Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།


  collapse section
   
   
   
   
   
   
   
   
   
   
   
   
ལམ་གྱི་རྗེས་ཐོབ་གདེང་གྲོལ་ཐོག་ཏུ་བཅའ་བའམ་ཡོངས་གྲོལ་མཉམ་པ་ཆེན་པོའི་ཆིངས་སུ་བཅིངས་བས་སྤྱོད་པའི་གྲོགས་ཀྱི་སྟོངས་འདེབས་པ་ལ།
   
   
   
   
   
   
   


 
previousལམ་གྱི་རྗེས་ཐོབ་གདེང་གྲོལ་ཐོག་ཏུ་བཅའ་བའམ་ཡོངས་གྲོལ་མཉམ་པ་ཆེན་པོའི་ཆིངས་སུ་བཅིངས་བས་སྤྱོད་པའི་གྲོགས་ཀྱི་སྟོངས་འདེབས་པ་ལ།next

ལམ་གྱི་རྗེས་ཐོབ་གདེང་གྲོལ་ཐོག་ཏུ་བཅའ་བའམ་ཡོངས་གྲོལ་མཉམ་པ་ཆེན་པོའི་ཆིངས་སུ་བཅིངས་བས་སྤྱོད་པའི་གྲོགས་ཀྱི་སྟོངས་འདེབས་པ་ལ།

སྤྱི་དོན་གསུམ་པ་ལམ་གྱི་རྗེས་ཐོབ་གདེང་གྲོལ་ཐོག་ཏུ་བཅའ་བའམ་ཡོངས་གྲོལ་མཉམ་པ་ཆེན་པོའི་ཆིངས་སུ་བཅིངས་བས་སྤྱོད་པའི་གྲོགས་ཀྱི་སྟོངས་འདེབས་པ་ལ༔ ངོ་བོ་སྤྱིར་བསྟན་པ༔ རང་བཞིན་རྒྱས་པར་བཤད་པ༔ རྣམ་པས་དོན་བསྡུས་པ་དང་གསུམ་ལས༔ དང་པོ༔ ངོ་བོ་དང་༔ ངེས་ཚིག༔ དབྱེ་བ༔ མཐུན་དཔེ༔ འབོད་སྐད་དང་ལྔ་ལས༔

དང་པོ་ནི༔ སྤྱོད་པ་མ་འགགས་པ་དོན་དང་འབྱོར་བར་སྤྱོད་པས་ལྟ་སྒོམ་ལ་བོགས་ཐོན་པའི་ལས་ཅན༔ ངོ་བོ་མ་ཆགས་པ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་སྟེ༔ རྩལ་རྫོགས་ལས༔ སྤྱོད་པའི་ངོ་བོ་མི་ཆགས་པ༔ ཞེས་དང་༔ ལྷ་མིན་གཡུལ་བཟློག་ལས༔ སྤྱོད་པའི་ངོ་བོ་ཐབས་དང་ཤེས་རབ་ཡིན༔ ཞེས་དང་༔ ཀུན་གསལ་ལས༔ སྤྱོད་པའི་ངོ་བོ་ནི་མ་ཆགས་པར་དོན་དང་འབྱོར་བའོ༔

གཉིས་པ་ངེས་ཚིག་ནི༔ དོན་སོ་སོ་དང་མཐུན་པར་འཇུག་ཅིང་ལོངས་སྤྱོད་པ་དང་༔ ཁྱད་པར་དུ་འཛིན་པ་ཐོང་ཞིང་རང་སར་གྲོལ་བ་ཡིན་པས༔ རྩལ་རྫོགས་ལས༔ ངེས་ཚིག་འཛིན་པ་ཐོང་བར་བསྟན༔ ཞེས་དང་༔ ལྷ་མིན་གཡུལ་བཟློག་ལས༔ ངེས་ཚིག་འཁོར་འདས་རང་གྲོལ་ཡིན༔ ཞེས་དང་༔ ཀུན་གསལ་ལས༔ སྤྱོད་པའི་ངེས་ཚིག་ནི་དོན་སོ་སོ་དང་མཐུན་པར་འཇུག་ཅིང་ལོངས་སྤྱོད་པས་ནའོ༔ ཞེས་སོ༔

དབྱེ་བ་ནི༔ སྤྱི་དང་བྱེ་བྲག་ལྟར་བཤད་པ་གཉིས་ལས༔ དང་པོ་ལ༔ མུ་སྟེགས་པའི་བརྟུལ་ཞུགས་སོགས་སྤྱོད་པ་འཁྲུལ་པ་དང་༔ མཚན་ཉིད་པས་གོལ་བ་དང་༔ སྔགས་ཕྱི་ནང་གི་ཡངས་པ་དང་༔ རྫོགས་པ་ཆེན་པོའི་རང་གྲོལ་གྱི་སྤྱོད་པ་སྟེ་བཞི་དང་༔ གཡུལ་བཟློག་པས༔ དབྱེ་བ་སྤྱོད་པ་འཁྲུལ་བ་དང་༔ སྤྱོད་པ་གོལ་དང་ཡངས་པ་དང་༔ སྤྱོད་པ་རང་གྲོལ་ཤེས་པའོ༔ ཞེས་དང་༔ མ་ཆགས་འཛིན་པའི་སྤྱོད་པ་དང་༔ དགག་སྒྲུབ་མེད་པའི་སྤྱོད་པ༔ ཆགས་ལ་མ་ཞེན་པའི་སྤྱོད་པ་དང་གསུམ་སྟེ༔ རང་ཤར་ལས༔ མ་ཆགས་འཛིན་པའི་སྤྱོད་པ་དང་༔ དགག་སྒྲུབ་མེད་པའི་སྤྱོད་པ་དང་༔ ཆགས་པ་ཞེན་མེད་སྤྱོད་པའོ༔ དེ་ནི་སྒོམ་པའི་ཚིག་ཏུ་བསྟན༔ བྱང་ཆུབ་པ་ལ་དེ་བཞིན་སྤྱོད་པ་གནས༔ ཞེས་སོ༔ དང་པོ་ནི༔ མཚན་ཉིད་སྡེ་གསུམ་གྱི་སྤྱོད་པ་བླང་དོར་ལ་གཟོབ་པ་ལྷུར་ལེན་ཅིང་དག་གྲོལ་ངེས་འབྱིན་དུ་ལྟ་བས་ཆགས་པ་ཆེན་པོས་བཅིངས་བ་ཐབས༔ རྟོགས་པ་མ་རྙེད་པ་ཚུལ་འཆོས་ཀྱི་སྤྱོད་པའོ༔ དགག་སྒྲུབ་མེད་པའི་སྤྱོད་པ་ནི༔ གསང་སྔགས་ཕྱི་ནང་གི་སྤྱོད་པ་སྟེ༔ ཉོན་མོངས་པ་ལྷའི་ངོ་བོར་ལམ་དུ་ཁྱེར་བས་དགག་པར་མི་འདོད་ཅིང་༔ སེམས་ལས་མ་གཏོགས་པའི་ཡེ་ཤེས་སྒྲུབ་པར་མི་འདོད་ཅིང་༔ དོན་གྱི་ཆགས་དང་བཅས་པའོ༔ དེ་གཉིས་ནི་བླང་དོར་དང་བཅས་པའི་སྤྱོད་པའི་ཁོངས་སུ་འདུ་སྟེ༔ དེས་ན་སྐབས་ཀྱི་རྫོགས་ཆེན་རང་གི་སྤྱོད་པ་མ་ཡིན་པས༔ འདིར་དབྱེ་བའི་ཁོངས་ནས་ཅུང་ཟད་སྨྲས་པའོ༔ དེ་སྐད་དུའང་རང་ཤར་ལས༔ མ་ཆགས་འཛིན་པའི་སྤྱོད་པ་ནི༔ མཚན་ཉིད་ཐེག་པའི་སྤྱོད་པ་སྟེ༔ དོན་གྱི་ཆགས་པ་ཆེན་པོས་བཅིངས༔ ཐབས་མེད་གྲོལ་བར་ག་ལ་འགྱུར༔ དོན་མེད་སྤྱོད་ལ་ཆགས་པའོ༔ འཛིན་པའི་རྟོགས་པས་རང་རྒྱུད་བཅིངས༔ གྲོལ་བར་མི་འགྱུར་ཡུན་རིང་གནས༔ ཚུལ་འཆོས་དག་གི་སྤྱོད་པའོ༔ ཞེས་དང་༔ དགག་བསྒྲུབ་མེད་པའི་སྤྱོད་པ་ནི༔ གསང་སྔགས་ཕྱི་ནང་སྤྱོད་པ་སྟེ༔ ཉོན་མོངས་དགག་པར་མི་འདོད་ཅིང་༔ ཡེ་ཤེས་བསྒྲུབ་པར་མི་འདོད་ལ༔ ཚིག་དོན་འབྲེལ་བའི་སྤྱོད་པའོ༔ དོན་གྱི་ཆགས་མེད་མ་ཡིན་ཏེ༔ ཐབས་མཆོག་སྤྱོད་པ་ཁྱད་པར་འཕགས༔ ཐབས་ཆེན་འཛིན་སྤྱོད་དེ་བཞིན་ནོ༔ དེ་བཞིན་སྤྱོད་པའི་རྣལ་འབྱོར་ཀྱང་༔ ཡང་དག་ཉིད་ཀྱི་སྤྱོད་པ་མིན༔ ཐབས་ཀྱི་ཁྱད་ཀྱིས་བྱང་ཆུབ་འབྱུང་༔ ཁྱད་པར་གཅིག་གི་ངོ་གང་ལ༔ ཡེ་ཤེས་རྟོགས་པའི་འདུ་འབྲལ་མེད༔ ཅེས་སོ༔ ཆགས་ལ་ཞེན་མེད་གྱི་སྤྱོད་པ་ལའང་བླང་དོར་ཡོད་མེད་ཀྱིས་བསྡུས་པའི་སྤྱོད་པ་གསུམ་སྟེ༔ ཉི་ཟླ་ཁ་སྦྱོར་ལས༔ སྤྱོད་པ་ནི་གསུམ་སྟེ༔ འཁོར་འདས་རུ་ཤན་འབྱེད་པ་ལུས་ངག་གི་སྤྱོད་པ་དང་༔ བརྟུལ་ཞུགས་ལམ་དུ་སློང་བར་བྱེད་པ་གྲངས་ཀྱི་སྤྱོད་པ་དང་༔ སྣང་བ་རང་སར་གྲོལ་བ་རིག་པ་རྣལ་དུ་ཕེབས་པའི་སྤྱོད་པའོ༔ ཞེས་སོ༔ དེ་ཡང་རུ་ཤན་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་༩བ༔ གྲངས་ཀྱི་སྤྱོད་པ་༢༡་ལ་རྣལ་དུ་འབབས་པ༔ མཉམ་བཞག་གི་སྤྱོད་པ་གྲོལ་ལུགས་རྣམ་པ་ལྔ༔ རྗེས་ཐོབ་ཀྱི་ལ་ཐུགས་རྗེ་ཆེན་པོའི་སྤྱོད་པ་དང་༔ ཐུགས་རྗེ་གདུང་བའི་སྤྱོད་པ་སྟེ༔ འགྲོ་དོན་རྫོགས་པའི་སྤྱོད་པ་གཉིས་རྣམས་ཡོད་པའོ༔ དོན་གསལ་ལས༔ དབྱེ་བ་རྣམ་པ་གཉིས་ཡིན་ཏེ༔ བླང་དོར་དང་བཅས་པའི་སྤྱོད་པ་དང་༔ བླང་དོར་མེད་འི་སྤྱོད་པའོ༔ ཞེས་སོ༔

མཐུན་དཔེ་ནི༔ སྤྱིར་སྣ་ཚོགས་སུ་བསྒྱུར་བ་དང་༔ གང་ལ་རེག་པས་སྨན་ལྟར་སྨན་དུ་འགྱུར་བས༔ ཀུན་གསལ་ལས༔ དཔེ་ནི་སྣ་ཚོགས་བསྒྱུར་བ་གར་མཁན་ལྟ་བུའོ༔ བཟོ་མཁས་པའི་སྐྱེས་བུའི་ལག་གི་འདུ་བྱེད་ལྟ་བུའོ༔ ཞེས་དང་༔ གཡུལ་བཟློག་གི་རྒྱུད་ལས༔ སྤྱོད་པའི་དཔེ་ནི་སྨན་པ་མཁས་པ་ནི༔ གང་ལ་རེག་པས་སྨན་འགྱུར་འདྲ༔ ཞེས་སོ༔ བྱེ་བྲག་གི་དཔེ་ནི་ཞར་ལས་འབྱུང་ངོ་༔

འབོད་སྐད་ནི༔ དོན་གསལ་ལས༔ སྤྱོད་པ་དང་ནི་ཕྲིན་ལས་དང་༔ བྱ་བ་བྱེད་པའི་ཚིག་རྣམས་དང་༔ རྣལ་འབྱོར་རབ་འབྲིང་ཐ་མ་དང༔ གཞི་ལམ་འབྲས་བུའི་སྤྱོད་པ་རྣམས༔ གར་བྱུང་ངས་བསྟན་བཞིན་དུ་བཤད༔ ཅེས་སོ༔

གཉིས་པ་རང་བཞིན་རྒྱས་པར་བཤད་པ་ལ༔ སྤྱོད་དུ་ཡོད་པ་རྗེས་སུ་ཐོབ་པ་དང་༔ སྤྱོད་དུ་མེད་པ་མཉམ་པར་བཞག་པའི་སྤྱོད་པ་གཉིས་ལས༔ དང་པོ་ལ༔ སྔོན་དུ་འགྲོ་བ་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་དང་༔ དངོས་གཞི་བརྟུལ་ཞུགས་ལམ་དུ་ལོང་བའི་སྤྱོད་པ་གཉིས་ལས༔

དང་པོ་འཁོར་འདས་རུ་ཤན་གྱི་སྤྱོད་པས་སྒོ་གསུམ་དང་ཁམས་གསུམ་གྱི་མངོན་པར་ཞེན་པ་བཙན་ཐབས་སུ་གཅོད་པར་བྱེད་པ་དཔའ་བོའི་གཡུལ་བཟློག་པ་ལྟ་བུ་སྟེ༔ རང་ཤར་ལས༔ དཔའ་བོ་ལྟ་བུའི་སྤྱོད་པ་ཡིས༔ འཁོར་འདས་རྣམས་ཀྱི་རུ་ཤན་དབྱེ༔ ཞེས་པ་ནི་སྔར་བཤད་གྲུབ་པོ༔

དངོས་གཞི་ནི༔ བརྟུལ་ཞུགས་ལམ་དུ་སློང་བ་དུས་ཚོད་ཀྱི་སྤྱོད་པ་ལ༔ དགེ་སྦྱོང་གཞོན་ནུའི༔ བརྟུལ་ཞུགས་རོ་སྙོམས་ཀྱི༔ རྒྱལ་པོ་ས་འཛིན་གྱི་སྤྱོད་པ་གསུམ་རིམ་པ་བཞིན་འབྱུང་བའོ༔

དང་པོ་ནི༔ དགེ་སྦྱོང་གཞོན་ནུའི་སྤྱོད་པ་ནི༔ ཆོས་སྤྱོད་བཅུ་དང་༔ ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་༔ རྡོ་རྗེ་ཐེག་པའི་སྤྱོད་པ་ཐམས་ཅད་དེ༔ རྒྱལ་བའི་མྱུ་གུ་བྱང་ཆུབ་སེམས་དཔའི་མདོ་སྔགས་ཀྱི་ཐེག་པ་བ་རྣམས་ཀྱི་སྤྱོད་པ་ཡང་འདིར་འདོར་བར་བྱ་བ་ནི་མ་ཡིན་ཏེ༔ དེ་ལྟ་ན་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བའམ༔ ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་བ་ཡིན་པས་ན༔ ཨོ་རྒྱན་ཆེན་པོས༔ ལྟ་བ་ཡས་འབེབས་སྤྱོད་པ་མས་ནས་འཛེག༔ ཞེས་དང་༔ ལྟ་བ་ནམ་མཁའ་བས་ཀྱང་མཐོ༔ ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ༔ ཅེས་པས་ལྟ་སྒོམ་གྱི་གྲོགས་སུ་ཐོག་མ་ཁོ་ནར་རྒྱུད་ལ་བརྟེན་པར་བྱ་དགོས་སོ༔

གཉིས་པ་བརྟུལ་ཞུགས་རོ་སྙོམས་ཀྱི་སྤྱོད་པ་ནི༔ དེ་ལས་ཅུང་ཟད་བློའི་རྩལ་འཕང་གོང་འཕེལ་དུ་ཐོབ་པས་སྒོ་གསུམ་གྱི་སྤྱོད་པ་འདིར་ཐོས་བསམ་གྱི་གདམས་ངག་འཚོལ་བ་དང་༔ འཁྲུལ་རྐྱེན་གྱི་ཡུལ་སྤངས་བ༔ འཁྲུལ་བའི་ངག་སྤངས་བ༔ ཐེ་ཚོམ་གྱི་དྲ་བ་གཅོད་པ༔ རང་ཡུལ་རྒྱབ་ཏུ་བསྐྱུར་བ་ལ་སོགས་པ་བཟའ་གཏད་མེད་པ་སྨྱོན་པ་ལྟ་བུ་དང་༔ ཟས་གོས་ལ་འདམ་ཀ་མེད་པ་ཁྱི་ཕག་ལྟ་བུ་དང་༔ མི་དང་མི་མིན་གྱི་གནོད་པ་དང་བྲལ་ནས་གང་ཡང་དབང་དུ་བསྒྱུར་ནུས་པ་དང་༔ སེང་གེ་གངས་ནས་འགྱིངས་པ་ལྟར་མཚན་མས་ཟིལ་གྱིས་མི་གནོན་པའི་ལྟ་བའི་གདངས་ལྡན་གྱི་སྤྱོད་པ་ལ་སོགས་པའོ༔

གསུམ་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ནི༔ རྣལ་འབྱོར་བའི་ལམ་ནས་འབྱུང་བ་སྟེ༔ དེ་ལ་ནང་གསེས་ཀྱི༔ ཐུགས་རྗེ་གདུང་བའི་སྤྱོད་པ་ནི༔ བུ་གཅིག་པའི་མ་བཞིན་དུ་སྟོང་ཉིད་ཀྱི་རང་མདངས་སྙིང་རྗེ་ཆེན་པོར་ཤར་བའི་བྱང་ཆུབ་སེམས་ཀྱིས་དྲངས་པས༔ སེམས་ཅན་གྱི་འཁོར་བའི་སྡུག་བསྔལ་བསལ་བ་དང་༔ གཏན་གྱི་བདེ་བ་སྒྲུབ་པའི་སྤྱོད་པ་ཡིན་ལ༔ ཐུགས་རྗེ་ཆེན་པོའི་སྤྱོད་པ་ནི༔ དེ་ཡང་ལུས་ངག་ཡིད་གསུམ་གྱི་འགྲོ་དོན་རྫོགས་པར་སྤྱད་པ་སྟེ༔ འདི་གཉིས་ཀུན་སློང་དང་ཀུན་སྤྱོད་ཀྱི་སྒོ་ནས་བཞག་པའོ༔ དེ་དག་ཀྱང་༔ ཀྱེ་ཀྱེ་ཐུབ་པ་ཆེན་པོ་ཉོན་ཅིག༔ ངས་བསྟན་ཁྱོད་ཀྱིས་ལེགས་པར་ཉོན༔ རྣལ་འབྱོར་དོན་ལ་སུས་སྦྱོར་བ༔ སྤྱོད་པ་འདི་ལ་གོམས་པར་བྱ༔ བུང་པ་ལྟ་བུའི་སྤྱོད་པ་ཡིས༔ ཆོས་རྣམས་ཀུན་གྱི་རོ་མྱང་བྱ༔ རི་དྭགས་ལྟ་བུའི་སྤྱོད་པ་ཡིས༔ འཁྲུལ་པའི་རྐྱེན་གྱུར་ཡུལ་རྣམས་སྤངས༔ ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས༔ འཁྲུལ་བའི་ངག་ནི་སྤང་བར་བྱ༔ ཐི་བྱ་ལྟ་བུའི་སྤྱོད་པ་ཡིས༔ གསང་བའི་སྔགས་ཀྱི་ཐེ་ཚོམ་བཅད༔ སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས༔ གཅིག་ཏུ་གནས་པའི་ཡུལ་རྣམས་སྤངས༔ སེང་གེ་ལྟ་བུའི་སྤྱོད་པ་ཡིས༔ འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ༔ ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས༔ གཙང་དང་སྨེ་བའི་རྟོག་པ་སྤངས༔ དོམ་བུ་ལྟ་བུའི་སྤྱོད་པ་ཡིས༔ དྲན་བསམ་ཐོག་བབ་ཉིད་དུ་སྤྱད༔ བུ་ཆུང་ལྟ་བུའི་སྤྱོད་པ་ཡིས༔ འཁྲུལ་པའི་ཞེན་པ་རྒྱུད་རེངས་སྤངས༔ ངང་མོ་ལྟ་བུའི་སྤྱོད་པ་ཡིས༔ འཇིག་རྟེན་མཐུན་པའི་ཚིག་གིས་དྲངས༔ གླང་ཆེན་ལྟ་བུའི་སྤྱོད་པ་ཡིས༔ འཁོར་བའི་གཡུལ་རྣམས་གཏིང་ནས་བཟློག༔ རི་སྐེགས་ལྟ་བུའི་སྤྱོད་པ་ཡིས༔ བུ་དང་དགྲ་ཡི་འདུ་ཤེས་སྤང་༔ ཉ་མོ་ལྟ་བུའི་སྤྱོད་པ་ཡིས༔ རྒྱའང་བྱུང་། འདོད་པས་ཆོག་ཤེས་དུས་ཚོད་བཅད༔ དྲེའུ་མོ་ལྟ་བུའི་སྤྱོད་པ་ཡིས༔ འཁོར་བའི་ས་བོན་སྤེལ་མི་བྱ༔ བྲམ་ཟེ་ལྟ་བུའི་སྤྱོད་པ་ཡིས༔ གཞན་གྱི་ལོངས་སྤྱོད་ཟས་རྣམས་སྤངས༔ དཔའ་བོ་ལྟ་བུའི་སྤྱོད་པ་ཡིས༔ འཁོར་འདས་རྣམས་ཀྱི་རུ་ཤན་དབྱེ༔ ཆུ་མིག་ལྟ་བུའི་སྤྱོད་པ་ཡིས༔ དྲན་པའི་རྟེན་ཉིད་རང་སར་བཞག༔ ནམ་མཁའ་མདུང་བསྐོར་སྤྱོད་པ་ཡིས༔ དངོས་པོ་རྣམས་ལ་ཟང་ཐལ་སྤྱོད༔ བར་སྣང་རླུང་འདྲའི་སྤྱོད་པ་ཡིས༔ གཟུང་དང་འཛིན་པའི་རྟོག་པ་སྤངས༔ བྱ་ཁྱུང་ལྟ་བུའི་སྤྱོད་པ་ཡིས༔ གཡང་ས་རྣམས་ནི་རླབས་ཀྱིས་གཅད༔ རི་བོ་ལྟ་བུའི་སྤྱོད་པ་ཡིས༔ འགྱུར་མེད་རང་དག་སྟེང་དུ་སྤྱད༔ ཐོག་ཆེན་ལྟ་བུའི་སྤྱོད་པ་ཡིས༔ སྣང་བ་ཕྱིར་མི་ལྡོག་པར་སྤྱད༔ ཅེས་དང་༔ སེང་གེ་རྩལ་རྫོགས་ལས༔ འོན་ཀྱང་གསང་དོན་འདི་ལྟ་སྟེ༔ འཛིན་མེད་ཡུལ་གྱི་སྤྱོད་པ་དང་༔ རང་སྣང་ཐབས་ཀྱི་སྤྱོད་པ་དང་༔ ཞེན་མེད་ཆགས་བྲལ་སྤྱོད་པ་དང་༔ སྟོང་པ་ལམ་གྱི་སྤྱོད་པ་དང་༔ རྩོལ་མེད་སྣང་བའི་སྤྱོད་པ་དང་༔ བརྟུལ་ཞུགས་དབང་གིས་སྤྱོད་པ་དང་༔ འཛིན་མེད་འཁོར་བའི་སྤྱོད་པ་དང་༔ རྣམ་པ་བདུན་དུ་གྲགས་པའོ༔ འཛིན་མེད་ཡུལ་གྱི་སྤྱོད་པ་ནི༔ དཔེར་ན་སྤྲང་བོ་ལྟ་བུར་བསྟན༔ རང་སྣང་ཐབས་ཀྱི་སྤྱོད་པ་ནི༔ དཔེར་ན་རི་དྭགས་ལྟ་བུར་བསྟན༔ ཞེན་མེད་ཆགས་བྲལ་སྤྱོད་པ་ནི༔ དཔེར་ན་བུ་ཆུང་ལྟ་བུར་བསྟན༔ སྟོང་པ་ལམ་གྱི་སྤྱོད་པ་ནི༔ རྒྱ་མཚོ་གཟའ་སྐར་ལྟ་བུར་བསྟན༔ རྩོལ་སེམས་སྣང་བའི་སྤྱོད་པ་ནི༔ གླང་ཆེན་སྨྱོན་པ་ལྟ་བུར་བསྟན༔ བརྟུལ་ཞུགས་དབང་གི་སྤྱོད་པ་ནི༔ དཔེར་ན་སྟག་མོ་ལྟ་བུར་བསྟན༔ འཛིན་མེད་འཁོར་བའི་སྤྱོད་པ་ནི༔ ནམ་མཁའི་མདུང་བསྐོར་ལྟ་བུར་བསྟན༔ ཞེས་དང་༔ ཀུན་གསལ་ལས༔ དྲན་པ་མེད་པའི་སྤྱོད་པ་ནི༔ རྣལ་འབྱོར་ཚུལ་འཆོས་མི་བྱ་བར༔ གླང་ཆེན་སྨྱོན་པ་བཞིན་དུ་སྤྱད༔ བུང་བ་མེ་ཏོག་འཇིབ་པ་བཞིན༔ གཅིག་ཏུ་ཞེན་མེད་རྣལ་འབྱོར་གང་བདེར་སྤྱོད༔ ཐུགས་རྗེ་ཆེན་པོའི་སྤྱོད་པ་ནི༔ དཔེར་ན་ཉི་མའི་སྙིང་པོ་བཞིན༔ ལུས་ངག་ཡིད་ཀྱིས་འགྲོ་དོན་རྫོགས་པར་སྤྱད༔ ཐུགས་རྗེ་གདུང་བའི་སྤྱོད་པ་ནི༔ བུ་གཅིག་པོ་ཡི་མ་བཞིན་ཏུ༔ རྣལ་འབྱོར་པ་ཡིས་འགྲོ་དོན་སྤྱད༔ ཅེས་གསུངས་སོ༔


previousལམ་གྱི་རྗེས་ཐོབ་གདེང་གྲོལ་ཐོག་ཏུ་བཅའ་བའམ་ཡོངས་གྲོལ་མཉམ་པ་ཆེན་པོའི་ཆིངས་སུ་བཅིངས་བས་སྤྱོད་པའི་གྲོགས་ཀྱི་སྟོངས་འདེབས་པ་ལ།next