ཁྲོ་བོའི་བཟློག་བྱང་།
ཁྲོ་བོའི་བཟློག་བྱང་ནི། དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ ཁྱེད་ལ་ཕྲིན་ལས་གཉེན་པོ་བཅོལ་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། ཞེས་སམ། རྒྱུ་སྦྱོར་ཡོན་བདག་གི༔ སྔོན་ལས་འཕྲལ་རྐྱེན་ངན་པའི་ཕྱོགས་ཀུན་ཟློག༔ ཡས་ཀྱི་བདུད་དང་མས་ཀྱི་སྲི་ལངས་ཟློག༔ ལོ་སྐག་ཟླ་སྐག་དུས་སྐག་ཐམས་ཅད་ཟློག༔ གདོན་བགེགས་དགྲ་ཡི་དཔུང་རྣམས་ཐམས་ཅད་ཟློག༔ ཕ་རོལ་རྦད་འདྲེ་རྦོད་གཏོང་དམོད་བྱད་ཟློག༔ དགྲ་བགེགས་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ ཡེ་ཤེས་ལྷ་ཡི་བཀའ་ཆད་དགྲ་ལ་ཟློག༔ ལས་ཀྱི་ཕོ་ཉའི་གདུག་རྩུབ་དགྲ་ལ་ཟློག༔ འཇིག་རྟེན་དྲེགས་པའི་ཟ་ཁ་དགྲ་ལ༴ སྣང་སྲིད་སྡེ་བརྒྱད་གནོད་པ་དགྲ་ལ༴ ཕྱོགས་བཅུའི་གདོན་གྱི་ཆོ་འཕྲུལ༴ མི་ནད་ཕྱུགས་ནད་དལ་ཡམས༴ ཐན་དང་ལྟས་ངན་ཆོ་འཕྲུལ༴ ཆག་ཆེ་ཉམས་ང་ཐམས་ཅད༴ ཕུང་འདྲེ་མི་ཁ་ལངས་པ༴ ཕྱོགས་དུས་རྟེན་འབྲེལ་ལོག་པ༴ སྣོད་བཅུད་རྒུད་པའི་དབུལ་འཕོངས༴ བློ་ཉེས་དོན་ཉམས་ཡིད་འཁྲུག༴ རྨི་ལམ་རྟགས་མཚན་ངན་པ༴ དབང་ཐང་འབྱོར་བའི་གོད་ཟགས༴ སེམས་ཀྱི་སྡུག་བསྔལ་བསམ་པའི་བར་ཆད་སོགས༔ འགལ་རྐྱེན་ཉེར་འཚེ་མ་
ལུས༴ མེ་ཆུ་དུག་མཚོན་དམག་ལ་སོགས་པ་ཡི༔ འཇིགས་པ་ཆེན་པོ་ཐམས་ཅད་དགྲ་ལ༴ ནད་རིགས་བཞི་བརྒྱ་རྩ་བཞི༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གློ་བུར་དགུ་བཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ རྐྱེན་ངན་ཉི་ཁྲི་ཆིག་སྟོང་༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ གཤིས་ངན་འགུམ་པ་བཅོ་བརྒྱད༴ དུས་མིན་འཆི་བ་ཐམས་ཅད༴ མི་མཐུན་བར་ཆད་ཐམས་ཅད༴ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློགཿ བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་དགྲ་ལ་བསྒྱུར༔ བྷྱོ་བྷྱོ་གནོད་བྱེད་དགྲ་དང་བགེགས་ལ་བྷྱོ༔ བྱད་མ་གདོན་བགེགས་མ་ལུས་རྡུལ་དུ་རློག༔ ཡིད་ལ་བརྣག་པའི་དགྲ་བགེགས་ལས་ངན་རྣམས༔ ལས་མཁན་ཕོ་ཉ་བཤན་པའི་ཚོགས་རྣམས་ཀྱིས༔ མྱུར་དུ་སོད་ལ་ཤ་ཁྲག་རུས་པ་ཟོ༔ བདག་གིས་གང་བཅོལ་ལས་རྣམས་འགྲུབ་པར་མཛོད༔ ཞེས་བཀའ་བརྒྱད་ཚོམ་བུའི་ལྷ་དཔལ་གྱི་བཀའ་སྡོད་དང་བཅས་པའི་བསྐུལ་གྱི་མཇུག་ཏུ་སྦྱར་ཞིང་སོ་སོའི་སྔགས་ཀྱི་མཐར། གནོད་བྱེད་རྦད་འདྲེ་རྦོད་ཟོར་མི་མཐུན་འགལ་རྐྱེན་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་སྦྱར་བས་གྲུབ་བོ། །གཞུང་ལས་བཏུས་ཏེ་ཆེ་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་མངྒ་ལཾ། །