Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་བདུན་པ། བསྡུས་གྲྭ་དང་བློ་རིག་ཟིན་བྲིས།


  collapse section
   
   
   
   
   
   
   
   
   
   
   
བསྡུས་ཚན་བཅུ་གཅིག་པ་ཆ་བའི་ལུགས་ཀྱི་རྫས་ལྡོག་གི་དོགས་པ་འགོད་པ།
   
   
   
   
   
   
   
   
   
   
   
   
   
  expand section


 
previousབསྡུས་ཚན་བཅུ་གཅིག་པ་ཆ་བའི་ལུགས་ཀྱི་རྫས་ལྡོག་གི་དོགས་པ་འགོད་པ།next

བསྡུས་ཚན་བཅུ་གཅིག་པ་ཆ་བའི་ལུགས་ཀྱི་རྫས་ལྡོག་གི་དོགས་པ་འགོད་པ།

བསྡུས་ཚན་བཅུ་གཅིག་པ་ཆ་བའི་ལུགས་ཀྱི་རྫས་ལྡོག་གི་དོགས་པ་འགོད་པ་ལ།

རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། ཆ་བའི་ལུགས་ཀྱི་རྫས་ཆོས་ཡིན་ན་རྫས་ཆོས་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཆ་པའི་ལུགས་ཀྱི་རྫས་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འོ་ན་རང་ལུགས་གཞིར་བཞག་ན། མདོ་སྡེ་བའི་ལུགས་ལ་དངོས་པོ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པར་ཐལ། ཅིའི་ཕྱིར་ཟེར་ན། དེ་ཁྱབ་པར་ཐལ། ཆ་བའི་ལུགས་ཀྱི་རྫས་ཆོས་ཡིན་ན་རྫས་ཆོས་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། འོ་ན་མདོ་སྡེ་བའི་ལུགས་ལ་དངོས་པོ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པར་ཐལ། གོང་གི་རྫས་ཆོས་ལ་དེའི་ཕྱིར། འདོད་ན། བདེན་གྲུབ་ཀྱི་བུམ་པ་ཆོས་ཅན། དངོས་པོ་ཡིན་པར་ཐལ། མདོ་སྡེ་བའི་ལུགས་ལ་དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བདེན་གྲུབ་ཀྱི་བུམ་པ་དངོས་པོ་ཡིན་པར་དམ་བཅའ་བས་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དམ་བཅའ་བས་དབུ་མ་བའི་ལྟ་བ་ཁས་མི་ལེན་པར་ཐལ། དམ་བཅའ་བས་བདེན་གྲུབ་ཀྱི་བུམ་པ་ཁས་ལེན་པའི་ཕྱིར། རྟགས་ཁས། རྟགས་མ་གྲུབ་ཟེར་ན། དམ་བཅའ་བས་བདེན་གྲུབ་ཀྱི་དངོས་པོ་ཁས་ལེན་པ་མ་ཡིན་པར་ཐལ། འདོད་ན། འོ་ན་བདེན་གྲུབ་ཀྱི་དངོས་པོ་ཆོས་ཅན། དངོས་པོ་ཡིན་པར་ཐལ། མདོ་སྡེ་བའི་ལུགས་ལ་དངོས་པོ་ཡིན་པའི་ཕྱིར་ཟེར་ན། ཁྱོད་ཀྱི་འདོད་པར་ཁས་ལེན་པ་མ་ཡིན་པར་ཐལ། འདོད་ན། མདོ་སྡེ་བའི་ལུགས་ལ་ཡོད་པ་ཡིན་ན་ཡོད་པ་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། ཆ་བའི་ལུགས་ལ་ཡོད་པ་ཡིན་ན་ཡོད་པ་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། ཆ་བའི་ལུགས་ལ་རྫས་ཆོས་ཡིན་ན་རྫས་ཆོས་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། འོ་ན་མདོ་སྡེ་བའི་ལུགས་ལ་དངོས་པོ་ཡིན་ན་དངོས་མེད་མ་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། མདོ་སྡེ་བའི་ལུགས་ལ་དངོས་པོ་དང་དངོས་མེད་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། ཅིའི་ཕྱིར་ཟེར་ན། དེ་ཡོད་པར་ཐལ། བདེན་གྲུབ་ཀྱི་བུམ་པ་དེ་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཡིན་པར་ཐལ། མདོ་སྡཻ་བའི་ལུགས་ལ་དངོས་པོ་ཡིན་པ་གང་ཞིག དངོས་མེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་བ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ཟེར་ན། དངོས་མེད་ཡིན་པར་ཐལ། མེད་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ལྡོག་ཆོས་སུ་གྱུར་པའི་དངོས་པོ་རྫས་ཆོས་མ་ཡིན་པར་ཐལ། འདོད་ན། ལྡོག་ཆོས་སུ་གྱུར་བའི་དངོས་པོ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། མ་གྲུབ་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དེ་ཆོས་ཅན། དེར་ཐལ། རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཁྱོད་གཞི་གྲུབ།ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་ཀྱི་རྫས་མཐུན་དང་མི་འགལ་བ་དེ་རྫས་ཆོས་ཀྱི་རྫས་མཐུན་གྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ལྡོག་ཆོས་སུ་གྱུར་བའི་དངོས་པོ་ཆོས་ཅན། ཁྱོད་རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རྫས་ཆོས་དང་ལྡོག་ཆོས་ཀྱི་མཚན་ཉིད་རིམ་པ་བཞིན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་ཁྱོད་མ་ཡིན། ཞེས་གསུངས་པའི་ཕྱིར། འདོད། ལྡོག་ཆོས་སུ་གྱུར་བའི་དངོས་པོ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད། ལྡོག་ཆོས་སུ་གྱུར་བའི་དངོས་པོ་རྫས་ཆོས་མ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ལྡོག་ཆོས་སུ་གྱུར་པའི་དངོས་པོ་རྫས་ཆོས་ཡིན་ཟེར་ན། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ།འདོད་ན། དེ་ཆ་བའི་ལུགས་ཀྱི་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པ་གང་ཞིག རང་ལུགས་ལ་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། དེ་ཆ་བའི་ལུགས་ཀྱི་རྫས་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། དེ་ཡིན་ན་ཆ་བའི་ལུགས་ལ་རྫས་ཆོས་ཡིན་པས་ཁྱབ་པར་ཐལ། དེ་ཆ་བའི་ལུགས་ལ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། འདོད་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། རྫས་ཆོས་མ་ཡིན་པར་ཐལ། རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཆ་བའི་ལུགས་ལ་རྫས་ཆོས་ཀྱི་རྫས་མཐུན་འཇོག་རྒྱུ་ཡོད་པའི་ཕྱིར། འདོད་ན། ཞོག ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། དེ་ཆོས་ཅན། རྫས་ཆོས་མ་ཡིན་པར་ཐལ། རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། རྫས་ལྡོག་བརྒྱད་ནང་ཕུན་ཚུན་འགལ་བ་ཡིན་པའི་ཕྱིར། འདོད་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། དེ་ཆ་བའི་ལུགས་ལ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་ཆོས་ཅན། ཁྱོད་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པར་ཐལ། ཆ་བའི་ལུགས་ལ་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པ་གང་ཞིག རང་ལུགས་ལ་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། ཕྱི་མ་མ་གྲུབ་ཟེར་ན། རང་ལུགས་ལ་རྫས་ཆོས་ཡིན་ན་ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་དགོས་པར་ཐལ། དེ་རང་ལུགས་ཀྱི་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། སྔོ་སེར་གཉིས་ཆོས་ཅན། རང་ལུགས་ལ་རྫས་ཆོས་མ་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་མ་ཡིན་པའི་ཕྱིར། འདོད་ན། དེ་ཡིན་པར་ཐལ། རང་ལུགས་རྫས་ཆོས་ཡིན་ན་ཁྱོད་ཁྱོད་རང་ཡིན་པའི་མ་ཁྱབ་པས་སྐྱོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྫས་ཆོས་ཡིན་ན་ཁྱོད་ཁྱོད་ཡིན་པས་ཁྱབ་ཟེར་ན་སྔོ་སེར་གཉིས་ཆོས་ཅན། ཞེས་གསུངས་པའི་ཕྱིར། འདོད་ན། སྔོ་སེར་གཉིས་ཆོས་ཅན། རྫས་ཆོས་མ་ཡིན་པར་ཐལ། ཁྱོད་ཁྱོད་རང་མ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་དེ་རང་ལུགས་ཀྱི་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཟེར་ན་མཚན་ཉིད་འདི་གང་གི་ལུགས་ཀྱི་རྫས་ཆོས་ཀྱི་མཚན་ཉིད་ཡིན་མིན་སོགས་དཔྱད་པར་བྱའོ། །ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོང་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། འོ་ན་ཁྱོད་རྟོགས་ནས་རྫས་ཆོས་མ་རྟོགས་པ་ཡོད་པར་ཐལ། ཁྱོད་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ཁྱོད་རྟོགས་ནས་རྫས་ཆོས་མ་རྟོགས་པ་མེད་པར་ཐལ། ཁྱོད་རྟོགས་ན་ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བར་རྟོགས་དགོས་པའི་ཕྱིར། མ་ཁྱབ་ན། དེ་ལ་ཁྱབ་པར་ཐལ། རྫས་ཆོས་མ་རྟོགས་པར་ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བར་རྟོགས་ཚུལ་མེད་པའི་ཕྱིར། འདོད་ན། ཁྱོད་རྟོགས་ན་རྫས་ཆོས་རྟོགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པར་ཐལ། ཁྱོད་རྟོགས་ནས་རྫས་ཆོས་མ་རྟོགས་པ་མེད་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། མཚན་མཚོན་གཉིས་ལ་རྟོགས་དཀའ་སླ་ཡོད་དགོས་པའི་ཕྱིར་ཟེར་ན་དཔྱད་དོ། །ཁྱོད་ཁྱོད་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་དེ་རྫས་ཆོས་ཡིན་པར་ཐལ། འདོད་ན། ཁྱོད་ཁྱོད་རང་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་དེ་རྫས་ཆོས་ཡིན་པར་ཐལ། མ་ཁྱབ་ཀྱི་ལན་འདེབས་ཚུལ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན།ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ། ཁྱོད་རྫས་ཆོས་པའི་ཕྱིར། འདོད་ན། ཁྱོད་ཁྱོད་མ་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་མ་ཡིན་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱོད་ཁྱོད་ཡིན་པར་གྱུར་བའི་རྣམ་མཁྱེན་ཆོས་ཅན། གཞི་གྲུབ་ན་ཁྱོད་ཀྱི་གཞལ་བྱ་ཡིན་པས་ཁྱབ་བ་ཐལ།ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། ཁྱོད་ཁྱོད་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་ཆོས་ཅན། ཁྱོད་ཁྱོད་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། ཁྱོད་ཁྱོད་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་ཆོས་ཅན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཁྱོད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྫས་ཆོས་མ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་དེ་མ་ཡིན་པའི་ཕྱིར། འདོད་ན། འཁོར་གསུམ། དེ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་ཡིན་པ་རྟགས་མ་གྲུབ་ཟེར། ཁྱོད་ཁྱོད་རང་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡྀད་ཀྱི་མུན་སེལ་ལས། རྫས་ཆོས་དང་འགལ་བ་ཆོས་ཅན། ལྡོག་ཆོས་ཡྀན་པར་ཐལ།ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། རྫས་ཆོས་དང་འགལ་བ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། འདོད་ན། རྫས་ཆོས་དང་འགལ་བ་ཆོས་ཅན། ཁྱོད་ཁྱོད་རང་མ་ཡིན་པའམ་ཁྱོད་མ་ཡིན་པ་ཁྱོད་ཡིན་དུ་གྲུབ་པ་གང་རུང་མ་ཡིན་པར་ཐལ། ཁྱོད་ཁྱོད་མ་ཡིན་པ་མ་ཡིན་གང་ཞིག ཁྱོད་མ་ཡིན་པ་ཁྱོད་ཡིན་དུ་གྲུབ་པ་དེ་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་ཁས།ཕྱི་མ་མ་གྲུབ་ཟེར་ན། རྫས་ཆོས་དང་འགལ་བ་ཆོས་ཅན། ཁྱོད་མ་ཡིན་པ་ཁྱོད་ཡིན་དུ་གྲུབ་པ་མ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། མ་གྲུབ་ན། རྫས་ཆོས་དང་འགལ་བ་ཆོས་ཅན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན།ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་ཀྱི་རྫས་མཐུན་དང་མི་འགལ་བ་དེ་རྫས་ཆོས་ཀྱི་རྫས་མཐུན་གྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་ཀྱི་རྫས་མཐུན་དང་མི་འགལ་བ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མ་ཡིན་པ་ཁྱོད་ཡིན་དེ་མ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་མ་ཡིན་པའམ་ཁྱོད་མ་ཡིན་པ་ཁྱོད་ཡིན་གང་རུང་མ་ཡིན་པར་ཐལ། དང་པོ་མིན་པ་གང་ཞིགཕྱི་མ་མ་ཡིན་པའི་ཕྱིར།རྟགས་རེ་རེ་ནས་ཁས། འདོད་ན། དེ་ཆོས་ཅན། ལྡོག་ཆོས་མ་ཡིན་པར་ཐལ། ཁྱོད་ཁྱོད་མ་ཡིན་པའམ་ཁྱོད་མ་ཡིན་པ་ཁྱོད་ཡིན་དུ་གྲུབ་པ་གང་རུང་མ་ཡིན་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་བ་ཐལ། དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། ཁྱོད་ཁྱོད་མ་ཡིན་པའམ་ཁྱོད་མ་ཡིན་པ་ཁྱོད་ཡིན་དུ་གྲུབ་པ་གང་རུང་དེ། ཞེས་གསུང་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། འོ་ན་དེ་ཆོས་ཅན། རྫས་ཆོས་རྟོགས་ན་ཁྱོད་རྟོགས་པས་ཁྱབ་པར་ཐལ། ཁྱོད་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བར་རྟོགས་པར་ཐལ། རྫས་ཆོས་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རྫས་ཆོས་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྫས་ཆོས་ཡོད་པར་ཐལ། རྫས་ཆོས་ཡོད་ན་རྫས་ཆོས་ཡིན་མི་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་རྟོགས་པར་ཐལ། རྫས་ཆོས་རྟོགས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་རྟོགས་པར་ཐལ། རྟགས་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་ཐལ། ཁྱོད་ཁྱོད་རང་ཡིན་པར་རྟོགས་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། ཀ་བུམ་གཉིས་མ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། དེ་ཆོས་ཅན། གཞི་གྲུབ་ན་ཁྱོད་མ་ཡིན་པའི་ཁྱབ་པར་ཐལ། ཁྱོད་འགལ་བ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཡིན་པ་ཡོད་ན་འགལ་བ་མ་ཡིན་དགོས་པའི་ཕྱིར། དེར་ཐལ། ཡིན་པ་ཡོད་པ་མི་འགལ་བའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། ཡིན་པ་ཡོད་པ་མི་འགལ་བའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཀ་བུམ་གཉིས་མ་ཡིན་པར་ཐལ། དེ་གཉིས་ཀྱི་ཡིན་པ་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་ཐལ། ཁྱོད་ཁྱོད་རང་ཡིན་པར་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་གཞི་གྲུབ་ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་ཡིན་པར་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རྫས་ཆོས་རྟོགས་པའི་ཕྱིར། མ་ཁྱབ་ན། དེ་ལ་ཁྱབ་པར་ཐལ། དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། བུམ་པ་རྟོགས་ན་ལྟོ་ལྡིར་བ་རྟོགས་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་ནས་དཔྱད། གཞན་ཡང༌། དངོས་པོ་ཡིན་པར་ཐལ། རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་ཕྱི་མ་གསུམ་ཚང་ན། རང་ཡིན་ལྡོག་ཆོས་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་ཕྱི་མ་གསུམ་ཚང་ན་རང་ཡིན་ལྡོག་ཆོས་ཡིན་པས་ཁྱབ་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན།རྟག་པ་ཁོ་ན་ཆོས་ཅན། རང་ཡིན་ལྡོག་ཆོས་ཡིན་པར་ཐལ། རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད་ཀྱི་དོན་ཕྱི་མ་གསུམ་ཚང་བའི་ཕྱིར། མ་གྲུབ་ན། རྟག་པ་ཁོ་ན་ཆོས་ཅན། དེར་ཐལ།ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་ཡིན་ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། རྟག་པ་ཁོ་ན་རྟག་པ་ཁོ་ན་ཡིན་པར་ཐལ། རྟག་པ་རྟག་པ་ཡིན་ཞིང་རྟག་པ་ལས་གཞན་རྟག་པ་མ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། དེ་གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རྟག་པ་ཁོ་ན་ཆོས་ཅན། རང་ཡིན་ལྡོག་ཆོས་ཡིན་པར་ཐལ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར།རྟགས་གཉིས་པ་མ་གྲུབ་ཟེར་ན། རྟག་པ་ཁོ་ན་མ་ཡིན་པ་ཆོས་ཅན། རྟག་པ་ཁོ་ན་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། འདོད་ན། རྟག་པ་ཁོ་ན་ཆོས་ཅན། རང་ཡིན་ལྡོག་ཆོས་ཡིན་པར་ཐལ། ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་ཡིན་པ་ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཞི་གྲུབ་པར་ཐལ། རང་ཡིན་ལྡོག་ཆོས་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཁྱོད་གཞི་གྲུབ་ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་དེ། རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་གཞི་གྲུབ་ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་ཡིན་ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་དེ་རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། རྟག་པ་ཁོ་ན་ཆོས་ཅན། ཁྱོད་གཞི་མ་གྲུབ་པར་ཐལ། ཁྱོད་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་ཡོད་ཅེས་པའི་ཚིག་ཟུར་གྱི་ཁོ་ན་ཞེས་པ་གཞན་རྣམ་གཅོད་ཀྱི་སྒྲ་གང་ཞིག ཁྱོད་ལས་གཞན་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ཡིན་ལྡོག་ཆོས་མ་ཡིན་པར་ཐལ། ཁྱོད་གཞི་གྲུབ་ཁྱོད་ཁྱོད་རང་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ཡིན་ལྡོག་ཆོས་ཡིན་པར་ཐལ། རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་ཕྱི་མ་གསུམ་ཚང་པའི་ཕྱིར། མ་ཁྱབ་ཟེར་ན། ཚར། དེ་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། མ་གྲུབ་ན། ཞོག རྟག་པ་ཁོ་ན་ཆོས་ཅན་ཟེར་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པར་ཐལ། མ་ཁྱབ་པའི་སྐྱོན་འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པར་ཐལ། རྟགས་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་མ་ཡིན་པར་ཐལ། ཁྱོད་ཀྱི་ལྡོག་པ་མེད་པའི་ཕྱིར། མ་གྲུབ་ན།ཁྱོད་ཀྱི་ལྡོག་པ་མེད་པར་ཐལ། ཁྱོད་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་དེ་མ་ཡིན་པར་ཐལ། ཁྱོད་ཀྱི་ལྡོག་པ་མེད་པའི་ཕྱིར། འདོད་ན། རང་མ་ཡིན་ཀྱི་ལྡོག་ཆོས་ཀྱི་མཚན་ཉིད་ཀྱི་དོན་ཕྱི་མ་གཉིས་ཚང་ན་རང་ཡིན་གྱི་ལྡོག་ཆོས་ཡིན་པའི་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར་ཟེར་ན་དཔྱད། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། མ་གྲུབ་ན། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་གཅིག་ཡིན་པའི་ཕྱིར། མགྲུབ་ན། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་གཅིག་ཡིན་པར་ཐལ། སྤྱིར་དངོས་པོ་དངོས་པོ་དང་གཅིག་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ན་མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་དགོས་པ་གང་ཞིག དེ་གཉིས་རིགས་པ་མཚུངས་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ན་མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་མི་དགོས་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཆོས་ཅན། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་ཐལ། སྔ་མའི་བློ་རྩེ་འཐད་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པར་ཁས་ལེན་པའི་ཁས་ལེན་རྣམ་དག་མེད་པར་ཐལ། མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་མ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཀ་བ་བུམ་པ་ཁས་ལེན་པའི་ཁས་ལེན་རྣམ་དག་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་འདོད་ཟེར་ན། མདུན་གྱི་གཞིར་འདིར་འདུས་བྱས་ཐམས་ཅད་མི་རྟག་པར་ཁས་ལེན་པའི་ཁས་ལེན་རྣམ་དག་ཡོད་པར་ཐལ། མདུན་གྱི་གཞི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ཁས་ལེན་རྣམ་དག་ཡོད་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་བོ་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། གོང་དུ་མ་གྲུབ་ཟེར་ན། མདུན་གྱི་གཞི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ཁས་ལེན་ཡང་དག་ཡོད་པར་ཐལ། མདུན་གྱི་གཞི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ཁས་ལེན་རྒྱུད་ལྡན་གྱི་ནང་བའི་གྲུབ་མཐའ་སྨྲ་བ་ཡོད་པའི་ཕྱིར། དེར་ཐལ།མདུན་གྱི་གཞི་འདིར་ནང་བ་པའི་གྲུབ་མཐའ་སྨྲ་བ་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ནང་པའི་གྲུབ་མཐའ་སྨྲ་བ་ཡིན་མིན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་མི་ལེན་ལ་བྱེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ནང་བ་པའི་གྲུབ་མཐའ་སྨྲ་བ་ཡིན་ན་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟགས་ཁྱབ་ནང་བ་པ་སངས་རྒྱས་པ་ཐམས་ཅད་ཀྱི་ཐུན་མོང་དུ་ཁས་བླངས་ཀྱིས་གྲུབ། ཅེས་གསུངས་པའི་ཕྱིར། གོང་དུ་མ་གྲུབ་ཟེར་ན། མདུན་གྱི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ནང་བའི་གྲུབ་མཐའ་སྨྲ་བ་ཡོད་པར་ཐལ། མདུན་གྱི་དམ་བཅའ་བ་དེ་ཡིན་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ཁས་ལེན་རྣམ་དག་ཡོད་པར་ཐལ། མདུན་གྱི་གཞི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ནང་བའི་གྲུབ་མཐའ་སྨྲ་བ་ཡོད་པའི་ཕྱིར། འདོད་ན། ཚར། མདུན་གྱི་གཞི་འདིར་ཆོས་ཅན། འདུས་བྱས་ཐམས་ཅད་མི་རྟག་པར་ཁས་ལེན་པའི་ཁས་ལེན་རྣམ་དག་ཡོད་པར་ཐལ། ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ཁས་ལེན་རྣམ་དག་ཡོད་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་ཐལ། མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པར་ཁས་ལེན་པའི་ཁས་ལེན་དེ་ཁས་ལེན་རྣམ་དག་ཡིན་པའི་ཕྱིར། འདོད་ན། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ན་མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་དགོས་པར་ཐལ། འདོད་ན། སྤྱིར་དངོས་པོ་དངོས་པོ་དང་གཅིག་ཡིན་ན་མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་གཅིག་ཡིན་དགོས་པར་ཐལ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ན་མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན།མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་གཅིག་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དངོས་པོ་ཆོས་ཅན། ཁྱོད་དང་གཅིག་ཡིན་ན་ཁྱོད་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་དང་གཅིག་ཡིན་ན་ཁྱོད་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་བའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་དངོས་པོ་ཆོས་ཅན། དངོས་པོ་དང་ཡིན་ཕྱབ་མཉམ་ཡིན་པར་ཐལ། དངོས་པོ་དང་གཅིག་ཡིན་པའི་ཕྱིར། འདོད་ན། དངོས་པོ་ཡིན་ན་མདུན་གྱི་གཞི་འདིར་དངོས་པོ་ཡིན་པས་ཁྱབ་པར་ཐལ། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། འདོད་ན། རྒྱ་གར་རྡོ་རྗེ་གདན་ཆོས་ཅན། མདུན་གྱི་གཞིར་འདིར་དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཆོས་ཅན། མདུན་གྱི་གཞི་འདིར་ཡོད་པར་ཐལ། མདུན་གྱི་གཞི་འདིར་དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། མདུན་གྱི་གཞི་འདིར་མེད་ན་མདུན་གྱི་གཞི་འདིར་དངོས་པོ་ཡིན་ཚུལ་མེད་པའི་ཕྱིར། གོང་ནས་མདུན་གྱི་གཞིར་དངོས་པོ་དངོས་པོ་དང་གཅིག་མིན་ཟེར་བ་ལ། རང་ལུགས་ལ་དངོས་པོ་དངོས་པོ་དང་གཅིག་མ་ཡིན་པར་ཐལ། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་གཅིག་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རང་ལུགས་ལ་དངོས་པོ་དངོས་པོ་དང་གཅིག་མ་ཡིན་ན་རང་ལུགས་ལ་དངོས་པོ་དངོས་པོའི་ལྡཽག་པ་མ་ཡིན་པར་ཐལ་བ་དང༌། རང་ལུགས་ལ་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་མ་ཡིན་པར་ཐལ་བ་སོགས་འཕེན་པར་བྱའོ།། །།


previousབསྡུས་ཚན་བཅུ་གཅིག་པ་ཆ་བའི་ལུགས་ཀྱི་རྫས་ལྡོག་གི་དོགས་པ་འགོད་པ།next