Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།


   
   
   
   
   
   
   
   
   
   
   
   
གོ་རིམ་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགོ་རིམ་ཟིན་བྲིས།next

གོ་རིམ་ཟིན་བྲིས།


JSD002_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །སྙིང་ནས་ཐར་པ་དོན་དུ་གཉེར་ཞིང་དབེན་པའི་རི་ཁྲོད་ཁོ་ནར་གནས་ནས་ཚོགས་གསོག་སྒྲིབ་སྦྱང་བྱ་ཚུལ་ཉིན་ཞག་ཕྲུག་གཅིག་གི་ཆོས་སྤྱོད་དགེ་སྦྱོར་མཐའ་གཉིས་སུ་མ་ལྷུང་བ་ཞིག་གི་གོ་རིམ་ཟིན་བྲིས་སུ་བྱ་བ་ལ། ཐོ་རངས་མལ་ནས་ཧར་གྱིས་ལངས་ཏེ་རླུང་རོ་ལན་གསུམ་བུས་པས་རླུང་དྭངས་སྙིགས་ཕྱེད། དེ་ནས་བླ་མ་རྒྱང་འབོད་བཞེངས་བསྐུལ་གྱི་འཕྲོར། ངག་བྱིན་རླབས་བྱས་པས་བཟླས་བརྗོད་གང་འགྲུབ་འབུམ་འགྱུར་དུ་འཕེལ། སྙིང་ཐིག་སྔོན་འགྲོ་རྣམ་མཁྱེན་ལམ་བཟང་ཚིག་ཕྱིར་སེམས་གཞོལ་ཏེ་བཏང་བས། རང་རྒྱུད་བློ་ལྡོག་རྣམ་བཞིས་འཁུལ་ཞིང་བསགས་སྦྱངས་སྤེལ་གསུམ་གྱི་ལམ་གནད་ཚང་བས་བསྐྱེད་རྫོགས་ལམ་གྱི་ཐོག་མའི་འཇུག་སྒོ་བླ་ན་མེད་པར་འགྱུར་བ་དང། ཁྱད་པར་ཟབ་ལམ་


JSD002_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་ནི་ཉམས་རྟོགས་བཟང་པོ་རྒྱུད་ལ་སྐྱེ་བའི་ཐབས་ཡོད་དེས་ཆོག་མེད་ཐབས་ཆག་གཅིག་ཆོག་རྒྱལ་པོ་ཡིན་པས་ཐུན་ཐམས་ཅད་ཀྱི་དངོས་གཞི་འདི་ཁོ་ན་བྱ་བ་གནད་ཟབ། དེ་ལྟར་ཐོར་ཐུན་གྲོལ་ནས་དཀར་གསུར་ཞིང་ཁམས་ཀུན་ཁྱབ་བསྔོས་ན། འཇིག་རྟེན་འདས་མ་འདས་ཀྱི་མགྲོན་བཞི་མཉེས་ཤིང་ཐུགས་དམ་བསྐང་བ་དང་། ལྷག་པར་བར་དོའི་འགྲོ་བ་ཀུན་ཚིམས། དེའི་རྗེས་སུ་ཕ་དམ་པའི་སྨོན་ལམ་སུམ་ཅུ་པ་དང་། མཚོ་རྒྱལ་སྨོན་ཚ ལམ་མ་ཧཱ་གུ་རུ། ཟངས་མདོག་དཔལ་རིའི་སྨོན་ལམ་རྒྱས་བསྡུས་གང་རུང་བཅས་བྱའོ། །དེ་ནས་སྔ་དྲོའི་ཐུན་བླ་མ་རྒྱང་འབོད་དང་སྐྱབས་སེམས་ཙམ་སྔོན་དུ་འགྲོ་བས། དངོས་གཞི་བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་འདེབས་རྒྱུད་བསྐུལ་གྱི་སྙིང་པོ་བཛྲ་གུ་རུ་ལ་འབད་མཐར་དབང་བཞི་


JSD002_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཤིང་ཐུགས་ཡིད་བསྲེས་པའི་ངང་ལ་གནས་ལུགས་ཀྱི་ངོ་བོ་བསྐྱངས། ཐུན་གྲོལ་རྗེས། ལྟུང་བཤགས་བསམ་ལྷུན། བར་ཆད་ལམ་སེལ། བསམ་པ་མྱུར་འགྲུབ་མ། གཙུག་ཏོར་རྣམ་རྒྱལ། ཚེ་གཟུངས། ལས་སྒྲིབ་རྒྱུན་གཅོད་སྔགས། ཉང་གཏེར་ན་རཀ་དོང་སྤྲུགས། ཆོས་དབྱིངས་རབ་འབྱམས་མ། སྐུ་གསུམ་ཞིང་ཁམས་སྦྱོང་བའི་གདུང་འབོད་སྨོན་ལམ་བཅས་བརྗོད་པས། སོ་བྱང་སྔགས་གསུམ་གྱི་བསླབ་སྡོམ་དམ་ཚིག་ལ་འགལ་འཁྲུལ་ཉམས་ཆག་ཉེས་ལྟུང་སོགས་བཅས་དང་རང་བཞིན་གྱི་སྡིག་པ་མ་ལུས་པ་དག་ཅིང་། ཚེ་དང་བསོད་ནམས་འཕེལ་ཞིང་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་མ་ཟད། ཞར་ལ་བར་དོའི་གདམས་པའང་ཉམས་འོག་ཏུ་ཆུད་པར་འགྱུར། དེ་ནས་ཕྱག་གི་འགྱུར་སྔགས་ལན་


JSD002_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བརྗོད་ལ། བརྐྱང་ཕྱག་ནུས་ན་དང་མི་ལྕོགས་ན་ཕྱག་བརྒྱ་རྩ་ཙམ་འཚལ་ན་ཕྱག་བྱེ་བ་མང་པོར་འགྱུར་ཞིང་སྒོ་གསུམ་གྱི་སྒྲིབ་སྦྱོང་ཡང་དག་པ་ཡིན། གུང་ཚིགས་རྗེས་སུ་ཡོན་སྦྱོང་གི་མདོ་དང་། སྨོན་ལམ་བཅས་བཏོན་ན། དཀོར་སྒྲིབ་སྦྱོང་ཞིང་རང་དང་སྦྱིན་བདག་གི་ཚོགས་རྒྱ་ཆེན་པོ་རྫོགས་པའི་དགོས་པ་ཡོད་དོ། ༈ །དེ་ནས་དགོང་ཐུན་ཀྱང་སྔ་ཐུན་གྱི་འགྲོས་ཀྱིས་བླ་མའི་རྣལ་འབྱོར་དང་ངོ་བོ་བསྐྱངས། ཐུན་གྲོལ་རྗེས་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་བསྐང་གསོ་རེ་བཏང་བས། གསང་སྔགས་ནང་གི་རྣལ་འབྱོར་གྱི་ཆོ་གའི་ཡན་ལག་ཡིན་པས་འགལ་རྐྱེན་བར་ཆད་སེལ་ཞིང་ཕྲིན་ལས་འགྲུབ་པའི་ཐབས་སུ་འགྲོ། དེའི་རྗེས་སུ་ཤེས་རབ་སྙིང་པོ་བཏོན་ན། སྟོང་ཉིད་ཀྱི་དོན་རྟོགས་པ་དང་བདུད་བགེགས་བཟློག །ཙཀྲ་བཅུ་གསུམ་མའི་


JSD002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་བཟླས་པས་བར་ཆད་སྲི་སྐེག་རིགས་བཟློག་པ་ལ་མཆོག་ཏུ་བསྔགས། དེའི་རྗེས་སུ་བཟང་སྤྱོད། ཀུན་བཟང་སྨོན་ལམ། བདེ་སྨོན་རྡུལ་བྲལ་མ། ངོ་མཚར་སངས་རྒྱས་མ། ལེགས་སྨོན་དངོས་གྲུབ་རྒྱ་མཚོ་མ་བཅས་བསྔོ་སྨོན་གྱི་རིམ་པ་རྣམས་བྱས་པས། བྱང་ཆུབ་སྒྲུབ་པའི་ལམ་གྱི་རྩ་བ་ལྟ་བུ་ཡིན་པས་ཕན་ཡོན་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་པ་ཐོབ་བོ། ༈ །དེ་ནས་སྲོད་ཐུན་ཡང་ཕྱི་ཐུན་བཞིན་ལ།ཚེ ཐུན་གྲོལ་རྗེས་ཕུང་པོ་མཆོད་སྦྱིན་ལུས་གཅེས་འཛིན་མ་རེ་བཏང་བས་འཆི་བ་བསླུ་བ་དང་། བདག་འཛིན་རྩད་ནས་ཆོད་ཅིང་བདག་མེད་གནས་ལུགས་ཀྱི་དོན་རྟོགས་པའི་ཐབས་ཟབ་ལ་ཁྱེར་བདེ་བ་ཡིན། ཁྱད་པར་སྲོད་འཁོར་ལ་བབ་པ་ན། གྲོ་ལོད་བདག་བསྐྱེད་བསྡུས་པ་རེ་འདོན་ལ་བཟླས་པ་ཅུང་ཟད་རེ་


JSD002_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན། རྒྱལ་འགོང་དམ་སྲིའི་བར་ཆད་ཀྱིས་མི་ཚུགས། དེའི་རྗེས་སུ་དུས་མཐར་གདབ་པའི་སྨོན་ལམ། དཔལ་སྤྲུལ་སྨོན་ལམ་བསྐལ་མང་གོང་ནས་མ། གཞི་ལམ་འབྲས་བུའི་སྨོན་ལམ་བཅས་སྙིང་ནས་བཏབ་ན་ཐེག་ཆེན་ལམ་གྱི་གཞུང་ཚུགས་པ་དང་། ངེས་དོན་རྫོགས་པ་ཆེན་པོའི་ལྟ་སྒོམ་གནད་ཐུན་མོང་མ་ཡིན་པ་ལ་བཟང་པོའི་བག་ཆགས་ཐེབས་པའི་དགོས་པ་དང་ལྡན། སྤྱིར་དགེ་སྦྱོར་གང་བྱེད་ཐམས་ཅད་ཀྱི་མགོར་སེམས་བསྐྱེད་རྣམ་དག་ཚེ གིས་ཟིན་པ་དང་། དངོས་གཞི་དམིགས་བཅས་དམིགས་མེད་ཀྱི་ལམ་ལས། ཐ་མལ་འཁྲུལ་འབྱམས་སུ་མ་སོང་བར། དྲན་ཤེས་བག་ཡོད་དང་ལྡན་པ། མཇུག་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པ་བཅས། དམ་པ་གསུམ་གྱི་རྩིས་ཟིན་ངེས་བྱས་ན། ཐར་པའི་ལམ་སྣ་ཟིན་པ་དང་། ཚོགས་གཉིས་


JSD002_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་གི་ལམ་གོང་འཕེལ་དུ་འགྱུར་བ་ལས་ནམ་ཡང་འཕྱུག་པ་མེད། མདོར་ན་གོང་དུ་བསྟན་པའི་དོན་གནད་རྣམས། དད་པ། བརྩོན་འགྲུས། ཤེས་རབ་གསུམ་གྱི་རྐྱ་བར་ནས་ཉམས་སུ་བླངས་པ་ཡིན་ན། དབེན་པ་བརྟེན་པ་ལ་དོན་འབྲས་བྱུང་ཞིང་། མི་ལུས་ཐོབ པ་སྟོང་ལོག་ཏུ་མ་སོང་བ་ལགས་སོ། །ཞེས་པའང་སྦས་ཡུལ་གྱི་རྒྱལ་པོ་པདྨ་བཀོད་དུ་ཆོས་ལྡན་གྱི་རིགས་སུ་སྐྱེས་ཤིང་རྐྱེན་ངན་གྲོགས་སུ་ཤར་ནས་སྦས་་པ་པདྨའི་ཚལ་དུ་འཚོ་བ་བསོད་སྙོམས་ཙམ་ལ་བརྟེན་ནས་སྙིང་པོའི་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་མ་པདྨ་ལྷ་མཚོས་བསྐུལ་ངོར། རྒྱལ་ཁམས་པ་སངས་རྒྱས་རྡོ་རྗེས། སྔོན་བྱོན་དམ་པའི་ཕྱག་བཞེས་དང་མཐུན་པར། རྒྱས་བསྡུས་འཚམས་པར་བྲིས་པ་སྟེ། འདིས་ཀྱང་དོན་གཉེར་ཅན་མང་པོ་ལ་ཕན་པར་


JSD002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག མངྒལཾ༎ ༎


previousགོ་རིམ་ཟིན་བྲིས།next