Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of མགོན་པོ་བེང་
[Clear Hits]


  
collapse section
  
  
  
  
 collapse section
 
  
  
  
  
གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་མྱ་ངན་འདས་བྱུང་གི་གཏམ་ཨུཏྤ་ལའི་འཕྲེང་བ།
 expand section
  


1 occurrence of མགོན་པོ་བེང་
[Clear Hits]

 
previousགཏེར་ཆེན་ཆོས་ཀྱི་རྒྱལ་པོའི་མྱ་ངན་འདས་བྱུང་གི་གཏམ་ཨུཏྤ་ལའི་འཕྲེང་བ།next

གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་མྱ་ངན་འདས་བྱུང་གི་གཏམ་ཨུཏྤ་ལའི་འཕྲེང་བ།


MLP003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་མྱ་ངན་འདས་བྱུང་གི་གཏམ་ཨུཏྤ་ལའི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།


MLP003_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་མྱ་ངན་འདས་བྱུང་གི་གཏམ་ཨུཏྤ་ལའི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །བཀའ་དྲིན་མཉམ་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ནང་གི་རྟོགས་བརྗོད་ཀྱི་ཁ་སྐོང་མྱ་ངན་འདས་བྱུང་གི་གཏམ་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ། རྗེ་བཙུན་དམ་པ་དེ་ཉིད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་མགོན་སྐྱོབ་པ་ཐུགས་རྗེ་ཅན། །ཡོན་ཏན་རྒྱ་མཚོའི་མངའ་བདག་གཏེར་ཆེན་རྗེ། །ཞིང་འདིར་རྒྱལ་བསྟན་སྙིང་པོ་གསལ་མཛད་ནས། །གདོད་མའི་དབྱིངས་སུ་གཤེགས་ལ་ཕྱག་འཚལ་ལོ། །ཞི་བ་ཕྱོགས་གཅིག་མ་ཡིན་ཐབས་མཁས་ཀྱིས། །གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བའི་ཕྱིར། །ངོ་མཚར་བཀོད་པའི་ཆོ་འཕྲུལ་དུ་མ་ཡིས། །གཟུགས་སྐུ་འོད་གསལ་ཆོས་སྐུའི་ཀློང་དུ་བསྡུས། །གདུང་ཚབ་ཐུགས་ཀྱི་སྲས་སུ་དབང་བསྐུར་ཞིང་། །འདས་རྗེས་གདམས་པས་གདུལ་བྱ་རྗེས་བཟུང་ནས། །ཕྱི་མཐའ་གཟིགས་པའི་བླང་དོར་ལུང་བསྟན་བཅས། །བརྩེ་བས་འདོམས་པར་མཛད་ལ་གུས་ཕྱག་འཚལ། །དེ་ལྟའི་མྱ་ངན་འདས་བྱུང་གཏམ། །ངོ་མཚར་ཨུཏྤལ་ཕྲེང་བར་བརྒྱུས། །སྐལ་བཟང་དད་པའི་རྣ་བ་ཡི། །མཛེས་བྱེད་རྒྱན་དུ་འདི་ལོངས་ཤིག །འདིར་བདག་ཅག་རྣམས་ཀྱི་སྐྱབས་མགོན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པའམ་རིག་འཛིན་འགྱུར་མེད་རྡོ་རྗེ་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་ལྷ་དང་མིའི་འཇིག་རྟེན་དུ་མཚན་ཡོངས་སུ་གྲགས་པ་འདི་ཉིད་དགུང་ལོ་དྲུག་ཅུ་རེ་བརྒྱད་བཞེས་པ་ཆུ་མོ་སྦྲུལ་ལོ་ཡན་ཆད་ཀྱི་རྣམ་པར་ཐར་


MLP003_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་བརྗོད་ཟིན་ནས། དེ་འཕྲོས་ཤིང་རྟའི་ལོ་ཤར་མཚམས་ཞི་བའི་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་པའི་མཛད་པ་ཐ་མའི་རབས་རྣམས་ཅུང་ཟད་ཅིག་གླེང་ན། སྤྱིར་རང་གཏེར་གྱི་ལུང་བྱང་ལས་དགུང་ལོའི་ཚད་བདུན་ཅུ་དོན་བརྒྱད་དང་དོན་བདུན་འདམ་ཁ་ལྟ་བུར་གསུངས་པ་འཁྲུངས་ལོ་བྱའམ་ཁྱི་གང་རིགས་སུ་སྣང་བའི་ཁྱད་པར་རམ། རྣམ་པ་གཅིག་ཏུ་ན་ལོ་འགོའི་འཛིན་ལུགས་སོགས་ཀྱིས་ཀྱང་མཐའ་ཅིག་ཏུ་མ་ངེས་ལ། དེ་ལྟ་ནའང་སྐུ་ཚེའི་འཕྲང་དགུ་ཡོད་པར་བཤད་པ་ལས། བར་གཅོད་དམ་སྲིའི་རྐྱེན་གྱིས་བསྒྲིབས་པ་ན༔ ཚེ་འཕྲང་ལྔ་ལས་ཚེ་ཚད་འཁྱོལ་བ་དཀའ༔ ཞེས་འབྱུང་བ་ལྟར་ཤིན་ཏུ་གཉན་པའི་སྐུ་ཚེའི་འཕྲང་ལྔ་པ་དེ། དགུང་ལོ་དྲུག་ཅུ་རེ་གཅིག་བཞེས་པ་མེ་ཕོ་ཁྱིའི་ལོ་དེ་ཡིན་པར་སྣང་ཡང་དུས་ཀྱི་འགྱུར་བའི་སྤྱི་ཆགས་དང་། ནང་གི་ཆགས་སྡང་ལ་བརྟེན་པའི་ཟིང་རྩི་ཕྲན་བུའི་སྒོས་ཆག་ལས་སྐུ་རིམ་གྱིས་རྒྱབ་འཁྱོར་བ་ལྟ་བུས་སྐུ་ཚེའི་བར་ཆད་དུ་མ་གྱུར་ཅིང་། དེ་རྗེས་ས་ཕོ་བྱི་བའི་ལོ་འབྲུམ་འཛེམ་གྱི་སྐུ་མཚམས་ལ་བཞུགས་སྐབས་ཐོ་རེངས་ཁའི་མནལ་ལམ་དུ། བུད་མེད་གཞོན་ནུ་མ་ཞིག་ནམ་མཁའི་དབྱིངས་སུ་འཕུར་བཞིན་དུ། སྟེང་རླུང་ནོན་པར་མ་བྱས་ན། །སྒྲ་གཅན་རེངས་པར་མི་འགྱུར་རམ། །ཞེས་སོགས་ཀྱི་ཚིགས་བཅད་འདོན་པའི་སྒྲ་གསན་པ། ནངས་པར་གཟིམས་ཁྲི་ལས་སྐུ་བཞེངས་དུས་འདི་ལྟར་བྱུང་ཞེས་ཞམ་རིང་པར་བཀའ་གནང་ཡང་རྐང་པ་གཉིས་པོ་དེ་མ་གཏོགས་བརྗེད་ནས་བློར་མ་གསལ་འདུག་ཅིང་། དེ་ནས་བཟུང་སྟེ་སྐུའི་སྲོག་མཐུར་གྱི་རླུང་འདྲེས་པ་སྟོབས་སུ་གྱུར་ནས་གྱེན་དུ་འཁོར་བས་སྐུ་འཕོ་བའི་མཚན་མ་གསལ་བར། རྡོར་བཟླས་དང་བུམ་ཅན་གྱི་རླུང་སྦྱོར་ཐུགས་ཉམས་སུ་བསྟར་བས་གེགས་ལས་གྲོལ་བ་ཞིག་བྱུང་བའང་སྐུ་ཚེའི་འཕྲང་ཨེ་ཡིན་སྙམ། དེ་གོང་ཤིང་སྤྲེལ་ཟླ་བ་དགུ་པའི་ཚེས་བརྒྱད་ཀྱི་ནུབ་བྲག་ཐོག་པ་བསོད་ནམས་བཟང་པོའི་སྐུས། དྲག་པོ་འདས་ནས་བརྩིས་པ་ལས། །འཁྲུལ་པའི་སྣང་བ་ལོག་པའི་མདངས། །མེ་ལོང་གསལ་བའི་གཟུགས་བཞིན་འཆར། །ཞེས་པའི་ལུང་བསྟན་གསུངས་པ་དེ། ཤིང་སྤྲེལ་ནས་ལོ་བཅུ་གཅིག་པའི་ངོ་འདས་པ་ཤིང་རྟ་འདི་དང་འགྲིགས་པས་སྐུ་ཚེའི་འཕྲང་དྲུག་པའམ་བདུན་པ་


MLP003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གང་རིགས་སུ་གསལ་ཞིང་། དེར་མ་ཟད་མེ་ཁྱིའི་ལོ་ནས་བཟུང་གཏེར་ལུང་ལས་བཤད་པའི་སྐུ་ཚེའི་ཚད་བཞིན་ཞབས་པད་བརྟན་པར་བཞུགས་དགོས་པའི་གསོལ་འདེབས་ཞུ་མི་བྱུང་བ་རྣམས་ལའང་། རྟེན་འབྲེལ་གྱི་སྣ་འགའ་ཞིག་ལོག་པས་རང་སྐལ་གྱི་གཏེར་ཁ་གསུམ་དང་རྡོར་གླིང་གི་གཏེར་ཞབས་རི་བོ་རྩེ་ལྔའི་ཟབ་གཏེར་རྣམས་མ་ཐོན་པ་སོགས་ཀྱིས་ཚེ་ཚད་ཀྱང་དེ་འདྲ་སྡོད་པ་ཅི་ལ་འོང་ཞེས་ཞལ་གྱིས་མི་བཞེས་པ་དང་། ལར་རྟེན་འབྲེལ་གཞན་དབང་དུ་མ་ཐལ་ན་རྨི་ལམ་གྱི་མཚན་མ་བརྟན་པོ་ལ། གཏེར་ལུང་ནས་བཤད་པའི་ཚེ་ཚད་ཀྱི་སྟེང་དུ་ལོ་གཉིས་ཀྱི་འཕར་ཁ་ཡོང་རྒྱུ་འདྲ་ཞིག་ཡོད་ཀྱང་ངེས་ཏིག་ཅི་ཡོད་གསུངས། སྤྱིར་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་ཀྱི་གཟིགས་པ་གསལ་ལེར་མངའ་བས། སྔར་དགེ་སློང་བསྟན་འཛིན་སྐྱེས་མཆོག་གིས་བྱང་འདྲེན་གྱི་ལས་ཚན་དགོངས་པ་ནན་གྱིས་ཞུས་སྐབས། གཏེར་བྱོན་ཨ་ཐམ་མ་གཅིག་དང་སྲབ་ཐེར་བུབས་ཀྱི་གནང་སྦྱིན་བཅས། ངེད་རང་ཁམས་བཟང་རིན་ལས་ཚན་གྱི་དགོངས་པ་ཞུ་རེ་མ་བྱེད། དེ་ནས་རྣམ་པ་ཤར་ཡོང་གསུངས་འདུག་པ་ལྟར་འདི་ལོ་རྗེ་ཉིད་དབོ་ཟླར་དག་ཞིང་དུ་གཤེགས་ནས་མི་རིང་བར་སྣྲོན་ཟླའི་མཇུག་ཏུ་ཁོང་པ་འདས་སོང་བ་དང་། ཆུ་འབྲུག་ལོར་བདག་བར་ཁམས་སུ་འགྲོ་དུས་གསུང་བརྟག་ཞུས་པར་ལོ་གཅིག་གི་ཁོངས་སུ་འདི་གར་འབྱོར་བ་ཡོང་ཐུབ་ན། དེ་བར་གཞིས་བྱེས་གཉིས་ཀར་ཉེར་འཚེ་མེད་ཅེས་བཀའ་སྩལ་ཅིང་། དེ་རྟིང་བྱང་མི་གཞུངས་སུ་རྗེས་བསྙགས་ཀྱི་བཀའ་ཤོག་ཕེབས་པར་ཡང་ལོ་གཅིག་ཁོངས་སུ་ཡར་འབྱོར་རྩིས་གཞན་དབང་དུ་མ་ཐལ་བ་གྱིས་ཤིག་པའི་བཀའ་ལུང་བཞིན། ཡར་འབྱོར་བསྟུན་རྒྱལ་ཟླའི་འགོ་ནས་རང་ནད་ཀྱིས་མནར་ཏེ་མལ་དུ་ལྷུངས་པ་དང་། སྔ་ལོ་འབུར་བཟོ་དབུ་མཛད་མགོན་པོ་འགྲོ་གདོང་འོག་མིན་ཡང་རྩེའི་རྗེ་ཉིད་རང་གི་སྐུའི་ཞལ་སྐྱིན་བཟོ་བཅོས་དང་། སྒྲུབ་སྡེ་བསམ་གཏན་རྩེའི་ཚོགས་དབུའི་ཉིད་ཀྱི་སྐུ་བཞེངས་པར་ཤིན་ཏུ་མཉེས་པས་དེང་སང་ཡང་ངེད་རང་གི་འདྲ་སྐུ་ལེགས་པོ་ཞིག་བཞེངས་དགོས་ཡོད་པས་སེམས་ལ་ཞོགས་ཕེབས་པ་ལྟར། འདི་གར་ཕྱིས་དབུ་མཛད་འཛོམ་ཕྲུག་གིས་སྐུ་འདྲའི་བཟོ་ཚུགས་སྐབས་ཁོང་རང་གདུང་མཇལ་དང་


MLP003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲགས་སྔར་གྱི་བསླབ་སྟོན་ཡོད་ཚུལ་བཅས་འབྱོར་བ་དང་། འོག་མིན་ཡང་རྩེའི་རྒྱ་ཕེབས་སྒྲིག་དུས་གཟུངས་འབུལ་ལ་ཕེབས་སྐབས་ཤིང་བཟོ་བ་དབུ་མཛད་བཀྲ་ཤིས་གླིང་པར་མཆོད་རྟེན་གྱི་ཤིང་བཟོ་དཀའ་སླ་ཅི་འདྲ་ཡོང་ཕེབས་པར། དཀའ་ལས་ཆེ་བ་རང་མི་འོང་ཞུས་སོང་བར་དེང་སང་མཆོད་རྟེན་གྱི་ཤིང་བཟོ་ལེགས་པོ་ཞིག་བྱེད་དགོས་ཡོད་པས་ཐུགས་ལ་ཞོགས་ཕེབས་པ་དང་། ཡང་འདི་ལོ་བདག་གིས་ཀེག་མྱུལ་གྱི་གཉན་ཆ་བཅས་སྤྱི་སྒོས་གང་སར་ཆག་སྒོ་ཡོད་མེད་ཞུས་པར། འདི་ལོ་མཁན་རིན་པོ་ཆེ་རང་ལ་སྒོས་ཆག་མི་འདུག་རུང་སྨིན་གྲོལ་གླིང་སྤྱི་ལ་ཆག་ཆེ་བ་འདུག་ཚུལ་ཕེབས་པ་སོགས་ངེས་པའི་གཏན་ཚིགས་མང་པོ་དང་། ཁྱད་པར་ཆུ་མོ་སྦྲུལ་ལོ་ཤར་བ་ནས་བརྩམས་ཏེ་ཞིང་ཁམས་ཕྱི་མར་ཐུགས་ཆེས་སྤྲོ་བས་འཕྲལ་ཡུན་བླང་དོར་གྱི་གནས་ལ་གདམས་པའི་ཞལ་ཏ་བརྒྱུད་མར་སྩལ་འདུག་པ་དང་། ཤ་འུག་གཏེར་བྱོན་གྱི་མཁའ་འགྲོའི་ཆོས་སྐོར་ཡང་ཤོག་སེར་ལས་འབེབས་པར་མཛད་ནས་བཀའ་བབས་ཆོས་ཀྱི་བདག་པོ་ལ་གཏད་རྒྱ་དང་བཅས་སྩལ་ཅིང་། བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་ཁོག་སྟག་ལོར་བཀའ་རྩོམ་གནང་འཕྲོ་ལུས་པའང་འདི་ལོ་བསྡུ་བར་མཛད་ནས་དེའི་སྦྱར་བྱང་གནང་དུས་སྒྲུབ་ཁོག་གྲུབ་པར་བྱས་ཡོད་པས་སླར་ངའི་ལོ་མཆོད་དེ་ལ་བཀའ་བརྒྱད་ཀྱི་སྒྲུབ་ཆེན་ཞིག་ཚུགས་པ་གྱིས་གསུངས། གྲྭ་ཚང་གི་དགེ་བསྐོས་འཕོ་དུས་ཀྱི་བཅའ་ཡིག་ལྗགས་སྒྲོག་གནང་བའི་ཚེའང་། མགུལ་ཆམ་གྱིས་ཅུང་ཟད་སྐུ་མ་བདེ་བས་གཅུང་རྗེ་དབོན་ཕྱག་མཛོད་སོགས་ཞམ་རིང་པ་རྣམས་ཀྱིས་སྐུ་འཁྲུགས་དོགས་པས་ད་རེས་ལྗགས་སྒྲོག་མ་གནང་ན་ཞུས་སོང་ཡང་ད་ལམ་མ་ཀློག་ན་མི་འོང་གསུང་། དོན་ཚན་བསྡུས་པའི་ལྗགས་ཀློག་དང་གནད་ཆེ་སར་ཞིབ་བཀྲོལ་གྱིས་གདམས་པའི་མཇུག་ཏུ། དགེ་འདུན་ཐམས་ཅད་ཐུགས་མཐུན་ཞིང་བཙུན་ཚུགས་བཟང་བས་གཞི་བཟུང་། ཐོས་བསམ་སྒོམ་གསུམ་གྱིས་རྒྱུད་སྦྱངས་ཏེ་ཅི་བྱས་ཆོས་དང་མཐུན་པར་མཛོད། ཁ་ཆེམས་ཀྱང་དེ་ལས་ལབ་རྒྱུ་མེད་དོ་གསུང་། དེ་བཞིན་དུ་སྡེ་པ་བྱ་པ་ཡུམ་སྲས་རྣམས་སྦྲུལ་ལོའི་འགོར་ཕེབས་པའི་ཞབས་བརྟན་སོགས་རྒྱས་པར་ཕུལ་ཏེ་ཡུམ་སྲས་སྔོན་དུ་ཐེགས། ལྕམ་ཀུན་དགའ་དཔལ་


MLP003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམ་རེ་ཞིག་བཞུགས་པ་ཟླ་བ་ལྔ་པའི་ནང་དུ་ཐོན་གདོང་། བླང་དོར་གྱི་ཞལ་འཁོས་དཔྱིས་ཕྱིན་པ་སྩལ་ཏེ་ད་ཕྱིན་ཆད་འཕྲད་པ་ཞིག་མི་འོངས་བས་ཁ་ཆེམས་ཡིན་གྱིས་སེམས་ལ་ཞོག་འཚེང་མ་སོང་ན་ཨ་ཁུ་ལགས་ཀྱིས་ད་དུང་སྐྱོར་ཅིག་གསུང་། ཆུ་སྦྲུལ་ཟླ་བ་གསུམ་པའི་ནང་དུ་རྣམ་སྤྲུལ་རིན་པོ་ཆེ་ཡབ་སྲས་ཕེབས་དུས་ཀྱང་ཐུགས་སྲས་སྤྲུལ་པའི་སྐུ་གསན་སྦྱོང་ལ་སྔར་ནས་ཕེབས་འདུན་དེ་བཞིན་ལ། ད་རེས་བཞུགས་ན་དབང་ལུང་འབུལ་གང་ཐུབ་བྱེད་ཅེས་བཀའ་ཕེབས་གནང་འདུག་ནའང་དགོན་ལག་སོ་སོའི་ངོ་བསྟུན་གྱིས་ཕེབས་དགོས་སྟབས་ཁྲིགས་སུ་མ་ཁེལ། དེ་རྟིང་ཆུ་སྦྲུལ་ཟླ་བ་བཅུ་པའི་མཇུག་ཏུ་རྣམ་སྤྲུལ་རིན་པོ་ཆེ་མོན་སྒང་སྟེང་དུ་ཕེབས་རྒྱུར། དེ་དང་བསྟུན་ནས་ཐུགས་སྲས་རིན་པོ་ཆེ་ཡང་འདིར་ཕེབས་རྩིས་ཀྱི་ཞུ་ཡིག་འབྱོར་བར་ད་ཆ་ཆོས་བཀའ་འབུལ་ཐུབ་པ་ཞིག་མི་ཡོང་འདུག་པས་མ་ཕེབས་པ་འགབ་ཅེས་པ་བཀའ་ལན་སྩལ་སོང་ཞིང་། དེ་དུས་ནུབ་ཅིག་འོད་གསལ་གྱི་གཟིགས་སྣང་ལ་བྱ་ཡུལ་དུ་ཐེགས་པའི་ལྕམ་ཀུན་དགའ་དཔལ་འཛོམ་དེ་རྒྱན་ཆའི་རིགས་མེད་པར་སྐྲ་རྒྱབ་བསྙིལ་དར་དམར་གྱིས་བསྡམས་པའི་རྣམ་པར་སྐུ་དྲུང་དུ་འོངས་ནས། དར་དཀར་རིང་པོ་ཞིག་ཕྱག་ཏུ་ཕུལ་བྱུང་བ་བཞེས་པ་ན། དེའི་སྣེ་མོ་གཞན་ཕྱོགས་མོ་རང་གིས་ཟིན་བཞིན་པས་འཐེན་ཏེ་སྐུ་ཕར་འདྲེན་པ་ལྟ་བུ་ཞིག་བྱུང་གསུང་བ་ལ་ཞམ་རིང་པས་མནལ་ལྟས་དེ་འདྲ་ལེགས་པོ་མིན་འདྲ་ཞུས་པར་མི་ལེགས་པ་མིན་མཁའ་སྤྱོད་མས་ལམ་སྣ་འདྲེན་པ་ཡིན་འདུག་གསུང་། ཡང་ལོ་དེ་གའི་ཟླ་བ་བཅུ་གཅིག་པའི་ནང་དུ་ནུབ་ཅིགལྷ་ལྕམ་ས་ལེའི་ཡང་སྲིད་སྔ་མ་དེ་གོས་རྒྱན་རང་ཆས་ལ་ཕུ་རུང་གཡོན་པ་ཕུད་ཅིང་གཟི་བྱིན་མཚུངས་པ་མེད་པའི་རྣམ་པར་ཐལ་གྱིས་འོངས་ནས་རྗེ་ཉིད་རང་ཕྱག་དཔེ་ཁང་གི་སྒོ་རྩ་རྒྱུན་དུ་བཞུགས་ས་དེ་གར་བཞུགས་འདུག་པ་ལ་བཏུད་ནས། ད་རེས་སྲོག་མཐུར་གྱི་རླུང་རེངས་པས་སྐུ་མ་བདེ་བ་དེ་ལ་བྱུག་པ་ཞིག་ཕུལ་ན་ཁྱད་ཆེ་ཞེས་སྐུ་རིལ་པོར་ཞུན་མར་གྱིས་བཀུས་སོང་བའི་མཚན་ལམ་བྱུང་བ་དང་། དེ་སྐབས་ནུབ་མོ་ཁ་ཤས་མཚན་ལ་ཐུགས་ཚིག་ཉམས་ཀྱིས་མནལ་ཆག་པ་ཞིག་བྱུང་བར། གསོལ་དཔོན་གྱིས་སྔ་སོར་དེ་འདྲ་བྱུང་དུས་གཞུང་ལ་རྒྱར་མི་ཤིས་པ་


MLP003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ངེས་པར་འོང་གི་འདུག་ད་རེས་འདི་ཡང་སྤྱི་སྒོས་གང་རུང་ལ་གནོད་པའི་ལྟས་ཤིག་མིན་ལས་ཆེ་ཞུས་པར་དེ་འདྲའི་ངེས་པ་རང་མེད་དམ་གསུངས། ཟླ་བ་དེ་གའི་ཚེས་བཅུའི་ཉིན་སྐུ་ཞང་ཆིབས་དཔོན་གྱི་ཐང་སྐུའི་རྒྱབ་གཟུངས་གནང་སྐབས། རྗེ་དབོན་ཕྱག་མཛོད་ཀྱིས་ཕྱག་རྗེས་གནང་དགོས་གཞན་འདྲ་ཡང་འདུག་པས་སླར་ལྡེབས་སུ་གནང་ན་ཡོང་འདྲ་ཞུས་པར། ད་རེས་རང་བྱེད་སླར་རྒྱག་ལོང་ཡོང་བའི་ངེས་པ་མེད་པས་ལུས་ན་ཨ་བར་འདོད་པ་མ་རྫོགས་པ་འོང་གསུང་བ་དང་། དེ་དུས་གཅུང་རྗེ་དབོན་སྐུ་བསྙུན་མུས་ལ་ཉིན་ཞིག་བཀའ་ལས་འཕྲོད་བསྟེན་ལ་འབད་དགོས། གཟུགས་མ་ཐང་ན་མགྱོགས་མྱུར་བྱ་བ་རྒྱ་ཆེན་བྱེད་དགོས་པ་ཞིག་འོང་བ་འདུག་གསུངས། འཕྲོད་བསྟེན་གང་འགབ་ཞུས་པར། རིན་ཆེན་རིལ་བུ་དང་སྦྱོངས་ཤིག་བྱས་ན་འཕྲོད་ཅེས་སྩལ་བ་ལྟར་བསྒྲུབས་པས་མྱུར་དུ་དྭངས་པར་བཀའ་ལས་ད་རེས་ནད་ལས་གྲོལ་བ་དེས་བློ་བདེ་གཞན་ཁོང་ཁུ་དབོན་རྣམས་ལ་ཐུགས་བསུན་འོང་བར་འདུག་གསུང་། ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཀྱི་ཉིན་དེ་རིང་ཀུན་མཁྱེན་ཆོས་རྗེའི་དུས་མཆོད་ཡིན་པས་ངེད་རང་ཚོ་གཙུག་ལག་ཁང་གི་གནས་རྟེན་རྣམས་ལ་མཆོད་འབུལ་དུ་འགྲོ་ཞེས་ཕེབས་ཏེ། སྙན་ཤལ་མཆོད་འབུལ་དང་སྨོན་ལམ་རྒྱས་པར་གནང་ཞིང་། འདུ་ཁང་དུ་རྒྱལ་མཚན་སོགས་སྤྱན་གཟིགས་སྩལ་ནས་ཐམས་ཅད་ལ་ཐུགས་བརྩེ་བའི་སྤྱན་རས་ཀྱི་བཙའ་བས་གཟིགས་པ་ཞིབ་པར་གནང་། དེ་ཞོར་ལི་མ་ལྷ་ཁང་དུའང་ཕེབས་ནས་རྟེན་སོ་སོའི་རྒྱུ་དབྱིབས་སོགས་ཀྱི་རྟེན་བཤད་རྒྱས་པར་གནང་ཞིང་ཕེབས་ཁར་གཅུང་ཕྱག་མཛོད་ལ་ལི་མ་ཟེར་བ་འདི་དང་འདི་རྣམས་སླར་བརྗེ་ཐུབ་པ་ཞིག་མཛོད་ཅེས་སྩལ། ཉི་ཤུའི་ཉིན་ཞབས་དྲུང་གཅུང་རིན་པོ་ཆེར་ལོ་མཇུག་དུས་རིམ་ན་ནིང་བཞིན་འདི་ལོ་ཡང་ཁྱོད་རང་གིས་བསྐུལ། སང་ཕོད་ནས་ཅི་འདྲ་བྱེད་ཁྱོད་རང་གིས་ཤེས་གསུངས། ཉེར་གཉིས་ཀྱི་ཉིན་དེ་རིང་ཡབ་རྗེའི་དུས་དྲན་གྱི་མཆོད་པ་ཡིན་པས་གསང་སྔགས་ཕོ་བྲང་དུ་མཆོད་འབུལ་ལ་འགྲོ་ཞེས་ཕེབས་ནས་ཕྱེ་འཕུར་བཞི་དང་འཕན་རིང་གཉིས་དཀར་དཔྱད་སོགས་མཆོད་ཆ་མཚར་བ་འདྲའང་འབུལ་བར་མཛད་ཅིང་ཞལ་རས་ལྷ་ཁང་གི་མཆོད་སྟེགས་ཀྱང་ཡར་སྤོ་


MLP003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞལ་འཁོས་གནང་། མཆོད་འབུལ་དང་སྨོན་ལམ་ཡང་རྒྱས་པར་མཛད། དེ་ཞོར་བླ་བྲང་གི་གཙང་ཁང་དུའང་ཕེབས་ཏེ། འདི་ལ་ཡང་མཆོད་ཆས་འགའ་ཞིག་འབུལ་བ་དང་མཆོད་སྒྲིག་གི་བཀོད་པ་བཟོ་དགོས་འདུག་སྟེ། སླར་དངུལ་གདུང་སྒྲིག་པ་དང་མཉམ་དུ་བྱས་ན་ཡོང་བ་འདུག་གསུང་ཞིང་། ཀ་བ་བཞི་པོའི་ཁྱོན་ལ་ཞབས་འཆག་མཛད་དེ་ནུབ་ཀྱི་ཀ་བ་ནང་མའི་ཀ་གདོང་དེ་ལ་སྐུ་བརྟེན་ཏེ་བཞེངས་བཞིན་པ་ལས། ངའི་གདུང་འབུམ་དེ་བཟོ་ཁྱད་ཐོན་པའི་མཚར་ལ་ཆུང་བ་ཞིག་བྱེད་ན་ཀུན་བཟང་ཕོ་བྲང་གི་ཀ་བ་བཞིའི་བར་དང་། སྐུ་ཚད་ཆེ་བ་ཞིག་འགྲུབ་ན་བཞུགས་ས་འདི་རང་འོས་པ་འདུག་པས་དེ་ག་ཐུགས་ལ་ཞོག་གསུང་བ་དང་། དེར་མ་ཟད་འདི་ལོ་གཙུག་ལག་ཁང་གི་གཟིམས་ཆུང་ཀུན་བཟང་ཡང་རྩེའི་གཏོར་གཞི་རྣམས་ཀྱང་ངེད་རང་ཡོད་དུས་མ་སྤོས་ན་ཕྱིས་ཁྱེད་རྣམས་ཀྱིས་སྤོ་མི་ནུས་པས། སྔགས་པའི་གཏོར་མ་དམ་ཚིག་ཡོད་མེད་ཐམས་ཅད་ལ་སྟོན་པ་འདི་མི་ལེགས་པ་འདུག་གསུངས་ནས་སྐུ་རྟེན་དང་གཏོར་མ་རྣམས་བསིལ་བ་ཚལ་དུ་སྤོས་པའི་ཤུལ་དུ་ད་ལྟའི་མཆོད་གཤོམ་འདི་ཉིད་སྒྲིག་པར་མཛད་ནས། དེར་ཞབས་དྲུང་གཅུང་རིན་པོ་ཆེའི་བཞུགས་ས་སྤོ་བའི་ཞལ་འཁོས་དང་། ཞབས་དྲུང་རིན་ཆེན་རྣམ་རྒྱལ་ལ་སྒྲ་རྩིས་ཀྱི་ཡོན་ཏན་མཐར་ཕྱིན་པ་ཞིག་གི་སློབ་སྦྱོང་གྱིས་ཞེས་འཆི་མེད་འོད་སྣང་དུ་ངེད་ཀྱི་རྩར་སྐྱེལ་བ་གནང་། ཡང་ནངས་ཞོགས་ཤིག་བཞེངས་འཕྲལ་ཤར་མར་དབང་ཁང་དུ་ཕེབས་ནས་ཐོག་མར་འཕྱོང་རྩེའི་མྱོས་སྲུང་ནས་དར་ཅིག་གཟིགས་རྗེས། བཞུགས་ཁྲིའི་མདུན་ཐད་ཀྱི་གུང་དེར་ཕེབས་ཏེ་མ་འོངས་པ་འདྲ་བྱུང་ན་ནང་འདི་རང་འཁོས་སུ་ཕེབས་པ་ཡོང་བ་འདུག་ཅེས་གསུང་། ཉེར་གསུམ་ནས་ལོ་མཇུག་དུས་རིམ་གྱི་ཚོགས་དབུར་ཞབས་བསྐྱོད་དེ་རྒྱུན་གྱི་གདབ་ལས་དང་ཉེར་བརྒྱད་ཀྱི་གདབ་ལས་རྒྱས་པའི་ཆས་ཞུགས་ཀྱང་སྔར་རྒྱུན་བཞིན་མཛད་པར། གདབ་ལས་རྒྱས་པའི་ཉིན་རླུང་འཚུབ་དྲག་པོ་གློ་བུར་དུ་ལངས་པ་དང་། གནམ་གང་གཏོར་སྐྱོང་གི་ཉིན་ཞིང་སྐྱོང་མ་མོའི་འཆམས་སྐུ་ཞལ་བུག་ལ་ཁད་ཀྱི་པྲ་རྟགས་ཀྱང་ངན། དེ་དུས་ཉེར་གསུམ་གྱི་ཉིན་བཞུགས་ཁྲི་ནས་བཞུགས་སྟན་ཁ་གང་མ་མཐུག་པ་གཉིས་འབེབས་པར་མཛད་ནས་


MLP003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྲབ་མོ་ཞིག་འདིང་བ་གནང་སོང་བར། རྗེ་དབོན་ཕྱག་མཛོད་ཀྱིས་བཞུགས་སྟན་དམའ་རུ་གནང་བ་རྟེན་འབྲེལ་ལ་གནོད་པ་འདྲ་ཞུ་བར་བཀའ་ལས། ང་རང་སྡོད་ཡུན་དེ་ཙམ་ཡིན་ད་ཆ་འདི་ཙམ་བྱས་ན་བདེ་བ་འདྲ་གསུངས། དེ་ནས་ཤིང་རྟ་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་ཚོགས་དབུར་ཡང་སྔར་རྒྱུན་ལྟར་ཕེབས་པ་ལ་དགེ་བཤེས་རྙིང་པ་རྣམས་དང་ཞབས་དྲུང་གདུང་བརྒྱུད་སྐུ་མཆེད་ཀྱི་ཞབས་ཕྱིར་གཞིས་རང་དུ་སློབ་སྦྱོང་བྱས་པའི་བློ་གསར་རྣམས་ཀྱིས་ཀྱང་ཚོགས་ལངས་བགྲོ་གླེང་གི་མཆོད་འབུལ་ཞུས་པ་ལ་ལུང་རིགས་ཀྱི་འགྲོ་ཕྱོགས་ལེགས་པར་བྱུང་ཞེས་མཉེས། ཚེས་གཉིས་ཀྱི་བླ་བྲང་གི་བཞུགས་གྲལ་ཡང་སྔར་འཁྱུད་བཞིན་གནང་བར་སྔ་དགོང་སྐུ་ལ་མཆོད་རྒྱུའི་འགན་སྦྱར་འདོན་པ་གནང་སྐབས། ད་ལམ་རྒྱལ་བ་གོང་མས་གནང་བའི་འགན་སྦྱར་འདི་རྟེན་འབྲེལ་གྱི་ཁྱད་གྱོན་དགོས་གསུངས། ཚེས་གསུམ་ལ་ལྕགས་ལའི་མི་སྣ་སོགས་ལ་ཚེ་དབང་དང་གུ་དྲག་གི་དབང་། རྩེ་ལེ་དཔོན་སློབ་དང་དབུར་སྟོན་དཔོན་དྲུང་སོགས་ལ་ཐུགས་ཐིག་གི་ཁྲིད་ཁ་ཚུགས་ཤིང་། ཕྱི་དྲོ་མགོན་ཁང་སྦུབས་ཀྱི་དུས་གསོལ་ལ་ཕེབས་པའི་ཚེ་རྔ་སྦུག་མཛད་དེ་བསྐང་གསོ་ལྗགས་སྐུལ་གནང་ཞིང་། མཇུག་གི་བཀྲ་ཤིས་ཀྱི་སྐབས་བཀྲ་ཤིས་དེ་མཁན་རིན་པོ་ཆེའམ་བུ་ཆུང་བགྲེས་པ་གང་རིགས་ཀྱིས་བསྐུལ་ཞེས་ཕྱག་ཆོལ་དེ་ངེད་ལ་གནང་བྱུང་བ་གདུང་བརྒྱུད་རིན་པོ་ཆེར་ཕུལ་བ་ལྟར་བཀྲ་ཤིས་བསྐུལ་བ་གནང་ཞིང་། དེ་ནས་ཕེབས་ཞོར་ལ་གསང་སྔགས་ཕོ་བྲང་དུ་དགེ་སློང་ཕུན་ཚོགས་ཀྱི་འདད་ཀྱི་གྲལ་དབུར་ཞབས་བསྐྱོད་པར། ལྗགས་བསྔོ་གསུང་འཕང་དམའ་བར་འདུག་པས་ཐམས་ཅད་སྐུ་ལྟེམ་པ་མིན་ནམ་སྙམ་བློ་འཁོལ་བར་བྱེད་པ་ན་ཆམ་པའི་རྣམ་པ་ཞིག་ཡིན་པ་འདྲ་གསུངས། ཚེས་ལྔའི་ཉིན་ཞབས་དྲུང་གཅུང་དང་ཕྱག་མཛོད་ནས་མགུལ་ཆམ་གྱི་རྣམ་པ་ཞིག་བཞེས་འདུག་པ་འཁྲུགས་དོགས་པས་རབ་གནས་གནང་རྒྱུ་དེ། ཟླ་བ་གཉིས་པའི་ཚེས་བཅོ་ལྔ་ཙམ་ལ་སྐུ་གཟུགས་ཀྱི་བབས་ལ་གཟིགས་ནས་འགྱང་ན་འགབ་འདྲ་ཞུས་པར། བཀའ་ལས་རབ་གནས་དུས་ཐོག་དེ་གར་གྲ་འགྲིག་ལ་བཀྲ་ཤིས་པ་ཞིག་བྱེད། བར་ཆད་འོང་བས་ཕྱིར་འགྱངས་པ་ལ་དགོས་པ་མེད་གསུངས། དེ་ལ་


MLP003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱའི་རྟེན་ནི་ཆུ་འབྲུག་གི་ལོ་གསར་བཞེངས་གནང་བའི་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་འགྱུར་གྱི་ཞལ་བསྲོ། ཆུ་སྦྲུལ་ལོ་བཞེངས་པའི་ཨོ་རྒྱན་སངས་རྒྱས་གཉིས་པའི་གོས་ཐང་ཆེན་མོ་དང་བླ་བྲང་རྩེའི་རྒྱ་ཕིབས་སྐུ་འབུམ་གྱི་བྲེའི་བྱ་འདབས་སོགས་རྟེན་འགངས་ཆེ་བ་མང་ཞིག་གྲུབ་པའི་རབ་གནས་གནང་བཞེད་ལ། ཟླ་བ་དགུ་པའི་ཚེས་བཅུ་གཅིག་གི་ཉིན་སྐུ་ཞབས་སུ་ངེད་རང་ཁུ་དབོན་ཐམས་ཅད་ཞལ་འཛོམ་པར། གཅུང་རྗེ་དབོན་གྱིས་རབ་གནས་གནང་རྒྱུ་དགུན་ཐོག་འདིར་འགྲུབ་ན་བསམས་པས་དེ་རིང་གཟའ་སྐར་གཟིགས་ནས་དུས་ཐིངས་པས་བཀའ་གྲོས་གནང་བ་ཞུ་གསུང་བར། རྗེའི་བཀའ་ལས་ཟླ་བ་བཅུ་པར་ཉི་མ་ལྷོ་བགྲོད་ཀྱི་དུས་དང་བཅུ་གཅིག་པར་དགུན་ཆོས་དུས་མ་བཅས་ལོ་མཇུག་གྲོལ་ཙམ་ལ་བྱས་ན་སྐབས་སུ་བབས་པ་འདྲ་ཕེབས་པ་ལྟར། ཞབས་དྲུང་སྐུ་མཆེད་དང་བདག་གིས་གཟའ་སྐར་བརྩིས་པས་ཟླ་བ་དང་པོའི་ཚེས་དགུ་ལ་རབ་གནས་ཀྱི་སྟ་གོན་དང་བཅུ་ལ་དངོས་གཞིའི་གཟའ་སྐར་ཉན་པ་ཙམ་འདུག་ཚུལ་ཞུས་པས། ཆོ་འཕྲུལ་གྱི་དུས་ཆེན་དང་ཡར་ངོ་ཚེས་བཅུའི་ཉིན་མཁའ་འགྲོ་འདུ་བའི་དུས་གནད་འགྲིགས་པ་བཅས་དེ་རང་ལེགས་པ་ཡོང་འདུག་ཅིང་རང་རེ་ལ་ལྟོས་པའི་འཇིག་རྟེན་དང་འབྲེལ་བའི་ཉེ་བ་དང་ཆོས་ཕྱོགས་ཀྱིས་འབྲེལ་བའི་སློབ་རིགས་མང་གཤིས་ཐམས་ཅད་སུན་གཙེར་ཆུང་ཁྱད་ཀྱིས། དེ་ཉིན་བུ་ཆུང་རྒན་པ་ངེད་རང་གི་ཁྲི་ཐོག་ཏུ་བསྐོ་བཞག་བྱས་ནས་རབ་གནས་ཀྱི་སློབ་དཔོན་བྱེད་དུ་བཅུགབུ་ཆུང་གཞོན་པས་ཆོ་ག་བསྐུལ་བའི་དབུ་མཛད་བྱོས། ངེད་རང་རྒད་པོ་གསུམ་ད་རེས་ཟོ་བདེར་ལྟད་མོ་བལྟ་བ་ཡིན་གསུང་བར། གཅུང་རྗེ་དབོན་གྱིས། སྤྱིར་གཏེར་ལུང་གིས་བསྟན་པ་ལྟར་ཞབས་དྲུང་བགྲེས་པ་བཞུགས་ཁྲིར་ཕེབས་པ་འོས་བབས་ལགས་ནའང་། ད་ལྟ་ཞབས་པད་བརྟན་རིང་སྐུ་ཚེའི་རྟེན་འབྲེལ་ལའང་གནོད་པར་དོགས་ཤིང་། ཁྱད་པར་གྲྭ་སློབ་ཐམས་ཅད་སེམས་ཕམ་པ་ཞིག་ཡོང་འདུག་པས་རེ་ཞིག་ཁྲི་འདོན་མི་འགབ་པའི་སྙན་འབུལ་ནན་ཆགས་ཞུ་བ་གནང་སོང་བའི་རྗེས་མཐུད་དུ། བདག་ཅག་དེར་འཁོད་ཐམས་ཅད་ཀྱིས་ཀྱང་ཕྱི་མཐའ་གཟིགས་པའི་བསླབ་སྟོན་ཡིན་པ་མ་ཤེས་པར་མགྲིན་གཅིག་ལྟ་བུས་


MLP003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པས། འོ་ན་ད་རེས་འདོད་པ་བཞིན་བྱས་པས་ཆོག་ཅེས་བཀའ་ཁྲོལ། ཚེས་བརྒྱད་ཀྱི་སྔ་དྲོ་གྲྭ་ཚང་གི་གྲྭ་པ་རིན་ཆེན་སྒང་པས་ཞབས་པད་བརྟན་པའི་གསོལ་འདེབས་སྒྲུབ་ཅིང་། བདག་གིས་སྨེ་བརྩེགས་ཀྱི་བྱབ་ཁྲུས་དང་ཁ་འབར་མའི་འཆི་བསླུའི་སྐུ་རིམ་ཞུས། དེ་ཉིན་རབ་གནས་ཀྱི་བཞུགས་སྟན་འདིང་སྐབས་ངེད་རང་ཕ་བུ་མཆེད་རྣམས་སྡེབས་འཛོམ་འདི་འདྲ་ཕྱིན་ཆད་དཀའ་བས་བུ་ཆུང་རིན་ཆེན་རྣམ་རྒྱལ་ཡང་ད་རེས་ཚོགས་སུ་སྡོད་ཆུག་ཅེས་གནང་བ་ལྟར་བཞུགས་སྟན་བཏིང་། དེ་ནུབ་ཞབས་དྲུང་སྐུ་བགྲེས་པས་རབ་གནས་མཆོད་བསྒྲིགས་ཀྱི་ཞལ་འཁོས་ལ་གསང་སྔགས་ཕོ་བྲང་དུ་ཐེགས་པ་ཕྱིར་ཕེབས་ཀྱིས་རྗེ་ཉིད་ཀུན་བཟང་ཕོ་བྲང་གི་གཟིམས་གུར་དུ་བཞུགས་པའི་སྤྱན་སྔར་སྐུའི་འཚམས་དྲི་ཞུས་ནས་ཕེབས་གདོང་། ཐུགས་འཁོལ་མི་དགོས་བུ་ཆུང་རང་ངའི་ལོ་ཚོད་ཙམ་མ་སླེབས་ཀྱི་བར་ངས་སྡོད་དོ་གསུང་བ་ལ་བཀའ་དྲིན་ཆེ་ཞེས་ཞུ་བ་གནང་། སྒྲིན་པོའི་བློ་ཅན་འགའ་ཞིག་གི་བསམ་པར་དེ་འདྲའི་བར་རང་བཞུགས་པ་ཅི་ལ་སྲིད་པས་གསུང་དེའི་དོན་གདུང་བརྒྱུད་རིན་པོ་ཆེ་ལའང་སྐུ་ཚེའི་ཚད་དེ་ཙམ་ཡོང་རྒྱུ་དང་། དེ་སྲིད་དུ་ཐུགས་རྗེ་ཡེ་ཤེས་ཀྱི་འཇུག་པ་ལས་ནམ་ཡང་མི་གཡེལ་བར་གཟིགས་པའི་བྱིན་གྱིས་རློབ་པའི་བཀའ་བཞེས་བཟང་པོ་ཡིན་པ་འདྲ་ཞེས་གླེང་བ་བྱུང་། དེ་ནས་ཚེས་དགུའི་ཉིན་གྲྭ་ཚང་འདུས་ཚོགས་ཀྱིས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་ཀྱི་སྟ་གོན་དང་། ཚེས་བཅུའི་ཉིན་དངོས་གཞིའི་གསུང་ཆོག་མཛད་པའི་སློབ་དཔོན་དུ་ཕེབས་ཤིང་ཞལ་འདོན་རྣམས་ཞབས་དྲུང་གཅུང་གིས་བསྐུལ་བ་གནང་། དེ་དུས་མངའ་དབུལ་གྱི་རྒྱས་པའི་སྲེག་བླུགས་འབུལ་བའི་ཚེ་རྗེ་ཉིད་ཁྲི་ཐོག་ཏུ་བཞུགས་བཞིན་པ་ནས། དེའི་སྐུ་མདུན་དུ་དཀྱིལ་འཁོར་ལ་ཕྱོགས་པར་ཞབས་དྲུང་སྐུ་བགྲེས་པ་འཁོར་ལོ་སྒྱུར་བའི་ཆས་ཞུགས་ཀྱིས་བཞུགས་ཏེ་སྦྱིན་སྲེག་གི་སློབ་དཔོན་མཛད་ཅིང་། ཐབ་ཀྱི་མཐར་ཞབས་དྲུང་གཅུང་གིས་གར་དཔོན་མཛད་པའི་གར་པ་སུམ་ཅུས་བསྐོར་ཏེ། སུམྦྷའི་གླུ་གར་གྱིས་བགེགས་བསལ་རྗེས་སྒེག་སོགས་བཞི་དང་རབ་ཏུ་དགའ་བའི་གླུ་སྔོན་འགྲོའི་བཞི་བསྣོལ་དང་སུ་ར་ཏྭ་བཅུ་དྲུག་གི་གླུ་


MLP003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གར་ས་ཏྭ་འགྲོས་ཀྱིས་བསྡུ་བ་དང་བཅས་པས་མཆོད་རྗེས། ཐབ་དེར་ཙཱ་རུ་བསྒྲུབས་ཏེ་འབུལ་བ་དང་ཞབས་དྲུང་སྐུ་བགྲེས་པས་དབུས་སྣམ་སྦྱར་ཅན་གྱི་སེར་སྦྲེངས་ཚར་དུ་དངར་བས་གནས་བྱའི་རྟེན་གང་དང་གང་དུ་བཞུགས་པའི་གནས་སོ་སོར་མེ་ཏོག་འཐོར་བར་ཕེབས་དུས་ནམ་མཁའ་དྭངས་པ་ལ་འཇའ་འོད་ཀྱི་དྲ་བས་ཁྱབ་པ་སོགས་ངོ་མཚར་བའི་ལྟས་དང་། དེ་བཞིན་བགེགས་སྐྲོད་དང་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་གི་སློབ་དཔོན་ཡང་ཞབས་དྲུང་གཅེན་གྱིས་མཛད་ཅིང་། ཡོན་བདག་བགོ་བའི་དུས་རྗེ་ཉིད་ཀྱིས་ཞལ་བཀོད་མཛད་དེ་གཅུང་རྗེ་དབོན་གྱི་བཞུགས་སྟན་ཡང་རྒྱུན་ལས་དཔངས་བསྟོད་ཅིང་གནང་སྐྱེས་བཟང་པོའང་སྩལ་ནས། ཕུན་སུམ་ཚོགས་པ་མངའ་བ་སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ལ་འབྲུ་འགྲེལ་མཛད་པས་གླེང་བསླངས་ཏེ་སྙན་འཇེབས་ལུང་རིགས་ཀྱི་དཔུང་དང་ལྡན་པའི་ཡོན་བསྒོའི་གསུང་བཤད་རྒྱས་པར་གནང་ཐོགརྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་སོགས་ལས་བརྩམས་ཏེ་ཞབས་དྲུང་སྐུ་མཆེད་དང་བདག་ཅག་འདུས་པར་བཅས་པ་ལ་ཡང་བསྔགས་བརྗོད་ཀྱིས་གཟེངས་བསྟོད་ངོས། ལྗགས་བསྔོ་ཤིན་ཏུ་རྒྱས་པར་མཛད་པས་རྣམ་དཔྱོད་དང་ལྡན་པ་ཐམས་ཅད་ཀྱི་ཡིད་རང་དབང་མེད་པར་འཕྲོག་པར་གྱུར། དེའི་ཚེ་རབ་གནས་ཀྱི་ཞབས་ཏོག་རྣམས་ཕྱག་མཛོད་ནས་སྩལ་ཏེ་བསྔོ་རྟེན་ཕྱག་འགྱེད་སྣེ་བཞག་སྟོན་མོ་བཅས་ཕུལ་དུ་བྱུང་བས་མཆོད་ཅིང་། གྲྭ་ཚང་སྤྱི་སོ་སྐུ་ཉེ་ནང་བཟན་སོགས་ཀྱིས་ལེགས་འབུལ་ཡང་རྒྱས་པར་སྟོབ། གསུང་ཆོག་གྲོལ་ནས་བླ་བྲང་དུ་ཕེབས་དུས་ཨོ་རྒྱན་གྱི་གོས་ཐང་ཆེན་མོ་སོགས་རྟེན་རྣམས་དང་དཀྱིལ་འཁོར་གྱི་བཅས་གཤོམས་རྣམས་ལ་གཟིགས་ཏེ། ངེད་ཆོ་གའི་བཅས་གཤོམས་དང་འདོན་ཆ་ལ་རུ་ང་བས་ཡིད་ཚིམ་པ་རང་དཀའ་བ་ཞིག་ཡོང་གི་ཡོད་རུང་། ད་རེས་བུ་ཆུང་རྒན་པས་ཞལ་འཁོས་མཛད་པ་ལྟར་བཅའ་སྒྲིག་རྣམས་ཀྱང་ཡིད་དུ་འབབ་པ་དང་། བུ་ཆུང་གཞོན་པའི་འདོན་པ་སྐུལ་ལུགས་གྲྭ་ཚང་གི་ཚོགས་ཀྱི་དང་ཚུགས་སྐད་གྲ་ཕྱག་རྒྱ་རོལ་མོ་སོགས་དང་། ལག་བདེ་བ་རྣམས་ཀྱི་གཏོང་སྒོ་འགྲིམ་པའི་བྱ་བྱེད་སོགས་ཐམས་ཅད་གྲ་འགྲིག་ཅིང་ཡིད་དུ་འཐད་པ་བྱུང་བས་བློ་ཁ་རྫོགས་ཞེས་ཤིན་ཏུ་མཉེས་པ་


MLP003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཏེ་བླ་བྲང་དུ་ཕེབས། དེའི་སང་ཉིན་གྲྭ་ཕྱི་ནང་གི་ལྷ་འབངས་རྣམས་ཀྱིས་བྲོ་གཞས་ཀྱི་གཟིགས་འབུལ་ཞུས་པར་སྔར་ཡིན་ན་རྩེད་སྣ་ལ་གཟིགས་པར་མི་མཉེས་ནའང་། དེ་ཉིན་ངེད་རང་དཔོན་སློབ་ཐམས་ཅད་གཟིགས་པར་མ་ཐེགས་ན་ཁོང་ཚོ་བློ་ཁ་མི་རྫོགས་པ་ཡོང་འགྲོ་གསུངས་ཏེ། རྣམ་གྲོལ་ཡང་རྩེའི་འཕྱོང་རྩེའི་མྱོས་བསྲུང་ནང་ནས་ཡུན་རིང་གཟིགས་ཤིང་ཕྱག་ནས་ཀྱང་འཐོར། དེ་དུས་སྐུ་བད་ལྟ་བུའི་སྔར་གྱི་བསྙུན་རོ་འཕར་བར་བརྟེན་སྐུ་ཅུང་ཟད་མ་བདེ་བ་ལ་བཅུ་གཉིས་ཀྱི་ཉིན་གཟིམས་གུར་དུ་བདག་གིས་མཁའ་འགྲོ་གྲིབ་སེལ་དང་བཅོ་བརྒྱད་ལ་ཡང་ཐིག་གི་སྐུ་འཆི་བསླུ་ཕུལ། དཔོན་ཚང་ཆོས་མཛད་ཀྱིས་གསོལ་སྨན་ཕུལ་བ་སྐུ་ལ་འཇུག་པའི་འཕྲོད་ངོས་ལྗགས་སྐྱུགས་ཕེབས་པའང་ཆད། འོན་ཀྱང་ཚེས་བཅུའི་ནུབ་ནས་བཟུང་ཕྱག་རྩ་ལ་སྡོད་འཐེངས་གསལ་བར་འགྱུར་ཁྱད་ཐོན་པ་མ་བྱུང་བས་སྨན་པའང་བློ་འཚབ་པ་ཙམ་འདུག་པ་ནས་སྐུ་རིམ་ཅི་འདྲ་བསྒྲུབ་པ་འགབ་ཀྱི་བསླབ་སྟོན་ཕྱག་མཛོད་ནས་ཞུ་བ་མཛད་པར། ན་རག་དོང་སྤྲུགས་དང་སྦྱར་བའི་སྐོང་བརྒྱ་ཞིག་དང་སྨན་བླའི་མདོ་ཆོག་ཅིག་བྱས་ན་ཡོང་ཕེབས་པ་ལྟར། འཕགས་པ་ལྷ་ཁང་གི་ཞལ་རས་ཁང་དུ་གྲྭ་པ་ཞལ་གྲངས་ཀྱིས་སྐོང་བརྒྱ་དང་རྒྱལ་གླིང་ཚོགས་སུ་སྨན་བླའི་ཆོ་ག་གནང་བའི་ཡོ་བྱད་རྫོང་སྟ་གནང་ཞིང་། གཞན་ཡང་གྲྭ་ཕྱི་ནང་ཡར་འཕྱོང་རྣམས་ཀྱི་དགོན་ཆེ་ཕྲར་མང་བཀོལ་དང་། འདི་གར་གྲྭ་པ་བསྙེན་སོང་བརྒྱད་ཀྱིས་སྐུ་ཚེ་སྒྲུབ་པའི་མཚམས་བཅད། ཞལ་གྲངས་ཀྱིས་འཆར་ཀ་དང་ཚོགས་ཆེན་གྱི་ཡང་བཟློགགྲ་ཏོག་གསེར་གསུམ་གྱི་ཆོས་འདོན་གསུང་མི་འཆགམ་ཇོ་འགས་འབྱུང་བཞི་གཏོར་མ། བདག་གིས་དགོང་རེ་བཞིན་མཁའ་འགྲོའི་མེ་མཆོད་དང་སྔ་དྲོ་ཞབས་དྲུང་རིན་པོ་ཆེའི་ཞབས་ཕྱིར་བསྡད་ནས་གར་དབང་ཚེ་དཔག་མེད་ཀྱི་སྒོ་ནས་སྐུ་ཚེའི་སྒྲུབ་པ། དུས་ཅི་རིགས་པར་སྐུ་གླུད་བྱབ་ཁྲུས་སྐུ་འཆི་བསླུ་སོགས་སྐུ་རིམ་སྣ་མ་འགགས་པར་རིམ་གྱིས་བསྒྲུབས། དེ་དག་གི་ཚེ་རེས་སྐུ་དབུགས་ཅུང་ཟད་མི་བདེ་སྙམ་པ་ལ་སྤྱན་ཟིམ་མེ་བཞུགས་པ་ཡང་ཡང་བྱུང་བར་སྨན་པས་མནལ་མིན་ནམ་ཞུ་བ་ལ། གཉིད་མེད་ངེད་རང་གི་རྒྱུན་གྱི་དགེ་སྦྱོར་རྡོ་རྗེའི་བཟླས་པ་དེ་བྱེད་པ་ཡིན་


MLP003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། བཅུ་དགུའི་སྲོད་འཁོར་ངེས་དོ་ཉིན་གྱི་ས་བདག་རྫོགས་མཚམས་སུ་བདག་དང་ཞབས་དྲུང་གཅུང་གཙུག་ལག་ཁང་ནས་འབོད་མི་གནང་བ་ལྟར་ཕྱིན་པས། ད་ལྟ་རླུང་གི་རྣམ་པས་མི་བདེ་བ་ཆེར་སོང་གསུང་ཞིང་དེ་ནུབ་ཞབས་དྲུང་སྐུ་མཆེད་བདག་ཅག་སྤུན་ལྕམ་དྲུང་གསོལ་དཔོན་བཅས་སྐུ་མདུན་དུ་ཡོད་པར་ཕྱི་མཐའ་གཟིགས་པའི་བསླབ་སྟོན་ཐམས་ཅད་ལྷུག་པར་སྩལ། ཁྱད་པར་སྐྱེ་བ་འདིའི་ཕྱི་མ་ལ་ལུས་ཀྱི་བཀོད་པ་གཉིས་འོང་བར་བཤད་ཀྱང་གཅིག་ཨོ་རྒྱན་གྱི་ཡུལ་དང་། ཅིག་ཤོས་བོད་ཀྱི་རྒྱལ་པོའི་ཚུལ་དུ་འོང་རྒྱུར་སྣང་ཡང་ཡུལ་གྱིས་བསྐལ་ནས་ཁྱེད་རང་རྣམས་ལ་གནས་སྐབས་སུ་ཕན་ཐོགས་པ་ཞིག་དཀའ། རི་བོ་རྩེ་ལྔའི་གཏེར་འདོན་པ་པོ་ད་ལྟའི་ལས་འཕྲོ་སད་པ་ཞིག་འོང་བར་བཤད་ཀྱང་འཕྲལ་དུ་འོང་བའི་ངེས་པ་མེད། དེས་ན་སྐྱེ་བའི་ཨང་ཉན་བྱས་གཞན་འདྲ་བས་ངའི་ཁྲི་ཐོག་ཏུ་བུ་ཆུང་རྒན་པ་དང་ཇོ་ལགས་ཀྱི་ཁྲིར་བུ་ཆུང་ལེགས་གྲུབ་བཞུགས་སུ་ཆུགབུ་ཆུང་མཆེད་ཀྱང་བསླབ་ཤེས་ཀྱི་ཡོན་ཏན་དང་ཐོས་རྒྱ་སོགས་ཕ་ལས་ལྷག་པ་ཡོད་པས་རང་ལ་ལྟོས་པ་རྣམས་ཀྱི་ཁོང་སྐུ་མཆེད་ལ་རེ་གནས་གྱིས། ཁུ་དབོན་མཆེད་ཐམས་ཅད་ཀྱིས་ཀྱང་བཤད་སྒྲུབ་ཀྱི་བསྟན་པའི་བྱ་བ་རླབས་པོ་ཆེ་ལ་སྙིང་སྟོབས་བསྐྱེད་པའི་འབད་རྩོལ་འདོན་དགོས་པ་ཡིན་པས། ཁོང་གཉིས་ཀྱི་རོགས་མཁན་རིན་པོ་ཆེས་མཛོད་ལ་གྲྭ་ཚང་གི་དུས་བཞིའི་ཆོས་གྲྭའི་འཆད་ཉན་དང་སྒྲུབ་མཆོད་ཀྱི་ཆོ་གའི་ཕྱག་ལེན་ཕྲ་ཞིབ་གཏན་ལ་ཕེབས་པ་འདི་རྣམས་ཞན་དུ་མི་འགྲོ་བའི་འཁོས་ཁྱབ་དང་། གཙོ་བོར་རྒྱུད་ཀྱི་བཤད་པ་མི་ཆག་པ་ལ་བརྩོན་པ་འདོན། དེའི་སྟེང་དུ་དོན་གཉེར་གྱི་བློ་གསར་བྱུང་ན། ད་ལོ་བཤད་པའི་ཕར་ཕྱིན་གྱི་མཇུག་སྐྱོངས། དེ་དང་འདུལ་བ་ལ་སྡོམ་གསུམ་ལེའུ་གཉིས་པ་ཙམ་གྱིས་རྐང་ཟུངས། འཁོས་ཀས་ལྕོགས་པ་བྱུང་ན་མངོན་པའི་བཤད་པ་ཞིག་ཀྱང་སླར་ཨེ་ཚུགས་ལྟོས། གཞན་ལམ་རིམ་དང་བཀའ་བརྒྱད་ལ་ཡིག་ཆ་ཞིག་བྱེད་ཐུབ་པ་བྱུང་ན་ཕན་སླེབས་ཆེ་བ་ཡོང་འདུག་པས་བློར་གཅགས་པ་གྱིས། ལུགས་གཉིས་ཀྱི་སྡེའི་འཛིན་སྐྱོང་གང་ཅི་ཕྱག་མཛོད་ནས་བཀོད་པས་ཁྱབ་པ་སྔར་མུས་བཞིན་སོགས་མདོར་ན་ཁྱེད་རང་ཁུ་དབོན་རྣམས་གཞན་དབང་དུ་མ་ཐལ་བར་


MLP003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་མ་གཅིག་ཏུ་བསྒྲིལ་ནས་གཅིག་གིས་གཅིག་ལ་བློ་ཕབས་སྙིང་ཐོག་ཏུ་སྙིང་བཞག་ནས་བློ་མཐུན་གྲོས་གཅིག་ཏུ་བྱས་ངོས། གྲྭ་བུ་སློབ་གཡོག་འཁོར་བཅས་པ་ངོ་སྐྱ་སྣུམ་མེད་པར་གང་ལ་གང་འཚམས་ཀྱིས་སྐྱོང་ལུགས་བྱས་པས་ཕྱིར་ནོན་ཆེ། ནང་དུ་གཡེང་གཟེབ་ཆུང་ལ་བཀྲ་ཤིས་པ་ཞིག་འོང་བས་ཐུགས་ལ་ཞོགབླ་བྲང་ལ་ཡང་ནག་ཁྲིམས་ཆང་ཁྲིམས་ཀྱི་བཅའ་བ་དམ་པར་སྡོམས། ལྕམ་དྲུང་གིས་ཀྱང་ད་ལྟའི་ལུགས་བཞིན་ལས་ཀྱི་འགོ་བྱེད་དགོས་སོགས་ལ་ཧུར་བསྐྱེད་ངོས་བློ་ཆོས་ཕྱོགས་སུ་གང་འགྱུར་གྱིས་དགེ་སྦྱོང་ལ་འབད་པ་ཐོན། གཉེར་པ་དང་གསོལ་དཔོན་གྱིས་རེ་ཞིག་དགོངས་པ་མ་ཞུ་བར་ཁུ་དབོན་རྣམས་ཀྱི་ཞབས་ཕྱིར་སྔར་བཞིན་འགྱུར་བ་གྱིས། དོ་ནུབ་གཉེར་པ་ལ་སྐད་མ་ཐོང་པས་ཁྱེད་རྣམས་ཀྱིས་སྐྱོར་བས་འཐུས་གསུང་བ་ལ་བདག་ཅག་དེར་འཁོད་ཐམས་ཅད་སེམས་མྱ་ངན་གྱིས་བཙན་ཐབས་སུ་ནོན་པས། མགྲིན་པ་འགགས་པ་ལྟ་བུས་གསོལ་འདེབས་འབྲེལ་ཆགས་པ་ཞིག་མ་ཐོན་རུང་བློ་རྩེ་གཅིག་པས། འཕགས་ཆེན་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མངའ་དབང་འབྱོར་བའི་ཕྱིར་ཐུགས་འདུན་གང་གཏད་འགྲུབ་པ་ཆོས་ཉིད་ལགས་པས་སྤྱིར་སེམས་ཅན་ཐམས་ཅད་སྒོས་བདག་ཅག་གདུལ་བྱར་གྱུར་པ་རྣམས། ཡང་སྒོས་ཞབས་དྲུང་གདུང་བརྒྱུད་སྐུ་མཆེད་ཀྱི་དབུས་ཆོས་སྲས་འདུས་པའི་སྡེ་དང་བཅས་པ་རྣམས་ལ་ཐུགས་བརྩེ་བའི་སྤྱན་རས་ཀྱིས་གཟིགས་ནས། ཞི་བ་ལ་ཐུགས་མི་གཞོལ་བར་ཞབས་པད་བརྟན་པའི་ཐུགས་འདུན་གྱིས་ཐུགས་སྣ་རིང་དགོས་ཞེས་ནན་གྱིས་ཞུས་པར། དལ་དུས་ལབ་པ་དེ་བྲེལ་དུས་སུ་ཕན་པ་ཡིན་པས་ཐུགས་ལ་ཞོགད་སོ་སོའི་གནས་སུ་གཟིམས་པ་ལ་ཐེགས་གསུངས། དེའི་སང་ཉིན་གསོལ་ཚིགས་གྲོལ་བསྟུན་ཁྱེད་རང་ཁུ་དབོན་རྣམས་གུང་ཐུན་གྱི་གསོལ་འདེབས་མཛོད། དེ་ཟིན་པ་དང་ངེད་རང་རྣམས་དབང་ཁང་དུ་སྡོད་ས་སྤོ་བ་ཡིན་གསུངས་ནས། དབང་ཁང་གི་ཀ་དར་གཉིས་པ་ནུབ་མའི་མདུན་དུ་གཟིམས་ཁྲི་བཤམས་པ་ལ་ཕེབས་པར། བདག་གིས་ཐུགས་རྗེ་ཆེན་པོའི་འཆི་བསླུ་ཕུལ། ཉེར་གཅིག་གི་ཉིན་གྲྭ་ཚང་ཚོགས་ཆེན་གྱིས་ཚེ་ཆོག་དང་འབྲེལ་བའི་ཞབས་བརྟན་དང་ངེད་ཀྱིས་སྔ་ཉིན་བཞིན་


MLP003_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གར་དབང་ཚེ་དཔག་མེད་དང་འབྲེལ་བའི་འཆི་བདག་ཟློག་བྱེད་ཀྱི་ཆོ་ག་དང་ཚེ་དབང་བརྟན་བཞུགས་ཀྱི་ཚུལ་དུ་ཕུལ། དེ་ནས་བརྩམས་ཏེ་གྲྭ་པ་སྒེར་ཁག་རྣམས་ཀྱིས་ཀྱང་རང་རང་གི་འབྱོར་པ་དང་བསྟུན་ཏེ་སོ་སོའམ་སྡེབས་མཐུན་གྱིས་མང་ཇའམ་ཉུང་ཇའི་ཐོག་འབུལ་བ་གང་ལྕོགས་ཀྱིས་གཟིམས་ཆུང་འགག་ཏུ་བརྟན་བཞུགས་གསོལ་འདེབས་བསྒྲུབས་ཤིང་། གཞན་ཡང་དཔོན་སློབ་དཔལ་མགོན་ལགས། འདུམ་པོ། ཕུན་རབ། ནང་བཟན། གྲྭ་ཕྱི་ནང་གི་མི་སེར་སོགས་ཀྱིས་ཞབས་བརྟན་རིམ་པར་ཕུལ་བ་ལའང་། ཁྱེད་རྣམས་ངེད་རང་སྡོད་པ་ལ་འདུན་པ་རྩེ་གཅིག་པས་གསོལ་བ་འདེབས་པ་དེ་བྱིན་རླབས་ཀྱི་འཇུག་པ་འདྲེན་པ་ལ་གནད་ཆེ་བས་ཡི་རངས། གཞན་ན་སོ་མཐར་སླེབས་པས་ཤིང་ཐོག་སྨིན་པའི་འབྲས་བུ་ལྟར་སྡོད་པ་དཀའ་ཞིང་འཕྲལ་དང་ཡུན་གྱི་བླང་དོར་གྱི་གནས་ལ་ཁ་ཏ་བརྒྱུད་མར་བྱས་པ་དེ་ཡིན་ཞེས་གསུང་ཞིང་སྐུ་རིམ་ཞུས་པ་ལའང་ཐུགས་སུན་སྣང་གིས་ད་ཐུགས་རྗེ་ཆེན་པོའི་འཆི་བསླུ་དེའང་མང་པོ་མ་བྱེད་ཆོ་ག་དེ་ཞུད་འགྲོ་བར་འདུག་ཅེས་ཡང་ཡང་གསུངས། ཉེར་ལྔའི་ཞོགས་སྐུ་ཤིན་ཏུ་དྭངས་པས་མདང་རྡོ་རྗེ་རབ་བརྟན་མའི་ལོ་རྒྱུས་སོགས་ལ་བརྟེན་པའི་རྨི་ལམ་མཚར་ཆེ་བ་ཞིག་བྱུང་བས་འཆར་ཀའི་གཏོར་བཟློག་དེ་ལའང་མོ་སྣ་ཕོས་དྲངས་ན་བྱད་ཁ་ཞིག་འདུག་པ་འདི་ཕྱིར་བཟློག་པས་སླད་ཀྱི་བསྟན་སྲིད་ལ་ཕན་པར་འགྱུར་གསུངས་ཏེ། གཤིན་རྗེ་བརྒྱད་ཀྱི་རྗེས་སུ་མ་མོ་བརྒྱད་མཐུད་པའི་སྔགས་ཀྱི་བཟླ་ཐབས་དང་སྐུལ་ལུགས་དེ་གཉིས་ཀྱི་མཐུན་རྫས་འདུ་བྱ་ཚུལ་སོགས་གཟིགས་སྣང་ལ་ཇི་ལྟར་ལུང་བསྟན་བྱུང་བ་བཞིན་བྱེད་དུ་འཇུག་པ་གནང་། ཉེར་དྲུག་གི་ཕྱི་དྲོ་ཉི་མ་བཞི་ཆ་ལུས་པ་ཙམ་གྱི་དུས་ནམ་མཁའ་དྭངས་པ་ལ་འཇའ་དཀར་གྱི་སྡོང་པོ་ཀུ་ཤའི་ཆུན་པོ་ལྟ་བུ་འབྲས་ཀྱི་སྤྱི་ལྡེ་ནས་ཤར་རིའི་ཆོས་སྡིངས་ཀྱི་འགོའི་བར་སླེབས་པས་གང་ཞིང་འབྲས་ཕུ་ཕྱོགས་ཀྱི་རི་རྩེ་ནས་འཇའ་ཚོན་སྣ་ལྔ་ཤིན་ཏུ་བཀྲ་བ་དང་། དེ་ནུབ་མཚན་ལམ་དུ་ལྷ་ོནུབ་མཚམས་ཀྱི་རྩིག་ཟུར་གྱི་རྩིག་ཁུང་ཞིག་གི་ནང་དུ་གསེར་གྱི་བུམ་པ་བདུད་རྩིས་གང་བ་ཞིག་འདུག་པ་ལས་བཞེས་པ་ན་སྙན་དུ་འདི་རྒྱུད་བླ་མའི་བུམ་ཆུ་ཡིན་ཟེར་བ་ཞིག་བྱུང་བ་ལེགས་སམ་གསུངས། དེ་


MLP003_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་དུས་སྒྲིན་པོའི་བློ་ཅན་འགས་བརྟག་གཞི་བཅུག་པར་ཐོ་རེངས་ཤར་ཕྱོགས་ནས་སྐར་མ་མཇུག་ཕོད་ཅན་ཤར་བ་དང་མཚན་མོ་གནམ་ལ་དགུ་ཚིགས་ཀྱང་མི་འདུག་ཅིང་། ཉིན་མོ་སྤྲིན་ཁུག་གི་རྣམ་པའང་མང་པོ་འོང་གི་འདུག་པ་ཅི་ཡིན་ནམ་ཞེས་བློ་འཁྱོག་པར་བྱེད། དེར་མ་ཟད་ཆུ་བོ་རི། ཤེལ་བྲགསྣེའུ་གདོང་། གོང་པོ་རི། གནམ་ལྕགས་བྲག་རྣམས་སུ་སྡིགས་དང་ས་གཡོས་སོགས་ཀྱི་ལྟས་ཞག་གྲངས་བསྟུད་མར་བྱུང་ཞེས་ཐོས། དགོང་ཇ་ཁར་ངེད་ཁུ་དབོན་གྱིས་སྐུ་རིམ་གྱི་མདེའུ་ཁ་བསྒྱུར་བའི་ཆོག་ཁྲིགས་ལ་རྣམ་གྲོལ་ཡང་རྩེར་ཕེབས། དེ་བར་གཅུང་རྗེ་དབོན་དང་གསོལ་དཔོན་གཉིས་ལ་བཀའ་ལུང་ཕེབས་འདུག་པར་ངེད་རང་ན་སོ་མཐར་སོན་ཡིན་གཤིས་ཚེ་ལ་ལོང་ཡོད་དཀའ་ཞིང་བསམ་པའི་ལྷག་ལུས་པར། རྡོ་རྗེ་བྲག་ཞབས་དྲུང་རིན་པོ་ཆེ་རང་ཕྱོགས་བསྟན་འཛིན་གྱི་གཙོ་བོ་ཡིན་པས་དགོན་པར་སྐོར་ཙམ་ཞིག་གདན་འདྲོངས་ན་བསམ། སྔ་ཕྱིར་སྙན་འབུལ་དང་ཁྱད་པར་གོང་ཞབས་ཁྲ་འབྲུག་ཏུ་མཇལ་བར་ཕྱིན་སྐབས་མགྱོགས་འཁོར་གྱིས་གྲབས་བྱས་ནས། བསམ་ཡས་ནས་ཕེབས་ཞོར་དུ་སྤྱན་འདྲེན་ནན་ཆགས་ཞུས་ཀྱང་གདན་འདྲོངས་པ་ཞིག་མ་བྱུང་བས་ད་ཆ་དེ་བས་ཀྱང་སྤྱན་ཅི་ལ་འདྲོངས། རྣམ་སྤྲུལ་རིན་པོ་ཆེའང་རང་ཕྱོགས་ལ་ཐུགས་བློས་བརྗིད་འགེལ་ཡིན་རུང་ད་ལྟ་མོན་དུ་བཞུགས་པའི་སྐབས་ཡིན་ཨང་ཞེས་ཕེབས། དེར་གཅུང་གིས་ད་བབས་གང་ལ་བལྟས་ཀྱང་བློ་འཚབ་པས་ཁ་སང་ཞབས་དྲུང་རིན་པོ་ཆེ་ཁྲི་འདོན་གྱི་བསླབ་སྟོན་ཕེབས་པ་ཕྱི་མཐའ་གཟིགས་པའི་གསུང་ཡིན་འདུག་རུང་། རང་བློར་མ་ཤོང་བས་གཤོལ་འདེབས་ཞུས་པ་ཕྱིས་ཀྱི་རྟེན་འབྲེལ་ལ་གནོད་པ་མེད་ལས་ཆེ་ཞུས་པར་རྟེན་འབྲེལ་ལ་གནོད་པའི་ཁོལ་ཆ་མི་དགོས་པས་ཧ་ཅང་འགྱངས་ཆེ་མེད་པའི་སྐབས་སྦྱར་གྱི་དུས་ཚེས་ལེགས་པ་ཞིག་ལ་ཁྲི་འདོན་གྱི་རྟེན་འབྲེལ་བསྒྲིག་པས་ཆོགགྲྭ་ཚང་འདི་ཡང་ཕྱིས་སྐོར་སྒྲིག་རྣམ་གཞག་གཙང་ཞིང་སྔགས་ཀྱི་ལག་ལེན་བྱང་འདྲོངས་པ་བཤད་སྒྲུབ་ཀྱི་བགྱི་བ་ཆོས་མཐུན་གྱི་མིག་ལྟོས་དགའ་མོ་འདུག་པ་བཞིན། འདི་ཉིད་རང་རེའི་ལག་རྗེས་ཀྱང་ཆེ་ཤོས་ཡིན་པས་བསྟན་རྒྱུན་རྙེད་བཀུར་དང་བཅས་པ་ཞན་དུ་མི་འགྲོ་བའི་གོང་འཕེལ་ལ་ཐམས་ཅད་


MLP003_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འབད་པ་འདོན་དགོས་གསུངས། ཡང་ཞིང་ཁམས་གཞན་དུ་དགོངས་གཏད་ཤོལ་ཐབས་མེད་པ་ལགས་ཚེ་སྐུ་གདུང་གི་ཞབས་ཏོག་བྱེད་ལུགས། གསང་རྒྱ་དགོས་མི་དགོས་རྗེས་འཇུག་རྣམས་ཀྱི་ཕྱག་མཆོད་ཀྱི་རྟེན་དུ་སྐུ་གདུང་རིལ་བོར་བཞུགས་པ་རང་བློ་བག་དྲོ་པ་ཡོང་འདུག་པ་ཇི་ལྟར་དང་། ནང་རྟེན་ཕྱི་རྟེན་སོགས་ཀྱི་བྱ་ལུགས་ཀྱང་ཇི་ལྟར་བྱས་པས་ཡོང་ཞུས་པར། བཀའ་ལས་དག་པའི་ཞིང་དུ་ཐལ་ལེར་འགྲོ་བ་ཡིན་གྱིས་ཐུགས་དམ་ལས་གྲོལ་མ་གྲོལ་གྱི་རེ་དོགས་བྱེད་མི་དགོས་པས་པུར་ཆས་འཕྲལ་དུ་བྱས་ཆོག་ཅིང་། བྱེད་མི་གསོལ་དཔོན་གྱི་རོགས་དགེ་སློང་ཀུན་བློ་དང་དགེ་སློང་རབ་བརྟན་གྱིས་བྱས་ན་ཡོང་། ཁྱེད་རང་རྣམས་ཀྱི་ལས་ཀའི་བབས་ལ་བལྟས་པའི་གྲ་འགྲིག་ཁྱད་ཞག་བཞི་ལྔ་ཞིག་གསང་བ་ལས་གསང་རྒྱ་ཆེ་བ་མི་དགོས། པུར་ཡང་རྟེན་འབྲེལ་ཐམས་ཅད་འགྲིག་ཚེ་རིལ་པོར་བཞག་ན་བོད་སྤྱིའི་བདེ་ཐབས་ལ་ཕན་པར་བཤད་ཀྱང་། རྟེན་འབྲེལ་འགའ་རེ་གཞན་འགྱུར་ཅི་རིགས་བྱུང་བས་མཚོན་ད་ཆ་བཞག་མ་བཞག་ལ་ཁྱད་པར་མེད་པས་བསྲེག་སྦྱངས་བྱས་པ་རང་ཤུལ་གཙང་བ་ཡོང་བ་སྔར་ལབ་པ་ལས་འགྱུར་བ་མེད་པས་མཁན་རིན་པོ་ཆེས་ཀུན་བཟང་ཕོ་བྲང་གི་ད་ལྟ་ཕྱིང་གུར་ཕུབ་ས་འདིར་གནང་བ་ཞུ། ནང་རྟེན་དད་ཅན་རྣམས་ཀྱི་གདུང་བ་སེལ་ཕྱིར་འདྲ་སྐུ་ལུས་ཚད་དང་མཉམ་པ་ཞིག་ཀུན་བཟང་ཕོ་བྲང་གི་རྒྱ་ཁྲིའི་སྟེང་དུ་ཞོགདེ་ལས་ཆུང་ཙམ་གཉིས་བཟོས་པའི་གཅིག་མལ་སྒྲོམ་དང་གཅིག་གཟིམས་ཆུང་མགོན་ཁང་གི་གདན་གྱི་སྟེང་དུ་བཞག་པའི་མདུན་དུ་བུ་ཆུང་བགྲེས་པ་གཏོར་བསྔོ་བྱེད་པའི་སྟན་དེ་ཞལ་ལྷོ་གཟིགས་དང་གཟིམས་ས་མལ་སྒྲོམ་གྱི་མཇུག་ཏུ་བྱས་པའི་ནུབ་ཏུ་དབུ་སྔས་གཏོད། ཕ་བུ་མི་འབྲལ་བའི་རྟེན་འབྲེལ་ཡོད། དེ་ཕྱིན་མདོའི་གདན་དང་དབང་ཁང་འདུ་ཁང་སོགས་ཀྱི་ཁྲི་ལ་བུ་ཆུང་རང་བཞུགས་སུ་གསོལ། ཕྱི་རྟེན་དངུལ་གདུང་ཆེ་ཆུང་ཇི་ལྟར་འགྲུབ་ཀྱི་བབས་ལ་བལྟས་པའི་བཞུགས་ས་སྔར་ཁ་ཏ་བྱས་པ་ལྟར་མཛོད། ཅེས་སོགས་སྤྱི་སྒོས་ཀྱི་བྱ་བྱེད་ཐམས་ཅད་ཞལ་ཏ་དཔྱིས་ཕྱིན་པ་ལྷུག་པར་སྩལ་ཅིང་། དེ་དག་གི་ཚེ་སྐུ་ལ་བསྙུན་གྱི་གཞི་མེད་པ་ལྟ་བུས་བསླབ་སྟོན་ཐམས་ཅད་ལ་བདེ་དོག་མི་དགོས་པར་སྣང་།


MLP003_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བདུན་གྱི་ཞོགས་ཐོག་མར་མནལ་གྱི་རྣམ་པ་ལྟར་ཟིམ་མེ་བཞུགས་མུས་ལ་སྨན་པས་མནལ་མིན་ནམ་སྙམ་སྟེ་ཆབ་ཀྱི་གཟེགས་མ་གཏོར་བས། སྐུ་ཧར་གྱིས་བསྲངས་ཏེ་སྤྱན་བར་སྣང་ལ་ཆེ་རེ་གཟིགས་ནས་ཕཊ་དྲག་པོ་ཞིག་གནང་ཞིང་། དེ་ཉིན་ནས་བཟུང་དབུ་གཙུག་གི་སྐུ་རྩ་རྒྱང་ནས་མཐོང་བར་ཉ་འཁྲབ་པ་ལྟར་ལྷོག་ལྷོག་འཕར་བ་ཀུན་གྱི་སྤྱོད་ཡུལ་དུ་བསྟན། ཉེར་བརྒྱད་ཀྱི་ཉི་མ་བརྒྱད་ཆ་ཙམ་ལུས་དུས་བཀའ་ལས་ཁ་སང་ནས་ཐུར་སེལ་གྱི་རླུང་རྣམས་སྲོག་དང་རོ་གཅིག་ཏུ་འདྲེས་པ་ལུས་ཀྱི་ནང་ན་ཡར་འཁོར་ཞིང་འགྲོ་བ་ལ་ཐོག་མར་ཡིད་མི་བདེ་ཉམས་ལ་སྤྱི་བོར་སོན་པ་དང་སྣང་རིག་ཐམས་ཅད་བདེ་ཆམ་གྱིས་འགྲོ་ཞིང་། དེའི་རྩལ་སྣང་སྟོང་གཟུགས་ཞི་ཁྲོའི་ལྷའི་རོལ་པར་ཡང་འཆར། དེར་མ་ཟད་ད་ལྟ་སྣང་ཡུལ་ཐམས་ཅད་མཐིང་ཞུན་ལྟར་དྭངས་པ་ལ་རིག་པ་འདྲེས་ནས་ཡུལ་རིག་སོ་སོར་མི་ཕྱེད་པ་ལྟར་སྣང་གསུང་བ་ལ་བདག་གིས་དེ་དུས་ཞམ་རིང་པ་རྣམས་ཀྱིས་ཞབས་ཏོག་གི་བྱ་བྱེད་ཞུ་བ་སོགས་ཇི་ལྟ་བུར་སྣང་ཞུས་པས། དེ་འདྲ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་མ་འགགས་པར་སྣང་སྟེ་སྣང་བས་སྟོང་པ་མ་སྒྲིབ་སྟོང་པས་སྣང་བ་མ་བཀག་ཟུང་འཇུག་གི་རྟེན་འབྲེལ་ཚོགས་པའི་སྣང་བར་སྣང་དུས་ཉིད་ན་ཅིར་ཡང་མ་གྲུབ་པས་ཡ་མཚན་གསུང་། དེ་ནས་སྐུ་ལ་བཅངས་པའི་བཏགས་གྲོལ་རྒྱུད་དྲུག་གི་གླེགས་བམ་འདོན་པར་མཛད་ནས་སྐུའི་གནས་སོ་སོར་རེག་པས་དབང་བཞི་བཞེས་རྗེས་ཐམས་ཅད་ལ་བྱིན་རླབས་མཛད་ནས་ངེད་ཀྱི་ལག་ཏུ་སྩལ། དེ་རྗེས་བཀའ་ལས། རང་རེའི་གྲྭ་པ་ཕལ་ཆེར་སྔགས་ཀྱི་ལག་ལེན་བྱང་འདྲོངས་ཤིང་བཤད་པའི་གོ་བ་ཡོད་པའང་མང་དུ་སྣང་མོད། སྒྲུབ་པའི་ཉམས་རྟོགས་ཀྱིས་བརྒྱན་པ་ཧ་ཅང་མི་མང་བ་འདུན་རྩོལ་ཞན་སྐྱོན་ཡིན་འདུག་པས་སྐྱོ་ཤས་ངེས་འབྱུང་དག་སྣང་རྒྱུ་འབྲས་འདོར་ལེན་སོགས་ཀྱིས་བློ་རིམ་པར་སྦྱངས་ནས། མཐར་སྙིང་ཐིག་རྣམ་གཉིས་ཀྱིས་གཙོས་སོ་སོའི་བློ་དང་འཚམས་པའི་ཟབ་ཁྲིད་ཀྱི་ཉམས་ལེན་ལ་སྦྱོར་ཐུབ་པ་ཞིག་གི་ཁྲིད་ལུགས་གྱིིས། ན་ནིང་ནས་གྲྭ་པ་དོན་གཉེར་ཅན་རགས་བསྡུས་ལ་དུས་ཁྲིད་ཅིག་འཛུགས་སམ་སྙམ་སྟེ་མ་འགྲུབ་ནའང་མཇུག་བསྐྱངས་ན་ངེད་རང་ལས་ཁྲིད་ཐོབ་པ་མི་ཉུང་ཙམ་ཡོད། སྙིང་ཐིག་ཆེན་


MLP003_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྱག་འཚལ་དང་གསོལ་འདེབས་ཀྱི་གདངས་འདིའང་ཕྱིས་ཚོགས་སུ་གཏོང་སྲོལ་ཇེ་ཞན་དུ་སོང་འདུག་པ་མི་ནུབ་པར་དར་རྒྱས་ཡོང་བའི་བཀོད་པ་གྱིས་གསུང་། དེ་ནུབ་ནས་བཟུང་བླ་བྲང་གི་ཕྱི་ལ་རྗེས་མི་ཟིན་པའི་སྐོར་བ་བྱེད་མཁན་ཡོད་པ་འདྲ་བ་དང་སིལ་སྙན་པི་ཝཾ་གླིང་བུ་ལྟ་བུའི་སྒྲ་སྙན་དིར་དིར་ཆེད་དུ་ཉན་ན་མི་གསལ་ལ་མ་བརྟགས་པའི་ཚེ་ལྷང་ལྷང་གྲགས་པ་བྱུང་། ཉེར་དགུའི་ནུབ་གཅུང་རྗེ་དབོན་སྐུ་དྲུང་དུ་བཞུགས་པ་ལ་གསུང་ཡང་ཡང་གནང་ཞིང་ཁྱད་པར་ཐོ་རེངས་དུས་ད་བྲག་ཐོག་པའི་གཟིམས་ཁང་དུ་སླེབས་བྱུང་། ལུས་སེམས་གཉིས་ཀ་བདེ། ན་ཟུག་སོགས་གང་ཡང་མི་འདུག་གསུངས། ཡང་གཅུང་གི་ཕྱག་ལ་བཅངས་ནས་ནང་གསང་གི་ཞལ་ཏ་འདྲ་ཡང་ཕེབས། གནམ་གང་གི་ཚ་རྟིང་ཁར་སྟན་ལས་བཞེངས་ཏེ་ཞབས་སྟན་བཏིང་བའི་ཁར་གསོལ་དཔོན་གྱིས་ཕྱག་ནས་བརྟེན་ཏེ་གོམ་པ་སུམ་ཅུ་འགྲོ་དགོས་ཡོད་ཅེས་ཤར་ལ་ཞལ་ཕྱོགས་ཏེ་བདེ་དོག་མེད་པར་ཕེབས་སོང་བ་ཕྱིས་ཀྱི་རྟེན་འབྲེལ་ཞིག་ལ་དགོངས་སམ་སྙམ། དེ་ཉིན་ཆང་ཁྱིམ་གྱི་ཞུས་ལན་དུ་ཕྱི་མཐའ་གཟིགས་པའི་ཞལ་ཆེམས་དང་བཅས་ལྗགས་སྤོད་གནང་ཞིང་། ཤ་ཛ་ལི་སོགས་སྐུ་རླུང་ལ་ཕན་པའི་སྨན་སྦྱོར་ལས་སྐུ་སེར་ལ་གནོད་དོགས་པས་སྤོས་རེང་ཁ་ཆེ་མ་སོགས་རྐང་རེ་ཙམ་སྤར་བ་མེད་ཀྱང་དགོང་ཇ་ཁ་ཙམ་ནས་ག་བུར་དང་གུར་གུམ་གྱི་དྲི་བསུང་འདྲ་ལ་མིན་པའི་དྲི་ངད་ཕལ་གྱིས་མཚོན་པར་མི་ནུས་པའི་དྲི་བཟང་པོ་འཐུལ་བ་བཞུགས་སའི་ནང་ལྟ་ཅི་སྨོས། གསལ་ཡང་དང་རྣམ་གྲོལ་ཡང་རྩེ་སོགས་སུ་ཡང་ཚོར་བ་བྱུང་ཞིང་། ཞབས་དྲུང་དུ་འདུག་ཚེ་རེས་གདུང་ཤུགས་ཀྱིས་དྲངས་ཏེ་ཀུན་རྟོག་ཐམས་ཅད་རང་འགག་གིས་རྣམ་པར་མི་རྟོག་པའི་ངང་ལ་གནས་པའི་བྱིན་རླབས་ཀྱང་རང་ཤུགས་ཀྱིས་འཆར་བ་བྱུང་། ཚེས་གཅིག་གི་སྔ་དྲོ་ཚ་རྟིང་ཁ་ཙམ་ནས་གཟིམས་ཁྲིའང་མཐོངས་ཀའི་ཐད་ཀར་ཐེན་ཏེ་བཞུགས་པ་ལ། ཡུན་རིང་པོའི་བར་ནམ་མཁའ་ལ་སྤྱན་གྱི་ལྟ་སྟངས་ཁོ་ན་དང་ཇེ་ཞིག་ན་ཕྱག་གཡས་པ་དེང་མཛད་ནས། བུད་མེད་གོས་དམར་ཅན་རུས་པའི་རྒྱན་ཆ་སྐྱ་ཆབ་བེ་བ་དཔྲལ་བར་སིནྡྷུ་རའི་ཐིག་ལེ་བྱས་པ་མང་པོ་འདུགསིནྡྷུ་རའི་ཆར་ཡང་འབབ། མེ་ཏོག་ཁ་དོག་སྣ་ཚོགས་ཀྱིས་ཀྱང་


MLP003_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ཐམས་ཅད་ཁེངས་འདུག་གསུང་། ཡང་དར་ཅིག་ན་ད་མཁའ་སྤྱོད་དུ་འགྲོ། ཁྱེད་རང་རྣམས་ཀྱང་མཁའ་སྤྱོད་དུ་འགྲོ་བའི་འདུན་པ་གྱིས་གསུང་། ཕྱག་གིས་ཌཱ་མ་རུ་འཁྲོལ་བའི་སྟངས་ཀ་དང་སྐུའི་གནས་རྣམས་སུ་སིནྡྷུ་རའི་ཐིག་ལེ་མཛད་པའི་བརྡའ་ཡང་གནང་། ཡང་ཕྱི་དྲོ་སིནྡྷུ་རའི་དཀྱིལ་འཁོར་དཀྱིལ་འཁོར་གསུང་། དེར་གསོལ་དཔོན་གྱིས་མེ་ལོང་ལ་བྲིས་པའི་སིནྡྷུ་རའི་དཀྱིལ་འཁོར་དེ་བླངས་ནས་ཕུལ་སོང་བ་གཟིགས་པ་ཙམ་ལས་ཅང་མི་གསུང་། དར་ཅིག་ན་བུམ་པ་ཐོང་གསུང་། དབང་གི་མཆོད་སྟེགས་ཁ་ནས་བུམ་པ་བླངས་ཏེ་ཕུལ་བ་སྐུའི་གནས་རྣམས་སུ་རེག་པ་རེ་མཛད་ཅིང་གུར་གུམ་གྱིས་ཆར་ཡང་འབབ་ཀྱིན་འདུག་གསུང་། ཡང་མནལ་གྱི་རྣམ་པ་ལྟ་བུར་སྤྱན་ཟིལ་མེ་བཞུགས་འདུག་པར། དཔོན་ཚང་ཆོས་མཛད་ཀྱིས་གཏེར་བྱོན་གྱི་པདྨ་གུ་རུའི་སྐུ་དེ་སྤྱན་ལམ་དུ་ཕབ་ནས་འདིའི་བཞུགས་ཁང་གི་བཟོ་ལེགས་པོ་ཨེ་བྱུང་ཞུས་སོང་བར། དགའ་མོ་བྱུང་འདུག་ཅེས་ཅུང་ཟད་བཞད། དེ་ནུབ་ཕྱི་རོལ་ཏུ་ཡོད་པ་རྣམས་ཀྱིས་བར་སྣང་ཐམས་ཅད་འཇའ་ཚོན་གྱི་དབྱིབས་རྣམ་པ་ཐ་དད་པ་དུ་མས་གང་ཞིང་། བླ་བྲང་གི་ལྷོ་ནུབ་ཀྱི་ཟུར་དེར་ཆར་རྐང་འདྲ་བའི་འཇའ་དཀར་ཆུ་འབབ་པའི་རྣམ་པ་དལ་ལེར་ཚུགས་པ་མཐོང་བའང་བྱུང་འདུག་སྟེ། བསུན་མ་རྣམས་ཀྱིས་སྤྱན་འདྲེན་པའི་མཆོད་ཡོན་སྦྲེང་བ་ཨེ་ཡིན་སྙམ། དེ་ནས་ནམ་ཕྱེད་ལ་ཟིན་པར་ཉེ་བ་ན་ཡར་བཞེངས་ཏེ་ཞལ་སྐྱེམས་གསོལ། དེ་རྗེས་ཅུང་ཟད་མནལ་དང་འདྲེས་པ་ལྟ་བུའི་མུ་ནས་གསུང་སྤོད་ཀྱིས། སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པས། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །ཅེས་འགྱུར་མེད་རྡོ་རྗེས་བྲིས་པའོ། །ཞེས་པ་བྲིས་གསུངས་ཏེ་འདི་གསུང་གི་བདུད་རྩི་དངོས་སུ་སྩལ་བའི་ཐ་མ་ཡིན། ནངས་པར་སྔ་བར་ཡིག་ཆས་བླངས་ཏེ་ཞབས་དྲུང་རིན་པོ་ཆེས་ཕྱག་བྲིས་སུ་བཏབ། དེ་ཡང་སྤྱིར་སྐུ་བད་ཀྱི་བསྙུན་རོས་ལྗགས་སྐྱུགས་ཕེབས་པ་སོགས་སྐུ་ཟོས་མི་བདེ་བའང་གསོལ་སྨན་གྱི་འཕྲོད་ངོ་བརྟས་པ་ལྟ་བུས་བདེ་མུས་སུ་སོང་བར་མ་ཟད། སྐུ་


MLP003_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཤེད་ཆུང་བ་ཙམ་མ་གཏོགས་སྐུའི་གཟི་བྱིན་དང་ཐུགས་རིག་མི་གསལ་བའི་རྣམ་པ་ཅི་ཡང་མེད་པ་བཅས་ཉེར་དྲུག་ཕན་ཆད་ལ་ཕྱི་མཐའ་གཟིགས་པའི་བསླབ་སྟོན་ཕེབས་བཞིན་པ་ཡིན་ཡང་། བདག་ཅག་ཚུར་མཐོང་གི་བློའི་རེ་བར་གསོལ་བ་ཐེབས་པ་ཞིག་ཨེ་ཡོང་སྙམ་པས་གསོལ་སྨན་འབུལ་བ་དང་སྐུ་རིམ་གྱི་ཞབས་ཏོགཉིན་པར་གཅུང་རྗེ་དབོན། གསོལ་དཔོན། དཔོན་ཚང་ཆོས་མཛད། མཚན་མོ་དེ་སྟེང་གཉེར་པ་ཆོས་མཛད་རྣམས་དང་། ཉིན་རེ་བཞིན་ལྕམ་དྲུང་བཅས་པས་སྐུ་དྲུང་དུ་འཁོད་ནས་ཐུན་རེས་ཀྱི་ཞབས་ཏོག་ལ་འབད། མཆོད་དཔོན། ཆོས་མཛད་དོན་ལྡན། མཐུ་སྟོབས་རྣམས་ཀྱིས་འཕྲལ་དགོས་ཀྱི་རྐང་བདེ་བྱས། བདག་ཅག་ཁུ་དབོན་རྣམས་ཀྱིས་མཚན་མོ་རྣམ་གྲོལ་ཡང་རྩེར་བཞུགས། སྔ་དགོངས་གནས་ཅི་བདེར་སྐུ་རིམ་གྱི་ཁྱད་པར་གང་ལ་གང་འཚམས་དང་། ཉིན་མོ་སྐུ་མདུན་དུ་བསྒྲུབ་འོས་སོགས་སྲི་ཞུ་ལ་འབད་དུ་ཟིན་ཀྱང་། གདུལ་བྱ་མ་དག་པ་འདུལ་བ་དང་ལས་ཚུལ་བསམ་གྱིས་མི་ཁྱབ་པ་སྟོན་པའི་ཆེད་དུ་སྐུ་ཁམས་ལ་ཡར་བསྐྱེད་མ་བྱུང་སྟེ། རྒྱུད་བླ་མ་ལས། ཡང་དག་ཇི་བཞིན་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །རྒ་དང་ན་དང་འཆི་བར་སྟོན། །ཞེས་གསུངས་པ་ལྟར་མི་འགྱུར་རྡོ་རྗེའི་སྐུ་བརྙེས་པས་ལས་ཀྱི་ན་འཆི་སོགས་མི་མངའ་ཡང་། ཐབས་ལ་མཁས་པའི་སྙིང་རྗེ་ཆེན་པོས་གདུལ་བྱ་འདུལ་བའི་ཡུལ་ལ་མཐུན་པར་འཇུག་པའི་ལས་ཚུལ་ཡང་སྒོ་སྣ་ཚོགས་པ་སྟོན་པར་མཛད་པ་ཆོས་ཉིད་པས། ཉེར་བདུན་བརྒྱད་ནས་སྐུ་ཤེད་ཇེ་ཆུང་གིས་སྐུ་ཉམས་ཞན་དུ་སོང་བས་གསོལ་བ་ཐེབས་པའི་རེ་བ་ཟད་དེ། གནམ་གང་གི་ནུབ་མོ་ནས་བདག་ཅག་ཁུ་དབོན་རྣམས་ཀྱིས་ཀྱང་སྐུ་དྲུང་དུ་གསོལ་བ་འདེབས་བཞིན་དུ་བཞུགས། དེ་ནས་ཚེས་གཉིས་ཀྱི་སྔ་དྲོ་ནམ་མཁའ་བཻ་ཌཱུཪྱ་ལྟར་དྭངས་པ་ལ་རླུང་ཕྲ་མོ་ཙམ་ཡང་མི་ལྡང་ཞིང་འཇའ་ཚོན་སྣ་ལྔ་རྨ་བྱའི་མཇུག་སྒྲོ་བཀྲམ་པ་ལྟ་བུ་དང་། གུར་དང་གདུགས་ཕུབ་པ་ལྟ་བུ་དང་བ་དན་དཔྱངས་པ་འདྲ་བ་སོགས་ཀྱིས་ནམ་མཁའ་ཁེངས་ཀྱང་། ཉི་མའི་འོད་ཟེར་མི་སྒྲིབ་པར་གསལ་བའི་ཕྱིའི་རྟགས་ངོ་མཚར་བ་ཀུན་གྱི་སྤྱོད་ཡུལ་དུ་བསྟན་པ་དང་ལྷན་ཅིག་


MLP003_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ཁ་འདལ་ཙམ་གྱི་དུས་ལ། རྟག་འཛིན་ཅན་རྣམས་ཡང་དག་པའི་ལམ་ལ་བསྐུལ་ཞིང་སྐུའི་རྣམ་པ་དེ་ཉིད་ཀྱིས་འདུལ་བར་བྱ་བའི་ཕྲིན་ལས་ཀྱང་དེ་ཙམ་དུ་དགོངས་ནས། མངོན་པར་བྱང་ཆུབ་པ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་བཞི་ལྡན་གྱི་ཡེ་ཤེས་འོད་གསལ་ཆོས་སྐུ་ཀ་དག་ཆེན་པོའི་ཀློང་དུ་གཟུགས་སྐུའི་བཀོད་པ་བསྡུས་ཏེ། ཐོག་མ་དང་དབུས་མཐའ་བྲལ་བའི་གཤིས་བདེ་བ་ཆེན་པོ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་དབྱིངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས། ཆོས་ཀྱི་སྐུ་རིས་ཡོངས་སུ་མ་ཆད་པར་བཞུགས་པ་ལས་མ་གཡོས་བཞིན་དུ་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རྩལ་སྣང་འགག་མེད་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རྣམ་པར་བཞེངས་ཏེ། དག་པ་དང་མ་དག་པའི་གདུལ་བྱའི་མོས་པ་དང་སྐལ་བའི་ཁྱད་པར་ཇི་ལྟ་བ་དང་མཐུན་པར་འཇུག་པ་ལས། རེ་ཞིག་མཁའ་སྤྱོད་དུ་གཤེགས་པར་ཞལ་གྱིས་བཞེས་པ་ལྟར་ན། ལྷན་སྐྱེས་ཀྱི་བདེ་ཆེན་མངོན་དུ་གྱུར་པའི་སྐྱེས་མཆོག་རྣམས་ཞིང་ཁམས་གཞན་དུ་འཕོ་བའི་ཚེ། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། ཁྲག་འཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །སིལ་སྙན་སྒྲ་ནི་སྣ་ཚོགས་དང་། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་པ་ཧེ་རུ་ཀ་སོགས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་མཆོད་རྫས་སྣ་ཚོགས་པའི་བཀུར་སྟི་དང་བཅས་པས་བསུས་ཏེ་མཁའ་སྤྱོད་དུ་སྤྱན་འདྲེན་པར་བཤད་ཅིང་། དེ་ལ་མཁའ་སྤྱོད་ཅེས་པའི་དོན་ནི་འོད་གསལ་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་ཆོས་སྐུ་དང་རྗེས་སུ་མཐུན་པ་དེ་ལ་ནམ་མཁའ་ཞེས་བྱ་དེར་སྤྱོད་པ་ནི་དེ་ཐོབ་པའི་དོན་ཏེ། སྒྱུ་མ་བདེ་མཆོག་ལས། ཌཱ་ནི་ནམ་མཁར་འགྲོ་མ་ཞེས། །སྐད་ཀྱི་བྱིངས་ལས་མངོན་པར་བརྟགས། །ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་གསུངས་ཤིང་། དེ་འདྲ་དེ་ལ་མཁའ་སྤྱོད་ཀྱི་དངོས་གྲུབ་བརྙེས་ཟིན་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཐུན་གསུམ་དུ་མཆོད་པར་མཛད་དེ། འཇམ་དཔལ་ཞལ་ལུང་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །


MLP003_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ལྷ་དང་ཁྲོ་བོ་སོགས། །མེ་ཏོག་ལ་སོགས་མཆོད་པར་བཅས། །ཞག་གཅིག་སྐྱ་རེངས་དང་པོ་དང་། །ཕྱེད་ནི་དྲོས་པའི་དུས་ཉིད་དང་། །ཆལ་ཆིལ་མཚམས་སུ་ནམ་མཁའ་ལས། །མཆོད་པ་བྱས་ནས་བསྔགས་བརྗོད་ཅིང་། །རང་གི་ཞིང་དུ་འགྲོ་བར་འགྱུར། །ཞེས་གསུངས། དེར་མ་ཟད་ཉི་སྒྲོལ་བྱེད་ཀྱི་ལོ་དབྱུག་ཟླའི་ཡར་ཚེས་བརྒྱད་ཀྱི་གཟིགས་སྣང་ལྟར་ན། འདི་ནས་པདྨས་བརྒྱན་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་དུ་དེ་བཞིན་གཤེགས་པ་རྣམ་རོལ་མཐའ་ཡས་ཞེས་བྱ་བར་འཚང་རྒྱ་བའི་མཛད་པ་སྟོན་པ་དང་། ཡང་མྱོས་ལྡན་གྱི་ལོ་རྒྱལ་ཟླའི་གནམ་སྟོང་གི་ནུབ་མོའི་གཟིགས་སྣང་ལ་ཞིང་སྐྱོང་གི་མཁའ་འགྲོ་མ་རྣམས་ཀྱི་ངོར་རྔ་ཡབ་གླིང་དུ་ཕེབས་པར་ཞལ་བཞེས་མཛད་པ་ལྟར་ན། ཞིང་དེར་རིག་པ་འཛིན་པའི་ཡེ་ཤེས་ཀྱི་སྐུའི་རྣམ་པར་རོལ་པའི་ཚུལ་གྱིས་ཌཱཀྐི་མ་རྣམས་ཀྱི་ཚོགས་དཔོན་དུ་གཤེགས་པར་སྣང་ལ། གཞན་ཡང་གཏེར་ལུང་ནས་ཨོ་ཌཱི་ཡ་ནའི་ཡུལ་ཛ་ག་ཊར་འདོད་ཡོན་སྣ་ཚོགས་དང་བདེ་སྡུག་ཐམས་ཅད་ལ་རོ་མཉམ་པར་སྤྱོད་པ་ཤིན་ཏུ་སྤྲོས་མེད་ཀུན་ཏུ་བཟང་པོའི་སྤྱོད་པས་དོན་མཛད་པ་གྲུབ་ཐོབ་ཀྱི་ཚུལ་དང་། བོད་ཀྱི་ཡུལ་འདིར་ཡང་རྒྱལ་པོ་ཞིག་དང་གཏེར་སྟོན་གྱི་སྐྱེ་སྲིད་འཛིན་པའི་ཚུལ་སྟོན་པ་སོགས་ཆུ་ཟླ་ལྟར་སྐུའི་བཀོད་པ་མཐའ་ཡས་པ་ཅིག་ཅར་སྣང་ནས་དོན་མཛད་པ་ནི། འཕགས་ཆེན་རྣམས་ཀྱི་ཡེ་ཤེས་སྒྱུ་མའི་རྣམ་ཐར་འགག་པ་མེད་པའི་ཆོ་འཕྲུལ་དུ་སྣང་བའི་ཕྱིར། བདག་ཅག་ཚུར་མཐོང་རྣམས་ཀྱི་བློས་ཇི་ལྟར་གཞལ་ནུས་ཏེ་མཐའ་བྲལ་གྱི་ནམ་མཁའ་ཁབ་མིག་ཏུ་ཚུད་མི་ཚུད་བལྟ་བ་དང་འདྲའོ། །དེ་ལྟར་ཆོས་ཀྱིས་དབྱིངས་སུ་སྙོམས་པར་ཞུགས་པའི་ཚུལ་བསྟན་ནས་ཀྱང་སྐུ་གདུང་རིན་པོ་ཆེའི་བཞུགས་སྟངས་ཅུང་ཟད་མཉེལ་སྟབས་ལས་ཞབས་སེམས་སྐྱིལ། ཕྱག་གཡོན་དཀུར་བརྟེན་གྱི་མཉམ་བཞགཕྱག་གཡས་སྙན་གྱི་ཐད་ཀར་སེ་གོལ་གྱི་བརྡའ་ཐབས་མཛད་པ་ལྟ་བུ་ལས་སྐུ་སྟོད་ཀྱི་རྩ་རིས་རྣམས་ཤིན་ཏུ་གསལ་ཞིང་ཆེར་རྒྱས་ལ་གཞོན་ཤ་ཆགས་པའི་བྱི་བྱད་གཟི་འོད་ལྷག་པར་འབར་བ་དང་། དབུ་གཙུག་ཆེར་འཕགས་པ་ལས་ཟླ་བའི་ཟིལ་པ་རླངས་པ་དང་བཅས་ཏེ་ཁོལ་ཞིང་ལུད་པ་སོགས་ཡེ་ཤེས་གོང་འཕོའི་རྟགས་མངོན་


MLP003_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟན་པས་ཐམས་ཅད་ངོ་མཚར་བར་གྱུར། དེའི་ཚེ་བདག་ཅག་སྐུ་དྲུང་དུ་འཁོད་པ་རྣམས་ནི་རེ་ཞིག་མྱ་ངན་གྱི་གདུང་བས་བླང་དོར་གྱི་གནས་མེད། རྟོག་དཔྱོད་ཀྱི་གོ་སྐབས་དང་བྲལ། ཅི་བྱ་གཏོལ་མེད་པས་ལོང་བ་ཐང་དཀྱིལ་དུ་བོར་བ་ལྟར་གྱུར། དེ་ནས་རང་བློ་དང་འཚམས་པར་བསྟན་པའི་གང་འདུལ་གཟུགས་སྐུའི་ཞལ་དཀྱིལ་མཐོང་བ་དང་གསུང་གི་བདུད་རྩི་མྱོང་བའི་སྐལ་པ་ཟད་པས་མནར་ཏེ་ཉམས་ཐག་པར་གྱུར་ཀྱང་། དོན་དམ་པར་གང་ཐུགས་རིས་མེད་ཀུན་ཁྱབ་ཀྱི་ཡེ་ཤེས་རང་རིག་དང་འདུ་འབྲལ་མེད་པར་ཡིད་ཆེས་ཀྱིས་གཏན་ལ་ཕབ་ནས། དུས་གསུམ་གྱི་རྒྱལ་བ་ཀུན་དང་རྣམ་དབྱེར་མེད་པའི་ཕྲིན་ལས་ཉིད་གདུལ་བྱའི་ཡུལ་ལ་ངང་གིས་འཇུག་པར་གསོལ་བ་བཏབ་ཅིང་ཐུགས་དམ་བསྐུལ་ནས། བླ་མ་དམ་པའི་བྱིན་རླབས་རང་ལ་བསྡུ་བའི་རླུང་སྦྱོར་དང་ཏིང་ངེ་འཛིན་གྱི་དམིགས་པ་ལ་མཉམ་པར་འཇོག་ལོ་ཙམ་བྱས་ཤིང་། དེ་དུས་སྐུ་རིམ་གྱི་མང་བསྐོལ་བའི་སྐད་ཆས་ཐུགས་འཁོལ་ཏེ་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུའི་སྐུ་ཞབས་ནས་བརྟན་བཞུགས་འབུལ་མི་ཆེད་མངགས་ཀྱིས་གནང་བར་གསང་ཁོག་ནས་གནས་ཚུལ་དྲང་པོའི་ཞུ་ལན་དང་བཅས་མགྱོགས་བསྔོ་རྟེན་ཡང་ཕུལ། ཚེས་གསུམ་གྱི་སྔ་དྲོ་ནམ་མཁའ་གཡའ་དག་ཅིང་ཚ་རྟིང་ཁ་ནས་འཇའ་དཀར་གྱི་སྡོང་པོ་ཀུ་ཤའི་ཆུན་པོ་འདྲ་བས་བར་སྣང་ཁྱབ་པར་བྲེས་པ་ལས་མེ་ཏོག་གི་ཆར་མཁའ་ལ་ལྡིང་ཞིང་ཉི་མའི་འོད་ཟེར་གྱི་ཐད་ན་འཇའ་སྤྲིན་ཁ་དོག་སྣ་ལྔས་འཚུབས་པའང་བྱུང་། དེ་ཉིན་ཞབས་དྲུང་རིན་པོ་ཆེས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོའི་གསུང་ཆོག་དང་འབྲེལ་བར་མཆོད་འབུལ་གསོལ་འདེབས་དང་། བདག་གིས་ཀྱང་མཁའ་འགྲོའི་ཕྱི་ནང་གི་གཏོར་མ་དང་ཆ་གསུམ་གཏོར་མ་སྔོན་དུ་འགྲོ་བས་བླ་མའི་རྣལ་འབྱོར་དང་འབྲེལ་བར་མཆོད་འབུལ་ཐུགས་རྒྱུད་བསྐུལ་བ་རྣམས་བསྒྲུབས། སྐུ་གདུང་གི་ཞབས་ཏོག་ཕྲལ་དུ་བྱས་ཆོག་པའི་བཀའ་ལུང་ཡོད་ནའང་རེ་ཞིག་སྔར་བཞིན་བཞུགས་སུ་གསོལ་བ་ལས། ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་ཁུ་དབོན་རྣམས་ཀྱིས་སྐུ་གདུང་རིན་པོ་ཆེ་གར་དབང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྐུར་བསྐྱེད་པའི་གཙུག་ཏོར་ཐུགས་ཀ་ལྟེ་གསང་ཕྱག་ཞབས་ཀྱི་


MLP003_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཞི་བཅས་པར་ནང་སྒྲུབ་ལྟར་ལུས་དཀྱིལ་གྱི་ལྷ་རྣམས་གསལ་བཏབ་ཅིང་། སོ་སོའི་རྩ་སྔགས་ཤམ་བུ་ཅན་གསེར་གྱིས་བྲིས་པའི་གདགས་ཡིག་ཀྱང་ཕུལ་ཏེ་དཀྱིལ་འཁོར་གྱི་ངོ་བོར་བསྒྲུབས་པ་ལ། བླ་མའི་ཐུགས་གཉིས་མེད་ཀྱི་ཡེ་ཤེས་སྤྱན་དྲངས་ཏེ་བསྟིམ་ནས་མཆོད་རྗེས། གསོལ་དཔོན་གྱི་རོགས་དགེ་སློང་གཉིས་ཀྱིས་བྱས་ཏེ་དྲིལ་སྦྱངས་ཞུ་བའི་ཐོག་མར་སྐུ་ཁྲུས་གསོལ་ཏེ་ག་བུར་དང་གུརྒུམ་སོགས་དྲི་བཟང་པོས་ཁྱབ་པར་བྱུགས། དེ་ནས་ནང་ཚས་དར་དཀར་སྲིད་དུ་རིང་བའི་ཕྱིར་གན་གོས་དམར་པོ་ཡུག་དང་ཀ་ཤི་ཀའི་རས་ཀྱི་ན་བཟའ་དྲི་བཟང་གིས་སྦགས་པས་གྲིལ་བ་ཟ་མ་ཏོག་ཏུ་བཞུགས་སུ་གསོལ་བའི་ནང་སྐོར་ཐམས་ཅད་དྲི་བཟང་གི་ཕུར་མས་གཏམས། ཕྱི་རོལ་ནས་སྟོད་གཡོགས་སྨད་གཡོགས་སོགས་དར་གྱི་ཆས་གོས་དང་དབུ་རྒྱན་སོགས་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཏེ་ལྷའི་ཆས་སུ་བཅུག་ཏེ་ཁྲི་ལ་བཀོད་པའི་སྤྱན་སྔར་རྡོར་དྲིལ་བུམ་ཐོད་སོགས་དམ་ཚིག་གི་ཡོ་བྱད་དང་ཞལ་དཀར་སོགས་སྐུའི་ཉེར་སྤྱད། མཆོད་པའི་བྱེ་བྲག་བཟང་ཞིང་རྒྱས་པ་བཀོད་ལེགས་པར་བཤམས་ཏེ་ཚེས་བཞིའི་སྔ་དྲོ་གསང་རྒྱ་བཀྲོལ་ཞིང་། དེ་དུས་ནམ་མཁའ་ལ་འཇའ་སྤྲིན་གྱི་ཚོམ་བུའི་རྣམ་པ་ཆེས་བཀྲ་བའང་བྱུང་། དེ་ནས་བཟུང་ཉིན་རེ་བཞིན་སྐུའི་སྲས་མཆེད་རྣམས་ཀྱིས་ཕྱག་མཆོད་གསོལ་འདེབས་སུ་ཕེབས་ཤིང་། སྐུ་གདུང་གི་དྲུང་དུ་གྲྭ་ཚང་གི་བླ་དཔོན་བགྲེས་པ་དགེ་བཤེས་སོགས་བདག་ཅག་རགས་བསྡུས་བཅོ་བརྒྱད་ཀྱིས་བླ་མ་ཞི་བ་དང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་གའདུ་ཁང་དུ་གྲྭ་གཙང་ཡོངས་རྫོགས་ཀྱིས་བླ་མ་ཞི་བ་དང་ན་རག་དོང་སྤྲུགས་ཀྱི་ཆོ་ག་དང་འབྲེལ་བར་ཆོག་ཁག་སོ་སོས་མཆོད་འབུལ་གསོལ་འདེབས་དབང་བླང་བ་སོགས་གདུང་མཆོད་ཟླ་གཅིག་ཞག་ལྔའི་བར་དང་། སྐུ་ཚིགས་ཀྱི་དུས་མཆོད་རྣམས་ལ་ཚོགས་ཡས་མས་སོགས་གྲྭ་ཕྱི་ནང་གི་དགོན་ཆེ་ཕྲ་ཐམས་ཅད་དང་མོན་མཁར་ཕྱུག་དགོན་རྣམས་སོ་སོའི་དགེ་འདུན་དུང་རྒྱག་བླ་སློབ་བཅས་པ་སྤྱན་དྲངས་ཤིང་གང་ཕེབས་སོ་སོར་བསྙེན་བཀུར་གྱ་ནོམ་པ་དང་། ནག་ཟླའི་བཅུ་གསུམ་གྱི་ཉིན་སྐུ་འདད་དངོས་གཞིར་གྲྭ་ཚང་གི་རྗེས་འབྲེལ་དུ་གྲྭ་ཕྱི་ནང་མོན་མཁར་བཅས་པའི་རང་ཞབས་


MLP003_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགོན་ཆེ་ཕྲ་ཚང་མ་བསྡུས་པའི་སེར་ཚོགས་ལ་ཚ་བ་མང་ཇ་གྲལ་འགྱེད་སྣེ་བཞག་སྤྱི་རྫས་སྦྱོར་འཇགས་གྲལ་དབུས་གཙོས་པའི་འབུལ་ཐོབ་རྣམས་ལ་བསྔོ་རྟེན། མི་སེར་དུད་ཆེ་ཆུང་ཐམས་ཅད་དང་འབྲེལ་ཅན་གྱི་སྐུ་ཉེ་ཡོན་བདག་སློང་མོ་བ་སོགས་སྐྱེ་བོའི་ཚོགས་ལ་བཟའ་བཏུང་འགྱེད་དང་བཅས་པའི་སྦྱིན་གཏོང་རྣམས་བཟང་ཞིང་ཕུལ་དུ་བྱུང་བ། གཞན་ཡང་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་ལ་མང་ཇ་དང་ཇ་འགྱེད། ལྷ་ལྡན་ཚོགས་མཆོད་ཆེན་མོ། གསང་ཕུ་དབྱར་ཆོས། གཉལ་སྡེ་དྲུག་ཤོ་པོ་མཁར་སྟེང་དུ་ཚོགས་པ་རྣམས་དང་གྲྭ་ཕྱི་ནང་ཡར་འཕྱོངས་ཀྱི་དགོན་ཆེ་ཕྲ་སོགས་དབུས་གཡོར་གྱི་འདུས་སྡེ་ཕལ་མོ་ཆེར་མང་བཀོལ། རྡོ་རྗེ་བྲག་དང་གུ་རུ་ལྷ་ཁང་སོགས་རང་དང་ཆོས་སྲིད་ཅི་རིགས་པས་འབྲེལ་བའི་ལྷོ་དབུས་གཙང་དྭགས་ཀོང་སོགས་ཀྱི་དགོན་སྡེ་འགའ་ལ་ཚ་གྲའམ་མང་ཇ་སྦྱོར་སྦྲེལ་གང་ལ་གང་འོས་དང་བསྟུན་ཏེ་འགྱེད་དོད་དང་རང་ཞབས་རྣམས་ལ་ལྷག་པོར་སྤྱི་རྫས་ཀྱི་སྦྱོར་འཇགས། གངས་ཅན་གྱི་ལྷ་གཅིག་གོང་ཞབས་ཡས་ཕྱིན་དང་། པཎ་ཆེན་མཆོག་གི་སྤྲུལ་སྐུ། བླ་ཆེན་ས་འབྲི། ཀརྨ་པ་ཡབ་སྲས། སྒམ་འབྲུགརྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ། རྣམ་སྤྲུལ་རིན་པོ་ཆེ་ཡབ་སྲས་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་བླ་མ་སློབ་དཔོན་ཆེ་ཕྲ་ཐམས་ཅད་ལ་བསྔོ་རྟེན་བཟང་ཞིང་དཔངས་མཐོ་བ་གང་ལ་གང་འཚམས་སུ་ཕུལ་ཞིང་། ནག་ཟླའི་ཚེས་དགུ་ལ་གདུང་ཆོག་གི་མཆོད་འབུལ་བསྡུས་ཤིང་བཅུ་ལ་ཞབས་དྲུང་རིན་པོ་ཆེས་སྐུ་གདུང་གི་སྤྱན་སྔར་རྣལ་འབྱོར་མའི་གསུང་ཆོག་རྒྱས་པར་གནང་། བཅོ་ལྔ་དང་བཅུ་དགུའི་ཉིན་སྐུ་གདུང་གི་སྤྱན་སྔ་དང་འདུ་ཁང་དུ་ཚོགས་ཆེན་གྱི་གསུང་ཆོག་གདུང་མཆོད་ཀྱི་སྐབས་བཞིན་དང་། བཅུ་དགུའི་སྔ་དྲོ་ཞབས་དྲུང་རིན་པོ་ཆེས་མཁའ་འགྲོ་མའི་གཏོར་མ་གནང་ངོས་ཉི་མ་ཕྱེད་ཡོལ་ཙམ་ལ་ཞབས་དྲུང་ཁུ་དབོན་སོགས་ཞབས་རིམ་ནང་འཁོར་རྣམས་ཀྱིས་སེར་སྦྲེངས་ཀྱི་བཀུར་སྟི་དང་བཅས་སྐུ་གདུང་རིན་པོ་ཆེ་ཞུགས་ཀྱིས་སྦྱོང་བའི་སླད་དུ་གཟིམས་ཆུང་ཀུན་བཟང་ཕོ་བྲང་གི་མཐོངས་སུ་དོ་ལི་ལ་སྤྱན་དྲངས་པ་ན། སྐུ་གདུང་བཏེག་པའི་མོད་ལ་ས་འདི་སྒོས་སུ་ཅུང་ཟད་ཙམ་གཡོས་ཤིང་ནམ་མཁའ་དྭངས་པར་འཇའ་


MLP003_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་སྲབ་མོའི་ཚོམ་བུ་བཀྲམ་པ་ལས་མེ་ཏོག་གི་ཆར་ཐོ་རེ་བ་བབས། དེ་དུས་སྐུ་གདུང་སྔར་ལས་ལྡབ་འཕར་ལྟ་བུའི་ལྕིད་དང་ལྡན་ཞིང་ཞལ་ཕྱེ་སྐབས་སྐུ་སྟོད་དང་དབུ་གཙུག་ཤིན་ཏུ་རྒྱས་པ་དང་། གཞིས་ནས་སྐུ་གདུང་རིན་པོ་ཆེ་བཞུགས་ཀྱི་བར་དེ་སྲིད་ཉིན་རེ་བཞིན་བརྒྱ་མཆོད་དང་མར་མེ་ཉིན་མཚན་འཁྱོང་པ་ཉི་ཤུ་ཙམ་རྒྱུན་སྦར་ཡིན་རུང་། རུལ་དྲི་མི་སྡུག་པའི་རྣམ་པ་མེད་པར་དྲི་བསུང་བཟང་པོ་འཕྲོ་བའི་རྣམ་པར་སྣང་། དེ་ནུབ་བདག་གིས་ལས་སློབ་ཞུས་ཏེ་ཞབས་དྲུང་ཁུ་དབོན་གྱི་ཞབས་ཕྱིར་གདུང་མཆོད་པ་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་མཆོག་གི་བསྲེག་བླུགས་ཀྱི་ཆོ་གས་མྱང་འདས་མཆོད་རྟེན་གྱི་རྣམ་པའི་ཐབ་ཁུང་དུ། ཙནྡན་དཀར་དམར་དང་ཨ་ཀ་རུ་འབའ་ཞིག་ཤ་ཐག་གི་འབར་བྱེད་དུ་ཞུགས་སུ་སྦྱངས་པར་བུད་ཤིང་མཛུབ་མོའི་སྦོམ་ཕྲ་ཙམ་པ་གཅིག་རྗེས་གཅིག་མཐུད་ཀྱི་རྒྱུན་མ་ཆད་ཙམ་ཕུལ་བ་ལས། བུད་ཤིང་ལ་ལྟོས་མེད་ཀྱི་རང་འབར་ལྟ་བུས་སྐུ་གདུང་ཞུགས་དཀར་གསལ་གཡས་འཁྱིལ་དུ་འབར་བ་དང་འདྲེས་པའི་ངང་ལ་ཡུངས་ཀྱིས་དག་པའི་ཤུལ་དུ་དབུ་ཐོད་རིལ་པོར་བཞུགས་ཤིང་། ཐུགས་མ་རྨས་པར་ཞབས་དྲུང་བགྲེས་པའི་སྐུ་མདུན་དུ་མེ་སྒོ་ནས་རྒྱང་མར་ཕེབས། མེ་ཕུལ་མ་ཐག་དུད་ཁུང་ལས་དུ་བ་འོད་དཀར་པོའི་ཚུལ་ཅན་མདུང་ཚུགས་སུ་ཐོན་པའི་རྩེ་ལས། འོད་དཀར་གསལ་གྱི་གོང་བུ་སྙིམ་པ་ཙམ་ཞིག་མཐའ་མི་མངོན་པར་སོང་སྟེ་ཤར་ཕྱོགས་ཀྱི་ནམ་མཁའ་ལ་ཁྲིག་གིས་འདྲེས་པ་ཕྱི་རོལ་ན་གནས་པ་མང་པོས་མཐོང་བ་དང་། ནམ་མཁའ་ཡང་ཐོག་མར་ཆུ་འཛིན་གྱིས་ཁྱབ་པ་ལས་གློག་དང་འབྲུག་སྒྲ་ཆེན་པོ་སྒྲོག་པ་དང་ལྷན་ཅིག་ཆར་ཟིམ་ཐིགས་པ་རེ་གཉིས་བབས་རྗེས་ནམ་མཁའ་འཕྲལ་དུ་གཡའ་དག་པས་ངོ་མཚར་བར་གྱུར་ཅིང་། དེ་ནུབ་སྐོར་ལམ་གྱི་ཕྱི་ནང་། བླ་བྲང་གི་བདེ་ཡངས་དང་བར་ཁྱམས། གསལ་ཡངས་སོགས་སྟེང་ཤོད་ཐམས་ཅད་དད་ཅན་གྱི་འདུས་པ་ཕྱག་དང་སྐོར་བ་བྱེད་པས་ཁེངས་ཤིང་། ཀུན་བཟང་ཕོ་བྲང་དུ་བརྒྱ་མཆོད་ཚར་དྲུག་དང་ཚོམ་ཆེན་དུ་གྲྭ་ཚང་ཡོངས་རྫོགས་ཀྱིས་གསོལ་འདེབས་གནང་བར་ཚར་གསུམ། དེས་མཚོན་མཆོད་ཁང་སོ་སོར་དང་བར་ཁྱམས་བདེ་ཡངས་བཅས་པར་མཆོད་པ་བཤམས་པའི་མར་མེའི་འོད་


MLP003_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནམ་མཁའི་མདངས་འགྱུར་བ་ཙམ་དང་། དེར་མ་ཟད་སྐུ་གདུང་རིན་པོ་ཆེ་བཞུགས་ཀྱི་བར་དེ་སྲིད་དུ་སྤྱན་སྔར་ཉིན་རེ་བཞིན་ཡང་བརྒྱ་མཆོད་གཉིས་གསུམ་ཙམ་མམ་ཐ་ནའང་རེ་རེ་མ་ཆག་པ་དང་། སྐུ་ཚིགས་སོ་སོར་འཕར་མ་དང་བཅས་བཟང་ཞིང་བསྟར་ཆགས་པས་མཆོད་ཅིང་། ཞག་བདུན་གྱི་བར་གདུང་ཁང་ཞལ་མ་ཕྱེ་བར་ཉིན་རེ་བཞིན་དུ་མཆོད་པ་དང་གསོལ་འདེབས་མཛད། ཉི་ཤུའི་ཞོགས་ཉི་ཤར་ཙམ་ན་ས་ཆེན་པོ་འདི་ཆེས་ཆེར་གཡོས་བས་མཚོན་དེ་ཉིན་ས་གཡོས་ལན་གསུམ་ཙམ་བསྟུད་མར་བྱུང་ཞིང་། དེའི་མུར་ནམ་མཁའ་ཐམས་ཅད་འཇའ་སྤྲིན་གྱི་སྡོང་པོ་སྣ་ཚོགས་ཀྱིས་ཁེངས་པ་ལས་འཇའ་ཚོན་གཡུང་དྲུང་དང་མཆོད་རྫས་ཀྱི་རྣམ་པའི་དབྱིབས་དོད་པའང་ཅི་རིགས་བྱུང་། ཉེར་ལྔའི་སྔ་དྲོ་ཞབས་དྲུང་རིན་པོ་ཆེས་གར་དབང་བདེ་གཤེགས་ཀུན་འདུས་ཀྱི་གསུང་ཆོག་དང་འབྲེལ་བར་ཚོགས་མཆོད་དང་། བདག་ཅག་ཁུ་དབོན་ཞམ་རིང་ནང་འཁོར་བཅས་པས་མཆོད་འབུལ་གསོལ་འདེབས་བྱས་ཏེ་གདུང་ཞལ་ཕྱེ་བས། དབུ་ཐོད་ལ་ཞུགས་ཀྱིས་མ་སྨས་པ་ཚངས་བུག་ཧ་རེ་བ་ལས་བདུད་རྩིའི་དྭངས་མ་ཁོལ་བའི་རྣམ་པར་འདུག་པ་མ་གཏོགས་དེ་ལྷག་གདུང་རུས་ཕལ་ཆེར་ཌཱ་ཀིས་སྤྱན་དྲངས་པ་ལྟ་བུས་སྙིམ་པ་གསུམ་ཙམ་དང་བུད་ཤིང་ཡང་ཆེར་མ་དགོས་པས་གདུང་ཐལ་ཡང་དེ་ཙམ་དུ་ཟད་ཅིང་། ཕྱག་ཞབས་ཀྱི་རྐང་ངར་སོགས་རགས་པའི་གདུང་རྣམས་ཤས་ཆེར་དེ་དུས་ནས་གདུང་ལོག་ལྟ་བུས་རིན་པོ་ཆེ་ལྟར་མཁྲེགས་ཤིང་ལྕིད་དང་ལྡན་ལ། ལ་ལ་དག་ཁ་དོག་ཀྱང་གཡང་ཏྲེའུ་འདྲ་བ་དང་ཕལ་ཆེར་གྱིས་ལྕགས་ཆོད་པའི་རྣམ་པ་ཅན། གདུང་ཕྲན་འགའ་རེ་མེས་མ་རྨས་ཤིང་གདུང་རིགས་ལྔ་དང་ལྷ་སྐུ་ཡིག་འབྲུའི་རྣམ་པ་གདུལ་བྱའི་མོས་སྣང་ལྟར་གསལ་བས་དད་པའི་ས་བོན་ཡོངས་སུ་རྒྱས་པར་གྱུར་ཅིང་། གྲྭ་ཚང་ཡོངས་རྫོགས་ཀྱིས་གདུང་མཇལ་མཆོད་འབུལ་དུ་ལན་བཞི་ཕེབས་པའི་དང་པོ་དབོ་ཟླའི་ཚེས་ལྔའི་སྔ་དྲོ་གསོལ་འདེབས་མཛད་པས་ཤིན་ཏུ་དད་པའི་གདུང་ཤུགས་ཀྱིས་བྱིན་རླབས་ལྷོངས་ཏེ་སྐལ་ལྡན་མང་པོར་བྱིན་ཕེབས་པས་ཉམས་འུར་ཞིང་འཕར་བ་དང་། ལན་གཉིས་པ་ཉེར་ལྔའི་ཉིན་གསོལ་འདེབས་གནང་དུས་ནམ་མཁའ་དྭངས་ཤིང་འཇའ་


MLP003_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་གྱི་དྲ་བ་དང་འཇའི་སྡོང་པོས་གང་བ། ཡང་ཉེར་བརྒྱད་ཀྱི་སྐུ་ཚིགས་འཕར་མའི་གསུང་ཆོག་དུས་ཞོགས་པ་ཚ་རྟིང་སྔ་ཕྱོགས་ཙམ་ལ་འདབ་མ་དྲུག་པ་ཤས་ཆེ་བའི་མེ་ཏོག་གི་ཆར་ལྟེ་བ་ཟླུམ་པོ་ལ་ཁབ་ཀྱིས་ཕུག་པ་ལྟ་བུའི་བུག་པ་ཧ་རེ་ཡོད་པ་ཁ་བ་འཚུབ་པ་ལྟར་ཆེར་བབས་ཤིང་། དེར་མ་ཟད་སྐུ་ཚིགས་དང་མཆོད་འབུལ་གསོལ་འདེབས་ཀྱི་དུས་རྣམས་ལ་ནམ་མཁའ་དྭངས་པ་དང་། རེས་འཇའ་ཚོན་ནམ་འཇའ་དཀར་གྱི་སྡོང་པོ་དང་། མེ་ཏོག་གི་ཆར་ཡང་འདབ་མ་དྲུག་པ་དང་ལྔ་པ་བརྒྱད་པ། ཁ་ཅིག་འཁོར་ལོའི་རྩིབས་ཀྱི་རྣམ་པ་ལྟ་བུ་ལ་སོགས་པ་ལན་མང་དུ་བབས་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དང་། ནག་ཟླའི་ཚེས་བཅོ་བརྒྱད་ཀྱི་ཉིན་རྣམ་སྤྲུལ་རིན་པོ་ཆེས་གདུང་མཇལ་དང་འབྲེལ་བར་མཆོད་འབུལ་བ་རྣམས་ལ་བསྔོ་རྟེན་ཕྱག་འགྱེད་དང་བཅས། ལྷན་ཅིག་ཏུ་མཆོད་འབུལ་གསོལ་འདེབས་གནང་བའི་ཁྲུས་གསོལ་གྱི་སྐབས་འབྲུག་སྒྲ་དང་བཅས་ཏེ་འཇམ་ཆར་ཅུང་ཟད་བབས་པ་ལས་ནམ་མཁའ་འཕྲལ་དུ་དྭངས་ཤིང་འཇའ་སྤྲིན་གྱིས་ཁེངས། ནག་ཟླའི་ཉེར་དྲུག་ལ་ཞབས་དྲུང་སྐུ་མཆེད་རྣམས་ཀྱིས་བསམ་ཡས་རི་མཐིལ་གྱི་གནས་རྣམས་ལ་མཆོད་འབུལ་དུ་ངོས་ཕེབས་གནང་དུས་ཀྱང་མཁན་པོའི་གདུང་འབུམ་གྱི་ཐད་དུ་འཇའ་སྤྲིན་གྱི་གུར་ཕུབ་པ། མཆིམས་ཕུའི་ཟེ་བསྐོར་སྐབས་ཕྱོགས་ཐམས་ཅད་སྨིག་གདང་གིས་འཁྲིགས་པ་ལས་བློན་པོ་མགུལ་གྱི་ཐད་སོར་དྭངས་པ། གསང་ཕུག་གི་ཉེ་སྐོར་དུ་མེ་ཏོག་གི་ཆར་འདབ་མ་ལྔ་པ་ཤས་ཆེ་བ་བབས་པ་སོགས་ངོ་མཚར་བའི་རྟགས་མང་པོ་མངོན་དུ་སྣང་ཞིང་དེ་བསྟུན་ཁྲ་འབྲུག་ཤེལ་བྲག་སོགས་དང་དེ་གོང་བདུན་ཚིགས་དང་པོའི་ནང་དུ་ལྷ་སར་ཡང་མཆོད་འབུལ་བྱེད་མི་ཆེད་དུ་མངགས། དེ་ནས་ས་ག་ཟླ་བའི་ཡར་ངོའི་ཚེས་བཅུ་ཉིས་བརྩེགས་ཀྱི་རྟིང་མ་ཕུར་བུ་དང་དབོ་འཛོམ་པའི་ཕུན་ཚོགས་སྦྱོར་བའི་ཉི་ཕྱེད་ཕྱི་ཆ་བདུད་རྩི་ཐུན་མཚམས་དང་བརྟན་པ་སེང་གེའི་དུས་སྦྱོར་ཐོགཆོས་བཟང་བདེ་ཡངས་སུ་ཞབས་དྲུང་རིན་པོ་ཆེས་མཁའ་འགྲོའི་ཆོ་གའི་སྒོ་ནས་གདུང་འབུམ་གྱི་ས་ཆོག་གནང་ཞིང་རྨང་འདིངས་སྐབས་འཇའ་སྤྲིན་སྣ་ལྔ་ངོ་མཚར་བ་དང་། བགེགས་སྐྲོད་དུས་རླུང་དྲག་པོའི་ཚུབ་འཁོར་ལངས་པ་ཡང་བྱུང་ཞིང་།


MLP003_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིན་དངུལ་གདུང་གི་སྐུ་རྒྱུ་རྣམས་དང་བཟོ་བོ་ལག་ཆ་དང་བཅས་པ་བྱིན་གྱིས་བརླབས་པས་སྐར་འཛིན་ཙམ་དང་། ཉེར་དགུ་ལ་ས་འབུམ་གྱི་བུམ་རྟེན་དུ་བདག་གིས་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་ཆོག་དང་། དེའི་སྟེང་དུ་སྣྲོན་ཟླའི་ཚེས་གཅིག་ལ་འོད་ཟེར་དྲི་མེད་ཀྱི་སྟ་གོན་དང་གཉིས་ལ་དཀྱིལ་འཁོར་བཞུགས་སུ་གསོལ་ནས་སྲོག་ཤིང་འཛུགས་པའི་ཆོ་ག་རྣམས་སྒྲུབ་སྐབས་ཀྱང་འཇའ་སྤྲིན་སོགས་ལྟས་ངོ་མཚར་བ་བྱུང་ཞིང་གཟུངས་རྣམས་ཀྱང་རིམ་པར་འབུལ་བར་མཛད། ཟླ་བ་དྲུག་པའི་ཚེས་གཉིས་ལ་ཞབས་དྲུང་སྐུ་མཆེད་ཀྱིས་དབུས་བདག་ཅག་བགྲེས་པ་དབུ་ཆེ་དགེ་བཤེས་བཅས་རགས་བསྡུས་ཉི་ཤུ་རྩ་དྲུག་ཙམ་གྱིས་ཀུན་བཟང་ཕོ་བྲང་དུ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་དང་འབྲེལ་བར། ནང་རྟེན་གཟིམས་མལ་འདྲ་སྐུ་རིན་པོ་ཆེ་རྣམས་ལ་རབ་གནས་ཀྱི་ཆོ་ག་རྒྱས་པ་མཛད་དུས་སྔ་དྲོ་ནམ་མཁའ་དྭངས་པ་ལ་འཇའ་སྤྲིན་གྱི་སྡོང་པོས་གང་བ་དང་ཁྱད་པར་ཡེ་ཤེས་པ་སྤྱན་འདྲེན་གྱི་དུས་ཙམ་ན་གཟིམས་ཆུང་ཀུན་བཟང་ཕོ་བྲང་གི་སྐུ་བརྙན་བཞུགས་པའི་ཐད་ཀར་འཇའ་མདུང་ཚུགས་ཀྱི་རྣམ་པ་དང་། གཞན་ཡང་སྐུ་བརྙན་ཉིད་སྤྱན་འབྱེད་འཛུམ་དང་ཞལ་གྱི་མཆུ་སྒྲོས་གཡོ་བའི་ཚུལ་དངོས་སུ་གསལ་བ་དང་། ཉི་མ་ཕྱེད་ཡོལ་ནས་འབྲུག་སྒྲ་གྲག་ཅིང་ཆར་རྒྱུན་ཇ་ཡུན་གཅིག་ཙམ་གྱི་བར་བབས་པའི་ཁྲོད་དུ་ཡང་མེ་ཏོག་གི་ཆར་བསྙོན་མེད་ཐོ་རེ་བ་བྱུང་ཞིང་། དགེ་མཚན་དེས་ཞིང་པ་རྣམས་ཀྱང་རབ་ཏུ་དགའ་བར་གྱུར། འདི་དག་གི་ཚེ་ཕྱི་རྟེན་དངུལ་གདུང་རིན་པོ་ཆེ་དང་གསུང་འབུམ་གྱི་གླེགས་བམ་སོགས་བཞེངས་པའི་བཟོ་གྲྭ་ཚུགས་བཞིན་པ་དང་། གྲྭ་ཚང་དུ་ཟླ་བ་ངོ་རེ་བཞིན་གྱི་སྐུ་མཆོད་ཐོག་བླ་མ་ཞི་བ་དང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་གའི་རྒྱུན་འཛུགས་པར་མཛད་ཅིང་། སླད་མར་ལོ་དུས་ཀྱི་སྐུ་མཆོད་ལ་བཀའ་ཆེམས་ལྟར་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་གྱི་ཕྱག་སྲོལ་བསྟན་པ་ནམ་གནས་བར་འཛུགས་པར་འགྱུར་བ་སོགས་དགོངས་པ་སྐོང་བའི་ཐབས་ཚུལ་ལེགས་སྤྱད་ཀྱི་བྱ་བ་ཕུལ་དུ་ཕྱིན་པ་བསྒྲུབས་ཤིང་བསྒྲུབ་པར་འགྱུར་བ་ཐམས་ཅད་ཀྱི་ཐུགས་ཁུར་འགན་བཞེས་གང་ཅི་གཙོ་བོར་བླ་མ་ལ་གུས་ཤིང་གཏོང་བ་


MLP003_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོམས་པའི་སྙིང་སྟོབས་མངའ་བ་གཅུང་རྗེ་དབོན་ཕྱག་མཛོད་ཀྱིས་ཞབས་དྲུང་རིན་པོ་ཆེ་སྐུ་མཆེད་ཀྱི་དགོངས་པ་དང་བསྟུན་གྱིན་བཀའི་འཁོར་ལོས་ཁྱབ་པར་མཛད། གཉེར་པ་ཆོས་མཛད་དང་གསོལ་དཔོན་དཔལ་འབྱོར་སོགས་ཉེ་འཁོར་ནང་མ་རྣམས་ཀྱིས་བཀའ་སྩལ་རྗེས་སྒྲུབ་ཀྱི་ཁུར་བླངས། ཡིད་གཞུངས་ཤིང་མི་ངལ་བའི་སྦྱོར་བ་ལ་བརྩོན་པའི་ལས་བྱེད་པ་རྣམས་ཀྱིས་ལག་བསྟར་ཏེ་ཀ་ཐེག་གདུང་ཐེག་ལྟ་བུའི་རྟེན་འབྱུང་གིས་དགོངས་རྫོགས་སྒྲུབ་པའི་བགྱི་བ་ཐམས་ཅད་གྲ་འགྲིག་ཅིང་ཕུན་སུམ་ཚོགས་པར་གྱུར། དེ་དག་གི་ཚེ་གཞུང་ས་མཆོག་དང་བཀྲ་ཤིས་ལྷུན་པོ་ནས་གདུང་འབུལ་གྱི་གནང་སྦྱིན་དངོས་སྤྱད་བཟང་ཞིང་དཔངས་མཐོ་བ་གནང་བས་མཚོན། ཕྱོགས་ཀྱི་བླ་མ་ཆེ་ཆུང་དཔོན་སྐྱ་དྲུང་ནང་གྲྭ་པའི་སྤྱི་གཉེར་སོགས་མཆོག་དམན་སྤྱི་དང་། སྒོས་རྗེ་བཙུན་དམ་པ་དེ་ཉིད་ཀྱི་བཀའ་དྲིན་ཆེན་པོས་རྗེས་སུ་བསྐྱངས་པའི་བུ་ཆེན་དགེ་བའི་བཤེས་གཉེན་སོགས་གྲྭ་སློབ། སྐུའི་ཉེ་དུ་ཡོན་བདག་དད་ཅན་རྣམས་ཀྱིས་སྙན་ཤལ་མཆོད་རྫས་གདུང་འབུལ་ཞལ་འདེགས་སྐུ་ཚིགས་གསོལ་བ། ཕྱིར་བཞུགས་རྣམས་ལ་བསྙེལ་ཇ་འབུལ་བ་སོགས་སྒོ་དུ་མ་ནས་མཐུན་རྐྱེན་ཐམས་ཅད་ཚོགས་པ་ལ་བརྟེན་ཏེ་དགོངས་པ་ཡོངས་སུ་རྫོགས་པའི་ཐབས་སྔ་ན་མེད་པ་གྲུབ་ཅིང་། ཁྱད་པར་དུའང་སྐུ་གསུང་ཐུགས་ཀྱི་སྲས་ཞབས་དྲུང་རིན་པོ་ཆེ་སྐུ་མཆེད་དང་། གསུང་གི་སྲས་ཞལ་སློབ་དགེ་བའི་བཤེས་གཉེན་འདུས་པའི་སྡེ་མ་ལག་དང་བཅས་པ་རྣམས་ཀྱིས། བསྟན་པ་རིན་པོ་ཆེའི་རིང་ལུགས་ཀྱི་སྲོལ་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེན་པོ་ལས་མི་གཡེལ་བས་བདག་ཉིད་ཆེན་པོ་དེའི་ཐུགས་དགོངས་ཁྱད་པར་ཅན་ཡོངས་སུ་རྫོགས་པར་འགྱུར་བ་གདོན་མི་ཟ་བ་སྟེ། མདོར་ན་དེ་དག་ཐམས་ཅད་ཀྱང་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཐུགས་རྗེ་དང་སྨོན་ལམ་རླབས་པོ་ཆེས་བྱིན་གྱིས་བརླབས་པའི་མཐུ་ཁོ་ན་ལས་གྲུབ་པ་ཡིན་ནོ། །སྒྱུ་མའི་རྣམ་ཐར་འོད་གསལ་ཆོས་སྐུའི་མཁར་གཤེགས་ནས། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་ཟློས་གར་རྨད་བྱུང་གིས། །མཐའ་ཡས་འགྲོ་བའི་རེ་སྐོང་དཔལ་ལྡན་རིགས་


MLP003_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི། །འཁོར་ལོ་སྒྱུར་དབང་གཏེར་ཆེན་བླ་མར་སླར་ཡང་འདུད། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་སྒྱུ་འཕྲུལ་རྡོ་རྗེའི་སྐུ། །གསུང་གསང་གཞོམ་མེད་སྒྲ་སྐད་རྒྱ་མཚོའི་རྗེས་སུ་འཇུག །རྣམ་པར་མི་རྟོག་མཉམ་ཉིད་བདེ་ཆེན་ཡེ་ཤེས་ཐུགས། །དབྱེར་མེད་ཁྱབ་བདག་འགྲོ་བའི་བླ་མས་འདིར་དགོངས་ཤིག །ཡུལ་དང་དུས་ལ་ཆགས་ཐོགས་མི་མངའ་བར། །སྒྲིབ་མེད་གསལ་ལེར་མཁྱེན་པ་མགོན་ཁྱོད་ཀྱིས། བདག་ཅག་རེ་ལྟོས་བཅས་པའི་བུ་སློབ་རྣམས། །སྐྱབས་མེད་ཉམ་ཐག་གྱུར་འདི་གཟིགས་ལགས་སམ། །རྗེ་བཙུན་མཁྱེན་བརྩེའི་ཉིན་བྱེད་མཁའ་དབྱིངས་གཤེགས། །ལོག་སྨྲ་འབྱུང་པོའི་བྱ་ཚོགས་ཅི་དགར་སྤྱོད། །བླང་དོར་གནས་བྲལ་མི་ཤེས་མུན་པའི་ཀློང་། །ལྷུངས་གྱུར་བདག་ཅག་ཅི་བྱའི་གཏོལ་དང་བྲལ། །བསྟན་འགྲོའི་ཕན་བདེ་རྒྱས་བཞེད་ཐུགས་མངའ་བའི། །མཁྱེན་བརྩེ་ནུས་པར་ལྡན་ཁྱོད་ཅི་བདེར་གཤེགས། །དེང་བདག་བསྟན་པ་འཛིན་འདོད་སེམས་དགེ་ཡང་། །ཉམ་ཆུང་ནུས་པ་དམན་པས་ཇི་ལྟར་བགྱི། །ཚེ་རབས་ཀུན་ཏུ་བདག་སོགས་གདུལ་བྱ་རྣམས། །ཁྱོད་སྐུའི་གྲིབ་མ་བཞིན་དུ་རྗེས་འགྲོ་བས། །ཞབས་པད་གུས་བསྟེན་གསུང་གི་བདུད་རྩིའི་བཅུད། །ངོམས་མེད་འཐུང་བའི་སྐལ་བཟང་མྱུར་ཐོབ་ཤོག །ཁྱད་པར་མགོན་ཁྱོད་རྡོ་རྗེ་གདན་གྱི་སྤོར། །དེ་བཞིན་གཤེགས་པ་མོས་པའི་སྐུར་བཞེངས་ཚེ། །འདུས་པའི་ཐོག་མར་སྐྱེས་ནས་ཆོས་སྨྲ་བའི། །མཆོག་གྱུར་འགྲོ་སྒྲོལ་དེད་དཔོན་ཉིད་འགྱུར་ཤོག །དེ་ལྟར་ནང་གི་རྣམ་ཐར་སྔར་བརྩམས་ཀྱི་ཁ་སྐོང་དུ་བརྗོད་པ་མྱ་ངན་འདས་བྱུང་གི་གཏམ་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ་འདི་ཡང་རྗེ་བླ་མ་དམ་པའི་རིགས་དང་ཆོས་ཀྱི་སྲས་ཞབས་དྲུང་རིན་པོ་ཆེ་ཁུ་དབོན་དང་ལ་མོ་ཆོས་སྐྱོང་ཆེན་པོའི་སྐུ་རྟེན་མཁྱེན་བརྩེའི་དབང་ཕྱུག་ཆོས་རྗེ་རིན་པོ་ཆེའི་བཀའ་སྩལ་ཕེབས་པ་དང་། ཁྱད་པར་འགྲོ་བའི་བླ་མ་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུའི་བཀའ་ལུང་ལྕི་བའི་ཅོད་པཎ་དད་པའི་གཙུག་གིས་མཆོད་ཅིང་། གཞན་ཡང་བསྟན་པའི་གསལ་བྱེད་སྤྲུལ་པའི་སྐུ་ཀུན་བཟང་ལེགས་གྲུབ་པདྨ་བཞད་པའི་རྡོ་རྗེ། རྒྱལ་མཁན་ཟུར་བཤེས་གཉེན་ངག་དབང་དཔལ་མགོན། གྲུབ་པའི་དབང་ཕྱུག་འགྱུར་


MLP003_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀློང་གྲོལ། རྒྱལ་སྐོར་སྡེ་པ་ཨོ་རྒྱན་ཚེ་བརྟན་ཕུན་ཚོགས། ཕོ་ལྷ་བ་སྡེ་པ་འགྱུར་མེད་མཆོག་གྲུབ། གྲྭ་ལྔ་དོན་ཀུན་གྲུབ་པ། དགེ་སློང་འགྱུར་མེད་ཆོས་དབྱིངས་ཕུན་ཚོགས་སོགས་མཆོག་གི་ལམ་མཁན་དགེ་བའི་བཤེས་གཉེན་ལ་མོས་པ་སྙིང་པོར་མཛད་པའི་སྐལ་བཟང་མང་པོའི་གསུང་གིས་བསྐུལ་བའི་ངོར་རྗེ་བཙུན་དམ་པ་དེ་ཉིད་ཀྱི་བཀའ་དྲིན་ཆེན་པོས་འཚོ་བའི་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རྒྱལ་བའི་ལོ་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཅུ་མཁའ་འགྲོ་འདུ་བའི་ཚེས་དགེ་བར་བཤད་སྒྲུབ་ཀྱི་ཆོས་གྲྭ་ཆེན་པོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་དུ་སྦྱར་བའོ། །འདིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བླ་མ་དམ་པའི་བྱིན་རླབས་རྗེས་སུ་འཇུག་པའི་རྒྱུར་གྱུར་ཅིག། །།


previousགཏེར་ཆེན་ཆོས་ཀྱི་རྒྱལ་པོའི་མྱ་ངན་འདས་བྱུང་གི་གཏམ་ཨུཏྤ་ལའི་འཕྲེང་བ།next