྱུན་བབས་པ༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ བདེ་ཆེན་ཡེ་ཤེས་སྐྱེས་པར་བསམ༔ ཨོཾ་ཨཱཧཱུྃ་མ་ཧཱ་གུ་རུ་ཧ་པྲ་ཛྙཱ་དྷཱིཀྲ་ཏཾ་བཛྲ་ར་ཏཱི་སརྦ་པཱ་པཾ་ཨ་བ་ར་ཎ་བི་ཤོ་དྷ་ན་སྭཱ་ཧཱ༔ སྡིག་ལྟུང་འགྱོད་པས་བཤགས་ཤིང་


JKT015_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམསཿ ཚོགས་རྟེན་འོད་ཞུ་རང་ལ་ཐིམ༔ སྐྱེ་མེད་གཉུག་མའི་ངང་དུ་བཞག བླ་མའི་བྱིན་བརླབས་ཚོགས་རྫོགས་ན༔ བར་ཆད་ཐམས་ཅད་རང་སར་གྲོལ༔ དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར༔ དེ་ཕྱིར་རྩེ་གཅིག་འདི་ལྟར་བསྒོམ༔ ཨ༔ རང་མདུན་ནམ་མཁར་འོད་ལྔའི་ཀློང་༔ པད་ཉི་འཆི་བདག་བདུད་ཀྱི་སྟེང་༔ བླ་མ་རྗེ་བཙུན་མི་གཡོ་བ༔ དཀར་གསལ་ཁྲོ་ཞིང་བརྗིད་པའི་ཉམས༔ དབུ་སྐྲ་དམར་སེར་གྱེན་དུ་བརྗེསཿ ཕྱག་གཡས་ཡེ་ཤེས་རལ་གྲི་འཕྱར༔ གཡོན་པས་རྡོ་རྗེའི་ཞགས་པ་བསྣམས༔ ཞབས་གཉིས་གཡས་བརྐྱང་དོར་སྟབས་ཀྱིས༔ ཡེ་ཤེས་མེ་དཔུང་དབུས་སྟག་ཤམ་རིན་ཆེན་སྦྲུལ་གྱིས་བརྒྱན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེ་གསུམ་དང་དབྱེར་མེད་པ༔ མཆོག་གསུམ་འདུས་པའི་ངོ་བོ་ཉིད༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ རང་བཞིན་ཡོངས་གྲུབ་ངང་དུ་གསལ༔ ཨོཾ་ཨཱཧཱུྃ། ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང་༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་དུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོ༔ ཀྱེ་ཀྱེ་བླ་མ་མི་གཡོ་བར༔ སྙིང་ནས་གུས་པས་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་


JKT015_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་སོལ༔ དབང་བཞི་སྐུར་ཅིག་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཙཎྜ་མ་ཧཱ་རོ་ཥ་ཎ་སྭཱ་ཧཱ༔ ཞེས་པས་གསོལ་བ་གདབ་དབང་བཞི་བླང་༔ རང་ལ་བསྟིམ་ནས་དབྱེར་མེད་དང་༔ འོད་གསལ་ཆོས་སྐུའི་རང་ཞལ་བལྟ༔ ཞེས་པ་སྟེ། སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་རྗེས་དྲན་ལྔའི་ཁྲིད་ཀྱི་སྔོན་འགྲོ་གཏེར་གཞུང་ལས་བྱུང་སྟེ་ཅུང་ཟད་ཁ་བསྒྱུར་ནས་བཀོད་པའོ། །མངྒ་ལཾ། །


previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་མི་གཡོ་བའི་བསྐྱེད་རྫོགས་ཀྱི་སྔོན་འགྲོའི་རིམ་པ།next