རྒྱུན་བསང་ཁྱེར་བདེ་ཉུང་ངུར་བསྡུས་པ་བདེ་ལེགས་དཔལ་སྟེར།
རྒྱུན་བསང་ཁྱེར་བདེ་ཉུང་ངུར་བསྡུས་པ་བདེ་ལེགས་དཔལ་སྟེར་བཞུགས་སོ།།
ན་མོ་ཨརྱ་ལོ་ཀི་ཤྭ་ར་ཡེ། དེ་ཡང་བསང་ཞེས་བྱ་བ་ཚད་ལྡན་གྱི་ལུགས་གང་ནས་བཤད་ཅེ་ན། མདོ་སྡེ་ཕལ་པོ་ཆེའི་རྣམ་གྲངས། སྡོང་པོ་རྒྱན་པ་ནོར་བཟང་གི་རྟོགས་བརྗོད་ལས། སྔོན་འཇིག་རྟེན་གྱི་ཁམས་འཁོར་ལོ་སྣ་ཚོགས་སུ། དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་འོད་ཟེར་འཁོར་དང་བཅས་པ་རྒྱལ་པོ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པའི་ལོ་རྒྱུས་སྐབས་སུ། ཁོ་བོས་དེ་བཞིན་གཤེགས་པ་དེ་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཆོད་པའི་ཕྱིར། སིལ་སྙན་དང་རོལ་མོའི་སྒྲ་ཞིག་ཀྱང་བྱུང་། སྤོས་ཀྱི་རིལ་བུ་གཅིག་ཀྱང་བསྲེགས་ནས་བདུག་སྤོས་ཀྱིས་བསངས་སོ། །སྤོས་ཀྱི་རིལ་བུ་དེ་བསྲེགས་པས་ཞག་བདུན་དུ་འཛམ་གླིང་ཐམས་ཅད་སྤོས་ཀྱི་ན་བུན་གྱིས་སྤྲིན་ཁ་དོག་སྣ་ཚོགས་དང་ལྡན་པས་
སེམས་ཅན་ཐམས་ཅད་ཀྱི་ལུས་སྤོས་དྲི་ཡིས་ཁྱབ་པར་གྱུར་ཏོ། །ཞེས་གསུངས་པ་དང་། ཡེ་ཤེས་ཀྱི་ཌཱཀི་ལབ་ཀྱི་སྒྲོན་མས་ཀྱང་། དྲི་བཟང་གི་་ཤིང་ཐོག་གམ། ཤིང་ལ་མེ་སྦྱར་ཞིང་། དཀར་གསུམ་མངར་གསུམ་ཕྱེ་མར་དང་། འབྲུ་སྣ་ཚོགས་བསྲེགས་ཏེ། བླ་མ་དཀོན་མཆོག་མཆོད་ཅིང་འབྱུང་པོ་རྣམས་ལ་དྲི་ཞིམ་པས་ཚིམ་པར་བྱེད་དོ། །ཞེས་གསུངས་པ་ལྟར། འབྲུ་སྣ་ཟས་ཕུད་ཕྱེ་མར་བཟང་ཤིང་སྣ་ཚོགས་ཀྱི་ཕྱེ་མ་རྣམས་སྣོད་གཙང་དུ་ཚག་བྱ་ཞིང་། ཐབ་ཏུ་བསྲེགས་ནས། སུར་དཀར་སོགས་ཀྱི་དུད་པ་བཏང་ལ་ཕྱེ་མར་དང་འོ་ཕུད་ཆང་ཕུད་བླུགས་ལ་བྲན་ནས། འདི་ཉིད་བཏོན་པས་བསང་བསྡུས་པ་ཚང་ངོ།། བླ་མ་པད་འབྱུང་དཀོན་མཆོག་རྣམ་གསུམ་ལ། །བདག་སོགས་འགྲོ་རྣམས་རྟག་ཏུ་སྐྱབས་
སུ་མཆི། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་པའི་ཕྱིར། །བསོད་ནམས་ཚོགས་ཆེན་བསང་གི་མཆོད་པ་བྱ། །ཆོས་རྣམས་དམིགས་མེད་ཡེ་ནས་སྟོང་པ་ཉིད། །སྟོང་པའི་ངང་ལས་རང་ཉིད་པད་འབྱུང་གསལ། །རཾ་ཡཾ་ཁཾ་འཕྲོས་མི་གཙང་འབག་བཙོག་སྦྱངས། །ཧཱུྃ་ལས་དུ་བའི་ལྷ་མོ་སྐུ་མདོག་སྔོ། །ཕྱག་གཡས་ཁྲུས་བུམ་ཉམས་གྲིབ་མི་གཙང་བཀྲུས།གཡོན་པས་སྨན་གཞོང་སྨན་གྱི་དུད་སྤྲིན་འཕྲོ། །དུད་པའི་ཟེར་མས་འཇིག་རྟེན་ཐམས་ཅད་ཁྱབ། །དུ་བའི་ཟེར་མ་རེ་རེའི་གསེབ་ནས་ཀྱང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །སྣ་ཚོགས་མཆོད་པའི་ཆར་རྒྱུན་ཟད་མེད་འབེབས། །བཛྲ་དྷུ་པེ་པཱུ་ཛ་ཧཱུྃ་བརྗོད་པས། །ཀུན་བཟང་མཆོད་པའི་སྤྲིན་དུ་བྱིན་གྱིས་རློབས། །རང་བཞིན་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་བསང་མགྲོན་ཚོགས། །ཐུགས་རྗེས་ཐུགས་དམ་དབང་གིས་འདིར་གཤེགས་ལ། །ནམ་མཁའ་བར་སྣང་ས་གཞི་སོ་སོ་ལ། །ཡིད་སྤྲུལ་འོས་ཤིང་འཚམས་པའི་གདན་ལ་བཞུགས། །དངོས་འབྱོར་བསང་དུད་ཡིད་སྤྲུལ་མཆོད་ཚོགས་བཞེས། །སོ་སོའི་ཡོན་ཏན་གང་དང་ཅི་མཆིས་པ། །
བདག་གིས་རབ་ཏུ་དད་པས་བསྟོད་པར་བགྱི། །ཤུག་པ་བལ་བུ་མཁན་དཀར་ཨ་ག་རུ། །ཀླུ་གཉན་མཉེས་བྱེད་བཟང་ཤིང་སྣ་ཚོགས་དང་། །ཕྱེ་མར་དཀར་གསུམ་ཇ་ཆང་ཟས་ཕུད་མཆོད། །དྲི་བཟང་དུད་པ་སྤྲིན་ལྟར་གཏིབས་པ་འདིས། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད། །གང་ཟང་སྙན་བརྒྱུད་བླ་མ་ཐམས་ཅད་བསང་། །རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུ་བཞི། །མེས་དབོན་རྣམ་གསུམ་རྗེ་འབངས་ཉེར་ལྔ་བསང་། །སངས་རྒྱས་རས་ཆེན་རྒྱལ་བ་རང་བྱུང་བ། །ཀཾ་ཚང་བརྒྱུད་པའི་བླ་མ་ཐམས་ཅད་བསང་། །དབང་ལུང་མན་ངག་གང་ནས་བརྒྱུད་པ་ཡི། །རྩ་བར་བརྒྱུད་པའི་བླ་མ་ཐམས་ཅད་བསང་། །ཀུན་བཟང་རིགས་ལྔ་ཆེ་མཆོག་རིགས་ལྔ་སོགས།དམ་པ་རིགས་བརྒྱའི་ལྷ་ཚོགས་ཐམས་ཅད་བསང་། །ཆེ་མཆོག་གཙོ་དགུ་ཡབ་ཡུམ་སྲས་དང་བཅས། །ལྷ་ཚོགས་བདུན་བརྒྱ་ཉི་ཤུ་ཐམས་ཅད་བསང་། །པདྨ་བཛྲ་རྡོ་རྗེ་གཞོན་ནུ་སོགས། །དགོངས་འདུས་ཕུར་པའི་ལྷ་ཚོགས་ཐམས་ཅད་བསང་། །བླ་མ་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་སོགས། །གུ་རུ་ཞི་བའི་ལྷ་ཚོགས་ཐམས་ཅད་བསང་། །
དྲག་པོ་རིགས་ལྔ་ཁྱུང་སྡིག་ཁྲོ་བོ་བཅུ། །དབང་དྲག་པདྨའི་ལྷ་ཚོགས་ཐོམས་ཅད་བསང་། །རྟ་མགྲིན་རིགས་ལྔ་མེ་དབལ་ལྕགས་རལ་ཅན། །ནག་པོ་ཀླུ་འདུལ་ལྷ་ཚོགས་ཐམས་ཅད་བསང་། །ཁྲོ་ཆུ་དུག་གདོང་ལས་ཀྱི་གཤིན་རྗེ་དྲུག །ནཱ་ག་རཀཱ་འཇམ་དཔལ་ལྷ་ཚོགས་བསང་། །བདེ་གསང་འཇིགས་གསུམ་དུས་འཁོར་མཱ་ཡཱ་སོགས། །གསང་སྔགས་གསར་མའི་ལྷ་ཚོགས་ཐམས་ཅད་བསང་། །ཚེ་དཔག་ལྷ་དགུ་ཀུན་རིག་མི་འཁྲུགས་སོགས། །བྱ་སྤྱོད་རྣལ་འབྱོར་ལྷ་ཚོགས་ཐམས་ཅད་བསང་། །སྨན་ལྷ་མཆེད་བདུན་ཤཱཀ་ཐུབ་འོད་དཔག་མེད། །སྤྲུལ་སྐུ་མདོ་ཡི་ལྷ་ཚོགས་ཐམས་ཅད་བསང་། །ཉན་ཐོས་མཆོག་བརྒྱད་གནས་བརྟན་བཅུ་དྲུག་སོགས། །འཕགས་པ་ཉན་ཐོས་རང་རྒྱལ་ཐམས་ཅད་བསང་། །འཕགས་མ་སྒྲོལ་མ་མ་གཅིག་ལབ་སྒྲོན་སོགས། །མ་མོ་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་བསང་། །ཕྱག་བཞི་ཕྱག་དྲུག་གུར་མགོན་བེར་ནག་ཅན། །ཕོ་རྒྱུད་མགོན་པོའི་ལྷ་ཚོགས་ཐམས་ཅད་བསང་། །རང་བྱུང་རྒྱལ་མོ་དུད་སོལ་རེ་མ་ཏི། །མོ་རྒྱུད་ལྷ་མོའི་ལྷ་ཚོགས་ཐམས་ཅད་བསང་། །མ་ནིང་སྡེ་ལྔ་སྲོག་བདུད་དཔལ་འབར་
མ། །ཏྲཀ་འཛིན་མ་ནིང་ལྷ་ཚོགས་ཐམས་ཅད་བསང་། །རྣམ་སྲས་ཛ་དམར་ཛཾ་ལྷ་ནག་པོ་དང་། །ལྷ་མོ་ནོར་རྒྱུན་དཔལ་ཆེན་མ་ལ་སོགས། །ནོ་ལྷ་གཏེར་བདག་ལྷ་ཚོགས་ཐམས་ཅད་བསང་། །ཨཅུ་རེ་མན་དང་གང་བ་བཟང་། །རྟ་དང་ལུག་གི་ལྷ་རྣམས་ཐམས་ཅད་བསང་། །རྒྱལ་བུ་མཐིང་གེ་གདོང་ལྷ་སྨུག་པོ་སོགས། །ཕ་མཚུན་དགྲ་ལྷ་གཉན་པོ་ཐམས་ཅད་བསང་། །ལེགས་ལྡན་མགོན་པོ་ནག་པོ་ལ་སོགས་པའི། །དགྲ་བླའི་ལྷ་རབས་བཅུ་གསུམ་ཐམས་ཅད་བསང་། །རྒྱལ་ཆེན་ཕྱོགས་སྐྱོང་ལྷ་བརྒྱད་གཟའ་བརྒྱད་སོགས། །དཔལ་མགོན་བདུན་ཅུ་རྩ་གཉིས་ཐམས་ཅད་བསང་། །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་སོགས། །ཕྱི་ནང་གསང་བའི་སྡེ་བརྒྱད་ཐམས་ཅད་བསང་། །སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་སོགས། །མཆེད་འཁོར་དམ་ཅན་སུམ་བརྒྱ་དྲུག་ཅུ་བསང་། །གངས་དཀར་ཏི་སེ་ཐང་ལྷ་གེར་མཛོ་སོགས། །བོད་ཡུལ་མདོ་ཁམས་གཞི་བདག་ཐམས་ཅད་བསང་། །སྤུ་གྲི་མཆེད་གསུམ་སྨྱོ་ཁ་མཁའ་རི་སོགས། །གཏེར་བདག་བཀའ་ཡི་སྲུང་མ་ཐམས་ཅད་བསང་། །དགེ་བསྙེན་ཉེར་གཅིག་མགུར་ལྷ་
བཅུ་གསུམ་སོགས། །བོད་ཀྱི་གཞི་བདག་ཕོ་རིགས་ཐམས་ཅད་བསང་། །བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་སོགས། །བོད་ཀྱི་གཞི་བདག་མོ་རིགས་ཐམས་ཅད་བསང་། །རྒྱལ་ཆེན་སྐུ་ལྔ་མ་གཅིག་དཔལ་ལྷ་མོ། །བོད་ཡུལ་གཙུག་ལག་སྲུང་མ་ཐམས་ཅད་བསང་། །ཞིང་སྐྱོང་དཀར་པོ་ཨ་ཕྱི་སྤྲག་བཙན་སོགས། །བོད་ཡུལ་སྒོམ་གྲྭའི་སྲུང་མ་ཐམས་ཅད་བསང་། །བསེ་ཁྲབ་ཅན་དང་སྤུ་ཏྲ་རིབ་བརྟན་མ། །བོད་ཡུལ་ཆོས་གྲྭའི་སྲུང་མ་ཐམས་ཅད་བསང་། །སློབ་དཔོན་རྒྱུད་དང་ཕ་མེས་བརྒྱུད་པ་དང་། །ཚེ་རབས་ལས་ཀྱི་སྲུང་མ་ཐམས་ཅད་བསང་། །ཕ་ལྷ་མ་ལྷ་ཞང་ལྷ་ཕྲག་ལྷ་དང་། །སྐྱོབ་པའི་ལྷ་ལྔ་བརྟེན་པའི་ལྷ་དགུ་སོགས། །འགོ་བར་བྱེད་པའི་ལྷ་རྣམས་ཐམས་ཅད་བསང་། །སྦྲ་ལྷ་རི་བོ་ལུག་ལྷ་རྨེན་བུ་སོགས། །སྲིད་པ་ཆགས་པའི་ལྷ་རབས་ཐམས་ཅད་བསང་། །དགྲ་བླ་ཝེར་མ་སྤྱན་ནོ་རྗེ་འུ་སོགས། །འཇིག་རྟེན་སྲིད་པའི་མཚུན་རྒན་ཐམས་ཅད་བསང་། །ཇོ་བོ་སྔགས་ཀྱི་བདག་པོ་ཀླུ་ཆེན་བརྒྱད། །རིགས་བཞི་ཀླུ་ཡི་ཚོགས་རྣམས་ཐམས་ཅད་བསང་། །མ་དྲོས་གཟི་ཆེན་མི་མགོན་དཀར་པོ་སོགས། །བོད་
ཡུལ་ཀླུ་བདུད་ཀླུ་བཙན་ཐམས་ཅད་བསང་། །རྡོ་རྗེ་རྒྱལ་པོ་ཀླུ་རྒྱལ་མིང་སྲིང་སོགས། །བོད་ཡུལ་ཀླུ་གཉན་ས་བདག་ཐམས་ཅད་བསང་། །རོལ་པ་སྐྱ་བདུན། འབར་བ་སྤུན་བདུན་དང་། །ལུང་བཙན་ལ་སོགས་བཙན་རིགས་ཐམས་ཅད་བསང་། །རྨ་ཆེན་སྤོམ་ར་རྨ་རིགས་སུམ་བརྒྱ་སོགས། །མདོ་ཁམས་སྒང་དྲུག་གཞི་བདག་ཐམས་ཅད་བསང་། །སྐུ་རྒྱལ་ཡོར་རྒྱལ་དགེ་བསྙེན་སྤྱི་འབྱམས་སོགས། །ཟལ་མོ་སྒང་གི་གཞི་བདག་ཐམས་ཅད་བསང་། །ངོམ་རྒྱལ་མཚོ་བཀྲ་བཙུན་མོ་བླ་མཚོ་དང་། །བློན་པོ་མཛོད་འཛིན་ལ་སོགས་འཁོར་བཅས་བསངས། །ཁྱད་པར་སྟོང་གསུམ་འཛམ་གླིང་འཇིག་རྟེན་ན། །གནས་ཤིང་སྡོང་གྲོགས་བྱེད་པའི་ཡུལ་ལྷའི་གཙོ། །ཆེ་གེ་གཞི་བདག་གཉན་པོ་ལ་སོགས་པ། །ས་ཕྱོགས་འདིར་གནས་གཞི་བདག་ཐམས་ཅད་བསང་། །དེ་སྔ་གར་སྡོད་ཕྱིན་ཆད་གར་གནས་པའི། །གཞི་བདག་གནས་བདག་གཏེར་བདག་ཐམས་ཅད་བསང་། །ཁྱད་པར་མིང་དང་མཚན་ནས་མ་ཐོས་པའི། །ཕྱོགས་འདིར་གནས་པའི་ཡུལ་ལྷ་ཐམས་ཅད་བསང་། །སྐབས་འདིར་བསང་མཆོད་འདོད་གསོལ་གང་འོས་བཏགས་ཀྱང་རུང་འདྲ།
༈ ཀྱཻ། དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །ཡེ་ཤེས་ལྷ་རྣམས་ཐུགས་རྒྱུད་དབྱིངས་ནས་དགྱེས། །ཉམས་ཆག་འགལ་འཁྲུལ་སྡིག་སྒྲིབ་བྱང་གྱུར་ཅིག །འཇིག་རྟེན་ལྷ་རྣམས་མཉེས་ཤིང་ཚིམས་གྱུར་ཅིག །ཕོག་ཐུག་འགྲམས་འཁྲུག་ཐམས་ཅད་སངས་གྱུར་ཅིག །ཉམས་དང་རྨུགས་པ་རྒུད་པ་སང་ཞིང་དག །ཉམས་གྲིབ་ཐབ་གཞོབ་འཁོན་གྲིབ་སངས་གྱུར་ཅིག །ལྷ་སྲུང་མནོལ་དང་རླུ་གབ་སང་ཞིང་དག །རོ་བག་ཟས་གོས་བཙོག་གྲིབ་སངས་གྱུར་ཅིག །ལྷ་རྣམས་ཐམས་ཅད་བཀྲག་མདངས་གཟི་བརྗིད་རྒྱས། །མཐུ་རྩལ་ནུས་པ་ཕུན་སུམ་ཚོགས་གྱུར་ཅིག །ལྷ་རྣམས་ཐམས་ཅད་མཉེས་ཤིང་ཚིམས་ནས་ཀྱང་། །དུས་རྣམས་རྟག་ཏུ་བདག་ཅག་ཡོན་མཆོད་ལ། །ཁ་འཛིན་སྡོང་གྲོགས་མེལ་ཚེ་དཔུང་གཉེན་མཛོད། །སྐྱེལ་བསུ་རོགས་དན་གྱིས་ལ་མཐུན་རྐྱེན་སྒྲུབས། །དགྲ་རྐུན་གཅན་གཟན་གནོད་པ་ཐམས་ཅད་ཆིངས། །བདུད་དང་གདོན་བགེགས་ནད་རིགས་ཐམས་ཅད་ཟློག །རྟ་དྲེལ་ནོར་ཕྱུགས་ར་ལུག་རྐང་འགྲོ་སྤེལ། །ཇ་དར་འབྲུ་དང་གསེར་དངུལ་རིན་ཆེན་བསྡུས། །བང་མཛོད་འབྲུ་དང་ཟས་གོས་དངོས་
གྲུབ་སྩོལ། །ཚོང་དང་མགྲོན་ལ་འགྲོ་ན་ཁ་འཛིན་མཛོད། །དམག་དང་ཇག་ལ་འགྲོ་ན་དཔུང་གྲོགས་མཛོད། །བསྲེག་ཟོར་དྲག་ལས་བྱེད་ན་རྒྱབ་རྟེན་མཛོ།ལས་དང་བྱ་བ་ཀུན་ལ་སྡོང་གྲོགས་མཛོད། ༈ ཀྱཻ། ཕྱོགས་བཅུའི་ཞིང་ནས་ཕུན་ཚོགས་གཡང་ཕྱུ་རྣམས། །རྐང་བཞི་ཕྱུགས་ཀྱི་གཡང་དང་རྟ་ཡི་གཡང་། །ལུག་གཡང་ནོར་གཡང་བང་མཛོད་འབྲུ་ཡི་གཡང་། །རྨ་གཡང་ཟས་དང་རིགས་རྒྱུད་མི་ཡི་གཡང་། །ས་གཞི་བང་མཛོད་ནོར་བུ་རིན་ཆེན་གཡང་། །ཕྱྭ་དང་གཡང་རྣམས་ཐམས་ཅད་གཡང་དུ་ལེན། །ཕྲུ་ཁུག་གཡང་ཁུག་བདེ་ལེགས་སྐྱེད་པ་ཧཱུྃ། །ཡེ་ཤེས་ལྷ་རྣམས་ཆོས་ཀྱི་དབྱིངས་སུ་མུ། །འཇིག་རྟེན་ལྷ་རྣམས་རང་རང་གནས་སུ་གཤེགས། །བདག་ཉིད་ལྷར་གསལ་བ་ཡང་སྟོང་པ་ཉིད། །རང་རིག་འོད་གསལ་རྗེན་པ་ཨེ་མ་ཧོ། །འཇིག་རྟེན་འཇིག་རྟེན་ལས་འདས་བཀྲ་ཤིས་པ། །བཀྲ་ཤིས་ཀུན་གྱིས་དེང་འདིར་བཀྲ་ཤིས་ཤོག །དེ་ལྟར་བསང་མཆོད་བགྱིས་པའི་དགེ་བ་དེས། །ཚེ་འདིའི་བསོད་ནམས་ཡར་ངོའི་ཟླ་ལྟར་འཕེལ། །ཕྱི་མ་བདེ་ཆེན་ཞིང་ཁམས་བགྲོད་པར་ཤོག །མངྒ་ལཾ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ
ཞེས་པ་འདི་ནི་འཚོ་མཛད་སྔགས་འཆང་རྟ་མགྲིན་མགོན་གྱིས་བསྐུལ་ནས་རྣལ་འབྱོར་པ་རཱ་ག་ཨ་སྱས་སྦྱར་བ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག །མངྒ་ལཾ།
༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།