Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

2 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
 
  
  
  
  
བདེ་བ་ཅན་ལས་འོངས་པའི་བདུད་རྩིའི་ཉིང་ཁུའི་སྒྲུབ་ཐབས།
 
  
  
  
  
  
  
  
  
  
  
  
  


2 occurrences of བྱམས་པ་གླིང་
[Clear Hits]

 
previousབདེ་བ་ཅན་ལས་འོངས་པའི་བདུད་རྩིའི་ཉིང་ཁུའི་སྒྲུབ་ཐབས།next

བདེ་བ་ཅན་ལས་འོངས་པའི་བདུད་རྩིའི་ཉིང་ཁུའི་སྒྲུབ་ཐབས།

བདེ་བ་ཅན་ལས་འོངས་པའི་བདུད་རྩིའི་ཉིང་ཁུའི་སྒྲུབ་ཐབས་བཞུགས་སོ། །བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཚེ་དཔག་མེད་པའི་གསུང་གི་ཉི་མའི་འོད། །གྲུབ་པའི་རྒྱལ་མོའི་ཁར་ཆགས་སྐྱ་རེངས་ཅན། །རས་ཆུང་ཤར་རིའི་ཕྲག་པར་བབས་གྱུར་པའི། །སྣང་བ་ཆེན་པོ་འབྲུག་པའི་ཉིན་མོས་བཟུང་། །འཆི་མེད་ལམ་གྱི་ས་མཁན་མཆོག་དེ་དག །སྤྱི་བོར་མཆོད་པ་གཞར་ཡང་མི་གཏོང་ཞིང་། །ཟུང་འཇུག་ལམ་གྱི་བདུད་རྩིས་འཚོ་བ་འདིའི། །བཀའ་དྲིན་སྙིང་དང་བྲལ་བར་མ་གྱུར་ཅིག །རྗེ་བཙུན་བླ་མས་རྗེས་སུ་ཟིན་པའི་བུ། །གང་དེར་ཟོལ་མེད་དད་དང་ཆབས་གཅིག་པར། །རྡོ་རྗེ་གསུམ་གྱི་གསང་བའི་དེ་ཉིད་གཏམ། །སྤོབས་པར་བྱེད་པས་ནམ་ཡང་ངོམས་མ་གྱུར། །འདིར། བདེ་བ་ཅན་ལས་འོངས་པའི་བདུད་རྩིའི་ཉིང་ཁུ་འཆི་མེད་བསྒྲུབ་པའི་ལམ་གསང་རྡོ་རྗེ་གསུམ་གྱི་སྒྲུབ་པ་ཁྱད་པར་བ། གྲུབ་པའི་རྒྱལ་མོའི་དགོངས་པའི་བསྐྱལ་ས་རྗེ་བཙུན་རས་པ་གཉིས་ཀྱི་གོང་ཁུག་ཏུ་འཆད་པའི་ཁྲིད། དཔལ་ལྡན་འབྲུག་པའི་ཉམས་བཞེས་ཀྱི་བགོ་སྐལ་ཟབ་པ་ཐམས་ཅད་ཀྱི་སྙིང་། །རྒྱ་ཆེ་བ་ཐམས་ཅད་ཀྱི་ཐུགས། རྡོ་རྗེའི་ཚིག་ཐམས་ཅད་ཀྱི་ལྡེ་མིག དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་ལ་བརྣགས་པའི་མན་ངག་འདི་བཤད་པ་ལ་བརྒྱུད་པ་དང་གདམས་པ་གཉིས་ལས། དང་པོ་ནི། འོག་མིན་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་དེ་ཉིད་ཀྱིས་རྣལ་འབྱོར་མ་ཐམས་ཅད་ཀྱི་དབང་ཕྱུག་མ་གྲུབ་པའི་རྒྱལ་མོ་ལ་གདམས་ཤིང་། དེས། རྣལ་འབྱོར་པའི་དབང་ཕྱུག་རས་ཆུང་ཞབས་ཀྱི་ངེས་པའི་འཆི་ལྟས་དུས་ཐུང་ངུས་སློག་སྟེ་ཡུམ་སྲས་དེ་གཉིས་ལ་དཔལ་བཞད་པའི་རྡོ་རྗེས་ནོས་ཤིང་། དེས་མགོན་པོ་ཟླ་འོད་གཞོན་ནུ། དེས་དཔལ་ཕག་མོ་གྲུ་པ། དེས་གངས་ཅན་གྱི་རི་བོའི་ས་ར་ཧ་ཆེན་པོ། དེས་ཆོས་རྗེ་པ། དེ་ནས་སེང་གེའི་མཚན་བདུན་པའི་བར་བརྒྱུད་ནས། མཁན་པོ་རྡོ་རྗེ་རིན་ཆེན། སླད་ནས་སེང་གེའི་མཚན་གཉིས་དང་། རིགས་གསུམ་མགོན་པོའི་སྤྲུལ་པའི་སྐུ། །མཚུངས་མེད་རྒྱལ་བའི་དབང་པོ། རིགས་ཐམས་ཅད་ཀྱི་མངའ་བདག་ངག་གི་དབང་པོའི་ཞལ་སྔ་ནས་ཀྱི་བར་དུ་རྒྱུན་མ་ཆད་པར་འོངས་པ་རྗེ་བཙུན་མཆོག་དེས། བདག་གི་ཡང་སྤྱོད་ཡུལ་དུ་གྱུར་པ་མཛད་དོ། །གཉིས་པ་གདམས་པ་ལ། སྦྱང་བ་གཞིའི་རིམ་པ། སྦྱོང་བྱེད་ལམ་གྱི་རིམ་པ། སྦྱངས་པ་འབྲས་བུའི་རིམ་པ་གསུམ་ལས། དང་པོ་ནི། བུ་ཀྱེ་ཚེ་དཔག་མེད་པ་བསྒྲུབ་པའི་ལམ། །སྙིང་པོའི་སྙིང་དུ་གཏོགས་པ་འདི་ཡིན་ཏེ། །སྦྱང་གཞི་གདོས་བཅས་ལུས་དང་ལས་ཀྱི་རླུང་། །ཐིག་ལེ་འཛག་པ་ཡིན་པས་བསྣུན་པ་གསུམ། །ཞེས་པའི་དོན། ལུས་སྐུ་རྡོ་རྗེར་བསྒྲུབ་པའི་སྦྱང་གཞི་གདོས་བཅས་ཀྱི་ལུས་ཡིན་ལ། ལུས་ཀྱི་གནད་རྩ་ལ་ཡོད་ཅིང་། རྩའི་སྐྱོན་མ་དག་པ་ལས་ནི། དེ་དང་དེར་རླུང་ཚུལ་བཞིན་ཏུ་མི་རྒྱུ་བས་ནད་དང་རྒས་པ་དང་འཆི་བ་བསྐྱེད་ཅིང་། རྒྱུས་པ་ལས་ནི་ནད་མེད་པ་དང་། སྟོབས་རྒྱས་པས་རྒས་པར་མི་འགྱུར་བ་དང་། གནས་སྐབས་དང་མཐར་ཐུག་གི་འཆི་བ་མེད་པ་སྟེར་བར་བྱེད་དོ། །ངག་གསུང་རྡོ་རྗེར་བསྒྲུབ་པའི་སྦྱང་གཞི་ནི་ལས་ཀྱི་རླུང་ཡིན་ལ་ངག་གི་གནད་ཟླ་ཉིའི་ཆོས་ཅན་ལ་ཡོད་ཅིང་ཟླ་ཉི་རང་དབང་དུ་བགྲོད་པས་དབུ་མའི་ལོངས་སྤྱོད་རང་གི་ཆོས་ཅན་དུ་བྱས་པའི་དབང་ལས་ནད་ལ་སོགས་པ་སྔར་བཞིན་དུ་འགྱུར་ལ། བགྲོད་པ་གཉིས་པོ་དེ་དག་གི་ལོངས་སྤྱོད་མཐའ་དག་རྣལ་འབྱོར་གྱི་སྟོབས་ཀྱིས་དབུ་མའི་རང་ཉམས་སུ་བྱས་པས་ནད་མེད་པ་ལ་སོགས་པར་འགྱུར་རོ། །ཡིད་ཐུགས་རྡོ་རྗེ་བསྒྲུབ་པའི་སྦྱང་གཞི་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཡིན་ལ། ཡིད་ཀྱི་གནད་ཐིག་ལེ་ལ་ཡོད་ཅིང་། ཐིག་ལེ་དཀར་པོ་ཐུར་དང་དམར་པོ་གྱེན་དུ་ཟགས་པ་ལས་ནི་ནད་སོགས་དང་། མེ་ཆུའི་བྱ་བ་བཟློག་པར་དཀའ་བ་དག་བཙན་ཐབས་སུ་གོང་བུར་བྱ་བའི་སྦྱོར་བས་འཆིང་བ་དང་། གྲུབ་པའི་དངུལ་ཆུས་ལྕགས་འབིགས་པ་ལྟར་ལུས་ལ་ཁྱབ་པར་བྱེད་པས་ནད་མེད་པ་ལ་སོགས་པར་འགྱུར་རོ། །དེ་བས་འདིར་རྩ་རླུང་ཐིག་ལེ་གསུམ་དང་ལུས་ངག་ཡིད་གསུམ་ཞེས་པ་དོན་གཅིག་པས་དེ་གསུམ་འཆི་མེད་དུ་བསྒྲུབ་པའི་གཞིར་གཟུང་ནས། ལུས་འཆི་མེད་དུ་བསྣུན་པའི་ས་ནི་རྩའི་དྭངས་མ་དབུ་མ་དང་། ངག་འཆི་མེད་དུ་གནད་དུ་བསྣུན་པའི་ས་ནི་རླུང་མཉམ་རྒྱུ་དང་། ཡིད་འཆི་མེད་དུ་གནད་དུ་བསྣུན་པའི་ས་ནི་ཁམས་དཀར་དམར་འདུ་འཕྲོད་བྱས་པའི་དུས་སོ། །གཉིས་པ་སྦྱོང་བྱེད་ལམ་གྱི་རིམ་པ་ལ། ཚེ་དཔག་ཏུ་མེད་པར་སྨིན་པར་བྱེད་པ་དང་། རྗེས་སུ་དཔག་པས་ཚེ་དཔག་ཏུ་མེད་པར་བསྒྲུབ་པ་དང་། མངོན་སུམ་ཚད་མས་ཚེ་དཔག་ཏུ་མེད་པར་བསྒྲུབ་པ་གསུམ་ལས། དང་པོ་ནི། སྦྱོང་བྱེད་སྨིན་དང་ཞེས་པའི་དོན། ལྷ་མངས་སམ། ལྷ་དགུའི་ཆོ་གར་བཤད་པའི་དབང་གང་ཡང་རུང་བ་ནོད་པའོ། །གཉིས་པ་རྗེས་སུ་དཔག་པས་ཚེ་དཔག་ཏུ་མེད་པར་བསྒྲུབ་པ་ནི། རྗེས་དཔག་ཅེས་པའི་དོན་ཏེ། ཐོག་མ་མེད་པ་ནས་མ་རིག་པའི་མུན་པར་སོང་བའི་སེམས་ཅན་གྱི་ཁམས་རིས་མེད་པ་དྲུངས་ཕྱུང་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་སྣང་བ་ཡང་དག་པར་སད་པར་བྱ་བའི་ཕྱིར་གནས་སྐབས་དང་མཐར་ཐུག་གི་འཆི་བ་མེད་པའི་གོ་འཕང་བསྒྲུབ་པར་བྱའོ་སྙམ་དུ་ཡིད་བརྣགས་པ་དག་གིས། གང་དུ་དགའ་བའི་གནས་སུ། བྱ་རོག་གི་སྐད་མི་སྒྲག་པའམ། སྐྱ་རེངས་མ་ཤར་གོང་ཙམ་དུ་འཇམ་པོའི་སྟན་ལ་བདེ་བའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འདུག་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས། ཚད་མེད་པ་བཞི་བསྒོམས་ཏེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུད་དྷཱོཧཾ། ཞེས་བརྗོད་པས་ཆོས་ཉིད་དེ་བཞིན་ཉིད་གསལ་བཏབ་པའི་གསལ་སྣང་ཕྱིར་ཆད་པ་ལྟ་བུ་མདུན་གྱི་ནམ་མཁར་སྲཱིཿཡིག་དམར་པོ་རྨ་བྱའི་ཁྲི་དང་པད་ཟླ་ལ་གནས་པ་དེའི་འོད་ཟེར་གྱིས་བདེ་བ་ཅན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་བཅོམ་ལྡན་འདས་རྣམས་ཀྱི་སྐུ་གསུང་ཐུགས་འོད་ཟེར་གྱི་རྣམ་པར་བསྡུས་པ། དེ་ཉིད་དང་དབྱེར་མི་ཕྱེད་པར་གྱུར་པ་དེ་ཡོངས་སུ་གྱུར་པ་ལས་བདེ་བ་ཅན་གྱི་སྟོན་པ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ཉི་མའི་འོད་ཀྱིས་ལི་ཁྲི་རི་བོ་བཞུ་བའི་མདོག་ལྟར་དམར་སེར་ཞལ་གཅིག་ཤིན་ཏུ་ཞི་བའི་སྐུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་གང་ལ་རེག་པས་འཆི་བ་མེད་པའི་རིག་འཛིན་དུ་འགྱུར་བས་གསེར་འགྱུར་གྱི་རྩི་ལྟ་བུའི་བདུད་རྩི་སྦྲང་རྩིའི་ཉིང་ཁུ་འདྲ་བས་བཻཌཱུརྻ་མཐོན་མཐིང་གི་ལྷུང་བཟེད་བཀང་སྟེ་བསྣམ་པ། རལ་པའི་ཟུར་ཕུད་ཡིད་བཞིན་གྱི་ནོར་བུས་སྤྲས་ཤིང་ལྷ་རྫས་ཀྱིས་གཞལ་དུ་མེད་པའི་རིན་པོ་ཆེའི་ཅོད་པན། སྙན་ཆ། མགུལ་རྒྱན། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ། པཉྩྨ་ལཱི་ཀའི་སྟོད་གཡོགས་དང་སྨད་གཡོགས་ཅན། མཚན་དང་དཔེ་བྱད་ཀྱིས་བལྟ་བའི་མིག་ངོམས་པ་མེད་པས་ཕྱིས་ཕྱིར་ཡང་བལྟ་བར་འདོད་པ། འོད་ཟེར་གྱི་དབུས་ན་ཁྲི་དང་པད་ཟླ་ལ་རབ་ཏུ་བཞུགས་པའི་ལྷའི་སྣང་བ་ཡུན་རིང་དུ་བསྒོམ་མོ། །དེ་ནས། རང་གི་ལུས་ཞིང་གི་རྡུལ་ཇི་སྙེད་པ་དེ་སྙེད་པ་རེ་རེ་ལའང་རྒྱ་མཚོའི་ལྕེ་དང་ལྡན་པར་མོས་ཏེ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་ཡན་ལག་བདུན་པས་བྱང་ཆུབ་སེམས་དཔའ་དེའི་རྣམ་པར་ཐར་པ་ལྟར་དུ་མཆོད་ནས། ཨོཾ་བཛྭ་ཨཱ་ཡུ་ཥེ། ས་ར་ཧ། ཀ་ར་ཎེ། ཤྭ་ར་རེ་ཧཱུྃ་ཕཊ྄། ཅེས་ལན་བདུན་གྱི་བར་གསོལ་བ་གདབ། དེ་ནས། རང་གི་སྣ་ནས་རླུང་རོ་ལན་གསུམ་བསལ་བས་སྟོང་སང་གིས་སོང་བར་བསམས་རླུང་ཕྱིར་འབུད་པ་དང་བསྟུན། སྣ་གཡས་ནས་རླུང་བུད་པའི་མཆུ་དང་འདྲ་བ་བཅོམ་ལྡན་འདས་ཀྱི་ཕྱག་གི་ལྷུང་བཟེད་ཀྱི་ནང་དུ་སོང་། བདུད་རྩི་མེ་ཏོག་གི་རྩི་ལྟ་བུ་གཞིབས། ནང་དུ་བརྔུབས་པ་དང་བསྟུན་ཚུར་ལོག་སྣ་གཡོན་ནས་ཞུགས། སྤྱི་བོ་ནས་རིམ་པ་བཞིན་ལུས་ཐམས་ཅད་ལ་ཁྱབ་པར་མོས་པས་ནང་དུ་འཛིན། ཚུལ་དེ་ལྟ་བུས་བུམ་པ་ཅན་ཉི་ཤུ་རྩ་གཅིག་གི་བར་དུ་བསྒོམས་པས་ལུས་ཀྱི་སོར་མོ་བ་སྤུའི་རྩེའི་བར་ཐམས་ཅད་འཆི་བ་མེད་པའི་བདུད་རྩིས་གང་བར་བསམས་ནས། མདུན་གྱི་བཅོམ་ལྡན་འདས་རང་ཉིད་ལ་ཐིམ་པས་ཇི་ལྟར་བཤད་པའི་བཅོམ་ལྡན་འདས་དེ་ལྟ་བུར་རང་ཉིད་གྱུར་པའི་གཉིས་སུ་མི་ཕྱེད་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངང་ལ་ཇི་ཙམ་གནས་ཀྱི་བར་ལ་མཉམ་པར་བཞག དེ་ལས་ལངས་བའི་རྗེས་ཐོབ་ཏུ་རང་ཉིད་ལྷར་གསལ་བའི་སྙིང་གར་བྱི་རུའི་མདོག་ལྟ་བུར་དམར་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བ་ལ་སྲཱིཿཡིག་མདུན་ནས་གཡས་བསྐོར་གྱིས་ཨོཾ་ཨ་མཱ་ར་ཎི་ཛཱི་ཝཱནྟི་ཡེ་སྭཱ་ཧཱ། མུ་ཁྱུད་ཀྱི་ནང་དུ་མཚན་བརྒྱ་རྩ་བརྒྱད་པས་བསྐོར་བའི། འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར་བའི་འོད་ཟེར་གྱི་ལྕགས་ཀྱུས། ཚེ། དཔལ། ཤེས་རབ། ནོར། བསོད་ནམས་ལ་སོགས་པའི་སྣང་བ་དང་མི་སྣང་བའི་ཡོན་ཏན་གྱི་མཐུ་ཐམས་ཅད་རྡོ་ཁབ་ལེན་ལ་རེག་པའི་ལྕགས་བཞིན་དུ་བསྡུས་པས། ལྟེ་བའི་རང་གི་སེམས་ཀྱི་ངོ་བོ་སྲཱིཿཡིག་ལ་ཐིམ་པར་བསམས་ལ་དབང་དུ་བྱ་བར་མོས་པས་ཅི་རིགས་པར་བཟླས། དེ་ནས་དགེ་བའི་རྩ་བ་གནས་སྐབས་དང་མཐར་ཐུག་གི་ཚེ་དཔག་ཏུ་མེད་པ་འགྲུབ་པའི་ཕྱིར་བསྔོ་བར་བྱའོ། །གསུམ་པ་མངོན་སུམ་གྱི་ཚད་མས་ཚེ་དཔག་ཏུ་མེད་པར་བསྒྲུབ་པ་ལ། ལུས་འཆི་བ་མེད་པ་སྐུ་རྡོ་རྗེར་བསྒྲུབ་པ། ངག་འཆི་བ་མེད་པ་གསུང་རྡོ་རྗེར་བསྒྲུབ་པ། ཡིད་འཆི་བ་མེད་པ་ཐུགས་རྡོ་རྗེར་བསྒྲུབ་པ་གསུམ་ལས། དང་པོ་ལ། མཉམ་བཞག་དང་། གེགས་སེལ་གཉིས་ཀྱི་དང་པོ་ནི། མངོན་སུམ་མམ། སྐྱིལ་ཀྲུང་ཚངས་དབྱུག་རེངས་བྱས་ཞེས་པ། སྟན་སྲབ་འཐུག་རན་པའི་ཁར་འཕང་ལོ་དང་ཚད་དབྱིབས་མཚུངས་པ་ཅུང་ཟད་རྔམས་འཐུག་པ་དར་གྱིས་གྲིལ་བ་བཤང་བའི་ཐད་དྲང་པོར་བཞག དེའི་སྟེང་དུ་བཤང་བ་འོང་བར་བྱས་པའི་རྡོར་སྐྱིལ་ལག་པ་མཉམ་བཞག་ལྟེ་འོག་ཏུ་གཅེར་བའི་གྲུ་མོ་བསྲངས་པས་ཚངས་པའི་དབྱུག་པ་རེངས་སུ་གཞུག་ཐལ་གོང་དགྱེད། ཨོལ་ཀོས་མདུད་མནན། ལྕེ་བཀུག་པའི་རྩེ་ལྕེའུ་ཆུང་ལ་སྦྱར། མིག་ཐད་ཀའི་བར་སྣང་ལ་མི་གཡོ་བར་བཅིང་བ་ནི་ལུས་གཡོ་མེད་དུ་བཞག་པའི་ལུས་ཐམས་ཅད་ཀྱི་མཉམ་བཞག་གོ །བཤང་བའི་སྲོག མེ་འདྲ་སྟེར་བཀུག་ཅེས་པ། དེ་ནས་རྒྱུ་ཞབས་ཡིད་ཙམ་བསྐུམ་ནས་བཤང་བའི་གནས་དྲག་པོར་བཙུམ་པས། འོག་རླུང་ལྟེ་བའི་ཨ་ཤད་ཀྱི་མེའི་རང་བཞིན་དུ་བྱིན་གྱིས་བརླབས་པ་གྱེན་དུ་དྲག་པོར་འཐེན་པས་སྤྱི་བོའི་ཧཾ་ཡིག་ལ་རེག དེའི་འོད་ཀྱིས་སངས་རྒྱས་ཐམས་ཅད་འོད་དུ་ཞུ་བའི་འོད་ཟེར་བདུད་རྩིའི་བྱེད་ལས་ཅན་སྣའི་སྒོ་གཉིས་ནས་ཞུགས་ཏེ། མཛོད་སྤུའི་ནང་བརྒྱུད་སྤྱི་བོར་སླེབ་པར་མོས་ཏེ་སྟེང་རླུང་སྣ་ནས་ཅུང་ཟད་བཀུག སྤྱི་བོར་འདྲེས་པ་ཧཾ་ཡིག་དང་འབྲེལ་བའི་རྩའི་ལམ་ནས་ལྕེའུ་ཆུང་གི་བར་དུ་ཇི་སྲིད་ཐུབ་ཚད་དུ་བསྡམ་པ་ངག་གཡོ་མེད་དུ་བཞག་པའི་ངག་གི་མཉམ་བཞག་གོ །མགྲིན་པའི་དྲིལ་ཆུང་གི་བདེ་བའི་རྒྱུན་བཞུ་བ་སྐམས་པའི་རྩ་སོས་པའི། བདུད་རྩི་ལྔ་ཟ་ཞེས་པ་ལོངས་སྐུའི་ཐིག་ལེ་ཧཾ་ཡིག་ཞུ་བའི་རྒྱུན་འོངས་པ་ལྕེའུ་ཆུང་ནང་གི་སུཾ་ཡིག་གི་བདུད་རྩི་འཕེལ་བ་ལུས་ཀྱི་གནས་ཐམས་ཅད་དུ་བབས་པས། ལུས་ཀྱི་རྩ་བསྐམས་ཞར་བ་ཐམས་ཅད་སོས་པར་བསམ་ཞིང་ལྕེ་རྩེ་བསྐྱོད་པས་དང་པོར་མངར་བ། དེ་ནས་འབོལ་བ། དེ་ནས་འོ་མ་ལྟ་བུ་འཛག་པ་འབྱུང་བ་དེ་ཡང་དང་ཡང་དུ་བརྔུབས་པ་ལས་ནི་སྐྲ་དཀར་དང་གཉེར་མ་མི་འབྱུང་ཞིང་། ཡོད་པ་སེལ་བ་དང་། མདངས་པདྨ། བཀྲག་ཉི་ཟླ། སྟོབས་གླང་པོ་ཆེ། རྩལ་སེང་གེ ཡང་རྩལ་ཁྱུང་དང་འདྲ་བ་བརྒྱད་གཉིས་ཀྱི་ལང་ཚོ་ལ་གནས་པར་འགྱུར་རོ། །དེ་ལྟར་བསྒོམས་པས་རྩ་སོས་ཤིང་རླུང་རང་མལ་དུ་རེངས་པའི་སྟོང་གཟུགས་དང་ལྷའི་མིག་ལ་སོགས་པའི་མངོན་པར་ཤེས་པ་ནི་བདུད་རྩི་ལྔའི་མིང་གིས་བསྟན་པ་དེ་དག་བྱུང་རྒྱལ་དུ་བསྐྱང་བས་ཟ་བར་བྱའོ། །འདིས་ནི་བདུད་རྩི་ལྔའི་བཅུད་ལེན་ཡང་བསྟན་ཏེ། དེའི་རྣམ་པར་གཞག་པ་ནི་གཞན་དུ་ཤེས་སོ། །དེ་ནི་སེམས་གཡོ་མེད་དུ་བཞག་པའི་སེམས་ཀྱི་མཉམ་བཞག་གོ །གཉིས་པ་གེགས་ནི། གེགས་སེལ་གནང་དང་སྦྱར་ཞེས་པ། དང་པོ་བཟློག་པའི་འཁྲུལ་འཁོར་ལ། རྐང་པ་སྐྱིལ་ཀྲུང་ལག་པ་ཁུ་ཚུར་སྙིང་གར་བསྣོལ། ལུས་བྱིན་བསྲངས། ཅུང་ཟད་མདུན་དུ་སྒུར་བས་རླུང་ཕྱིར་འབུད་དྲག་པོ་བྱ། ཕྱིར་འཛིན་པའི་ཚེ་འོག་རླུང་དཔྱི་མིག་བསྒུལ་བས་གྱེན་དུ་དྲག་པོར་འཐེན། ཕྱིར་འབུད་གསུམ་སོང་བའི་རྗེས་སོ། །མགོ་བོ་གདན་ལ་རེག་ལ་ཁད་ཙམ་ནས་གྱེན་ལ་འདེགས་པ་དང་བསྟུན། རླུང་ཤུགས་རྫོགས་པར་བརྔུབས་ཏེ་འོག་རླུང་དང་བསྲེ། ཙམ་ཐུབ་འཛིན། མི་ཐུབ་ལ་ཁད་པ་དང་བརྔུབ་ཆུང་གཅིག་བརྩེག ཡང་བརྩེག དེ་གཉིས་དང་བསྟུན། འོག་རླུང་སྔར་བཞིན་འཐེན། མཐར་གཉིས་སྤྲུགས་བྱས་ཏེ་ལྷག་མ་མ་ལུས་པར་བཏང་། དགྲམ་པ་ནི། ལུས་གནད་དེ་གཉིས་ལས། ལྷུ་གཟུགས་སྲིམ་གྱིས་བསྒྲིམས། རླུང་ཁ་སྦྱར་ལུས་མ་འདར་གྱི་རིང་བཀག མཐར་སྤྲུག་པ་དང་གཏོང་བ་སྔ་མ་བཞིན། དེ་ནས་འབེབས་པ། རླུང་ཐུར་དུ་ཕུལ། ལག་པ་གཉིས་ཀྱི་ཁུ་ཚུར་སར་བཙུགས་ནས་སྐྱིལ་ཀྲུང་བརྡེབ་པའོ། །དེ་ནི། ཀརྨ་མུ་དྲ་རྣམ་པ་གསུམ་ཞེས་བྱའོ། །དེ་ནས། རླུང་སྦྱོར་དང་གཞན་ཁྱད་པར་མེད་པའོ། །ལག་པ་པུས་བཀབ་ཀྱིས་བཟློག་པ། རྐེད་མགྲིན་གཏུན་ཤིང་གི་འཁོར་ལོ་ལྟར་བསྐོར་བས་དགྲམ། འདུག་སྟངས་དེ་ཉིད་ཀྱི་སྟེང་ནས་འཕོངས་བརྡེབ་པས་འབེབས་པ་སྟེ། ཛྙྱཱ་ན་མུ་དྲ་གསུམ་མོ། །དེ་ནས་ལག་བཅག་སར་བཙུགས་ནས་བཟློག སེང་གེ་རྣམ་གྲོལ་གྱི་རྒྱ་དགྲམ། ལུས་ཙོག་པུ་ལག་པ་སྟེང་དུ་བརྐྱང་བ་དང་བསྟུན་འཕར་ཙམ་ཐུབ་ཀྱིས་བརྡེབ་པ། མ་ཧཱ་མུ་དྲ་གསུམ་མོ། །དམིགས་པ་བཟློག་པ་ལ་སྤྱི་བོའི་ཧཾ་ནས་རྡོ་རྗེའི་རྩ་བྷན་དྷུ་ཀའི་བར་དབུ་མ་སོག་སྦུགས་ལྟ་བུའི་འོད་ཟེར་གྱི་སྦུབས་ཅན་གྱི་སྦུབས་ཀྱིས་ཆུ་དྲངས་པ་བཞིན་བྱང་སེམས་དཀར་དམར་གྱེན་དུ་དྲངས་པར་མོས། དགྲམ་པའི་ཚེ་དབུ་མ་བྱང་སེམས་དང་བཅས་པ་ཇེ་ཆེར་སོང་བས་ལུས་ཐམས་ཅད་ཁྱབ་པར་བསམ། འབེབས་པའི་ཚེ་སྙིགས་མ་འོག་གི་སྒོ་རྣམས་ནས་འཛག་པར་མོས། དེ་ཐམས་ཅད་ཀྱི་སྔོན་དུ་ཡན་ལག་ལྔའི་སྦྱང་བ་དང་། སུམ་ཚན་རེའི་མཐར་རླུང་མ་གཟུང་བར་ལུས་ཁོལ་བུར་མ་ལུས་པའི་ཕུར་སུབ་དྲག་ཏུ་བྱའོ། །དེས་ལུས་འཁྲུལ་འཁོར་གྱི་གེགས་སེལ། ངག་རླུང་སྦྱོར་གྱི་གེགས་སེལ། སེམས་དམིགས་རིམ་གྱི་གེགས་སེལ་བ་འཇུག་པ་གཅིག་པའི་ལམ་སྟེ། ཚུལ་དེ་རྣམས་ཀྱིས་མ་དག་པའི་རྩ་དབུ་མར་འབྱོངས་ནས་ལུས་འཆི་བ་མེད་པར་འགྱུར་རོ། །ངག་འཆི་བ་མེད་པ་གསུང་རྡོ་རྗེར་བསྒྲུབ་པ་ནི། པདྨའི་གདན་བཅིངས་སྣ་མཆུ་ནུ་མ་ཟུང་། །ལྟེམས་ནས་ཞེས་པ། པདྨའི་གདན། འོག་གི་སྐྱིལ་ཀྲུང་འཆུན་དང་ལྡན་པར་བཅིངས། ལག་པ་རང་རང་གི་ཐལ་མོས་སྣ་དང་མཆུ། གྲུ་མོ་གཉིས་དཔུང་མགོ་གྱེན་དུ་བཏེག་པའི་འཆུན་དང་ལྡན་པས་ནུ་མ་ཟུང་ཐེམས་པར་བལྟེམ་པ་ལུས་ཀྱི་གནད་མི་འཆུག་པའི་གཟེར་རོ། །དབུས་མ་སྟེང་དུ་དྲག་པོར་གཅུད། ཅེས་པ་འོག་གི་རླུང་དབུས་ཀྱི་ཆུ་འབའ་ཞིག་ནས་དྲག་པོར་འཐེན་ཏེ། སྤྱི་བོའི་ཐད་དུ་དྲག་པོར་གཅུད་པས་ལུས་འདར་བའམ། བརྒྱལ་བར་འགྱུར་ལ་ཁད་ཐུག་བཀག་པས་གཡོན་ཅན་རྒྱུ་བ་ཟློག་སྟེ་མཉམ་རྒྱུར་འགྱུར་བ་ནི་ངག་གི་གནད་མི་འཆུག་པའི་གཟེར་རོ། །འདར་འཕར་གཡོ་དང་ཞེས་པ། འདར་བ་ལྟེ་འོག་གི་ཨ་ཤད་དང་སྤྱི་བོའི་ཧཾ་ཡིག་ཅུང་ཟད་འགུལ་བས་བདེ་དྲོད་བཙན་ཐབས་སུ་སྐྱེ་བའི་སྐབས་སོ། །འཕར་བ་ནི། དེ་གཉིས་ལས་དཀར་དམར་གྱི་ཐིག་ལེ་མཆེད་པས་བདེ་དྲོད་རྣལ་དུ་ཚུད་པའི་སྐབས་སོ། །གཡོ་བ་ནི་ཐིག་ལེ་གཉིས་ཀྱི་དྭངས་མའི་སྟོབས་རྒྱས་པས་བ་སྤུའི་བུ་གའི་མཐར་ཐུག་པར་དཀར་དམར་འདུ་འཕྲོད་ཀྱི་བདེ་བས་གང་བའི་སྐབས་སོ། །དེ་ནི་ཡིད་མི་འཆུག་པའི་གཟེར་རོ། །ཉི་ཟླ་སྒྲ་གཅན་གྱི་ལྟོ་བར་རེངས་ཚེ་ཞེས་པ། ཟླ་ཉི་རང་ལམ་དུ་འཆིངས་པས་ནཱ་ད་སྒྲ་གཅན་གྱི་ལམ་དུ་བཞེངས་ནས་སྒྲ་གཅན་གྱི་ལྟོ་བར་བཙན་ཐབས་སུ་རེངས་པར་བྱེད་པ་སྔར་ལས་དབུས་ཀྱི་རྒྱུན་འོག་ཏུ་གསང་བའི་པདྨར་བཅིངས་པས་སྲོག་ཐུར་གོང་བུ་གཅིག་ཏུ་འགྱུར་ལ། དེའི་ཚེ་བོགས་འདོན་ཤེས་པར་བྱ་ཞེས་པ། ལུས་ཀྱི་བསྐྱོད་པ་ཐམས་ཅད་རྡོ་རྗེ་གར། ངག་གི་བརྗོད་པ་ཐམས་ཅད་རྡོ་རྗེ་གླུ། སེམས་ཀྱི་འཆར་སྒོ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་ཤེས་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བར་བྱས་པས་ཟླ་ཉི་བགྲོད་པ་ཁམས་ནས་མཉམ་རྒྱུར་གྲུབ་སྟེ་འཆི་ལྟས་ཀྱི་འཇུག་པ་ཐམས་ཅད་བཟློག་སྟེ་ངག་འཆི་བ་མེད་པར་འགྱུར་རོ། །ཡིད་འཆི་བ་མེད་པ་ཐུགས་རྡོ་རྗེར་བསྒྲུབ་པ་ལ། རྡོ་རྗེ་ཟླ་བས་བྱིན་དབབ། རྡོ་རྗེ་ཉི་མས་ཉམས་སད། རྡོ་རྗེ་སྒྲ་གཅན་གྱིས་མཐོངས་བསལ་བ་གསུམ་ལས། དང་པོ་ནི། དེ་བཞིན་གཤེགས་པ་ཡིད་ནང་ཆུད་པ་ཡི། འཁོར་ལོའི་ཚོགས་དང་རོ་མཉམ་བྱིན་ཕབ་པ། ཞེས་པས་རང་ཉིད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་དང་། མུ་དྲ་པདྨ་ཅན་བཅུ་གཅིག་པའི་ལང་ཚོ་ལ་གནས་པ་གོས་དཀར་མོ་དམར་མོ་པདྨ་འཛིན་པ་དང་། སྲཱིཿདང་ཧཱུྃ་ཡིག་དག་ལས་སྐྱེས་པའི་པདྨ་དང་རྡོ་རྗེ། ཨ་དང་ཨོཾ་ཡིག་དག་གིས་བྱིན་གྱིས་བརླབས་པའི་ཟེའུ་འབྲུ་དང་ནོར་བུ་ལྡན་པར་བལྟས་ལ་ཡབ་ཡུམ་གཉིས་བལྟ་བ་ལ་སོགས་པའི་འདོད་པ་ལྔའི་བདེ་བས་རོལ་བཞིན་དུ་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་ཞིང་བསྲུབ་པའི་སྦྱོར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཞལ་དུ་བཀུག དེའི་རིགས་ཀྱི་ངོ་བོ་སྔགས་ཀྱི་ཐིག་ལེའི་གཟུགས་ཀྱིས་ཞུ་བ་འཁོར་ལོ་བཞིར་སོན་པའི་རིམ་གྱིས་དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱས། ནོར་བུའི་རྩེ་མོར་བརྟན་པའི་བདེ་བ་ཆེན་པོའི་ངོ་བོར་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རོ་གཅིག་ཏུ་གྱུར། གཉིས་པ་རྡོ་རྗེ་ཉི་མས་ཉམས་སད་པ་ནི། ཁ་སྦྱོར་དབུས་སད་ཅེས་པ། སླར་ཡང་ཧཱུྃ་གི་སྦྱོར་བས་ཡུམ་གྱི་དམར་ཆའི་དྭངས་མ་དང་ལྷན་ཅིག་དྲངས་ནོར་བུའི་དབུས་སུ་ཐིག་ལེ་གཉིས་ཀྱི་བདག་ཉིད་ཅན་ཚེ་དཔག་ཏུ་མེད་པའི་རང་བཞིན་དུ་རྣམ་པར་གནས་པར་བལྟས་ལ། དེ་ལས་ཡི་གེ་གསུམ་གྱི་རིམ་པས་ཕྱག་རྒྱ་ཆེན་པོའི་དོན་མངོན་སུམ་དུ་བྱའོ།། །། གསུམ་པ་རྡོ་རྗེ་སྒྲ་གཅན་གྱི་མཐོངས་བསལ་བ་ནི། གྱེན་སོང་མཐོངས་ཕྱེ་ནས། གཙུག་ཏོར་མི་གཡོ་ཅེས་པ་དེ་ནས་ཁ་སྦྱོར་གྱི་ཐིག་ལེ་ཡུངས་ཀར་ལྟ་བུ་ལ། རྟེན་དང་བརྟེན་པའི་འཁོར་ལོ་མཐའ་དག་གཟུགས་བརྙན་གྱི་བདག་ཉིད་ཀྱི་སྟོང་པ་ཉིད་དུ་འཆར་བཞིན་པ་མཆོག་གི་བདེ་བར་རོ་གཅིག་ཏུ་འདྲེས་པ་ལ་སེམས་བརྟན་པ་ལས། སླར་གྱེན་དུ་རྒྱུ་མཐུན་ལ་སོགས་པ་བཞིའི་རིམ་པས་འཁོར་ལོ་བཞིའི་ལྟེ་བར་གཤེགས་ཏེ་གཙུག་ཏོར་དུ་གཡོ་བ་མེད་པ་ཉིད་དོ། །བདེ་བའི་གོང་བར་གྲོལ་ཞེས་པ། དེའི་ཚེ་ལུས་དྭངས་མ་འཇའ་ལུས་སུ་གྱུར་པས་ཐོགས་བཅས་ལས་གྲོལ། ངག་རླུང་ཡོན་པོའི་རྒྱུ་བ་འགགས་གཞོམ་མེད་ཀྱི་སྒྲར་གྱུར་པས་གཟུང་འཛིན་གྱི་རྟེན་བྱེད་པ་ལས་གྲོལ། སེམས་གཟུང་བ་དང་འཛིན་པ་ལས་གྲོལ་ཏེ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཀུན་གྱིས་རྟོགས་པར་བྱ་བ་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་རེག་པས་མེ་ཆུའི་བྱ་བ་གོ་བཟློག་ཏུ་འཆིངས་པས་སྐྱེ་བ་དང་འཆི་བའི་གཟེབ་ལས་ཐར་བས་ཡིད་འཆི་བ་མེད་པར་གྲུབ་པ་ཡིན་ནོ། །གསུམ་པ་སྦྱངས་པ་འབྲས་བུའི་རིམ་པ་ལ། འཆར་བ་ཉམས་མྱོང་གི་རིམ་པ་དང་། གྲུབ་པ་འབྲས་བུའི་རིམ་པ་གཉིས་ལས། དང་པོ་ནི། སྦྱངས་འབྲས་དག་པ་གསུམ་གྱི་ཏིང་འཛིན་འཆར། །ཞེས་པ་ལུས་ཀྱི་སྒོ་ནས་སྣང་སེམས་གཉིས་མེད་ལ་རྩལ་སྦྱངས་པས་ཞེ་སྡང་མ་སྤངས་གནས་སུ་དག་སྟེ་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་འཆར། ངག་གི་སྒོ་ནས་རླུང་ཕྲ་རགས་གཉིས་ལ་རྩལ་སྦྱངས་པས་འདོད་ཆགས་མ་སྤངས་གནས་སུ་དག་སྟེ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་འཆར། ཡིད་ཀྱི་ཐིག་ལེ་དཀར་དམར་གྱི་འདུ་འཕྲོད་ལ་རྩལ་སྦྱངས་པས་གཏི་མུག་མ་སྤངས་གནས་སུ་དག་ནས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་འཆར་རོ། །སྒོམ་པ་དམིགས་པའི་རིམ་པ་རྣམས་ནི་ཏིང་ངེ་འཛིན་དེ་རྣམས་ཉམས་སུ་མ་མྱོང་བར་དུ་བྱ་བ་ཡིན་ལ། དེ་རྣམས་མངོན་དུ་གྱུར་ནས་ནི་བྱུང་རྒྱལ་དུ་སྐྱོང་བ་མ་གཏོགས་དམིགས་པ་ལ་ཆེད་དུ་མི་བལྟོས་ཏེ། རྩ་འབྱོངས་པས་དེར་ཁམས་རླུང་ཚུལ་བཞིན་དུ་རྒྱུ་ལ། རླུང་འབྱོངས་པས་འཆི་ལྟས་ཀྱི་རྒྱུ་བ་འཇོམས་ཤིང་། ཐིག་ལེ་འབྱོངས་པས་དྭངས་མ་སྟོབས་སུ་གྱུར་པ་ལས། དེ་རྣམས་ཕན་ཚུན་གཅིག་གི་གྲོགས་གཅིག་གིས་བྱས་ཏེ། ཚེ་རིང་བ་དང་ནད་མེད་ཅིང་ལུས་སྟོབས་རྒྱས་པས་གནས་སྐབས་ཀྱི་འཆི་བ་མེད་པ་སྟེར་རོ། །གཉིས་པ་གྲུབ་པ་འབྲས་བུའི་རིམ་པ་ནི། སྐུ་གསུང་ཐུགས་ཀྱི་རྡོར་རྗེར་གྱུར་པ་དང་། འཆི་བ་མེད་པའི་གོ་འཕང་གྲུབ་པ་ཡིན། ཞེས་པ། རྩ་རླུང་ཐིག་ལེ་གསུམ་པོ་དེ་ཡེ་ཤེས་ཀྱི་ངོ་བོར་རོ་གཅིག་ཏུ་བྱེད་པ་ཕྱག་ཆེན་གྱི་སྦྱོར་བས་ཉམས་སུ་བླངས་པས་མཐར་ཐུག་གི་འཆི་མེད་གསུམ་གྲུབ་པ་ནི། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྲུབ་པ་ལ་བྱ་སྟེ། སེམས་སྒྲིབ་བྲལ་དུ་དག་པས་སེམས་འཆི་བ་མེད་པ་དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་སྐུ་མངོན་དུ་བྱས་ལ་དེ་ལས་ངག་སྒྲིབ་བྲལ་དུ་དག་པའི་ངག་འཆི་བ་མེད་པ་གསུང་རྡོ་རྗེ་ཟབ་གསལ་དབྱེར་མེད་ཀྱི་ལོངས་སྐུས་གཞོམ་དུ་མེད་པའི་བདེ་བས་འགྲོ་བའི་དོན་བྱེད་པ་དང་། ལུས་སྒྲིབ་བྲལ་དུ་དག་པས་ལུས་འཆི་བ་མེད་པ་སྐུ་རྡོ་རྗེ་ཀུན་ཁྱབ་སྒྱུ་འཕྲུལ་གྱི་སྤྲུལ་སྐུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་མངོན་པར་རྫོགས་ཤིང་བྱང་ཆུབ་སྟེ། ཉེ་བར་བསྡུ་ན་མཐའ་དག་ཀྱང་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་གཅིག་པུར་སྦྱོར་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །དེ་ལྟར་བདེ་བ་ཅན་ལས་འོངས་པ་བདུད་རྩི་ཉིང་ཁུ་ཞེས་བྱ་བ། རྣལ་འབྱོར་མ་ཐམས་ཅད་ཀྱི་དབང་ཕྱུག་གྲུབ་པའི་རྒྱལ་མོའི་ཞལ་སྔ་ནས་ཀྱིས་མཛད་པ། མངོན་རྟོགས་སུ་བཀྲལ་བ་འདི་ནི། སྔོན་ཆད་སྐལ་བ་དང་ལྡན་པ་རེ་རེའི་སྤྱོད་ཡུལ་ལས། གཞན་ལ་ཤིན་ཏུ་སྦས་པ། པདྨ་དཀར་པོས་ཆད་དུ་ཕངས་ནས་ཡི་གེར་བྲིས་པ་འདི་ཡང་ཆོས་སྨྲ་བའི་བསྟི་གནས་ཆེན་པོ་རྒྱལ་བྱེད་ཀྱི་ཚལ་དུའོ།། །།མངྒ་ལཾ།།


previousབདེ་བ་ཅན་ལས་འོངས་པའི་བདུད་རྩིའི་ཉིང་ཁུའི་སྒྲུབ་ཐབས།next