Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

22 occurrences of གསང་ཕུག་
[Clear Hits]


  
 
  
  
 
  
  
 
 
 
 
  
ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཁྱད་པར་གྱི་རྣམ་ཐར་ལ་ཆེད་དུ་བརྗོད་པ་ཨུ་དུམྦ་རའི་དགའ་ཚལ།
  
  
  
  
  
  
  
  


22 occurrences of གསང་ཕུག་
[Clear Hits]

 
previousཀུན་མཁྱེན་བླ་མ་རིན་པོ་ཆེའི་ཁྱད་པར་གྱི་རྣམ་ཐར་ལ་ཆེད་དུ་བརྗོད་པ་ཨུ་དུམྦ་རའི་དགའ་ཚལ།next

ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཁྱད་པར་གྱི་རྣམ་ཐར་ལ་ཆེད་དུ་བརྗོད་པ་ཨུ་དུམྦ་རའི་དགའ་ཚལ།


LT38_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཁྱད་པར་གྱི་རྣམ་ཐར་ལ་ཆེད་དུ་བརྗོད་པ་ཨུ་དུམྦ་རའི་དགའ་ཚལ་བཞུགས། ན་མོ་གུ་རུ། བརྗོད་པར་དཀའ་བའི་མཚན་མཆོག་ནི། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས། །ལྷ་དང་བཅས་པའི་འཇིག་རྟེན་ན། །སྙན་པའི་གྲགས་པ་རབ་གསལ་བ། །གང་གི་ཞབས་ཀྱི་པདྨོ་ལ། །དེ་དག་གཙུག་གི་ནོར་བུས་བཏུད། །ཡོངས་རྫོགས་བསྟན་པའི་མངའ་བདག་སྟེ། །སྐྱེ་དགུ་ཡོངས་ཀྱི་སྐྱབས་གཅིག་པུ། །འབྲེལ་ཚད་དོན་ལྡན་ཕྲིན་ལས་ཅན། །མི་སྲིད་སྲིད་པའི་ཆོས་དེ་རྨད། །འདིར་སྣང་གཟི་བརྗིད་སྙན་གྲགས་ཀྱིས། །བྱིས་པའི་བློ་ལ་ངོ་མཚར་སྐྱེ། །དེ་དག་དམ་པའི་རྣམ་ཐར་མིན། །ས་སོགས་འབྱུང་བའི་མཐུ་ཆེ་ཡང་། །ཀུན་ཁྱབ་ནམ་མཁར་མཚུངས་མིན་ལྟར། །གངས་ཅན་བསྟན་འཛིན་སུ་དང་ཡང་། །ཐུན་མིན་རྣམ་ཐར་རྨད་ཀྱི་ཕུལ། །རྒྱ་མཚོའི་འཇིངས་ལས་བྱིས་བློ་ཡིས། །སྐྲ་རྩེས་གཞལ་གྱི་ག་ལ་ལོངས། །ཐོབ་འཇལ་རིག་པ་ནོར་སོགས་ཀྱིས། །དབང་དུ་གྱུར་མིན་སྐྱེས་སྦྱངས་ལས། །བོད་ཡུལ་རྒྱལ་བའི་རིང་ལུགས་པ། །ཀུན་གྱི་ཚོགས་རྗེར་གྱུར་པ་ཡི། །ཚུལ་འདི་ཁོ་ནས་འཇིག་རྟེན་འདིར། །ཐུབ་དབང་གཉིས་པའི་རྣམ་ཐར་འཛིན། །བཤད་རྒྱུད་འདེགས་པའི་ཀ་ཆེན་


LT38_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི། །གཞུང་ལུགས་སྨིན་གྲོལ་གདམས་པའི་བཅུད། །གངས་ཅན་ལྗོངས་སུ་བཞུགས་སོ་འཚལ། །གསན་བསམ་སྒོམ་པས་མཐར་ཕྱིན་མཛད། །སྐྱེ་བ་མེད་ལས་སྐྱེ་ཚུལ་དང་། །འཕོ་བ་མེད་ལ་འཕོ་ཚུལ་བཞིན། །སྤང་རྟོགས་ཀུན་གྱི་མཐར་སོན་ཀྱང་། །གདུལ་བྱ་ཐབས་ཀྱིས་འདུལ་བར་བསྟན། །སྔ་འགྱུར་ཡོ་ག་རྣམ་གསུམ་གྱི། །རྒྱུད་དང་སྒྲུབ་སྡེ་བཀའ་གཏེར་སྲོལ། །རང་ནོར་བཞིན་ཏུ་བདག་གིར་བཞེས། །སྨིན་གྲོལ་ཆུ་སྲོལ་ཁྱབ་པར་བཙུགས། །ཁྱད་པར་ཐུགས་བསྐྱེད་ལས་འཕྲོ་དང་། །གདུལ་བྱ་དུས་བབས་ཌཱ་ཀི་ནཱིའི། །ལུང་བཞིན་རྡོ་རྗེའི་རྒྱ་བཀྲོལ་ནས། །རིན་ཆེན་ས་དང་དགོངས་པའི་གཏེར། །དག་སྣང་ཤར་དང་སྙན་ཏུ་བརྒྱུད། །སྔོན་གནས་རྗེས་དྲན་གོང་མ་ཡི། །ཡང་གཏེར་ཟབ་ཆོས་ནོར་བུའི་མཛོད། །སྔོན་ཆད་ས་སྟེང་མ་གྲགས་པ། །སྐལ་ལྡན་དཔྱིད་དུ་དབྱེ་མཛད་པས། །བསྟན་རྩ་གསང་ཆེན་རྙིང་མ་པའི། །རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར། །མུས་ཆེན་འཁོར་ལོ་སྡོམ་པ་དང་། །རྒྱལ་ཚབ་སེམས་དཔའ་ཆེན་པོ་ཟུང་། །དངོས་སྣང་མཁན་ཆེན་རྡོ་རྗེ་འཆང་། །ཐང་རྩེ་མཆེད་ཀྱིས་གསང་གསུམ་གྱི། །རྒྱལ་ཚབ་ཆེན་པོར་དབང་བསྐུར་ཏེ། །རྩ་བ་གོང་


LT38_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གསུང་རབ་དང་། །ཡན་ལག་ངོར་ཆེན་གངས་དཀར་བ། །ཚར་ཆེན་ཡབ་སྲས་གཞུང་ལུགས་དང་། །གདམས་ངག་ཀུན་ལ་རང་བྱན་ཆུབ། །ལྷ་དང་བླ་མས་རྗེས་སུ་བཟུང་། །གདུལ་བྱ་མཁའ་སྤྱོད་གནས་སུ་བཀོད། །བསྟན་ལ་ཕྱག་རྗེས་རླབས་ཆེན་བཞག །བསྟན་པའི་རྒྱན་གཅིག་ས་སྐྱ་པའི། །བླ་མ་འགྲན་པའི་ཟླ་དང་བྲལ། །དྭགས་པོ་སྤྱན་སྔ་ཀརྨ་པ། །འབྲི་སྟག་འབྲུག་པ་ལ་སོགས་པའི། །གདམས་ངག་བདུད་རྩིའི་བཅུད་གསོལ་ཏེ། །བྱིན་རླབས་དོན་གྱི་བརྒྱུད་པ་ཐོབ། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བརྙེས། །ཞེན་ལོག་སྒོམ་གྱི་རྐང་པ་ཚུགས། །མོས་གུས་སྒོམ་གྱི་མགོ་བོ་སྐྱེས། །དྲན་པའི་བྱ་ར་སྙིང་རྗེ་ཡི། །ཕྲིན་ལས་བག་ཡོད་གོ་ཆ་མཁྲེགས། །ཐབས་ལམ་ཆོས་བཞིའི་དྲོད་རྟགས་ཐོབ། །རྡོ་རྗེ་ལུས་ཀྱི་གནས་ལུགས་གཟིགས། །གྲོལ་ལམ་ཕྱག་རྒྱ་ཆེན་པོ་རྟོགས། །སྣང་སྲིད་ཆོས་སྐུ་རྗེན་པར་ཤར། །མཉམ་གཞག་རྗེས་ཐོབ་ས་མཚམས་ཞིག །སེམས་དང་སྣང་བ་གཅིག་ཏུ་འདྲེས། །ཡེངས་དང་མ་ཡེངས་རྣམ་དབྱེ་བྲལ། །བདེན་གཉིས་བླང་དོར་མི་མངའ་བའི། །རོ་གཅིག་རྣལ་འབྱོར་རྩལ་རྫོགས་པས། །བསྟན་པའི་སྙིང་པོ་བཀའ་བརྒྱུད་པའི། །རྟོགས་ལྡན་ཀུན་གྱི་རྒྱལ་པོར་གྱུར། །དེང་


LT38_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སང་གསེར་ལྟར་དཀོན་པ་ཡི། །དཔལ་རྩེ་དབྱིངས་སོགས་ཡོ་གའི་ཆོས། །རྫོགས་པར་གསན་ནས་ཐུགས་ཉམས་བཞེས། །བླ་མེད་སྤྱི་དང་ཁྱད་པར་དུ། །བདེ་དགྱེས་དུས་གསང་སྨིན་གྲོལ་དང་། །རྒྱུད་ཀྱི་བཤད་བཀས་དོན་གཉིས་མཛད། །བུ་དོལ་རྗེས་འབྲང་བཅས་པ་ཡོ། །གསུང་རབ་ཀུན་ལ་སྲི་ཞུ་སྤེལ། །ལུགས་བཟང་གསེར་གྱི་ཉག་ཐག་ནི། །ཕྲ་མོར་གྱུར་པའི་སྲོག་མཐུད་པས། །བསྟན་པའི་གསལ་བྱེད་ཇོ་ཞལ་གྱི། །བསྟན་འཛིན་ཀུན་གྱི་རྩེ་མོར་སོན། །ལྷ་ཆོས་བདུན་ལྡན་བཀའ་ཐམས་ཅད། །གདམས་ངག་ཉིད་དུ་སྟོན་པ་ཡི། །གཞུང་གདམས་མན་ངག་སྤྱི་དང་ནི། །ཁྱད་པར་བཀའ་གདམས་གསར་མའི་སྲོལ། །ལྟ་བ་དབུ་མ་འཕགས་པའི་ལུགས། །ཐེག་ཆེན་ཤེར་ཕྱིན་ཐེག་དམན་གྱི། །སྤྱོད་པ་འདུལ་བ་ཕྲན་དང་བཅས། །ཆོས་ཀྱི་མ་མོ་མཛོད་ལ་སོགས། །ཤིང་རྟ་ཆེ་གཉིས་རྗེས་འབྲང་བཅས། །འཕགས་བོད་མཁས་པའི་གཞུང་ལུགས་ནོར། །འཆད་རྩོད་རྩོམ་པའི་བྱི་དོར་ལ། །འཇིགས་མེད་སྤོབས་པའི་གཏེར་གྲོལ་བས། །བསྟན་པའི་བདག་པོ་དགའ་ལྡན་པའི། །དགེ་བཤེས་རི་བོ་ལྟ་བུར་བརྗིད། །རྒྱལ་གཤེན་མཉམ་ཆགས་རྟེན་འབྲེལ་གཞུང་། །ཉམས་པར་མ་གྱུར་བསྟན་འགྲོ་ཡི། །ཕན་བདེ་འཕེལ་བའི་རྒྱུར་གཟིགས་ནས། །གཡུང་དྲུང་


LT38_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བོན་གྱི་གཞུང་འཛིན་པ། །ཀུན་ཀྱང་གཟེངས་བསྟོད་དབུགས་དབྱུང་བས། །དེ་བསྟན་སྐྱོང་རྣམས་དབུ་འཕང་བསྟོད། །གཞན་ཡང་སེམས་ཅན་གཅིག་ལ་ཡང་། །ཕན་བདེ་སྟེར་ཚད་སངས་རྒྱས་ཀྱི། །ཕྲིན་ལས་ཉིད་དུ་གསུངས་པ་ལ། །མཁས་དང་གྲུབ་པའི་བསྙེམས་པ་ཡིས། །ཁྱད་དུ་གསོད་པར་མི་མཛད་པར། །གྲུབ་མཐའ་ཀུན་དང་མ་ལྟར་འཛའ། །ཡོན་ཏན་ཅན་རྣམས་ཕ་ལྟར་བསྔགས། །ཉམ་ཆུང་ཀུན་ལ་བུ་བཞིན་གཟིགས། །དེ་སླད་གང་ཟག་གཞན་དག་དང་། །མ་འདྲེས་ཁྱད་པར་རྨད་ཀྱི་ཆོས། །ཚུར་མཐོང་བློ་ངོར་ཅུང་ཟད་ཙམ། །རྟོགས་པ་བརྗོད་པའི་ལེགས་བྱས་ཀྱིས། །ཀུན་ཀྱང་ཀུན་མཁྱེན་བླ་མ་རྗེའི། །རྣམ་པར་ཐར་པའི་རྗེས་ཞུགས་ནས། །བཞེད་པ་ཡོངས་སུ་སྐོང་བ་དང་། །ཕྲིན་ལས་ཕྱོགས་མཐར་སྤེལ་བྱེད་ཤོག །ཚུལ་འདིའང་སྤྱིར་ཀུན་མཁྱེན་བླ་མ་རིན་པོ་ཆེ་ཉིད་ཀྱི་ཞལ་སྔ་ནས་སངས་རྒྱས་པའི་རིང་ལུགས་དེ་དག་འཛིན་པ་པོར་ཞལ་གྱིས་དངོས་སུ་བཞེས་པ་མ་ཟད། སོ་སོའི་བསྟན་སྐྱོང་ཁྱད་པར་འཕགས་པར་མཐུན་སྣང་དུ་གྲུབ་པ་དང་། བྱེ་བྲག་ཁོ་བོ་དམན་པ་གུ་འི་མིང་ཅན་ལ་བོང་བ་གསེར་གཟིགས་ཀྱི་ཉམས་རྟོགས་འཁྲུངས་ཚུལ་གསུང་གི་བདུད་རྩི་ཐུན་མིན་སྩལ་བ་ཐོབ་པའི་སྐལ་པ་བཟང་པོ་ཉམས་སུ་མྱོང་བ་


LT38_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན། ལྷག་པར་དད་ཅིང་གུས་པའི་ཡིད་ཀྱིས་ཕྱོགས་ཙམ་བརྗོད་པ་སྐྱེ་བ་ཀུན་ཏུ་བླ་མ་དམ་པའི་གསང་གསུམ་ཕྲིན་ལས་དང་མཉམ་པ་ཉིད་མཉེས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousཀུན་མཁྱེན་བླ་མ་རིན་པོ་ཆེའི་ཁྱད་པར་གྱི་རྣམ་ཐར་ལ་ཆེད་དུ་བརྗོད་པ་ཨུ་དུམྦ་རའི་དགའ་ཚལ།next