གདོན་ཆེན་བཅོ་ལྔའི་མདོས་བསྡུས་པ།
གདོན་ཆེན་བཅོ་ལྔའི་མདོས་བསྡུས་པའི་དབུ་ཕྱོགས་བཞུགས་སོ། །རིག་སྔགས་ལྷ་མོ་ལྔ་ལ་ཕྱག་འཚལ་ལོ། །ཆུང་གླུད་བྱིས་པའི་གདོན་གཏོ་བསྡུས་པ་ནི། །སྣོད་གཙང་ནང་དུ་སྐུ་གླུད་ཚད་ལྡན་ཞིག ། ལ་ཆངས་བུ་གཙང་མ་ཤ་དུམ་མཐེབ་སྐྱུ་ནི། །བཅོ་ལྔས་བསྐོར་ཞིང་འབྲུ་སྣ་ཡོས་བཀྲ་བླུག། དར་ཟབ་བལ་ཚོན་ནམ་མཁའ་མདའ་འཕང་བཤམ། །བྱིས་པའི་ལུས་བླུད་ངར་མི་མདུན་དུ་བཤམ། །ཇ་ཆང་འོ་ཞོ་ཆུ་གཙང་བྲན་པར་བྱ། །རང་ཉིད་ལྷར་བསྐྱེད་བདེན་པས་མདུན་དུ་བཀུག །ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་བདེན་པའི་མཐུས། །བྱིས་པ་མ་བུ་འདི་ལ་གནོད་བྱེད་པའི། །བྱིསྶའི་གདོན་ཆེན་བཅོ་ལྔ་ཆུང་སྲི་བཉྩི་གདོན། །གནོད་བྱེད་གདོན་བགེགས་ཐམས་ཅད་འདིར་ཁུག་ཅིག །ཏ་ཀི་ར་ཙ་ཧཱུྃ་ཛཿཧཱུྃ་བཾ་ཧོཿ ཨངྐུ་ཤ་ཛཿ བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །བགེགས་ཆེན་བཞི་དང་སྟོང་ཕྲག་བརྒྱད་ཅུའི་བགེགས། །གདོན་ཆེན་བཅོ་ལྔ་ཆུང་སྲིའི་གདོན་ཚོགས་ལ། །ཤ་རིན་ཁྲག་ཚབ་གླུད་གཏོར་འདི་འབུལ་ལོ། །སམྦྷ་ར༴ བདུན་ནམ་ཉེར་གཅིག་གིས་འབུལ་ལོ། །འདོད་ཡོན་ཡས་སྟགས་ངར་མི་དང་། །མདོས་རྫ་ས་ཆ་མ་ཆོ་དགུ་འདི། །དྲི་ཟ་མེ་ལྷ་གཤིན་རྗེ་དང་། །
སྲིན་པོ་ཀླུ་དབང་རླུང་ལྷ་དང་། །གནོད་སྦྱིན་དབང་ལྡན་ས་བདག་དང་། །ཉི་ཟླ་གཟའ་སྐར་ཚོགས་བཅས་ལ། །ཆུང་གླུད་ཡས་སྟགས་དམ་པ་འབུལ། །འཇམ་པ་པོ་དང་རི་དྭགས་རྒྱལ། །སྐེམ་བྱེད་བརྗེད་བྱེད་ཁུ་ཚུར་ཅན། །མ་མོ་དང་ནི་ཛ་མི་ཀ །འདོད་པ་ཅན་དང་རྡོ་རྗེའི་གཟུགས། །ནམ་གྲུ་སྲུལ་པོ་མ་དགའ་བྱེད། །བྱ་གག་དང་ནི་གཉའ་ལག་ཅན། །བཞིན་རྒྱན་དང་ནི་མིག་འཕྱང་པོ། །ཆུང་སྲི་བྱིས་པའི་གདོན་ཚོགས་ལ། །ཆུང་གླུད་ཡས་སྟགས་འདི་འབུལ་ལོ། །བྱིས་པ་མ་བུ་འདི་དག་ལ། །ལོ་ཟླ་ཞག་དུས་སྐག་རྣམས་ཟློག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །ཚེ་ཟད་དུས་བབ་ཡིན་ན་ཡང་། །ཕྱིན་ཆད་ལོ་གསུམ་བཤོལ་ཐོབ་ཅིག །ཆུང་གླུད་འདི་ཡིས་མགུ་གྱིས་ལ། །ཕྱིན་ཆད་བྱིས་པ་མ་བུ་ལ། །ལོ་ནི་བཅུ་གཉིས་ཚུན་ཆད་དུ། །ཐུབ་དབང་ཕྱག་རྡོར་པད་འབྱུང་གིས། །དམ་བཞག་བཞིན་དུ་མ་འཚེ་ཞིག །རང་རང་གནས་སུ་འགྲོ་བར་གྱིས། །སརྦ་གཙྪ། ཡས་གླུད་དེ་བྱི་སྦའི་ལོ་བདུད་སོགས་འདྲེ་ལྔ་བདུད་གཅོད་ཡོད་ཕྱོགས་སུ་དོར། ཞེས་པ་འདི་སྤྲང་མོ་ཚེ་རིང་དོན་གྲུབ་མའི་དོན་དུ་ཀརྨ་ཨ་རཱ་གས་བྲིས་པ་བུ་ཚ་སྐར་ལྟར་བཀྲག་པར་གྱུར་ཅིག་སརྦ་མངྒ་ལཾ།།