Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
སྐུ་ཆེ་ཕྲ་ཅི་རིགས་པ་རྣམས་ལ་བསླབ་བྱ་ཕན་སེམས་སུ་གདམས་པ་ཕན་བདེའི་ཆུ་གཏེར།
   


 
previousསྐུ་ཆེ་ཕྲ་ཅི་རིགས་པ་རྣམས་ལ་བསླབ་བྱ་ཕན་སེམས་སུ་གདམས་པ་ཕན་བདེའི་ཆུ་གཏེར།next

སྐུ་ཆེ་ཕྲ་ཅི་རིགས་པ་རྣམས་ལ་བསླབ་བྱ་ཕན་སེམས་སུ་གདམས་པ་ཕན་བདེའི་ཆུ་གཏེར།


CMR050_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཆེ་ཕྲ་ཅི་རིགས་པ་རྣམས་ལ་བསླབ་བྱ་ཕན་སེམས་སུ་གདམས་པ་ཕན་བདེའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །


CMR050_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། རྒྱལ་བ་ཀུན་གྱི་ངོ་བོ་པདྨ་འབྱུང་། །དེ་ཡི་རྣམ་འཕྲུལ་ཆོས་ཀྱི་དབང་ཕྱུག་ལ། །ཁ་ཙམ་མིན་པར་སྙིང་ནས་གསོལ་བ་འདེབས། །རྗེས་འཇུག་བུ་ཡི་སྐྱིད་སྡུག་ཁྱེད་རང་ཤེས། །དམ་བཅའ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། །ལས་འབྲས་འཁོར་བའི་ཉེས་དམིགས་བསྒོམ་པ་བཞི། །བུ་ཁྱོད་ལེགས་པར་གོ་བ་ངོ་མཚར་ཆེ། །ཐོབ་དཀའི་དལ་འབྱོར་ཐོབ་པ་མང་ལགས་ཀྱང་། །རྟེན་ཕུར་འདུན་མ་སྒྲུབ་པ་ཤིན་ཏུ་ཉུང་། །ཕལ་ཆེར་རིན་ཆེན་གླིང་ནས་སྟོང་ལོག་བྱེད། །བུ་ཁྱོད་གཏན་བདེ་


CMR050_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ངོ་མཚར་ཆེ། །ཚེ་ལ་ལོང་མེད་ནམ་འཆི་ཆ་མེད་ལ། །གཏན་དུ་སྡོད་རྩིས་བྱས་པ་ཤིན་ཏུ་མང་། །ཕལ་ཆེར་འཆི་བར་ཤེས་ཀྱང་ངན་སོང་བསྒྲུབ། །བུ་ཁྱོད་འཆི་བ་དྲན་པ་ངོ་མཚར་ཆེ། །དཀར་ནག་ལས་འབྲས་བསླུ་བ་མེད་ལགས་ཀྱང་། །རང་ཉིད་ངན་འགྲོར་འཕེན་མཁན་ཤིན་ཏུ་མང་། །ཕལ་ཆེར་རང་གཞན་ངན་འགྲོར་ཁྱུ་འདེད་བྱེད། །བུ་ཁྱོད་སྡིག་སྤོང་དགེ་སྒྲུབ་ངོ་མཚར་ཆེ། །འཁོར་བའི་གནས་ན་བདེ་བ་མེད་ལགས་ཀྱང་། །བདེ་བར་རེ་ནས་སྡིག་པ་སྒྲུབ་པ་མང་། །ཕལ་ཆེར་འཇིག་རྟེན་ཆོས་བརྒྱད་དབང་དུ་འགྲོ། །བུ་ཁྱོད་ཚེ་


CMR050_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བློས་བཏང་ངོ་མཚར་ཆེ། །ལུས་ལ་སེར་གོས་གྱོན་པ་མང་ལགས་ཀྱང་། །ངེས་འབྱུང་བསམ་པ་སྐྱེས་པ་ཤིན་ཏུ་དཀོན། །ཕལ་ཆེར་བག་མེད་འཆལ་པའི་དབང་དུ་འགྲོ། །བུ་ཁྱོད་ངེས་འབྱུང་སྐྱེས་པ་ངོ་མཚར་ཆེ། །ཁྲིད་དང་གདམས་ངག་ཞུས་པ་མང་ལགས་ཀྱང་། །ཆོས་དྲེད་གོ་ཡུལ་ལུས་པ་ཤིན་ཏུ་མང་། །ཕལ་ཆེར་འཛིན་ཆགས་སེར་སྣ་སྔར་བས་ཐུ། །བུ་ཁྱོད་ཚེ་འདི་བློས་བཏང་ངོ་མཚར་ཆེ། །བླ་མའི་དྲུང་དུ་སྡོད་པ་མང་ལགས་ཀྱང་། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག་པ་མང་། །ཕལ་ཆེར་བསྟན་དང་བླ་མའི་ཞབས་འདྲེན་བྱེད། །བུ་ཁྱོད་མོས་གུས་སྐྱེས་པ་ངོ་མཚར་ཆེ། །སེམས་ངོ་སྤྲུག་སྤྲིག་ཤེས་པ་མང་ལགས་ཀྱང་། །བསྒོམ་སྐྱེས་བདག་པོ་མེད་པ་ཤིན་ཏུ་མང་། །ཕལ་ཆེར་སྒོམ་ཆེན་ཆགས་འཛིན་གཞན་བས་ཆེ། །བུ་ཁྱོད་ཞེན་པ་ལྡོག་པ་ངོ་མཚར་ཆེ། །རྟོགས་པ་མཐོན་པོར་རློམ་པ་མང་ལགས་ཀྱང་། །འཛིན་ཆགས་འཁྲུལ་པ་སྔར་ལས་ཆེ་བ་མང་། །ཕལ་ཆེར་ཚེ་འདི་ཁོ་ན་ཁོང་དུ་བཅུག །བུ་ཁྱོད་ཚེ་འདི་བློས་ཐོངས་ངོ་མཚར་ཆེ། །བྱ་བཏང་ཡིན་ནོ་ཟེར་བ་མང་ལགས་ཀྱང་། །སེམས་ལ་གང་དུས་མེད་པའི་བྱ་བཏང་མང་། །ཕལ་


CMR050_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་རྒྱལ་ཁམས་ཉུལ་ཞིང་ལོག་འཚོ་བསྒྲུབ། །བུ་ཁྱོད་དགོས་མེད་བསྒོམ་པ་ངོ་མཚར་ཆེ། །རང་གཞན་གཉིས་ཕུང་མཚོན་ཆས་བྱེད་ལགས་ཀྱང་། །སྲོག་བས་གཅེས་པར་འཛིན་པའི་སྐྱེས་ཕྲན་མང་། །ཕལ་ཆེར་འཆི་ལ་ཐུག་ཀྱང་གཏོང་མི་ཕོད། །བུ་ཁྱོད་མདའ་གཞུ་བཅག་པ་ངོ་མཚར་ཆེ། །གང་ཞིག་ལྷམ་ཚེམ་ཙམ་ཞིག་ཤེས་ལགས་ཀྱང་། །སྙུང་བུ་མཁོ་ཟེར་སྟེར་མི་འགྱང་བ་མང་། །དགོས་འདོད་སོར་མོའི་རྩེ་ནས་འཁྲུངས་བཞིན་དུ། །བུ་ཁྱོད་མགར་ཆ་ཕུལ་པ་ངོ་མཚར་ཆེ། །ཚེ་མ་ཕྱིད་ཀྱི་བྱ་བཏང་མང་ལགས་ཀྱང་། །ཆོས་མེད་སྤྲང་འཁྱམས་བྱེད་པ་ཤིན་ཏུ་མང་། །ཕལ་ཆེར་བསྟན་པའི་བླ་བཙོང་རང་མཚང་སྟོན། །བུ་ཁྱོད་སྐྱིད་དུས་ཆོས་དྲན་ངོ་མཚར་ཆེ། །འོད་གསལ་ཁོར་ཡུག་ཡོད་ཟེར་མང་ལགས་ཀྱང་། །སྤྱོད་པ་སྔར་བས་ཐུ་བ་ཤིན་ཏུ་མང་། །ཕལ་ཆེར་དུག་ལྔ་ཆགས་འཛིན་སྔར་བས་ཆེ། །བུ་ཁྱོད་བྱ་བཏང་ནུས་པ་ངོ་མཚར་ཆེ། །མཉམ་མེད་དྭགས་པོའི་ཆོས་བཞིའི་དང་པོ་དང་། །ཕྱག་རྒྱ་ཆེན་པོ་བསྒོམ་གྱི་རྐང་པ་དང་། །བཀའ་གདམས་ལུགས་ཀྱི་ལམ་རིམ་གཉིས་པ་རྣམས། །བུ་ཁྱོད་རྒྱུད་ལ་སྐྱེས་པ་ངོ་མཚར་ཆེ། །


CMR050_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སེལ་བོགས་འདོན་ལ་སོགས་གང་དགོས་པ། །རིམ་གྱིས་ཉམས་དང་བསྟུན་ཏེ་བདག་གིས་བྱ། །སྤྲང་པོ་བདག་ལ་ཡོན་ཏན་མི་བདོག་ཀྱང་། །བུ་ཁྱོད་འབྲལ་མི་ཕོད་པ་ངོ་མཚར་ཆེ། །ཁོ་བོར་བླ་མའི་མཚན་ཉིད་མི་ལྡན་ཀྱང་། །བདག་ལ་བརྒྱུད་པ་བཟང་པོའི་གདམས་ངག་མང་། །ཕལ་ཆེར་རང་གི་ཉམས་སུ་ཅུང་ཟད་བླངས། །བུ་ཁྱོད་དོན་གཉིས་འགྲུབ་བོ་ངོ་མཚར་ཆེ། །ངོ་མཚར་བཅོ་བརྒྱད་ལྡན་པའི་དབྱངས་ཆུང་འདི། །འཇིག་རྟེན་བྱ་བ་བཏང་བའི་བྱ་དགའ་ཡིན། །བཀའ་བརྒྱུད་གོང་མའི་རྣམ་ཐར་འབྱོངས་བར་ཤོག །བུ་ཁྱེད་བསྟན་ལ་ཕན་ནོ་ངོ་མཚར་ཆེ། །ཞེས་པ་བལ་པོ་སྤྲུལ་སྐུ་པདྨ་རིག་འཛིན་གྱིས་ཚེ་འདིའི་བྱ་བ་བློས་བཏང་སྒྲུབ་པ་རྩེ་གཅིག་གི་དམ་བཅའ་ཕུལ་དུས་སྨྲས་སོ།། ༈ །།ན་མོ་པདྨ་ཀ་ར་ཡེ། །ཕ་པདྨ་འབྱུང་གནས་ཞབས་ལ་འདུད། །ཕ་ཁྱེད་ཀྱི་གསུངས་ལ་བློ་གཏད་ནས། །སྤྲང་རྩེ་གཅིག་སྒྲུབ་པ་བྱས་པ་དེས། །ད་བསམ་ཞིང་བློ་སེམས་བདེ་བ་ཞིག་བྱུང་། །ཡུལ་རྒྱ་ནག་ལོངས་སྤྱོད་འབྱུང་གནས་དེར། །རྗེ་རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་དེ། །ས་འཛམ་གླིང་ཕྱེད་ཀྱི་བདག་པོ་ཡིན། །དུས་དེང་སང་མཐའ་མིས་ཕུད་ཅེས་ཐོས། །དེ་བསམ་ཞིང་


CMR050_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་སྐྱོ་བ་སྐྱེས། །སྟོབས་མངའ་ཐང་ལ་སྙིང་པོ་མི་འདུག་པས། །རང་སྒྲུབ་པ་བྱས་པས་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རམ་རྟོགས་ལྡན་པ། །འཇང་ས་དམ་རྒྱལ་པོའི་ཕོ་བྲང་ན། །དངུལ་རིན་ཆེན་དག་པ་བང་བ་བདུན། །དེ་མཐའ་མི་གཞན་གྱིས་འཕྲོག་ཅེས་ཐོས། །དེ་བསམ་ཞིང་རྣལ་འབྱོར་སྐྱོ་བ་སྐྱེས། །ནོར་ལོངས་སྤྱོད་ལ་སྙིང་པོ་མི་འདུག་པས། །རང་སྒྲུབ་པ་བྱས་པས་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་པ། །རྗེ་མཁས་གྲུབ་ལུང་རིགས་ཉི་མ་དེ། །གནུབས་སངས་རྒྱས་ཡེ་ཤེས་སྤྲུལ་པར་གྲགས། །ལྷ་ཁྲོ་ཆུ་སྒྲུབ་པའི་བརྒྱུད་པར་འཁྲུངས། །དཔལ་རྡོ་རྗེ་འཇིགས་བྱེད་སྒྲུབ་པའི་ཚེ། །སྐུ་དངོས་སུ་བསྟན་ནས་རྭ་རྩེད་མཛད། །ལྷ་འཇམ་དཔལ་དུག་གདོང་ལོ་གསུམ་བསྒྲུབ། །ཡུལ་ཚྭ་བའི་བརྟན་མས་དམ་བཅའ་ཕུལ། །ཁོང་དེ་འདྲའི་ནུས་ལྡན་རྣལ་འབྱོར་ལ། །གཞན་ཕལ་པས་མཐུ་སྲེག་བྱེད་ཅེས་ཐོས། །ད་ཞིང་ཁམས་གཤེགས་པ་།བདེན་བདེན་འདྲ། །འདི་བསམ་ཞིང་རྣལ་འབྱོར་སྐྱོ་བ་སྐྱེས། །མཐུ་ནུས་པ་ལ་སྙིང་པོ་མི་འདུག་པས། །རང་དམ་ཆོས་བསྒྲུབ་པའི་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་


CMR050_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཆོས་མི་ཚེར་བསླབ་པའི་དགེ་བཤེས་འགའ། །སེམས་མ་དུལ་ཐ་མ་མི་ནག་འདྲ། །ཆོས་མི་ཚེར་བསྒོམ་པའི་རྟོགས་ལྡན་འགས། །སེམས་མ་ཐུལ་རྒྱག་རེས་ངན་མཚངས་ཀློག །ཟོག་མི་འདོད་ཟེར་བའི་བྱ་བཏང་འགས། །ཟོག་མི་རྙེད་འབུལ་སྡུད་སྣ་དགུ་འགྲིམ། །འདི་བསམ་ཞིང་རྣལ་འབྱོར་སྐྱོ་བ་སྐྱེས། །ཆོས་མི་རྟག་འཆི་བ་མ་དྲན་ན། །ཆོས་བྱས་ཚད་ཚེ་འདིའི་ཆེ་ཐབས་རེད། །རང་འཆི་བ་དྲན་པས་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་པ། །རྒྱུད་མན་ངག་གང་ལ་བལྟས་ན་ཡང་། །ཆོས་ཐབས་ལམ་གཏུམ་མོའི་གདམ་ངག་དང་། །ཆོས་གྲོལ་ལམ་ཕྱག་རྒྱ་ཆེན་པོ་གཉིས། །ཆོས་འདི་བས་ཟབ་པ་མི་འདུག་པས། །རང་ཉམས་ལེན་མ་ནོར་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་པ། །བུ་བརྩོན་འགྲུས་བསྐྱེད་དམ་བལ་པོ་བ། །ཁམས་བྱིང་བ་གསིང་བའི་དབྱངས་ཆུང་འདི། །སེམས་སྐྱོ་ཤས་བསྐུལ་ནས་བུ་ལ་སྤྲིངས། །ཞེས་སྨྲས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྐུ་ཆེ་ཕྲ་ཅི་རིགས་པ་རྣམས་ལ་བསླབ་བྱ་ཕན་སེམས་སུ་གདམས་པ་ཕན་བདེའི་ཆུ་གཏེར།next