Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
   
   
   
   
   
གསང་བདག་དྲེགས་འདུལ་གྱི་བསྙེན་ཡིག་སྐལ་བཟང་རེ་སྐོང་། རིག་འཛིན་འགྱུར་མེད་རྡོ་རྗེ།
   
   


 
previousགསང་བདག་དྲེགས་འདུལ་གྱི་བསྙེན་ཡིག་སྐལ་བཟང་རེ་སྐོང་། རིག་འཛིན་འགྱུར་མེད་རྡོ་རྗེ། next

གསང་བདག་དྲེགས་འདུལ་གྱི་བསྙེན་ཡིག་སྐལ་བཟང་རེ་སྐོང་། རིག་འཛིན་འགྱུར་མེད་རྡོ་རྗེ།


MLP021_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གསུམ་མཚན་མའི་རྒྱ་ཅན་ལས། གསང་བདག་དྲེགས་འདུལ་གྱི་བསྙེན་ཡིག་སྐལ་བཟང་རེ་སྐོང་ཞེས་བྱ་བ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ། ན་མོ་བཛྲ་པཱ་ཎ་ཡེ། གསང་བདག་དཔའ་བོ་ལག་ན་རྡོ་རྗེ་འཛིན། །གར་དགུའི་རྣམ་རོལ་བདུད་སྡེའི་དཔུང་འཇོམས་གང་། །སྙིགས་དུས་འགྲོ་ལ་ཁྱབ་བདག་བླ་མའི་སྐུར། །སྟོན་མཛད་རྡོ་རྗེ་ཐོགས་མེད་རྩལ་དེར་འདུད། །གང་གི་ཡེ་ཤེས་རྣམ་རོལ་འཁོར་འདས་ཆོས། །རབ་འབྱམས་དག་པའི་སྣང་བར་འབྱམས་ཀླས་པའི། །ནང་ཚན་རིགས་གསུམ་མཚན་མའི་རྒྱ་ཅན་གྱི། །གསང་བདག་བསྙེན་པའི་མན་ངག་འདིར་བཤད་བྱ། །དེ་ཡང་རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་གནད་ཐམས་ཅད་བསྙེན་སྒྲུབ་ལས་གསུམ་དུ་འདུས་པ་ལས་འདིར་བསྙེན་པའི་ལས་རིམ་སྟོན་པ་སྟེ། དེ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་བཀྲ་ཤིས་ཤིང་རང་དབང་དུ་གྱུར་པའི་སར་ཕྱགས་བདར་བྱས་སྟན་ནང་ཚངས་ཅན་འདིང་། མཚམས་གཡོག་དང་སྨན་པ་འཚོ་ཆས་སོགས་མཚམས་ཁོངས་སུ་ཆུག་དགོས་པ་རྣམས་ཀྱང་སྤྱི་དང་མཐུན་པར་འདུ་བྱས་ལ། གཟའ་ཚེས་སོགས་དགེ་ཞིང་ཤིས་པ་ནས་དབུ་བཟུང་སྟེ་ལས་ལ་འཇུག་པ་ལས། ཐོག་མར་ལོང་ཡོད་ན་བསྙེན་པ་དངོས་མ་ཚུགས་པའི་ཞག་གཉིས་གསུམ་ཙམ་གྱི་གོང་ནས་ཕྱི་མཚམས་བཅད། དེའི་ཉིན་གྱི་དགོང་ཐུན་ལ་གསང་བདག་གི་བསྐྱེད་རིམ་སྐད་ཅིག་གིས་གསལ་བཏབ་ནས་བཟླས་པ་བརྒྱ་རྩ་ཙམ་བྱས་ཆ་གསུམ་གྱི་གཏོར་མ་སྤྱི་དང་མཐུན་པའམ། ཡང་ན་གཞི་བདག་ལ་གཏོར་མ་བཏང་ནས་འཕྲིན་ལས་བཅོལ། བགེགས་གཏོར་བཏང་


MLP021_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐུན་བྲབ་གུ་གུལ་གྱིས་བདུག་པ་སོགས་བྱས་ལ། སྲུང་འཁོར་གྱིས་མཚམས་བཅད། དེའི་ནུབ་ནས་སམ་སང་ཐོ་རངས་ནས་བཟུང་སྐྱབས་སེམས་ཡིག་བརྒྱའི་སྒོམ་བཟླས་བླ་མའི་རྣལ་འབྱོར་གསོལ་འདེབས་སོགས་རང་ཉམས་ལེན་སྙིང་པོར་བྱེད་པ་དེ་ཉིད་ཐུན་བཞིའམ་གཉིས་སོགས་ཞག་མང་ཉུང་གང་འོས་ཀྱི་བར་བྱེད། འདིས་རྒྱུད་འབྱོངས་ཤིང་བར་ཆད་མི་འཇུག་པ་དང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་སོགས་ཀྱི་ཕྱག་ལེན་དུ་མཛད། དལ་ལོང་ཆུང་ན་མེད་ཀ་མེད་ཀྱི་ཁྲིགས་ཀྱང་མིན་ནོ། །དེ་ནས་བསྙེན་པ་དངོས་ལ་འཇུག་པའི་དགོང་ཐུན་དེ་ལ་བསྐྱེད་བཟླས་དང་གཞི་བགེགས་ཀྱི་གཏོར་མ་གཏོང་བ་སོགས་སྔར་དང་འདྲ་བས་ནང་མཚམས་བཅད། ཐོ་བརྩིགས་རྒྱལ་ཆེན་བཞིར་མོས་ནས་མཆོད་གཏོར་ཕུལ་ལ་འཕྲིན་ལས་གསོལ་བརྟན་བཞུགས་ཤིས་བརྗོད་རྣམས་བྱའོ། །གཉིས་པ་ནི། རང་གང་དུ་བལྟ་བའི་ཕྱོགས་དེར་མཆོད་བཤམས་བྱ་བ་ལས། གསང་བདག་གི་སྐུ་བྲིས་འབུར་གང་རུང་བཤམས་པའི་མདུན་དུ་སྟེགས་བུ་གཙང་མའི་ཁར་མར་དང་བསྲེས་པའི་ཟན་ལ་བྱས་པའི་གཏོར་མ་དང་། སྨན་རཀ་ཉེར་སྤྱོད་སོགས་མཆོད་པ་རྣམས་ལག་ལེན་ལྟར་བཤམས་ལ། ཉིན་རེ་བཞིན་ཁ་བསོ། མཚམས་ནང་དུ་དགོས་ངེས་དམིགས་འོག་ཏུ་གང་ཆུག་ལས། དེ་ཕྱིན་གལ་ཇི་ལྟར་ཆེ་ཡང་མི་འཕྲད་ཅིང་། ཆས་ཁ་གཏོང་ལེན་སོགས་མི་བྱེད་པར། སྐྱིད་སྡུག་ལེགས་ཉེས་གཏམ་སྙན་མི་སྙན་སོགས་གང་ལ་ཡང་རེ་དོགས་མེད་པ་དང་། རྒྱུན་དུ་གསང་བའི་བདག་པོ་དངོས་ཡིན་སྙམ་པའི་ང་རྒྱལ་དང་། བཟླས་པ་འཕྲེང་སྐོར་རེ་སོང་ནས་ལྷའི་གསོལ་འདེབས་བློ་གཞུར་བ་རེ་དང་། བླ་མ་ལ་མོས་གུས་སེམས་ཅན་ལ་སྙིང་རྗེ་དུང་ངེ་བ་རེ་མ་བརྗེད་པར་བཅུར་ནས་བྱས་པས་ཇི་ཞིག་ན་རྩོལ་མེད་རང་ཤུགས་སུ་འཆར་བར་འགྱུར་ཞིང་། དེས་མཚོན་ནས་ད་རེས་བཟླས་པ་འདི་མ་གྲོལ་བར་རྐྱེན་ཅི་ཤར་ཡང་དེའི་དབང་དུ་མི་གཏོང་། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་གྱི་མི་ལུས་ཐོབ་པ་ཕལ་ཆེར་དོན་མེད་དུ་སོང་བ་ལ། ད་ལྟ་ཡི་དམ་གྱི་ལྷ་འདི་ལྟ་བུ་སྒྲུབ་ཏུ་ཡོད་པ་ནི་སྐལ་བ་རེ་བཟང་སྙམ་པའི་མོས་གུས་གདུང་ཤུགས་ཀྱི་འབད་རྩོལ་དྲག་པོ་བྱ་བའི་ཞེ་བཅད་ཆེན་པོ་བྱས་པས་བར་ཆད་


MLP021_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་དེ་ལྟར་ཤེས་པར་བྱས་ནས། ལས་བྱང་གི་སྐྱབས་སེམས་ནས་བཟུང་བསྟོད་པའི་བར་ཚིག་ཤར་ཙམ་མིན་པའི་འདོན་སྒོམ་འདྲ་བར་བྱས་ནས། འཕྲེང་བ་བྱིན་གྱིས་བརླབས། དེ་ནས་འཛབ་སྐུལ་ལ་འཛབ་དམིགས་གསལ་བཏབ་ལྷའི་གསལ་སྣང་དང་ང་རྒྱལ་མ་བྲལ་བའི་ངང་ནས་བཟླས་པ་བྱས་ལ་ཉེར་བསྡུ་དང་མཚམས་ཀྱི་ལྷར་ལངས་ནས་སྤྱོད་ལམ་ལ་འཇུག དེ་ནས་སྲོད་ཐུན་ང་རྒྱལ་མ་བྲལ་བའི་ངང་ནས་བཟླས་པ་བྱས་ལ་ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷར་ལངས་ནས་སྤྱོད་ལམ་ལ་འཇུག དེ་ནས་སྲོད་ཐུན་སྔོན་འགྲོ་སྐྱབས་སེམས་སོགས་མདོར་བསྡུས་ཙམ་དང་དངོས་གཞི་བཟླས་པའི་བར་སྔར་བཞིན་བྱས་ལ། གཏོར་བསྔོ་དང་ཚོགས་མཆོད་རྒྱས་པར་བྱེད། དེ་རྗེས་ལྷག་གཏོར་སོགས་དང་ཉལ་བའི་རྣལ་འབྱོར་གྱིས་ཉལ། དེའི་སང་ཞོགས་ཐོར་ཐུན་ལ་བབས་པ་ན་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཤིང་སྐྱབས་སེམས་ནས་ཐུན་མཚམས་ཀྱི་བར་སྔར་བཞིན་ནོ། །ཐུན་མཚམས་འདིར་སྔ་དྲོའི་དགེ་སྦྱོར་ཆག་མེད་ཀྱི་ཁྲིགས་སོགས་ཡོད་ན་བྱེད་དེ་སྔ་ཐུན་ལ་སྐྱབས་སེམས་ཡན་ལག་བདུན་པ་ཙམ་སྔོན་དུ་འགྲོ་བས་ཏིང་འཛིན་གསུམ་ནས་བཟླས་པའི་བར་སྔར་དང་ཁྱད་མེད་པ་ལས་མཆོད་པ་རྣམས་སྔགས་མཆོད་ཙམ་ལ་བརྟེན་ཅིང་ཐུན་མཚམས་འདིར་གུང་ཚིགས་སོགས་བྱེད། དེ་ནས་དགོང་ཐུན་ནི་སྔར་གྱི་སྔ་ཐུན་དང་ཁྱད་པར་མེད། སྲོད་ཐུན་ཡང་སྔར་བཞིིན་ལས་བཟླས་པའི་རྗེས་སུ་ཚོགས་མཆོད་གཏོར་བསྔོ་སོགས་བྱེད། དེ་ཡང་སྔོན་འགྲོ་རྣམས་ཐོར་ཐུན་གྱི་མགོར་རྒྱས་པ་དང་། རྗེས་ཆོག་རྣམས་སྲོད་ཐུན་གྱི་མཐར་རྒྱས་པར་བྱེད། ཐུན་བར་མ་རྣམས་ལ་སྔོན་འགྲོ་སྐྱབས་སེམས་ཙམ་གྱིས་ཆོག་ཅིང་། དངོས་གཞིའི་མཆོད་བསྟོད་གྱེར་ཚིག་མང་པོ་ཡོད་པ་རྣམས་ཀྱང་སྔགས་མཆོད་སོགས་ཚིག་ཉུང་བ་ཙམ་ལ་བརྟེན་ནས་བཟླས་པ་མང་བ་ལ་སྙིང་པོར་དྲིལ། ཐུན་བཞི་ལ་ཧ་ཅང་ཐུན་ཁྲིགས་མང་བས་བཟླས་པ་ལ་འགོར་ན་ཐུན་གསུམ་མམ་གཉིས་སུ་དྲིལ་བའི་ཕྱག་ལེན་ཡང་ཡོད། དེའི་ཚེ་ཐོར་ཐུན་དང་སྔ་ཐུན་གཅིག་ཏུ་བྱ་ཞིང་དགོང་ཐུན་དང་སྲོད་ཐུན་གཅིག་ཏུ་བྱས་པས་བཟླས་པ་མང་དུ་


MLP021_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དགོས་པ་ཡོད་དོ། །ཐུན་ཇི་ལྟར་ཐུང་ཡང་བཟླས་པ་འབྲུ་བཅོ་ལྔ་ཚུན་སྟོང་ཕྲག་མ་སོང་བས་མི་རུང་། ཐུན་མཚམས་ཇི་ལྟར་རིང་ཡང་ཐུན་གྱི་བཞི་ཆ་ལས་རིང་བ་མི་རུང་༼བ་༽ ཡང་སྤྱི་ཙམ་དུ་ཤེས་པར་བྱ་བ་ཡིན་ནོ། །དེ་ལ་སྔགས་ཀྱི་དམིགས་པ་ནི། རང་ཉིད་གསང་བདག་གི་སྐུའི་གསལ་སྣང་དང་ང་རྒྱལ་བརྟན་བཞིན་པ་ལས་ཁྱད་པར་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཞལ་གསུམ་པའི་ཐུགས་ཀར་པད་ཉི་ལ་ཏིང་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནས་གྱེན་ལངས་ཙམ་གྱི་ལྟེ་བར་ཧཱུྃ་མཐིང་ནག་སྤུས་བྲིས་པ་ཙམ་གྱིས་མཚན་པ། དེའི་མཐར་སྔགས་འཕྲེང་སྔོན་པོ་ཤིན་ཏུ་ཕྲ་བ་འོད་ཟེར་ཁ་དོག་ལྔར་འབར་ཞིང་འཕྲོ་བ་དེ་ལས་སྔགས་སྒྲ་སྒྲོག་བཞིན་པའི་འོད་ཟེར་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། མཐུ་དབང་དངོས་གྲུབ་འོད་ཟེར་གྱི་རྣམ་པས་བསྡུས་སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས་སངས་རྒྱས་ཀྱི་ས་ལ་འགོད་པ་སོགས་དོན་གཉིས་བྱས་ནས་འཁོར་འདས་བརྟན་གཡོའི་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་གྱི་རྣམ་པས་མཚོ་ནང་དུ་ཁ་བ་བབས་པ་བཞིན་སྙིང་གའི་ས་བོན་ལ་ཐིམ་པས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར་པར་བསམ་ཞིང་སྣོད་བཅུད་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བ་ལས་སྣང་བ་ཐམས་ཅད་སྐུའི་རོལ་པ། གྲགས་པ་ཐམས་ཅད་གསུང་གི་སྒྲ་གདངས། དྲན་རྟོག་ཐམས་ཅད་ཐུགས་ཀྱི་རང་བཞིན་ཏེ། རྟེན་རགས་པ་ལུས་ངག་ཡིད་གསུམ་བརྟེན་པ་རྩ་རླུང་ཐིག་ལེ་ངོ་བོ་སྐུ་གསུང་ཐུགས་མི་ཤིགས་པ་རྡོ་རྗེ་གསུམ་གྱི་རང་བཞིན་ཡོངས་སུ་ཤེས་པ་ལ་སེམས་རྩེ་གཅིག་པ་ཉིད་ཀྱིས་བསླབ་པར་བྱ་ཞིང་། སྔགས་ནི་ཐོག་མར་ཡིག་འབྲུ་བཅུ་གཉིས་ཁོ་ན་བཟླས་པས་མཚན་མ་ཐོབ་པའམ། མ་མཐའ་ཡང་སུམ་འབུམ་ཉི་ཤུ་རྩ་གཅིག་བཟླས། ཞེས་གསུངས་པ་ཉིད་ཁ་སྐོང་བའི་ཕྱིར་ལྡབ་ཏུ་བཟླ་བའམ། ཁྲི་ཚོ་གསུམ་གྱིས་ཁ་སྐོང་ཙམ་གྱི་ཡང་རུང་བའི་དབང་དུ་བྱས་ནས། དམིགས་པ་གཞན་སྔར་བཞིན་ལས་སྔགས་ཀྱི་འོད་ཟེར་སྤྲོ་བའི་སྐབས་ཐུགས་ཀའི་ས་བོན་དང་དཔྲལ་བ་སོགས་གནས་གཞན་གྱི་ལྷ་རྣམས་ཀྱང་ཆེད་དུ་གསལ་བས་འོད་


MLP021_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་སྤྲོ་བསྡུའི་སྐབས་རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྐུལ་བའི་རྗེས་སུ། སླར་ཡང་སྔགས་ཀྱི་འོད་ཟེར་མེ་ལྕེའི་འཕྲེང་བ་ཚྭ་ཞིང་རྩུབ་ལ་རྣོ་ཞིང་མྱུར་བ་འུར་ཆོམ་དྲག་པོ་དང་བཅས་ཕྱོགས་བཅུར་འཕྲོས་པས་དམིགས་བྱ་གཙོ་བོར་གྱུར་པའི་འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་རྩ་སྦུར་མེས་བསྲེགས་པ་བཞིན་སྦྱངས་བའི་དྭངས་མ། ཨ་ཡ་མ་དུ་རུ་ཙ་ཤ་ན་ཞེས་ཡིག་འབྲུ་བརྒྱད་པོའི་རྣམ་པར་དབང་མེད་དུ་བཀུག་ནས་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་བསྟིམ་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་པའི་ང་རྒྱལ་དང་ལྷ་བདག་འདྲེར་འཛིན་གྱི་སྣང་ཆ་ཐམས་ཅད་རང་རིག་འགྱུར་མེད་གསང་བའི་བདག་པོའི་དེ་བཞིན་ཉིད་ཀྱི་དབྱིངས་སུ་རོ་མཉམ་པའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བཞུགས་ཏེ། གཙོ་སྔགས་སྔ་མའི་རྗེས་སུ་འཁོར་སྔགས་དང་སྡེ་བརྒྱད་ཀྱི་སྲོག་ཡིག་མཐའ་རྟེན་བཅས་ཐུན་ཐམས་ཅད་ལ་ཆིག་དྲིལ་དུ་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་གཙོ་སྔགས་སྔར་སྨོས་ཙམ་གྱིས་ཆོག་པར་བྱེད་ན་འདི་ཡང་འབུམ་ཚོ་གཅིག་ཁྲིས་ཁ་བསྐང་བ་ཙམ་གྱིས་ཁྱབ་ཅིང་། གཞན་དུ་ན་མཚན་མའི་བསྙེན་པ་ནི། དངོས་ཉམས་རྨི་ལམ་དུ་ཡི་དམ་གྱི་ཞལ་མཐོང་ཞིང་ལུང་བསྟན་པ་སོགས་སམ། དུས་བསྙེན་ནི། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་སོགས་གསུངས་པ་བཞིན་ནོ། །སྔར་སུམ་འབུམ་ཉི་ཤུ་རྩ་གཅིག་བཟླས། །ཞེས་པའི་སུམ་འབུམ་ནི་སྔགས་ཀྱི་གྲངས་དང་། ཉི་ཤུ་རྩ་གཅིག་ནི་ཞག་གི་གྲངས་ཡིན་ནོ། །དེ་ལས་གཞན་དུ། གཙོ་སྔགས་བདུན་འབུམ་དང་། འཁོར་རང་ལ་ཡང་སྔགས་སུམ་འབུམ་དུ་བཟླ་བར་ཡང་མན་ངག་གི་ཡི་གེར་གསུངས་ཤིང་། འབུམ་ཕྲག་རེའི་གྲངས་ཀྱི་ཁྲིས་ཁ་སྐོང་བ་ནི་ཕྱག་ལེན་ནོ། །ཡང་གཙོ་སྔགས་ཀྱི་གྲངས་འབྲུ་འབུམ་དུ་བཟླས་ན་ཡང་སྤྱི་དང་མཐུན་པས་ཤིན་ཏུ་ལེགས་པར་འགྱུར་ཞིང་ཁྱད་པར་དོ་ལིའི་བཟླས་པའི་དགོངས་བརྒྱུད་སོགས་ནི་འདིའི་འཛབ་བསྐུལ་གྱི་དང་ཡང་འབྱོར་ཞིང་ཤིན་ཏུ་ལེགས་པར་འགྱུར་མོད། སྐབས་འདིའི་རྩ་བའི་དམིགས་པ་ནི་སྔར་བརྗོད་པ་ཉིད་དོ། །སྤྱིར་ཐུན་ཐམས་ཅད་ཀྱི་རྗེས་ལ་ཡིག་བརྒྱ་དང་དབྱངས་གསལ་སྤེལ་ཚིག་ཅན་བཟླ་བ་ཡང་གལ་ཆེའོ། །གསུམ་


MLP021_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྗེས་ནི། དེ་ལྟར་བསྙེན་པ་རྫོགས་ནས་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་གསར་པ་རྒྱ་ཆེར་བཤམས། མདུན་གྱི་གཏོར་མ་ཡང་མདུན་སྐྱེད་ཀྱི་ཚུལ་དུ་གསལ་བཏབ། དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྔགས་རྣམས་ཀྱི་མཐར། མ་མ་སརྦ་སིདྡྷི་ཧཱུྃ་ཕཊ། ཅེས་བཏགས་པ་ཅི་ནུས་སུ་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ་སླར་ཡང་མཆོད་གཏོར་རྒྱ་ཆེར་བཤམས། ལས་བྱང་རྒྱས་པར་བཏང་ནས་དངོས་གྲུབ་ལ་དམིགས་པའི་བཟླས་པ་ཅི་ནུས་བྱ། ཆོས་སྐྱོང་སྤྱི་དགོས་ཀྱི་གཏོར་བསྔོ་དང་ཚོགས་མཆོད་སོགས་བརྟན་སྐྱོང་གི་བར་བྱས་རྗེས་སྒྲུབ་གཏོར་ལྷར་གསལ་བ་ལ་སྨན་རཀ་དང་གཏོར་མས་མཆོད་ཅིང་བསྟོད། ཡིག་བརྒྱ་མང་དུ་བཟླས་པས་འཁོན་བཅུག་སྦྱངས་ལ། ཧཱུྃ། ལྷ་དང་རིག་འཛིན་མཁའ་འགྲོ་དགོངས། །ཞེས་པས་དངོས་གྲུབ་བསྐུལ་རྗེས་སྒྲུབ་གཏོར་ལྷར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་རང་གི་གནས་གསུམ་དུ་ཐིམ་པས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་། མཐར་གཏོར་མའི་ལྷ་ཡང་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ་ཞིང་གནས་གསུམ་དུ་གཏུག དམ་རྫས་ལྕེར་མྱང་བས་བྱང་ཆུབ་སེམས་ཀྱི་དྭངས་མས་ལུས་ཀྱི་རྩ་ཁམས་ཐམས་ཅད་ཁྱབ་ཅིང་བདེ་ཆེན་གྱི་ཡེ་ཤེས་བཟོད་མེད་དུ་འབར་བར་བསམས་ལ་སྟོང་ཉིད་ཁྱབ་གདལ་ཆེན་པོར་མཉམ་བཞག་བྱ། མཇུག་ཆོག་ཤིས་བརྗོད་སོགས་མཐའ་རྒྱས་རྣམས་གཞུང་བཞིན་བྱའོ། །གལ་ཏེ་ལས་ཀྱི་སྦྱོར་བ་སྒྲུབ་པར་འདོད་པ་ན་འཕྲིན་ལས་བཞི་པོ་གང་དང་གང་སྒྲུབ་པའི་མན་ངག་གི་སྦྱོར་སྒྲོལ་ཚུལ་གཞན་དུ་བྱུང་བ་བཞིན་དུ་འཕྲུ ལ་ཤེས་པར་བྱའོ། །ཁ་སྐོང་བ་ནི་ཞི་བའི་སྦྱིན་སྲེག་གང་འོས་སྔགས་འབྱིན་འཇུག་བྱས་ནས་བསྙེན་པའི་བཅུ་ཆའི་གྲངས་ཚང་བར་བྱའོ། །དེ་ནས་ཐོ་འགྲོལ་བ་དང་གནས་བསྲུང་བ་སོགས་ནི་སྤྱི་ལྟར་ཤེས་པར་བྱ་ཞིང་། སྐབས་འདི་དག་ཏུ་ཤེས་པར་བྱ་བའི་གནད་འགའ་ཞིག་ཡོད་མོད་བསྙེན་པ་སྤྱི་ལ་དོན་སྤྱི་ཆགས་པ་ཞིག་གིས་ཁྱད་པར་གྱི་དགོས་པ་འདི་ཙམ་གྱིས་འགྲུབ་པའི་ཕྱིར་རེ་ཞིག་དེ་ཙམ་མོ། །


MLP021_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་བླ་མའི་ཐུགས་རྗེའི་ཟླ་ཟེར་རྒྱུན། །དད་པའི་སྙིང་གི་ཀུ་མུ་ཏར་སིམ་པས། །དངོས་གྲུབ་འདབ་བརྒྱ་བཞད་པའི་མལླི་ཀ །སྐལ་བཟང་མགྲིན་པའི་རྒྱན་དུ་མཛེས་གྱུར་ཅིག །ཅེས་རིགས་གསུམ་མཚན་མའི་རྒྱ་ཅན་ལས་གསང་བདག་བསྙེན་པའི་ཡི་གེ་ཉུང་ངུར་སྤེལ་བ་འདི་ནི་རྣམ་དཔྱོད་བློ་གྲོས་ཡངས་པ་ངག་དབང་དཔལ་མགོན་གྱི་གསུང་གིས་བསྐུལ་བ་ལས། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཁྱབ་བདག་བླ་མའི་གསུང་གི་གསང་བ་ཟུང་དུ་ཇི་ལྟར་ཟིན་པ་ལྟར་བཀོད་པའི་ཡི་གེ་པ་ནི་ཨོ་རྒྱན་རྣམ་གྲོལ་ལོ།། །།


previousགསང་བདག་དྲེགས་འདུལ་གྱི་བསྙེན་ཡིག་སྐལ་བཟང་རེ་སྐོང་། རིག་འཛིན་འགྱུར་མེད་རྡོ་རྗེ། next