Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
དགོས་སོགས་ཆོས་བཞི་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousདགོས་སོགས་ཆོས་བཞི་བཤད་པ། next

དགོས་སོགས་ཆོས་བཞི་བཤད་པ།


GLG013_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྣམ་མཁྱེན་གྱིས་སངས་འཕགས་ཀྱི་མངོན་རྟོགས་བསྡུས་ཚུལ་ལ། དྲི་བ་དང་། ལན་


GLG013_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་པ་ཐམས་ཅད་མཁྱེན་པ་སོགས་ལས་བརྩམས་ཏེ་དྲི་བ་ཞུས་ཚུལ་ཡོད་དེ། བཅོམ་ལྡན་འདས་རྒྱུ་མཚན་དང་དགོས་པ་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་རྟོགས་སུ་གསུངས་པ་ལགས། ཞེས་ཞུས་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མངོན་རྟོགས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་སྟེ། རབ་འབྱོར། རྣམ་པ་ངོ་བོ་གང་དག་དང་། རྟགས་འབྲས་བུ་གང་དག་དང་། མཚན་མ་རྒྱུ་གང་དག་གིས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་རབ་ཏུ་བརྗོད་ཅིང་། ཐ་སྙད་འདོགས་པའི་རྣམ་པ་སྔར་བཤད་པ་ལྟར་ངོ་བོ་སོགས་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པ་དེའི་ཕྱིར། གཉིས་པ་བསྡུས་པའི་ཤེས་བྱེད་ཁ་འཕངས་པ་ནི། ཤེས་བྱ་ཆོས་ཅན། ཡུམ་བར་པ་ལས། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་བསྡུས་ཚུལ་གསུངས་པ་དེ་བཞིན་དུ་མདོར་བསྡུས་པ་བརྒྱད་སྟོང་པ་ལས་ཀྱང་གསུངས་ཏེ། དེ་ལས་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པ་རྣམས་ཀྱིས་ཀྱང་ཡུམ་ལ་བསླབ་ཅེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར། རྒྱས་པའི་ཤེས་བྱེད་ཁ་འཕངས་པ་ནི། ཤེས་བྱ་ཆོས་ཅན། དེ་གཉིས་སུ་ཟད། རྒྱས་པ་ལས་ཀྱང་གསུངས་ཏེ། རྒྱུན་དུ་ཞུགས་པའི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། གསུམ་པ་ལུང་གི་དོན་བཤད་པ་ལ། དང་པོའི་དོན་བཤད་པ། གཉིས་པའི་དོན་བཤད་


GLG013_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པ། གསུམ་པའི་དོན་བཤད་པའོ། །དང་པོ་ནི། མཁྱེན་གསུམ་བསྟན་པ་དེ་ལ་སྟེ། དེའི་ནང་ནས་ཐམས་ཅད་ཤེས་པ་ཉིད་ནི་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། དམིགས་པ་གཟུགས་ལ་སོགས་པའི་ཆོས་ལ་དམིགས་ནས། རྣམ་པ་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་གི་རྟེན་ཅན། བྲལ་བའི་འབྲས་བུ་གང་ཟག་གི་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་པའི་ཕྱིར། གཉིས་པ་ནི། ལམ་ཤེས་པ་ཉིད་ནི་ཆོས་ཅན། ཐབས་ཤེས་ཁྱད་པར་ཅན་དང་ལྡན་ཏེ། ཐེག་པ་གསུམ་པོ་ཐམས་ཅད་ཀྱི་ངེས་པར་འབྱུང་བའི་ཤེས་རབ་དང་། དུས་མ་ཡིན་པར་དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་གྱིས་ཐབས་དང་། སྐྱེས་བུ་བྱེད་པའི་འབྲས་བུ་སེམས་ཅན་འཁོར་དུ་མ་བསྡུས་པ་རྣམས་སྡུད་པ་དང་། ལ་སོགས་པས་བསྡུས་པ་རྣམས་སྨིན་གྲོལ་དུ་བྱེད་པ་ཅན་ཡིན་པའི་ཕྱིར། གསུམ་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་ཅན། དོན་གཉིས་མཐར་ཕྱིན་པ་ཡིན་ཏེ། དམིགས་པ་ཆོས་ཐམས་ཅད། རྣམ་པ་བདེན་པའི་སྐྱེ་བ་མེད་པར་རྟོགས་པའི་རྟེན་ཅན། འབྲས་བུ་གཞན་དོན་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱུན་མི་ཆད་པ་དང་། རང་དོན་ཡང་དག་པ་ཉིད་ཀྱི་མཐའ་སླར་མི་ལྡང་བའི་ཚུལ་གྱིས་མངོན་སུམ་དུ་རྟོགས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་བག་ཆགས་ཀྱིས་རིགས་འདྲ་ཕྱི་མ་མཚམས་སྦྱོར་བ་ཉིད་སྤངས་པ་ཅན་ཡིན་པའི་ཕྱིར། བཞི་པ་དོན་བསྡུ་བ་ནི། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་མཐའ་དག་བསྡུས་པ་དེ་ལྟ་བས་ན་མངོན་པར་རྟོགས་པའི་རྒྱན་ནི་ཆོས་ཅན། ཁྱོད་ཀྱི་འཕགས་བཞིའི་མངོན་པར་རྟོགས་པ་རིལ་ཏེ། མ་ལུས་པ་རྫོགས་


GLG013_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པ་ཡིན་ནོ། །ཞེས་བྱ་བ་འདི་འཐད་པ་ཡིན་ཏེ། ཁྱོད་ཀྱིས་གཞི་དང་གཉེན་པོ་དང་རྣམ་པ་ཐམས་ཅད་བརྗོད་བྱར་བསྡུས་པའི་ཕྱིར། གཉིས་པ་མདོ་དང་ཟློས་པའི་སྐྱོན་སྤངས་ནས་དགོས་པ་ཡོད་པར་སྒྲུབ་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། རྗེ་བཙུན་གྱིས་རང་གི་བསྟན་བཅོས་ཀྱི་བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་དང་། འབྲེལ་བ་ཁོངས་ན་ཡོད་པ་རྣམས་གསུངས་པ་ཡིན་ཏེ། ཤེར་ཕྱིན་དང་རྒྱན་གྱི་ཐུན་མོང་མ་ཡིན་པའི་དགོས་པའི་ཁྱད་པར་མི་ཤེས་པའི་སྐྱེ་བོ་བློ་གྲོས་དམན་པ་དག་གི་དོགས་པ་བསལ་བའི་ཕྱིར་དུ་ཡིན་པའི་ཕྱིར། ཇི་ལྟར་དྭོགས་ཚུལ་ཡོད་དེ། བཅོམ་ལྡན་འདས་འཕགས་པ་མ་རྒྱལ་བ་ལས་རྒྱལ་བས་ཡང་མངོན་རྟོགས་བརྒྱད་ཀྱི་རིམ་པ་དེ་བསྟན་པ་ལ་དགོས་པའི་དོན་ཅི་ཞིག་ཡོད་དམ་མེད་སྙམ་དུ་དོགས་པའི་ཕྱིར། ཤེས་བྱ་ཆོས་ཅན། ལོག་རྟོག་སྐྱེ་བའི་རྒྱུ་མཚན་ཡོད་དེ། བཅོམ་ལྡན་འདས། ཚིག་རྒྱས་པ་དང་། འབྲིང་དང་། མདོར་བསྡུས་པ་ལ་དད་པའི་སེམས་ཅན་ལ་ཕན་འདོགས་པར་བཞེད་པ་ཐུགས་རྗེ་ཅན་ཉིད་ཀྱིས་རྒྱལ་བའི་ཡུམ་གསུམ་པོ་དེ་དང་དེ་ལས་དོན་མངོན་པར་རྟོགས་པར་བརྒྱད་ཀྱི་རིམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མཐའ་དག་གསལ་བར་མཛད་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དགོས་འབྲེལ་གྱི་ངག་བཀོད་པ་ལ་དགོས་པ་ཡོད་དེ། དེ་གདུལ་བྱ་བསྟན་བཅོས་ལ་འཇུག་པའི་ཐབས་ཀྱི་ཡན་ལག་ཡིན་པའི་ཕྱིར། དེ་ལ་བརྟེན་ནས་གདུལ་བྱ་བསྟན་བཅོས་ལ་འཇུག་པར་འགྱུར་ཏེ། ངག་འདི་ལ་བརྟེན་ནས་དགོས་པ་ཤས་ཆེར་ཡོད་སྙམ་པའི་དོན་ལ་ཐེ་ཚོམ་སྐྱེ་བ་ཉིད་ཀྱིས་འཇུག་པའི་ཕྱིར། གཉིས་པ་རྩ་བ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས།


GLG013_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། ཤེས་བྱ་ཆོས་ཅན། བསྟན་བཅོས་འདི་བརྩམས་པས་མདོ་དང་ཟློས་པའི་སྐྱོན་མེད་དེ། འདི་ལ་བརྟེན་ནས་མདོའི་དོན་བདེ་བླག་ཏུ་ནི་རྟོགས་པ་ཞེས་བྱ་བ་ནི་བསྟན་བཅོས་འདི་རྩོམ་པའི་དགོས་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། མདོ་དོན་བདེ་བླག་ཏུ་རྟོགས་པ་ལ་དགོས་པ་ཡོད་དེ། དེ་ལ་བརྟེན་ནས་རྣམ་མཁྱེན་མཚོན་བྱེད་ཀྱི་སེམས་བསྐྱེད་སོགས་ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་མདོ་དོན་བློ་གྲོས་དང་ལྡན་པའི་བྱང་ཆུབ་སེམས་དཔས་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། མདོ་དོན་འདི་མངོན་སུམ་དུ་ཐོབ་པའི་ཐབས་ཡོད་དེ། དེ་ཐོས་བསམ་གྱིས་དྲན་པའི་ལམ་བཞག་ནས་གོམས་པས་མངོན་དུ་འགྱུར་བའི་ཕྱིར། མངོན་རྟོགས་རྒྱན་ཆོས་ཅན། རྟོགས་པར་བྱ་བའི་དོན་ཁྱད་པར་ཅན་དང་ལྡན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མངོན་སུམ་དུ་གཟིགས་ཤིང་། དེར་བགྲོད་པའི་ལམ་ཆོས་བཅུ་གནས་སྐབས་བརྒྱད་ཀྱིས་ཕྱེ་བ་སྟོན་པས། ཡུམ་གསུམ་པོ་འདི་ལས་བཤད་པ་གང་ཡིན་པ་དེ་བརྗོད་བྱར་གཏན་ལ་འབེབས་པའི་ཕྱིར། མངོན་པར་རྟོགས་པར་བརྒྱད་ཀྱི་རིམ་པ་དེ་ཆོས་ཅན། ཁྱོད་གང་ཟག་གང་ཡང་རུང་བས་རང་ལམ་དུ་རྫོགས་པར་ཉམས་སུ་མྱོང་བ་མ་ཡིན་ཏེ། ཕྱི་རོལ་པ་དང་ཉན་རང་སོགས་གཞན་གྱིས་མྱོང་བ་མ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། ཁ་ཅིག །རྒྱན་གྱི་ཉིང་དགོས་ཡིན་ན། དེའི་ཉིང་དགོས་མཐར་ཐུག་ཡིན་པས་ཁྱབ་ཟེར་ན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་རྒྱན་ལ་ཐོས་སོགས་ཀྱིས་ཞུགས་པ་ལ་བརྟེན་ནས་མཐར་ཐོབ་པའི་ས་བཅུའི་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེས་རྒྱན་ལ་


GLG013_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་སོགས་ཀྱིས་ཞུགས་པ་དེ་གནས་སྐབས་ས་བཅུ་འཐོབ་པའི་ཆེད་དུ་ཡིན་པའི་ཕྱིར། ཁ་ཅིག །རྒྱན་གྱི་དགོས་འབྲེལ་ངག་གི་བརྗོད་བྱ་དང་། བསྟན་བཅོས་ལུས་ཀྱི་བརྗོད་བྱ་གཉིས་འགལ་ཟེར་ན། རྒྱས་འབྲིང་བསྡུས་གསུམ་གྱི་བརྗོད་བྱ་བསྟན་བཅོས་ལུས་ཀྱི་བརྗོད་བྱ་མ་ཡིན་པར་ཐལ། དགོས་འབྲེལ་ངག་གི་བརྗོད་བྱ་ཡིན་པའི་ཕྱིར། དེར་ཐལ། དེ་དགོས་འབྲེལ་ངག་དེས་རྒྱས་འབྲིང་བསྡུས་གསུམ་གྱི་ཚིག་དོན་རྣམས་མངོན་རྟོགས་རྒྱན་གྱི་བརྗོད་བྱར་གཏན་ལ་འབེབས་པའི་ཕྱིར། དེར་ཐལ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང་། །ཞེས་གསུངས་པའི་ཕྱིར། ཁ་ཅིག །རྒྱན་གྱི་དགོས་སོགས་ཀྱི་འབྲེལ་པ་ཡིན་ན། དེ་བྱུང་གི་འབྲེལ་བ་ཡིན་པས་ཁྱབ་ཟེར་ན། རྒྱན་གྱི་བརྗོད་བྱ་རྒྱན་ལ་འབྲེལ་བའི་འབྲེལ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་འདྲའི་འབྲེལ་པ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། འདུས་མ་བྱས་ཡིན་པའི་ཕྱིར། ཁ་ཅིག །མངོན་རྟོགས་རྒྱན་གྱི་དགོས་སོགས་ཀྱི་འབྲེལ་བ་ཡིན་ན་བདག་གཅིག་གི་འབྲེལ་བ་ཡིན་པས་ཁྱབ་ཟེར་ན། དེའི་ཆེད་དུ་བྱ་བའི་གདུལ་བྱས་དེ་ལ་བརྟེན་ནས་ཡུམ་གྱི་ཚིག་དོན་བདེ་བླག་ཏུ་རྟོགས་པའི་མཐུ་ལ་བརྟེན་ནས་མཐར་སྐྱེས་པའི་རྣམ་མཁྱེན་དེ་དེ་ལྟར་རྟོགས་པ་ལ་འབྲེལ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་བྱུང་གི་འབྲེལ་བ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ལ། ངག་ཙམ་ལ་ཡོད་པའི་དགོས་སོགས་ཆོས་བཞི་ནི། དཔེར་ན། ཆོས་སྟོན་ཅིག་ཅེས་པ་ལྟ་བུའི་ངག་ལ་མཚོན་ན་ཆོས་སྟོན་པ་ངག་དེའི་བརྗོད་བྱ། དེ་ལ་བརྟེན་ནས་གཞན་གྱི་ཆོས་ཐོས་པ་ངག་དེའི་དགོས་པ། དེ་ལ་བརྟེན་ནས་མཐར་གདུལ་བྱའི་འདོད་དོན་གྲུབ་


GLG013_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངག་དེའི་ཉིང་དགོས། དེའི་ཉིང་དགོས་སུ་གྱུར་པའི་དངོས་པོ་དེའི་དགོས་པར་གྱུར་པའི་དངོས་པོ་ལ་འབྲེལ་བ་སོགས་ངག་དེའི་འབྲེལ་བ་ཡིན། དགོས་འབྲེལ་ངག་ལ་ཡོད་པའི་དགོས་སོགས་ཆོས་བཞི་ནི། བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་དགོས་འབྲེལ་ངག་གི་བརྗོད་བྱ། དེ་ལ་བརྟེན་ནས་གདུལ་བྱས་རྒྱན་ལ་དགོས་སོགས་ཆོས་བཞི་ཡོད་པར་རྟོགས་པ་དེ་དེའི་དགོས་པ། དེ་ལ་བརྟེན་ནས་གདུལ་བྱས་རྒྱན་ལ་ཐོས་བསམ་གྱིས་ཞུགས་པ་དེ་དེའི་ཉིང་དགོས། འབྲེལ་བ་ནི་སྔར་ལྟར། བསྟན་བཅོས་ལུས་ལ་ཡོད་པའི་དགོས་སོགས་ཆོས་བཞི་ནི། ཤེར་ཕྱིན་གྱི་མདོའི་སྦས་དོན་མངོན་རྟོགས་བརྒྱད་མཚོན་བྱེད་དོན་བདུན་བཅུ་དང་བཅས་པ་དེ་རྒྱན་གྱི་བརྗོད་བྱ། དེ་ལ་བརྟེན་ནས་གདུལ་བྱས་དེ་རྣམས་བདེ་བླག་ཏུ་རྟོགས་པ་རྒྱན་གྱི་དགོས་པ། དེ་ལ་བརྟེན་ནས་རྒྱན་གྱི་གདུལ་བྱས་མཐར་རྣམ་མཁྱེན་ཐོབ་པ་རྒྱན་གྱི་ཉིང་དགོས། འབྲེལ་བ་ནི་སྔར་དང་འདྲའོ། །གསུམ་པ་རྩོད་པ་སྤོང་པ་ལ། ཁ་ཅིག །རྒྱན་དུ་དགོས་འབྲེལ་གྱི་ངག་སྨོས་པ་ལ་དགོས་པ་མེད་པར་ཐལ། དགོས་འབྲེལ་ངག་གི་བརྗོད་བྱ་དང་བསྟན་བཅོས་ལུས་ཀྱི་བརྗོད་བྱ་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། རྒྱན་གྱི་སྐབས་དང་པོ་ལས་ལོགས་སུ་སྐབས་གཉིས་པ་གསུངས་པ་ལ་དགོས་པ་མེད་པར་ཐལ། དེ་གཉིས་ཀྱི་བརྗོད་བྱ་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། ཁ་ཅིག་རྒྱས་འབྲིང་བསྡུས་གསུམ་གྱི་དོན་བདེ་བླག་ཏུ་རྟོགས་པ་དེ་རྒྱན་གྱི་དགོས་པ་ཡིན་པར་ཐལ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་དེ་ལ་བརྟེན་ནས་རྒྱས་འབྲིང་བསྡུས་གསུམ་གྱི་དོན་བདེ་བླག་ཏུ་རྟོགས་པ་དེ་རྒྱན་གྱི་དགོས་པ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན།


GLG013_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱན་ལ་རག་ལས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྒྱན་མ་བརྩམས་པའི་སྔ་རོལ་ཏུ་དེ་ཡོད་པའི་ཕྱིར། གསུམ་པ་འགྲེལ་པ་འཆད་པ་ལ། དགོས་པ། ཉིང་དགོས། བརྗོད་བྱ་བཤད་པ་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། བསྟན་བཅོས་འདི་བརྩམས་པ་ལ་དགོས་པ་ཡོད་དེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ཀྱི་ཡུམ་དོན་བདེ་བླག་ཏུ་རྟོགས་པར་འགྱུར་བ་ནི་བསྟན་བཅོས་འདི་བརྩམས་པའི་དགོས་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གང་བདེ་བླག་ཏུ་རྟོགས་པ་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན། བྱང་ཆུབ་ཀྱི་སེམས་དང་། སྒྲུབ་པ་ལ་སོགས་པའི་མཚན་ཉིད་མཚོན་བྱེད་ཀྱི་ཆོས་བཅུ་བཞིར་བྱས་ནས་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པར་ཕྱེ་བ་དེ་ཉིད་རྟོགས་པར་འགྱུར་བའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། འདིའི་ཉིང་དགོས་མེད་པ་མ་ཡིན་ཏེ། དགོས་པའི་ཡང་དགོས་པའི་ཆེད་དུ་མངོན་པར་འདོད་པའི་དོན་ནི་ཉིང་དགོས་ཡིན་པའི་ཕྱིར། དེར་ཐལ། དགོས་པ་འདི་ལ་བརྟེན་ནས་ཆོས་ཀྱི་དབྱིངས་ཆོས་ཅན་ཐམས་ཅད་ལ་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་ས་རབ་ཏུ་དགའ་བ་དང་། ལ་སོགས་པ་གཉིས་པ་ནས་བཅུ་པའི་བར་རྣམས་རྟོགས་ཤིང་། ཐོབ་པའི་རིམ་པས་མངོན་རྟོགས་ཀྱི་རིམ་པ་མཐའ་དག་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་བྱེད་པར་འགྱུར་བ་ཞེས་བྱ་བ་འཐོབ་པའི་ཕྱིར། ཤེས་བྱ་ཆོས་ཅན། ཉིང་དགོས་མངོན་དུ་འགྱུར་བའི་ཐབས་ཡོད་དེ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མ་ལུས་པ་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་སྤྱོད་པའི་རྟེན་སེམས་བསྐྱེད་དང་སྤྱོད་པ་ཉམས་སུ་ལེན་པའི་སྒྲུབ་པའི་སྤྱོད་པ། ཐོབ་བྱའི་འབྲས་བུ་བསྡུས་པ་རྣམས་ཐོས་བསམ་གྱིས་དྲན་པའི་ཤེས་པ་ལ་སོགས་པར་བཞག་ནས་


GLG013_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་མངོན་དུ་བྱེད་པར་འགྱུར་བའི་ཕྱིར། དེ་ཆོས་ཅན། མངོན་པར་རྟོགས་པ་བརྒྱད་དུ་འབྱེད་པའི་རྒྱུ་མཚན་ཡོད་དེ། སྐབས་བརྒྱད་ཀྱི་གཏན་ལ་དབབ་བྱའི་གཙོ་བོའི་དབང་དུ་བྱས་ནས། མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་དུ་ཕྱེ་བའི་ཕྱིར། ཤེས་བྱ་ཆོས་ཅན། དྲན་ཤེས་ཀྱི་ཁྱད་པར་ཡོད་དེ། མངོན་པར་རྟོགས་པའི་རིམ་པ་རྣམས་ཐོས་དོན་ལ་རིགས་པས་བསམས་ནས། ཇི་ལྟར་འདོད་པར་ངེས་ཤེས་འདྲེན་ནུས་པས་ཉམས་སུ་མྱོང་བ་ཤིན་ཏུ་གསལ་བས་བཞག་པའི་བག་ཆགས་ལས་བྱུང་བའི་མི་བརྗེད་པའི་དྲན་པ་དང་། ཤེས་བཞིན་ནི་བྱར་བྱེད་པས་བློ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། གང་གིས་ཐོག་མར་ཐོས་བསམ་གྱིས་ཉམས་སུ་མྱོང་ནས་མཐར་མངོན་དུ་བྱེད་ཚུལ་ཡོད་དེ། བྱང་ཆུབ་སེམས་དཔའ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་དེ་ལྟ་བུའི་ལམ་ལ་ངེས་པར་འཇུག་ཅིང་། གཞན་དྲིང་མི་འཇོག་པས་ན། ཅི་ལ་ཡང་མ་རག་པར་ཆས་ཤིང་བརྩམས་པ་དག་ཁོ་ནས་མྱོང་བར་འགྱུར་བའི་ཕྱིར། གསུམ་པ་བརྗོད་བྱ་ནི། རྒྱན་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་ཡོད་དེ། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་དེ། ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་འདྲའི་བརྗོད་བྱ་གང་ཟག་གིས་བསྟན་པ་ཡོད་དེ། བཅོམ་ལྡན་འདས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་བསྟན་གྱི་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་རིགས་ཅན་གསུམ་མཐའ་དག་ལ་ཐེག་གསུམ་གྱི་ལམ་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །རྒྱན་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་ཁྱད་པར་ཅན་དང་ལྡན་ཏེ། ཁྱོད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་གང་ཞིག་མངོན་སུམ་དུ་རྟོགས་པས་
རྣམ་མཁྱེན་དུ་འཇོག་པའི་སངས་རྒྱས་ཉིད་ཀྱི་ལམ་སེམས་བསྐྱེད་ནས་སྒྲུབ་པའི་བར་ཏེ། དེ་གཞིར་བཟུང་ནས་གནས་སྐབས་བརྒྱད་དུ་ཕྱེ་ནས་མངོན་པར་རྟོགས་པ་བརྒྱད་པོ་ཐམས་ཅད་ཉེ་བར་མཚོན་པ་ཆོས་བཅུ་སྟོན་པ་དེས་ལྷུར་ལེན་པ་ཡིན་པའི་ཕྱིར། རྒྱན་ཆོས་ཅན། ཁྱོད་ཀྱི་བརྗོད་བྱའི་ཁྱད་པར་ཡོད་དེ། སེང་གེ་དང་འཕྲོག་བྱེད་སོགས་ཀྱི་རྗེས་འབྲང་ཕྱི་རོལ་པ་དང་། ཅིག་ཤོས་འདོད་ཆགས་དང་བྲལ་བ་ཉན་རང་ལ་སོགས་པ་ཆོས་ཐམས་ཅད་བདག་མེད་པ་མཐའ་ཀུན་དང་བྲལ་བ་ལ་གོམས་པར་མ་བྱས་པ་རྣམས་ཀྱིས། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པའི་རིམ་གྱིས་མ་མྱངས་པ་དེ་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དག་གིས་མ་མྱངས་པའི་རྒྱུ་མཚན་ཡོད་དེ། རྗོད་པར་བྱེད་པ་ཡུམ་གྱི་མདོ་རྒྱན་དང་བཅས་པ་དང་། བརྗོད་པར་བྱ་བ་མངོན་རྟོགས་བརྒྱད་པོ་དག་ཐབས་དང་ཐབས་ཀྱིས་སྒྲུབ་པར་བྱེད་པའི་ཚུལ་གྱིས་འགྲེལ་པར་མཛད་པ་ཡིན་པའི་ཕྱིར།


previousདགོས་སོགས་ཆོས་བཞི་བཤད་པ། next