ཐུགས་དམ་བསྐུལ་ཆོག་རྔམ་པ་སྒྲ་སྒྲོགས།
ཕག་མོ་ནག་མོའི་ཟབ་ཐིག་ལས༔ ཐུགས་དམ་བསྐུལ་ཆོག་རྔམ་པ་སྒྲ་སྒྲོགས་བཞུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཕག་མོ་ནག་མོའི་རྣལ་འབྱོར་པས༔ ལས་བཞིའི་འཕྲིན་ལས་བསྙེན་སྒྲུབ་དུས༔ ཐུགས་དམ་གནད་ནས་བསྐུལ་བ་ནི༔ གསེར་སྐྱེམས་བཤོས་བུ་བྱིན་རླབས་སྦྲན༔ ཐོད་རྔ་རྐང་གླིང་རོལ་མོ་འཁྲོལ༔ ལྟ་བ་གདེངས་བསྐྱེད་ལྷར་གསལ་ཞིང་༔ འོད་སྤྲོ་གནད་བསྐུལ་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་མཁའ་འགྲོ་བཞུགས་པའི་གནས༔ འབུམ་ཕྲག་མཁའ་འགྲོ་འདུ་བའི་གླིང་༔ རི་བོ་ཆེན་པོའི་བྱང་གི་ཕྱོགས༔ རྩུབ་འགྱུར་ཚལ་གྱི་ནུབ་བྱང་ན༔ ཀེང་རུས་གྲམ་ཁྲོད་སྤུངས་པའི་རི༔ མདའ་མདུང་མཚོན་ཆའི་ནགས་ཚལ་གཏིབས༔ ཤ་ཁྲག་རྒྱ་མཚོ་མུ་མཐའ་མེད༔ རྒྱོབ་སོད་སྒྲ་སྐད་དི་རི་རི༔ མེ་རླུང་འཚུབ་མ་ཀྱིལ་ལི་ལི༔ ནད་མཚོན་དུག་རླངས་ཐུ་ལུ་ལུ༔ རབ་ཏུ་འཇིགས་པའི་གནས་མཆོག་ན༔ གད་རྒྱང་ཧ་ཧའི་སྒྲ་སྒྲོག་མ༔ ཕག་གདོང་ནག་མོ་དབྱིངས་ནས་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ཐུགས་དམ་བསྐུལ་ལོ་འཕྲིན་ལས་མཛོད༔ ཧཱུྃ༔ དུར་ཁྲོད་འཁོར་ལོའི་རྩིབས་བཞི་ནས༔ ཐུགས་དམ་དབྱིངས་ནས་བསྐུལ་བ་ནི༔ ཤར་ནས་བདེ་ཆེན་དཀར་མོ་ལ༔ རང་འདྲའི་སྤྲུལ་པ་འབུམ་དང་བཅས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་འཕྲིན་ལས་མཛོད༔ ལྷོ་ནས་སེར་མོ་དོན་གྲུབ་ལ༔ རང་འདྲའི་སྤྲུལ་པ་འབུམ་དང་བཅས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་འཕྲིན་ལས་མཛོད༔ ནུབ་ནས་དམར་མོ་སྒྲ་སྒྲོག་ལ༔ རང་འདྲའི་སྤྲུལ་པ་འབུམ་དང་བཅས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་འཕྲིན་ལས་མཛོད༔ བྱང་ནས་སྣ་ཚོགས་མཐར་ཕྱིན་ལ༔ རང་འདྲའི་སྤྲུལ་པ་འབུམ་དང་བཅས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་འཕྲིན་ལས་མཛོད༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ ལས་བྱེད་སྡེ་བརྒྱད་མཁའ་འགྲོ་ལ༔ རང་འདྲའི་སྤྲུལ་པ་འབུམ་དང་བཅས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་འཕྲིན་ལས་མཛོད༔ ཧཱུྃ༔ གཙོ་མོའི་བཀའ་ཡི་དཀྱིལ་འཁོར་ནས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་ལ༔ རང་འདྲའི་སྤྲུལ་པ་འབུམ་དང་བཅས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་འཕྲིན་ལས་མཛོད༔ ཧཱུྃ༔ དབྱིངས་ནས་བཞེངས་ཤིག་ཕག་གདོང་མ༔ དྲག་ཏུ་བསྐྱོད་ཅིག་ཁྲོས་མ་ནག༔ ལས་ལ་བསྐུལ་ལོ་དྷཀྐིའི་ཚོགས༔ སངས་རྒྱས་བསྟན་ལ་གནོད་པའི་དགྲ༔ རིག་འཛིན་རྣལ་འབྱོར་སྒོས་ཀྱི་དགྲ༔ གསང་སྔགས་ཆོས་ལ་དམོད་པ་རྣམས༔ གཟུགས་བྱད་ལིངྒ་འདི་ལ་ཁུག༔ མིང་ཡིག་བྱང་བུ་འདི་ལ་ཁུག༔ དྲི་སྣབས་ཟག་རྫས་འདི་ལ་ཁུག༔ མྱུར་དུ་ཁུག་ལ་དྲག་དུ་སྒྲོལ༔ མ་གཏོང་དགྲ་བོ་ཤོར་ར་རེ༔ དགྲ་བོའི་ཤ་ཁྲག་དོན་སྙིང་བཞེས༔ དོ་ནུབ་སྡང་བའི་དགྲ་ལ་བྷྱོ༔ དོ་ནུབ་གནོད་པའི་བགེགས་ལ་བྷྱོ༔ དོ་ནུབ་ཟ་བའི་འདྲེ་ལ་བྷྱོ༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་དུ་རློགས༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་སརྦ་དུཥྟན་བྷྱོ་བྷྱོ༔ ཨ་ཡ་མ་ཁྲེ་པ་ས་མ་ཡ༔ ལོ་ཀ་སྟམ་བྷ་ཡ༔ བྱད་མ་དགྲ་བོ་ཧཱུྃ་ཧཱུྃ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་གཏོར་མ་འཕེན་ཞིང་གཡབ་མོ་བརྡབ༔ མཁའ་འགྲོའི་འགྱུ་བཟློག་བསྟུན་པར་བྱ༔ དགྲ་བགེགས་མ་ལུས་སྒྲོལ་བ་དང་༔ སྒྲུབ་པའི་བར་ཆད་བཟློག་པར་ངེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིགས་འཛིན་ཆེན་པོ་སཱུཪྻ་ཀིར་ཏིས་ས་སྲིང་མོ་རྫོང་ནས་ས་ཕོ་རྟའི་ལོ་ལ་གདན་དྲངས་ཤིང་ལྕགས་མོ་བྱའི་ལོ་ལ་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།