མི་ལའི་བླ་སྒྲུབ།
རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚོགས་མཆོད་དང་བཅས་པ་ཡེ་ཤེས་དཔལ་འབར་ཞེས་བྱ་བ་བཞུགས་སོ།།
རྡོ་རྗེ་འཆང་གི་གོ་འཕང་ནི། །སྐུ་ཚེ་གཅིག་གིས་མངོན་མཛད་པ། །གངས་ཅན་གྲུབ་པའི་དབང་ཕྱུག་ལ། །བཏུད་ནས་དེ་ཡི་རྣལ་འབྱོར་འཆད། །བསམ་གཏན་དང་རྗེས་སུ་མཐུན་པའི་གནས་སུ་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ། མོས་གུས་དུས་མཐའི་མེའི་ཤུགས་བཞིན་དུ་སྦར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བློ་མངོན་དུ་བཞག་སྟེ། འབྱོར་ན་སྟེགས་གཙང་མར་མཎྜལ་ཚོམ་བུས་སྤྲས་པ་དང་ཉེར་སྤྱོད་མཆོད་པའི་བཀོད་པ་ཇི་ལྟར་ཚོགས་པ་བཤམ། མ་འབྱོར་ན་ཏིང་ངེ་འཛིན་ཁོ་ནས་ཀྱང་འགྲུབ་ལ། ཚོགས་མཆོད་འབྲེལ་ན་དེའི་ཡོ་བྱད་ཐབས་ཤེས་ཀྱི་རྫས་སོགས་ཉེ་བར་བསྡོགས། དེའི་ཚེ་ཐོག་མར་སྔོན་གཏོར་བཤམས་ལ། རང་ཉིད་སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་གྲི་ཐོད་ཕྱག་རྒྱས་སྤྲས་པར་གྱུར། །བདུད་རྩི་རིལ་བུ་དང་ལྡན་པའི་མྱོས་བྱེད་ཀྱིས་གང་བའི་ཀ་པཱ་ལ་མདུན་དུ་བཞག་པ་ལ་དམིགས་ཏེ། ༀ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཀྱིས་བསང་། ༀ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། གིས་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །མཚན་ལྡན་བྷཉྫར་གོ་ཀུ་ད་ཧ་ན། །བི་མུ་མ་ར་ཤུ་ལས་ཤ་ལྔ་དང་། །བདུད་རྩི་ལྔར་གྱུར་རླུང་མེས་ཞུ་ཞིང་བསྐོལ། །འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩི་བཀུག །དམ་ཡེ་གཉིས་མེད་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། གཏོར་མའང་དེ་ལྟར་བརླབས་ལ། འབར་བའི་རྒྱས། ཕེཾ། ཞེས་མགྲོན་བཀུག །ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏཱ་པི་ཤཱ་ཙ་ཨུནྨཱ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚ། བྷུཉྫ་ཐ། ཛི་གྷྲ་ཐ། པི་བ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སཏྶུ་ཁཾ་བི་ཤུདྡྷ་ས་ཧཱ་ཡི་ཀཾ་བྷ་བནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་ལན་གསུམ་གྱིས་བསྔོས་ལ་གཏོར་མ་དོར། གང་དག་ནག་པོའི་ཕྱོགས་གྱུར་པའི། །གསང་སྔགས་ཟབ་མོའི་ཆོ་ག་ལ། །ཉན་དང་ལྟ་བར་མི་དབང་བ། །དེ་དག་ཐམས་ཅད་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་ཁ་ཊྭཱྃ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་འགས་འགྱུར། ༀ་སུམྦྷ་ནི་སོགས་ཀྱིས་བགེགས་བསྐྲད། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཞེས་སྲུང་བའི་འཁོར་ལོ་གསལ་གདབ། རྒྱུན་གྱི་རྣལ་འབྱོར་ལྟ་བུར་དེ་ཡན་ཆད་མི་དགོས་སོ། །སྐྱབས་སེམས་ནི། བདག་གཞན་མཁའ་མཉམ་འགྲོ་བ་ཀུན། །དཀོན་མཆོག་རྩ་བ་གསུམ་གྱི་དངོས། །དབང་ཕྱུག་བཞད་པ་རྡོ་རྗེ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། མ་གྱུར་སེམས་ཅན་མཐའ་དག་རྣམས། །རྗེ་བཙུན་རས་པ་ཆེན་པོ་ཡི། །གོ་འཕང་བླ་མེད་འཐོབ་བྱའི་ཕྱིར། །སྒོ་གསུམ་དགེ་ལ་བཀོལ་བར་བྱ། །ལན་གསུམ། རང་སེམས་བླ་མར་རྟོགས་པས་གུས་ཕྱག་འཚལ། །ཚོགས་དྲུག་ཞེན་པ་བྲལ་བའི་མཆོད་པ་འབུལ། །གཉིས་འཛིན་ཨ་འཐས་རང་རིག་ཀློང་དུ་བཤགས། །ཐུགས་རྗེ་རྒྱུན་ཆད་མེད་ལ་ཡི་རང་ངོ་། །ཁྱབ་བདལ་ཡེ་ཤེས་ཆོས་འཁོར་བསྐོར་དུ་གསོལ། །མཆོག་ཏུ་མི་འགྱུར་ཆོས་སྐུར་བཞུགས་གསོལ་འདེབས། །མཁའ་ཁྱབ་འགྲོ་ཀུན་སྐུ་གསུམ་ཐོབ་ཕྱིར་བསྔོ། །འཁོར་བ་དོང་སྤྲུགས་འགྲོ་དོན་འགྲུབ་པར་ཤོག །ཅེས་ཡན་ལག་བདུན་པ་བྱ། རང་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿཧཱུྃ། རང་སྣང་རྣམ་དག་མཁའ་སྤྱོད་ཨོ་རྒྱན་ཞིང་། །ཆོས་འབྱུང་པད་ཉི་རོ་སྟེང་སྐད་ཅིག་གིས། །རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལི་ཁྲིའི་མདངས། །གྲི་གུག་ཐོད་ཁྲག་ཕྱག་རྒྱ་ལྔ་ཡིས་སྤྲས། ཁ་ཊྭཱྃ་གཡོན་བརྟེན་ཞབས་གཉིས་བརྐྱང་བསྐུམ་ཚུལ། །མེ་དཔུང་དབུས་བཞུགས་ལྟེ་བར་ཨེ་དབུས་སུ། །དོན་ཀུན་སྒྲུབ་བྱེད་འཁོར་ལོ་འོད་འབར་བའོ། །ཞེས་ལྟེ་བར་ཆོས་འབྱུང་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿ འདབ་བཞིར་ཧ་རི་ནི་ས། ཧྲཱིཿམཐར་སྔགས་ཕྲེང་གི་འོད་ཀྱིས་དོན་གཉིས་སྒྲུབ་པར་མོས་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་རླུང་དང་སྦྱར་བའི་འགོག་བཟླས་བྱ། དེ་ནས། རང་གི་ཐུགས་ལས་ཡེ་ཤེས་འོད་ཟེར་འཕྲོས། །དངོས་འཛིན་མཚན་བཅས་འོད་གསལ་དབྱིངས་སུ་སྦྱངས། །ཕྱི་སྣོད་ཆོས་དབྱིངས་འོག་མིན་སྟུག་པོ་བཀོད། །གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་། །མཆོད་པའི་ཡོ་བྱད་ཀུན་བཟང་སྨོན་ལམ་འཕྲུལ། །ཕྱི་ནང་གསང་བ་དེ་ཉིད་བཀོད་པའི་སྤྲིན། །ཟག་མེད་བདེ་སྐྱེད་ནམ་མཁའ་གང་བར་གྱུར། ༀ་ཨཱཿཧཱུྃ་བཛྲ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། རྟེན་བསྐྱེད་པ་ནི། གདོད་ནས་རྣམ་དག་སངས་རྒྱས་ཞིང་། །རླུང་ལྔ་དག་པ་སེང་གེའི་ཁྲི། །རྩ་ལྔ་དག་པ་པདྨའི་གདན། །ཁམས་ལྔ་དག་པ་ཉི་ཟླའི་སྟེང་། །སེམས་ཉིད་སྟོང་པ་བླ་མའི་སྐུ། །ཡེ་ཤེས་ལུས་ཅན་རྡོ་རྗེ་འཆང་། །མངོན་ཤེས་དྲུག་ལྡན་ཏེ་ལོ་པ། །སྒྱུ་འཕྲུལ་དྲྭ་བ་ནཱ་རོ་པ། །དགྱེས་མཛད་རྡོ་རྗེ་ལྷོ་བྲག་པ། །འགྲོ་བའི་མགོན་པོ་འཛམ་གླིང་གྲགས། །བཀའ་བརྒྱུད་ནོར་བུའི་ཕྲེང་བ་རྣམས། །གཅིག་འདུས་འཁོར་ལོའི་མགོན་པོའི་དངོས། །རྗེ་བཙུན་བཞད་པ་རྡོ་རྗེའི་ཞབས། །སྔོ་སངས་རས་དཀར་བླ་གོས་ཅན། །དབུ་སྐྲ་ཕྱིང་བུ་སྐུ་རྒྱབ་གྲོལ། །ཕྱག་གཡས་སྙན་གྱི་ཐད་ཀར་བསྟེན། །གཡོན་པས་མཉམ་བཞག་ཐོད་ཞལ་བསྣམས། །ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་མཛད། །སྟོང་ཉིད་ཤེས་རབ་རྣལ་འབྱོར་མ། །སྒོམ་ཐག་ཚུལ་གྱིས་སྐུ་ལ་འཁྱུད། །ཡེ་ཤེས་འོད་ལྔའི་གཟི་བྱིན་འབར། །གཞོམ་མེད་རྡོ་རྗེའི་མགུར་དབྱངས་སྒྲོགས། །ཐུགས་རྗེས་མོས་པའི་བུ་ལ་དགོངས། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་འཁོར། །སྤྲིན་ལྟར་འཁྲིགས་པའི་དབུས་ན་བཞུགས། །རྡོ་རྗེ་གསུམ་གྱི་འོད་ཟེར་གྱིས། །མངོན་པར་དགའ་སོགས་ཞིང་རྣམས་ནས། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཅང་ཏེའུ་དྲིལ་བུའི་སྒྲས་བསྐུལ། དད་མོས་གདུང་བའི་ཤུགས་བསྐྱེད་ལ། ཧཱུྃ། ཆོས་སྐུ་མཁའ་ཁྱབ་གཤེགས་བཞུད་མི་དམིགས་ཀྱང་། །ཐུགས་རྗེའི་སྒྱུ་འཕྲུལ་གང་འདུལ་གཟུགས་ཀྱི་སྐུ། །མོས་པའི་བློ་དང་འཚམས་པར་རྣམ་རོལ་བ། །དད་ལྡན་བསོད་ནམས་ཞིང་དུ་གཤེགས་སུ་གསོལ། །མངོན་དགའ་ལ་སོགས་དག་པའི་ཞིང་ཁམས་ནས། །དབང་ཕྱུག་བཞད་པ་རྡོ་རྗེ་མཁའ་འགྲོའི་གཙོ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་གཤེགས་སུ་གསོལ། ཨེ་ཨཱ་རལླི་ཕེཾ། བཛྲ་ས་མཱ་ཛཿ རྗེ་བཙུན་རས་པ་རྒྱལ་བ་སྲས་དང་བཅས། །གདུལ་བྱའི་ཡུལ་ལ་སྙིང་རྗེས་བརྩེར་དགོངས་ཏེ། །མཆོད་པའི་ཡུལ་དུ་བརྟན་པར་བཞུགས་ནས་ཀྱང་། །ལུས་ངག་ཡིད་ལ་རྡོ་རྗེའི་བྱིན་ཆེན་ཕོབ། །ཏིཥྛ་བཛྲ་ཧཱུྃ། ས་མ་ཡ་སྟྭཾ་ཧོ། རྡོ་རྗེའི་སྐུ་གསུང་ཐུགས་མཆོག་ཡོན་ཏན་དང་། །ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་བདག །སྐྱབས་གནས་ཀུན་འདུས་རྡོ་རྗེ་རྒྱལ་མཚན་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ན་མོ་ན་མཿཧཱུྃ། ཞིང་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་ཀུན། །ལྷ་རྫས་ཡིད་འོང་ཕྱི་ཡི་མཆོད་པའི་སྤྲིན། །ཀུན་བཟང་རྣམ་པར་རོལ་པས་བཀང་སྟེ་འབུལ། །ཚོགས་གཉིས་ཡོངས་རྫོགས་ཆོས་ཀྱི་རྒྱལ་པོར་ཤོག །ཕུང་ཁམས་སྐྱེ་མཆེད་འདོད་པའི་ཡོན་ཏན་ལྔ། །རང་བཞིན་རྣམ་དག་རྡོ་རྗེའི་ཕོ་ཉ་མོ། །ནམ་མཁའ་གང་བས་བླ་མའི་འཁོར་ལོར་མཆོད། །དུག་ལྔ་རང་གྲོལ་སྐུ་ལྔ་ཐོབ་པར་ཤོག །ཐབས་ཤེས་ཟུང་འཇུག་འགྱུར་མེད་ལྷན་ཅིག་སྐྱེས། །བདེ་སྟོང་ཡེ་ཤེས་ཆེན་པོའི་དགའ་སྟོན་ལ། །ཟག་མེད་ཏིང་འཛིན་རོལ་པས་དབང་བསྒྱུར་ནས། །སྲིད་པའི་སྡུག་བསྔལ་འཆིང་ལས་གྲོལ་བར་མཛོད། །གང་ལ་ཐོག་མཐའ་དབུས་མེད་འཁོར་འདས་མེད། །ཆོས་ཀུན་རང་བཞིན་གཉུག་མ་ཕྱག་རྒྱ་ཆེ། །ཡིད་བྱེད་ལས་འདས་འཁོར་གསུམ་རྣམ་པར་དག །རང་བཞིན་ལྷུན་གྲུབ་མཆོད་པ་ཆེན་པོའོ། །ༀ་བཛྲ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཕྱི་ནང་གསང་བའི་མཎྜལ་ནི། ༀ་ཨཱཿཧཱུྃ། གླིང་བཞིའི་འཇིག་རྟེན་རབ་འབྱམས་རྒྱུད་མཚམས་སྦྱོར། །རབ་འབྱམས་རྒྱ་མཚོའི་ཞིང་གི་འབྱོར་པའི་ཚོགས། །མ་ལུས་བློ་ཡིས་བླངས་ཏེ་འབུལ་ལགས་ན། །དེ་སྙེད་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །བདག་ལུས་ལོངས་སྤྱོད་བདོག་པ་ཅི་མཆིས་དང་། །ཕུང་ཁམས་སྐྱེ་མཆེད་འཕྲལ་ཡུན་འདུན་མར་བཅས། །བདག་ཏུ་བཟུང་བའི་དངོས་པོར་གྱུར་ཚད་ཀུན། །འབུལ་གྱིས་བདག་འཛིན་ཞི་བར་བྱིན་གྱིས་རློབས། །དངོས་དང་དངོས་མིན་མཐའ་ལས་ཡོངས་གྲོལ་ཞིང་། །སྐྱེ་འགག་གནས་གསུམ་འགྲོ་འོང་རྟག་ཆད་ཀྱི། །མིང་མཚན་ལས་འདས་གནས་ལུགས་མཎྜལ་མཆོག །ཕུལ་བས་རྗེ་བཙུན་ཁྱེད་དང་དབྱེར་མེད་ཤོག །ༀ་གུ་རུ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བསྟོད་པ་ནི། གུ་རུ་ན་མོ་ཧཱུྃ། སྙིང་རྗེ་ཆེན་པོ་སེམས་ཆེན་པོ། །དམིགས་པ་ཆེན་པོ་བློ་ཆེན་པོ། །གོ་ཆ་ཆེན་པོ་མཚོན་ཆེན་པོ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དད་པ་ཆེན་པོ་གུས་ཆེན་པོ། །དམ་ཚིག་ཆེན་པོ་བརྟུལ་ཞུགས་ཆེ། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་པོ། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ཐབས་ཆེན་པོ། །བདེ་བ་ཆེན་པོ་གསལ་བ་ཆེ། །སྟོང་པ་ཆེན་པོ་རྒྱ་ཆེན་པོ། །ཐུབ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཐེག་པ་ཆེན་པོ་ས་ཆེན་པོ། །ལམ་ཆེན་ཡེ་ཤེས་ཆེན་པོ་སྟེ། །ཡོན་ཏན་ཆེན་པོ་སྙན་གྲགས་ཆེ། །བདག་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཆེན་པོ་སྣང་བ་ཆེ། །རྫུ་འཕྲུལ་ཆེན་པོ་གདུལ་བྱ་ཆེ། །བྱིན་རླབས་ཆེན་པོ་དོན་ཆེན་པོ། །སྐྱབས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་ཆེན་གཟི་བརྗིད་ཆེན་པོ་པ། །གསུང་དབྱངས་ཆེན་པོ་འོད་པོ་ཆེ། །མཁྱེན་པ་ཆེན་པོ་མཐུ་སྟོབས་ཆེ། །དཔལ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བ། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚལ་བསྟོད། །སླར་ཡན་ལག་བདུན་གྱིས་ཚོགས་བསགས་པ་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་སོ་སོར་བཤགས། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང་། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་རྩོལ་ལོངས་སྐུར་རྟོགས་པར་བྱིན་གྱིས་རློབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །དེ་ནས་བླ་མའི་དཀྱིལ་འཁོར་དང་རང་གི་སེམས། གཉུག་མ་གཤིས་ཀྱི་གནས་ལུགས་གསུམ་པོ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ལྟ་བ་རང་བྱུང་རང་བབ་བཅོས་མེད་དུ་བསྐྱང་ལ། ༀ་ཨཱཿགུ་རུ་ཧཱ་ས་བཛྲ་ཧཱུྃ། ཞེས་ཅི་ནུས་བཟླ། གཞན་ཡང་གསོལ་འདེབས་ཀྱི་བཟླས་པ་བཀའ་བརྒྱུད་རིན་པོ་ཆེའི་གསུང་བྱིན་རླབས་དང་ལྡན་པ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཚིག་འགོ་འགྲེས་སྦྱར་ལ། བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ༴ བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ ཞེས་མ་ནམ་བཞི་སྐོར་ཅི་ནུས་བསགས་ལ་མོས་གུས་ཀྱི་རྩལ་བསྐྱེད། བདག་དང་སེམས་ཅན་ཐམས་ཅད་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས༴ ལམ་འཁྲུལ་པ་སེལ་བར་བྱིན་གྱིས༴ འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས༴ བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །འདུག་ས་འདི་ཉིད་དུ་དག་པར༴ ཐུན་འདི་ཉིད་དུ༴ བདག་གི་རྒྱུད་འདི་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྒྱུད་འདི་རྣམ་པར་གྲོལ་བར༴ ད་ལྟ་ཉིད་དུ་གྲོལ་བར༴ འདུག་ས་འདི༴ ཐུན་འདི་ཉིད༴ བདག་གི་རྒྱུད་ལ་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན༴ ད་ལྟ་ཉིད་དུ་སྐྱེ༴ འདུག་ས༴ ཐུན་འདི་ཉིད༴ ཡེ་ཤེས་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ༴ ད་ལྟ༴ འདུག་ས༴ ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གོང་དང་སྦྲེལ་ལ་ཚར་གྲངས་གང་ནུས་ཀྱིས་གསོལ་བ་གདབ། རྒྱས་པར་སྤྲོ་ན་འདིར་རྗེ་བཙུན་མི་ལའི་གསོལ་འདེབས་དམིགས་གསལ་རྒྱས་བསྡུས་གང་ཤེས་བྱ། སྙིང་པོ་ལྟ་བུ་རྗེ་བརྒྱད་པའི་གསུང་ནི། བྱང་ཕྱོགས་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །མི་ལ་མཆོག་ལ་གསོལ་བ་འདེབས། །བདེ་ཆེན་བརྗོད་མེད་རོ་ཡིས་མྱོས། །སྲིད་གསུམ་དག་པའི་ཕྱག་རྒྱས་བཅིངས། །བསྲེགས་བཞུའི་ལམ་ནས་ལྷན་ཅིག་སྐྱེས། །མི་ལ༴ རགས་སྣང་ཕྲ་ཐིག་ཟབ་མོ་བརྟེན། །ཕྲ་མྱོང་བདག་བྱིན་བརླབ་པར་མཛད། །གསང་བའི་དཀྱིལ་འཁོར་རིགས་ཀྱི་བདག །མི་ལ༴ འཛག་མེད་གཙོ་མོར་ས་བོན་བཀྲོལ། །སྲིད་དག་ལམ་དུ་སྙིང་རྗེས་ལེན། །ནུས་པ་དྲག་པོའི་སྐུར་བཞེངས་པ། །མི་ལ་མཆོག་ལ༴ བདག་ཀྱང་འཁོར་བ་མི་སྤོང་ཞིང་། །མྱང་འདས་ཞི་བར་མི་འཇུག་པར། །མཁའ་སྤྱོད་དབང་ཕྱུག་མི་ལ་ཡི། །མཆོག་གི་དངོས་གྲུབ་འགྲུབ་གྱུར་ཅིག །ཅེས་དང་། རྗེ་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །ཞེས་གདུང་ཤུགས་དྲག་པོས་ཕུར་ཚུགས་གསོལ་བ་ཅི་ནུས་གདབ། མཐར། རྗེ་སྐུ་ཚེ་གཅིག་ལ་སངས་རྒྱས་ནས། །མཚན་ཐོས་ཚད་འཁོར་བ་དོང་སྤྲུགས་པ། །རྣལ་འབྱོར་གྱི་དབང་ཕྱུག་རིན་པོ་ཆེ། །དཔལ་བཞད་པ་རྡོ་རྗེ་སྤྲུལ་པའི་སྐུ། །ཕ་རྗེ་བཙུན་རས་པ་ཆེན་པོ་ལ། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །ཡིད་ཐེ་ཚོམ་མེད་པའི་བློ་གཏད་ཞུ། །དུས་འདི་ཕྱི་ཀུན་ཏུ་ཐུགས་རྗེས་ཟུངས། །ཚེ་ལོང་མེད་མི་རྟག་སྐྱོ་ཤས་སྐྱེས། །བློ་དམ་པའི་ཆོས་སུ་འགྲོ་བ་དང་། །ལམ་དམན་དང་ལོག་པར་མི་གོལ་བར། །ཆོས་བྱས་ཚད་ལམ་དུ་འགྲོ་བ་དང་། །ལས་རྒྱུ་འབྲས་བླང་དོར་མི་འཆོལ་ཞིང་། །རྒྱུད་སྡོམ་པ་དམ་ཚིག་རྣམ་པར་དག །ཚོགས་ཟག་བཅས་ཟག་མེད་ཡོངས་སུ་རྫོགས། །ཕྱི་ཆོས་བརྒྱད་ཉོན་མོངས་འཆིང་ལས་གྲོལ། །ནང་ཞུ་བདེའི་ལམ་གསང་མཐའ་རུ་ཕྱིན། །དོན་རང་རིག་གཉུག་མ་ཕྱག་རྒྱ་ཆེ། །གཤིས་སྐུ་གསུམ་རྩལ་སྣང་ཆོས་ཉིད་རྒྱན། །རྗེ་རས་པ་ཆེན་པོའི་གསང་གསུམ་དང་། །དབྱེར་མི་ཕྱེད་རང་རིག་སྙིང་དབུས་སད། །དུས་སྐད་ཅིག་མངོན་པར་སངས་རྒྱས་ཏེ། །མ་མཁའ་ཁྱབ་འགྲོ་བ་འདྲེན་ནུས་པའི། །མཆོག་ཐུན་མོང་དངོས་གྲུབ་མ་ལུས་པ། །སྟན་འདི་རུ་ཐོབ་པར་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ་གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ། སྐབས་འདིར་སྤྲོ་ན་ཚོགས་ཀྱི་ཡོ་བྱད་གང་འབྱོར་བསང་སྦྱང་། མ་དག་དྲི་སྦྱངས་ཡེ་ཤེས་བྷནྡྷའི་ནང་། །ཚོགས་རྫས་དམ་ཡེ་དབྱེར་མེད་བདུད་རྩིའི་མཚོ། །འདོད་ཡོན་རྣམ་པར་དཔག་མེད་འཆར་བ་ཡིས། །བླ་མེད་བླ་མའི་དཀྱིལ་འཁོར་མཉེས་བྱེད་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། བྱིན་རླབས་འབེབས་པ་ནི། གནས་རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས། །ཡུལ་དངོས་འཛིན་བྲལ་བའི་ཞིང་ཁམས་ནས། །དོན་ཆོས་སྐུ་སྤྲོས་དང་བྲལ་བའི་གདངས། །རྗེ་ཡེ་ཤེས་སྒྱུ་འཕྲུལ་རས་པ་ཆེ། །ཕ་བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །མ་གནས་གསུམ་ཌཱ་ཀི་ཆོས་སྐྱོང་བཅས། །གནས་དམ་ཚིག་གཙང་མའི་ཚོགས་ཁང་འདིར། །བུ་མོས་གུས་གདུང་བས་སྤྱན་འདྲེན་ན། །སྐུ་གསལ་སྟོང་འཇའ་འོད་ལམ་སེ་ལམ། །གསུང་རྡོ་རྗེའི་མགུར་དབྱངས་ཀྱུ་རུ་རུ། །ཐུགས་བདེ་སྟོང་ཏིང་འཛིན་ཡ་ལ་ལ། །མཆོག་ཐུན་མོང་དངོས་གྲུབ་ཤ་ར་ར། །མཆོག་ཡེ་ཤེས་བྱིན་ཆེན་ཐིབས་སེ་ཐིབ། །ཚོགས་འཁོར་ལོའི་འདུ་བར་གཤེགས་སུ་གསོལ། །ཕྱི་གནས་ཁང་འོག་མིན་མཁའ་སྤྱོད་ཞིང་། །ནང་མཆེད་ལྕམ་དཔའ་བོ་རྣལ་འབྱོར་མ། །བཅུད་ཟག་མེད་ཡེ་ཤེས་བདུད་རྩི་ཆེ། །དོན་ལྷན་སྐྱེས་ཆོས་སྐུ་རྗེན་པ་རུ། །དུས་སྟན་ཐོག་འདི་རུ་བྱིན་གྱིས་རློབས། །ཚོགས་རྫས་རྣམས་ཆ་གསུམ་དུ་བགོས་པའི་ཕུད་བླ་མའི་མཎྜལ་གྱི་དྲུང་དུ་ཕུལ་ལ། ཧོ། ཚོགས་མཆོད་ཟག་མེད་བདུད་རྩིའི་མཚོ། །ཡེ་ཤེས་རོལ་པའི་མཆོད་སྤྲིན་འདི། །སྐྱབས་གནས་ཀུན་འདུས་འགྲོ་བའི་མགོན། །མཁའ་འགྲོའི་དབང་ཕྱུག་རས་པ་ཆེ། །རྗེ་བཙུན་བཞད་པ་རྡོ་རྗེ་དང་། །ཡི་དམ་དཔའ་བོ་རྣལ་འབྱོར་མ། །ཆོས་སྲུང་བཀའ་སྡོད་བཅས་ལ་འབུལ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་བསྐང་། །ཚེ་གཅིག་མངོན་འཚང་རྒྱ་བར་མཛོད། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གནས་གསུམ་དཔའ་བོ་མཁའ་འགྲོ་བསྐང་། །ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས། །ཆོས་སྐྱོང་བཀའ་སྡོད་འཁོར་བཅས་བསྐང་། །བསྟན་ལ་གནོད་པའི་དགྲ་བགེགས་སྒྲོལ། །དམ་ཚིག་ཆགས་ཉམས་སོར་ཆུད་ནས། །སྐྱེ་མེད་ཆོས་སྐུ་མངོན་གྱུར་ཤོག །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་དམ་ཚིག་གི་རྫས་སུ་རོལ་ལ། ཧོ། རང་ལུས་གདན་གསུམ་ཚང་བའི་ལྷར། །ནང་གི་སྲེག་བླུགས་ཕུལ་བ་ཡིས། །མྱུར་དུ་རྡོ་རྗེའི་ལམ་བགྲོད་ནས། །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ཅིག །ལྷག་མ་རྣམས། ༀ་ཨཱཿཧཱུྃ། གིས་བྱིན་བརླབས་ནས། ཚོགས་ལྷག་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འདི། །གནས་ཡུལ་དུར་ཁྲོད་འཇིག་རྟེན་ཁམས་ཉུལ་བའི། །བསྟན་སྲུང་རྣལ་འབྱོར་སྐྱོང་བའི་ཚོགས་ལ་འབུལ། །ཐ་ཚིག་མ་བསྙེལ་རྣལ་འབྱོར་གྲོགས་མཛོད་ཅིག །ཅེས་བསྔོའོ། །རྗེས་ཀྱི་བྱ་བ་ནི། རྗེ་བཙུན་རས་པ་རྩ་གསུམ་ལྷ་ཚོགས་ཀྱིས། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གསོལ་བ་བཏབ་པས་འཁོར་རྣམས་འོད་དུ་ཞུ། །གཙོ་བོའི་སྐུར་ཐིམ་དེ་ཡི་གནས་གསུམ་ནས། །བྱིན་རླབས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །བདག་གི་གནས་གསུམ་ལ་ཐིམ་སྒོ་གསུམ་གྱི། །སྒྲིབ་དག་བུམ་གསང་ཤེར་ཡེའི་དབང་མཆོག་ཐོབ། །སྐུ་གསུམ་མངོན་དུ་བྱེད་པའི་སྐལ་ཅན་བྱས། །མོས་གུས་ཤུགས་ཀྱིས་རྗེ་བཙུན་འོད་དུ་ཞུ། །སྤྱི་བོ་ནས་ཞུགས་རང་དང་དབྱེར་མེད་འདྲེས། །ལྷན་སྐྱེས་སྒྲིབ་དག་དོན་གྱི་དབང་བཞི་ཐོབ། །ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག །གསང་གསུམ་སྒོ་གསུམ་དབྱེར་མེད་རོ་གཅིག་གྱུར། །དོན་དམ་ཆོས་སྐུ་བློ་བྲལ་བདེ་བ་ཆེ། །ཡིད་ལ་མི་བྱེད་གཉུག་མ་ལྷན་ཅིག་སྐྱེས། །སྣང་སྲིད་ཕྱག་རྒྱ་ཆེན་པོ་ཨེ་མ་ཧོ། །ཞེས་མ་བཅོས་ཐ་མལ་གཉུག་མའི་ཤེས་པ་ཅི་གནས་སུ་བསྐྱང་ཞིང་། རྗེས་ཐོབ་ཏུ་སྣང་སྲིད་བླ་མ་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར། ཆོས་བརྒྱད་ལ་ཐོག་བརྫིས་བཏང་། འདིར་སྣང་གི་འཁྲི་བ་བཅད། དག་སྣང་དང་མོས་གུས་རྒྱུན་ཆད་མེད་པས་བསྒོམ་མེད་ཡེངས་མེད་ཀྱི་དྲན་ཤེས་ཆུ་བོའི་རྒྱུན་བཞིན་དུ་བརྟེན་ནས། གནས་ལུགས་ཕྱག་རྒྱ་ཆེན་པོའི་གཏན་སྲིད་ཚེ་གཅིག་ལ་ཟིན་པར་བྱའོ། །བསྔོ་སྨོན་ནི། དགེ་བ་འདི་དང་དུས་གསུམ་བསགས་པ་ཡི། །དགེ་ཀུན་སྲས་བཅས་རྒྱལ་བས་བསྔོས་པ་ལྟར། །མི་གནས་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །ཟུང་འཇུག་གོ་འཕང་ཚེ་འདིར་འཐོབ་པར་ཤོག །སྒྲུབ་ལ་བརྩོན་པ་མཐར་ཕྱིན་ཞིང་། །འཁྲུལ་པའི་ས་བོན་རྒྱུན་ཆད་ནས། །རྗེ་བཙུན་རས་པ་ཆེན་པོ་དང་། །རྣམ་ཐར་ཕྲིན་ལས་མཉམ་གྱུར་ཅིག །ཤིས་པ་བརྗོད་པ་ནི། བཀའ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ཆེན་འཁྲིགས། །ཡི་དམ་ལྷ་ཚོགས་དངོས་གྲུབ་ཆར་རྒྱུན་འབེབས། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་འབྲས་བུ་སྨིན། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །དཀྱིལ་འཁོར་ཀུན་གཙོ་བླ་མ་སྒྲུབ་པ་ནི། །རྒྱལ་བས་རྒྱུད་སྡེ་ཀུན་ནས་ཡང་ཡང་བསྔགས། །བླ་མ་གྲུབ་པའི་དབང་ཕྱུག་མི་ལ་རྗེ། །མཚན་ཙམ་ཐོས་ཀྱང་སྐྱེ་བ་བདུན་བརྒྱུད་དུ། །ངན་སོང་སྐྱེ་སྒོ་གཅོད་པར་ཞལ་གྱིས་བཞེས། །ད་ལྟ་ཟུང་འཇུག་ཆེན་པོའི་རྒྱལ་སར་བཞུགས། །འཁོར་འདས་བརྟན་གཡོ་མ་ལུས་བྱིན་གྱིས་བརླབ། །གསོལ་བ་བཏབ་ན་ཐུགས་རྗེས་ངེས་པར་གཟིགས། །བྱིན་རླབས་ཟིལ་ཆེན་དད་ལྡན་ཡོངས་ལ་འབེབས། །དེ་ཕྱིར་སྒྲུབ་བརྩོན་རྣལ་འབྱོར་དབང་ཕྱུག་མཆོག །སྣང་རྩེ་རི་ཁྲོད་ཞབས་ཀྱིས་རིང་མོ་ནས། །བསྐུལ་ངོར་རྗེ་བཙུན་རས་པའི་བཀའ་བརྒྱུད་པ། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཡིས། །དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་ཚལ། །ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ། །སྦྱར་འདིར་འབྲེལ་ཚད་འགྲོ་བ་མ་ལུས་པ། །རྗེ་བཙུན་རས་པ་ཆེན་པོས་རྗེས་འཛིན་ཤོག །དགེ་ལེགས་འཕེལ།། ༈ །།འདིའི་མ་དཔེ་རྒྱ་ཆེན་བཀའ་མཛོད་དཔལ་སྤུངས་པར་མ་པོད་༼ཀ༽ལ་བཞུགས་སོ། །སརྦ་མངྒ་ལཾ།།