Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
དྲིས་ལེན་རྣ་བའི་བདུད་རྩི།
  
  
  
  
  
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousདྲིས་ལེན་རྣ་བའི་བདུད་རྩི།next

དྲིས་ལེན་རྣ་བའི་བདུད་རྩི།


LT36_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་ལེན་རྣ་བའི་བདུད་རྩི་བཞུགས་སོ།། །།


LT36_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆེན་མཚམས་ཀྱི་སྨག་ལས་གྲོལ། །འོད་གསལ་སྟོང་ཉིད་ཉི་མ་ཤར། །ཆོས་དབྱིངས་མཐའ་དབུས་མེད་པར་གསལ། །བླ་མ་རྡོ་རྗེ་འཛིན་པ་རྒྱལ། དེ་ལ་སྣང་མཆེད་ཐོབ་གསུམ་ཞེས་པ་ནི་གཞི་ལམ་འབྲས་བུའི་ལུགས་འབྱུང་ལུགས་ལྡོག་གི་སྟོང་པའི་འོད་གསལ་བཞི་ཚན་རྣམས་དང་ཟུང་དུ་འབྲེལ་བས་འཁོར་འདས་ཆོས་ཀྱི་སྤྱི་སྡོམ་ཆེན་པོ་ཡིན་ཞེས། བླ་མ་རྡོ་རྗེ་འཛིན་པ་རྣམས་ཀྱི་གསུང་ལས་ཐོས་ཏེ། དེའང་རྡོར་ཕྲེང་ལས། སྟོང་ཉིད་ཤིན་ཏུ་སྟོང་པ་དང་། །གསུམ་པ་སྟོང་པ་ཆེན་པོ་དང་། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ། །ཞེས་གསུངས་པ་ལྟར་གཞི་བསྐྱེད་པའི་རིམ་པ་ལུགས་འབྱུང་དུ་ཤར་བ་དང་


LT36_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་རྫོགས་པའི་རིམ་པ་ལུགས་ལྡོག་ཏུ་སྡུད་པ་དང་། གནས་སྐབས་ལམ་དུས་བསྐྱེད་སྡུད་ཀྱི་རིམ་པ་སྣ་ཚོགས་སུ་གནས་པ་སྟེ། དེ་དག་རེ་རེའང་རྒྱུ་འབྲས་སམ་མ་བུའི་འབྲེལ་པར་གནས་པ་ཡིན་ནོ། དེ་ལ་ཐོག་མར་གཞིའི་གནས་སྐབས་ལྟར་ན། །ཨཱརྻ་དེ་བའི་བདག་བྱིན་རླབས་ལས། །འོད་གསལ་ལས་ནི་སྟོང་པ་ཆེ། །སྟོང་པ་ལས་ཀྱང་ཐབས་འབྱུང་ངོ་། །དེ་ལས་ཤེས་རབ་སྐྱེ་བར་འགྱུར། །དེ་ལས་རླུང་ནི་ཡང་དག་འབྱུང་། །རླུང་ལས་མེ་ནི་འབྱུང་བར་འགྱུར། །མེ་ལས་ཆུ་ནི་ཡང་དག་འབྱུང་། །ཆུ་ལས་ཀྱང་ནི་ས་སྐྱེ་འགྱུར། །འདིས་ནི་སེམས་ཅན་རྣམས་འབྱུང་ངོ། ཞེས་གསུངས་པ་ལྟར། །རྒྱུའི་རྒྱུད་འོད་གསལ་སྲོག་ཆེན་པོ། སྙིང་གིའི་


LT36_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་པའི་ཐིག་ལེ་སེམས་ཀྱི་རྡོ་རྗེ་དེ་བཞིན་ཉིད་དང་ཤེལ་དང་འོད་ཀྱི་ཚུལ་དུ་གནས་པ་དེ་ལ། ཀུན་གཞིའི་རྣམ་པར་ཤེས་སམ་འཕོ་བའི་བག་ཆགས་ཆགས་རྟོག་བཞི་པའི་གནས་སྐབས་ཀྱི་མཚན་ཉིད་ཅན། གཞན་ཏུ་འཇིག་རྟེན་པའི་ལྷན་སྐྱེས་ཐམས་ཅད་སྟོང་པ་དང་སྟོང་པ་ཆེན་པོར་མིང་གི་རྣམ་གྲངས་སུ་གྲགས་པ་དེ་ཉིད་བརྟེན་པའི་ཚུལ་དུ་གནས་པས་འོད་གསལ་ལས་སྟོང་པ་འབྱུང་བ་ལྟར་སྣང་ཞིང་དེ་ཉིད་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་མཚུངས་ལྡན་ཏུ་གནས་ཤིང་དེའི་འཁོར་དུ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ཀྱང་ཡོད་ལ། དེའི་དབང་གིས་བདག་འཛིན་སྣང་བ་དཀར་དམར་ཕན་ཚུན་ལྟོས་ཆོས་ཐབས་ཤེས་ཀྱི་ཚུལ་དུ་ཤར་བས་འཁྲུལ་པའི་མགོ་བརྩམས། དེ་ལས་རླུང་ཁམས་ཉེར་ཐོབ་སྟོང་པ་ཆེན་པོའི་སེམས་ཀྱི་རྟེན་ཉོན་ཡིད་གཉིད་སྡུག་གི་མཚན་ཉིད་ཅན་དང་། དེ་ལས་མེ་ཁམས་མཆེད་པ་ཤིན་ཏུ་སྟོང་པའི་སེམས་ཀྱི་རྟེན་ཡིད་ཤེས་རྨི་ལམ་གྱི་མཚན་ཉིད་ཅན་དག་གི་འཁོར་དུ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འབྱུང་། དེ་ལས་ཆུ་ཁམས་སྣང་བ་སྟོང་པའི་སེམས་ཀྱི་རྟེན་སྒོ་ལྔའི་རྣམ་ཤེས་སད་པའི་མཚན་ཉིད་ཅན་གྱི་འཁོར་དུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་སོ་བདུན་བྱུང་ཞིང་དེ་ལས་ཀྱང་ས་ཁམས་ཆགས་པའི་སེམས་སུ་འཇུག་ཅིང་། དེ་ཉིད་ཐོབ་མཆེད་སྣང་གསུམ་གྱི་རིམ་པས་ལྡང་བས་འཁོར་བ་ན་ཟོ་ཁྱུའི་འཁྱུད་མོ་བཞིན་ཏུ་


LT36_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཡིན་ནོ། གཉིས་པ་འབྲས་བུའི་སྐབས་ནི། སྔ་མ་ལས། །ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་ཕྲ་མོའི་ཁམས་ལའོ། །རླུང་ཡང་སེམས་ལ་ཐིམ་པར་འགྱུར། །སེམས་ནི་སེམས་བྱུང་ལ་ཐིམ་འགྱུར། །སེམས་བྱུང་མ་རིགས་ལ་སྟེ། །དེ་ཡང་འོད་གསལ་བ་རུ་འགྲོ། །འདིས་ནི་སྲིད་པ་གསུམ་པོ་འགག །ཅེས་གསུངས་པ་ལྟར། ཟླ་ཉི་ཡི་གེ་མཐར་ཐུག་འདྲེས་ནས་སྣང་བས་སྐུ་རྡོ་རྗེ་མཆེད་པས་གསུང་རྡོ་རྗེ། ཉེར་ཐོབ་ཀྱིས་ཐུགས་རྡོ་རྗེར་བྱས་ཏེ་ཁམས་གསུམ་གྱི་བརྟན་གཡོའི་གཟུགས་བརྙན་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་འཁོར་ལོར་ཤར་བ་བསྐྱེད་པའི་རིམ་པ་དང་། དཔྱིད་ཐིག་ཁ་སྦྱོར་གྱི་དགའ་འགྲོས་ལས་ཤར་བའི་སྣང་གསུམ་སྟོང་བཞི་ལུགས་འབྱུང་ལུགས་ལྡོག་སྐྱེས་བུ་བྱེད་པའི་འབྲས་བུ་ཅན་གྱིས་བདེན་གཉིས་ཀྱི་སྐུ་ཟུང་དུ་འཇུག་པའམ། དཔའ་བོའི་རིམ་པས་རླུང་སེམས་དབུ་མར་བཀག་པ་ལས་མངོན་ཏུ་གྱུར་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་བདག་བྱིན་རླབས་ཀྱི་རིམ་པས་རླུང་སེམས་དྭངས་མ་རྡོ་རྗེ་སེམས་དཔའི་སྐུར་བསྒྲུབས་པ་རྫོགས་པའི་རིམ་པ་དང་། སྣང་གསུམ་གྱིས་བསྡུས་པའི་ཁམས་གསུམ་སྒྲིབ་པའི་ཆོས་ཐམས་ཅད་དོན་ལམ་གཉུག་མའི་འོད་གསལ་ནམ་མཁའ་ལྟ་བུའི་དེ་ཁོ་ན་ཉིད་དུ་གྲོལ་བ་རྫོགས་པའི་རིམ་པ་ཆེན་པོ་ལ་སོགས་པ་ཟབ་མོའི་ལམ་གྱིས་འཁྲུལ་བརྩད་བཅད་པས།


LT36_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་ཀྱིས་བསྡུས་པའི་སྣང་མཆེད་ཐོབ་གསུམ་རང་བཞིན་བརྒྱད་ཅུའི་རྟོག་པ་འཁོར་དང་བཅས་པ་ལུགས་ལས་ལྡོག་ཏེ་རྣམ་པར་དག་ནས་འོད་གསལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དོན་དམ་པའི་བདེན་པ་ལ་རྟག་ཏུ་ཞུགས་ཤིང་། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་སྒྱུ་འཕྲུལ་གྱི་སྐུ་མཚན་དཔེ་མཐར་ཐུག་པ་ཀུན་རྫོབ་བདེན་པ་དང་རྗེས་སུ་མཐུན་པར་ལྡང་ལ། དེ་ལྟ་བུའི་བདེན་གཉིས་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་དེ་ལ་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་འཆང་ཞེས་བྱ་སྟེ་མཐར་ཐུག་གི་གྲུབ་འབྲས་སོ། །གསུམ་པ་ལམ་དུས་སུ། །འཇམ་དཔལ་ཞལ་ལུང་ལས། །ཆོས་སྐུ་རབ་དག་མཁའ་འདྲ་བ། །ཤི་དང་བརྒྱལ་དང་གཉིད་ལོག་དང་། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བ་རབ་གོམས་ན། །ལུས་ཅན་རྣམས་ཀྱི་ཡིད་ནི་སྦྱང་། ཞེས་སྣང་མཆེད་ཐོབ་པའི་འོད་གསལ་གཞི་འབྲས་དང་རྗེས་མཐུན་འཆར་བའི་སྐབས་ལྔར་གསུངས་པ་ལས། འཆི་བའི་སྐབས་སུ་རྩ་བ་ཡན་ལག་གི་རླུང་བཅུ་བསྡུས་ནས་རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་རྗེས་སུ་སྣང་བ་ཐིམ་རྟགས་དཀར་ལམ་ཤར་ཞེ་སྡང་ལས་གྱུར་པའི་རྟོག་པ་འགག །དེ་མཆེད་པ་ལ་ཐིམ་པས་དམར་ལམ་ཤར། །འདོད་ཆགས་ལས་གྱུར་པའི་རྟོག་པ་འགག །དེ་ཉེར་ཐོབ་ལ་ཐིམ་པས་ནག་ལམ་ཤར། །གཏི་མུག་ལས་གྱུར་པའི་རྟོག་པ་འགག །དེ་འོད་གསལ་ལ་ཐིམ་པས་གཞིའི་འོད་གསལ་འཆར་བས་ལམ་བསྒོམས་པས་


LT36_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཚད་ལ་སླེབ་པ་རྣམས་ནི་འདིའི་སྐབས་སུ་འོད་གསལ་མ་བུ་འདྲེས་ནས་གྲོལ་བར་འགྱུར། སྤྱི་མཚན་པ་རྣམས་ནི་སླར་ཡང་དེ་ལས་ཉེར་ཐོབ་སོགས་ལུགས་འབྱུང་དུ་ལྡང་སྟེ་སྲིད་པ་བར་དོར་སྲིད་པའི་འཁོར་ལོར་འཕྱན་པར་འགྱུར་རོ། །གཉིད་པའི་ཚེ་ནའང་དེ་དང་ཆ་མཐུན་འབྱུང་སྟེ། ལས་རླུང་ཕལ་ཆེར་རླུང་གི་རླུང་ལ་ཐིམ་པས་སྨིག་རྒྱུ་འོད་ཟེར་ལྔ་ལྡན་གྱི་ཚུལ་དང་། འདོད་ཆགས་ཀྱི་ཀུན་རྟོག་ཐིམ་པས་སྣང་བ་ཟླ་འོད་ནམ་མཁའ་ལ་ཤར་བ་ལྟ་བུ། ཞེ་སྡང་ཐིམ་པས་མཆེད་པ་ཉི་འོད་ཤར་བ་ལྟ་བུ། གཏི་མུག་ཐིམ་པས་ཐོབ་པ་མཚམས་ཀྱི་མུན་པས་ཁྱབ་པ་ལྟ་བུ། རྣམ་ཤེས་ཐམས་ཅད་ཐིམ་པས་གཟུང་འཛིན་གྱི་མུན་པ་དང་བྲལ་བའི་སྐད་ཅིག་འོད་གསལ་བ་སྟེ། ཆོས་ཉིད་མི་རྟོག་པའི་ཡེ་ཤེས་ཀྱི་མྱོང་བ་བླ་མ་ཡི་དམ་བྱིན་རླབས་སྟོབས་ཀྱིས་དྲང་སྟེ་འདིར་བསྲེ་ནུས་པ་དེས་ལམ་དུས་ཀྱི་དཔེའི་འོད་གསལ་ལ་དབང་འབྱོར་བ་ཡིན་པས། འཆི་བའི་ཚེ་ནའང་སྟོང་པ་གཞིའི་དོན་གྱི་འོད་གསལ་ཆོས་ཀྱི་སྐུར་བྱང་ཆུབ་པར་འགྱུར་རོ། འཁྲིག་པའི་ཚེ་ནའང་དྲོད་ཀྱི་ཉི་མ་ཤར་བ་ཐབས་ཆགས་པའི་སྣང་བ་མཆེད་པ་དང་། བདེ་བའི་ཟླ་བ་ཤར་བ་ཤེས་རབ་ཆགས་བྲལ་གྱི་སྣང་བ་དང་། དེ་གཉིས་ཀ་མིན་པའི་ཐུན་མཚམས་དབུ་མ་ཉེར་ཐོབ་སྟེ། དེ་ལས་ཀྱང་འདས་ཏེ་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱོང་བའི་དུས་གསུམ་གང་དུའང་མི་རྟོག་པའི་འོད་


LT36_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྐད་ཅིག་མ་འཆར་ཏེ། གཏུམ་མོ་དང་ལས་རྒྱའི་རྣལ་འབྱོར་ལ་བརྟེན་པ་རྣམས་ཀྱིས་དཔེའི་ཡེ་ཤེས་ཀྱང་འདིར་དགའ་བཞི་དང་སྟོང་བཞི་ཟུང་འཇུག་གི་མཐའི་ལྷན་སྐྱེས་ལ་ངོ་སྤྲོད་པ་སྟེ་ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་སྣང་བ་དེ་དགའ་བ། །སྣང་བ་མཆེད་པ་མཆོག་དགར་བཤད། །ཁྱད་དགའ་ཉེ་བར་ཐོབ་པ་དྲན། །ལྷན་ཅིག་སྐྱེས་དགའ་དེ་འོད་གསལ། ཞེས་སོ། གླལ་བ་སྟེ་རླུང་སྲོག་རྩར་ཞུགས་པའི་བོགས་པ་དང་། རླུང་ལོག་པ་སོགས་ཀྱིས་བརྒྱལ་བ་རྣམས་ལའང་དེ་མཚུངས་ཡོད་ཀྱང་འོད་གསལ་འཆར་ཕུལ་ཆུང་བས་ངོ་སྤྲོད་སོགས་གྲགས་ཆུང་ལ། གཞན་ཡང་། །སེམས་སམ་ཡིད་ནི་སྣང་བ། །སེམས་བྱུང་ནི་མཆེད་པ། མ་རིག་པ་ནི་ཐོབ་པ་བཤད་པའང་ཡོད་པས་རྣམ་རྟོག་དང་འབྲེལ་བའི་འཁོར་བའི་བསྐྱེད་སྡུད་ཐམས་ཅད་སྣང་གསུམ་རྣམ་ཤེས་སྡུད་པའི་མངོན་བྱང་གི་རིམ་པར་འདུ་ཞིང་། དེ་ལྟར་ན་སེམས་དག་པས་སྣང་བའི་ཡེ་ཤེས་མེ་ལོང་ལྟ་བུ་དང་མཉམ་པ་ཉིད། སེམས་བྱུང་དག་པས་མཆེད་པའི་ཡེ་ཤེས་སོ་སོར་རྟོག་པ་དང་བྱ་གྲུབ། མ་རིག་པ་དག་བས་ཐོབ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འཆར་བས་ལམ་དང་འབྲས་བུའི་མྱང་འདས་ཀྱི་ཕྱོགས་སུ་བསླན་པ་ཐམས་ཅད་སྣང་གསུམ་ཡེ་ཤེས་འཆར་བའི་མངོན་བྱང་གི་རིམ་པར་འདུ་བ་ཡིན་ནོ། དེ་ལྟར་གཞིའི་གནས་སྐབས་སུ་རྒྱུ་རྒྱུད་རང་བཞིན་འོད་གསལ་དེ་ཁམས་བཞིའི་བག་ཆགས་


LT36_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགྲོགས་པའི་དབང་གིས་ལམ་དང་འབྲས་བུའི་གནས་སྐབས་ཐམས་ཅད་དུ་བཞི་ཚན་གྱི་ཆོས་རྣམས་འཆར་ཏེ། སེམས་ཀྱི་རྡོ་རྗེ་སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་མཚུངས་པར་ལྡན་པའི། ལྟེ་བར་སྣང་བའི་ཆ་སའི་ཐིག་ལེ་མི་ཤིགས་པ་ལས་རགས་ཤིང་རྒྱུན་བརྟན་པའི་མཚན་ཉིད་ཅན་སད་པའི་གནས་སྐབས་དངོས་པོར་སྣང་བ་སྐུ་རྡོ་རྗེའི་ཆོས་ཅན་འཆར། མགྲིན་པར་མཆེད་པའི་ཆ་མེའི་ཐིག་ལེ་མི་ཤིགས་པ་ལ་སྲོག་གི་སྐྱེ་བ་ཡོད་པ་དང་མེད་པའི་མཚན་ཉིད་ཅན་རྨི་ལམ་གྱི་གནས་སྐབས་སྒྱུ་མ་ལྟ་བུའི་སྣང་བ་གསུང་རྡོ་རྗེའི་ཆོས་ཅན་འཆར། སྙིང་གའི་ཐོབ་པ་རྩ་རླུང་གི་ཐིག་ལེ་མི་ཤིགས་པ་ལས་མུན་པ་ནོན་པ་གཉིད་འཐུག་གི་གནས་སྐབས་ཐུགས་རྡོ་རྗེའི་ཆོས་ཅན་འཆར། དཔྲལ་བར་འོད་གསལ་བདེ་བའི་ཆ་ཡེ་ཤེས་ཀྱི་ཐིག་ལེ་མི་ཤིགས་པ་ལས་ཟློག་པར་དཀའི་འདོད་ཆགས་དང་རྗེས་སུ་འབྲེལ་བ་ཁུ་བ་འཕོ་བ་བཞི་པའི་གནས་སྐབས་ཡེ་ཤེས་རྡོ་རྗེའི་ཆོས་ཅན་དུ་འཆར། དེ་དག་གི་དབང་གིས་མི་རིགས་བཞི། དུས་ཚོད་བཞི། ཐུན་མཚམས་བཞི། །ལོངས་སྤྱོད་བཞི། ཁམས་བཞི། སྡེ་པ་བཞི། གྲུབ་མཐའ་བཞི། རྒྱུད་སྡེ་བཞི། དབང་བཞི། བསྙེན་སྒྲུབ་ཡན་ལག་བཞི། སྐད་ཅིག་བཞི། དགའ་བ་བཞི། རྣམ་ཐར་བཞི། ཚད་མེད་བཞི། སྐུ་བཞི་ལ་སོགས་པ་བཞི་འགྲོས་ཐམས་ཅད་འཆར་བ་ཡིན་ནོ། ཁྱད་པར་ཟབ་


LT36_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྫོགས་པ་ཆེན་པོ་གསང་སྐོར་རྣམས་ཀྱི་གནད་དང་སྦྱར་ན། རིག་པ་གཞི་ཐོག་ནས་འཕགས་ཤིང་ལྷུན་གྲུབ་ཀྱི་སྒོ་བརྒྱད་འཆར་བའི་སྐབས་སུ་ངོ་བོའི་སྣང་བ་གོམ་འགག་པར་རང་གསལ། རང་བཞིན་གྱི་སྣང་བ་འོད་ལྔའི་ཚུལ་དུ་ཡེ་གདངས། ཐུགས་རྗེའི་སྣང་བ་ནམ་མཁའ་ལྟ་བུའི་སྒོ་ཕྱེ་བ་གསུམ་པོ་རང་གི་རང་མ་རིག་པར་ཁ་ཕྱིར་བལྟས་སུ་ཤོར་ཏེ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཉེར་ཐོབ། དེ་རང་ངོ་མ་ཤེས་མཁན་ལྷན་ཅིག་སྐྱེས་པའི་མ་རིག་པ་མཆེད་པ་རང་སྣང་ལ་གཞན་ཏུ་འཛིན་མཁན་ཀུན་ཏུ་བརྟགས་པའི་མ་རིག་པ་སྣང་བ་སྟེ་དེ་གསུམ་གྱིས་རྒྱུ་བྱས་ནས་མ་དག་པའི་འཁོར་བའི་སྒོར་འཁྲུལ་པ་དེ། ལམ་གྱི་སྐབས་སུ་སེམས་དང་རིགས་པ་དབྱེ་བའི་གདམས་ངག་གིས་ལུས་སྣང་སེམས་གསུམ་གྱི་བག་ཆགས་སྤང་གཉེན་ལ་མི་ལྟོས་པར་རང་སར་དག་པ་དང་། དགའ་བཞིའི་འགྲོས་ཐིམ་སོགས་གསང་སྔགས་འོག་མ་རྩོལ་བཅས་ཀྱི་ལམ་ལས་འདས་པ་འོད་གསལ་སྣང་བའི་ས་བཅུ་དྲུག་གི་ངོ་བོར་བཙན་ཐབས་སུ་གྲོལ་ཏེ། དེའང་སྣང་བ་བཞིའི་ཐོག་མར་རང་རང་གི་སྣང་རྟགས་ཤར་བ་ནི་སྣང་བ། དེ་རྒྱས་པ་ནི་མཆེད་པ། དེ་ཤིན་ཏུ་རྒྱས་པ་ནི་ཐོབ་པ། །ཚད་ལ་ཕེབ་པ་ནི་ཉེ་བར་ཐོབ་པ་སྟེ། །དེ་ལྟར་ས་བཅུ་དྲུག་མཐར་ཕྱིན་ནས་རྟགས་སྣང་བའི་འོད་གསལ་སྣང་མཆེད་ཐོབ་གསུམ་ལས་འདས་ནས། དོན་དམ་སྣང་མེད་སྟོང་པའི་འོད་


LT36_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མངོན་ཏུ་གྱུར་པ་ལ་འཐུམ་ནད་བྱང་བའི་སྐྱེས་བུ་ལྟར་ལུགས་འབྱུང་གི་འཁོར་བ་རྩད་ནས་ཆོད་དེ་འཇིག་རྟེན་ལས་འདས་པའི་སྒྱུ་འཕྲུལ་རྣམ་པ་ཐམས་ཅད་པའི་འཁོར་ལོ་འབའ་ཞིག་བསྐོར་བར་གསུངས་སོ།། ༈ །།ཡང་། ཇི་གསུང་བྱང་ཆུབ་རྡོ་རྗེ་སོགས་ཚིག་རྐང་བཞིའི་དོན་ནི། བྱང་ཆུབ་རྡོ་རྗེ་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་གི་མཚན་གྱི་ཁྱད་པར་ཡིན་ལ། དེ་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་སོགས་ལ་སྲིད་ཞི་ཀུན་གྱིས་སྤྱི་བོས་བཏུད་པས་ན་མཆོད་པ་ཆེན་པོ་སྟེ་དབང་བསྐུར་བ་ཇི་ལྟར་བསྩལ་བ་ལྟར། དེང་འདིར་བདག་ཀྱང་འཁོར་བའི་འཇིགས་པ་ལས་སྐྱོབ་པའི་དོན་དམ་གྱི་ཡེ་ཤེས་མཆོག་བརྙེས་པའི་ཕྱིར་དུ། ནམ་མཁའི་རྡོ་རྗེ་ལ་འཇུག་སྒོ་མང་ཡང་དབང་དོན་གྱི་ཡེ་ཤེས་ལ་ངོས་བཟུང་ན་དེ་ཉིད་དེང་འདིར་བདག་ལ་སྩོལ་ཞེས་པའམ། རྡོ་རྗེ་འཆང་གི་མཚན་གྱི་ཁྱད་པར་གཞན་ལའང་ནམ་མཁའི་རྡོ་རྗེར་གྲགས་པས། དེ་ལྟར་ན་ཁྱོད་ཀྱི་གོ་འཕང་དེ་རིང་བདག་ལ་སྩོལ་ཅིག་ཅེས་ལྷག་པར་འདོད་པས་གསོལ་བ་གདབ་པ་དང་འབྲེལ་བའི་སྐུ་ལ་ཚིག་གོ། །འདིར་བྱང་ཆུབ་རྡོ་རྗེ་ཞེས་པའི་བྱང་ཆུབ་ནི། ཀྱེ་རྡོར་ལས། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། ཅེས་དགའ་བ་བཞི་པ་ལ་བྱང་ཆུབ་ཀྱི་སྒྲས་བསྟན་པ་ལྟ་བུ་གནས་སྐབས་དང་མཐར་ཐུག་པའི་བྱེ་བྲག་གིས་ཁྱབ་ཆེ་ཆུང་དུ་མར་འགྱུར་ཡང་། བུདྷ་


LT36_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་པའི་དབྱིངས་ལས་སྒྲུབ་པའི་ཕྱིར་ཡང་དག་པར་རྟོགས་པའི་སྒྲ་དོན་ཏུ་མཚུངས་ཤིང་། སྐབས་འདིར་ཆོས་ཐམས་ཅད་ཀྱི་སྟོང་ཉིད་མནོར་བ་མཐར་ཕྱིན་པ་ཁོང་དུ་ཆུད་པ་ལ་ངོས་འཛིན་དགོས་ལ། དེ་ཉིད་ཤེས་རབ་སྟོང་པ་ཉིད་ཡིན་ཞིང་དེ་དང་ཐབས་རྡོ་རྗེ་བདེ་བ་ཆེན་པོ་ཟུང་དུ་འཇུག་པ་ནི་བྱང་ཆུབ་རྡོ་རྗེ་སྟེ་ཟུང་འཇུག་གི་སྐུ་ལ་སྨོས་པའོ། དེས་མི་བསྐྱོད་པ་སོགས་ལ་དབང་བསྩལ་ཞེས་པ་ནི་སྔགས་གསར་མ་ལྟར་ན་འབྲས་བུ་ལ་རྒྱུ་ཡི་རྒྱས་གདབ་པའི་དོན་ཡིན་ཞིང་། རྙིང་མ་ལྟར་ན་རྒྱལ་བ་དགོངས་པས་བརྒྱུད་པ་ཞེས་བྱའོ། །དབང་བསྐུར་ཞེས་པའང་ཨ་བྷི་ཥིཉྩའི་སྒྲ་ལས་དྲི་མ་གཏོར་ཞིང་ཡེ་ཤེས་བླུགས་པ་ལ་བྱ་སྟེ་བུམ་གཏོར་སོགས་དངོས་རྫས་མགོ་ལ་འཇོག་པའི་དོན་ཏུ་མི་བསམ་མོ། ནམ་མཁའི་རྡོ་རྗེ་ནི། བསྡུས་རྒྱུད་ལས། མཁའ་ཁྱབ་ནམ་མཁའི་རྡོ་རྗེ་དེ་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་གཉུག་མའི་ཡེ་ཤེས་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་རྡོ་རྗེ་ལྟར་འགྱུར་བ་མེད་པའི་མིང་གི་སྒྲས་མཚན་པར་མཛད་ཅིང་། བརྟག་གཉིས་ལས། །ལུས་ལ་ཡེ་ཤེས་ཆེན་པོ་གནས། ཞེས་དང་། རྡོར་ཕྲེང་ལས། །སྙིང་གའི་པདྨའི་སྦུབ་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། །པདྨའི་ལྟེ་བའི་ནང་ན་བཞུགས། །ཐིག་ལེ་གཅིག་པུ་ཡི་གེ་མེད། །རྣམ་པ་ཐམས་ཅད་རྣམ་པ་མེད། །


LT36_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རྡོ་རྗེ་ཀུན་ཏུ་གྲགས། ཞེས་སོགས་རྒྱུད་ཐམས་ཅད་ལས་གཉུག་མའི་ཡེ་ཤེས་དང་། སེམས་ཀྱི་རྡོ་རྗེ་དང་། རྡོ་རྗེའི་ཡེ་ཤེས་དང་། འོད་གསལ་དང་། ཡང་དག་པའི་མཐའ་དང་། །མི་ཤིག་པའི་ཐིག་ལེ་དང་། ནཱ་ད་དང་། ཨེ་ཝཾ་དང་ཨ་ཧཾ་ལ་སོགས་པ་ཟབ་ཅིང་གསང་བའི་


previousདྲིས་ལེན་རྣ་བའི་བདུད་རྩི།next