ན་མོ་རཏྣ་ཏྲ་ཡཱ་ཡ། སྤངས་རྟོགས་ཡོན་ཏན་མཐར་ཕྱིན།
༄༅། །ན་མོ་རཏྣ་ཏྲ་ཡཱ་ཡ། སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །བདེན་གཉིས་ངོ་བོ་ལུང་རྟོགས་དམ་པའི་ཆོས། །རིག་གྲོལ་ཡོན་ཏན་མཆོག་མངའ་འཕགས་ཚོགས་སྡེ། །དཀོན་མཆོག་རིན་ཆེན་གསུམ་ལ་གསོལ་བ་འདེབས། །བརྒྱུད་གསུམ་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །གནས་གསུམ་མཁའ་འགྲོ་དམ་ཅན་གཏེར་སྲུང་ཚོགས། །རྩ་གསུམ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷར། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །སྐྱེ་བ་འདི་བཟུང་ཚེ་རབས་ཕྲེང་བ་ཀུན། །དལ་འབྱོར་རྟེན་ཐོབ་དགེ་བའི་བཤེས་ཀྱིིས་ཟིན། །ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག །གཞན་ཕན་བྱང་སེམས་རྒྱུད་ལ་འབྱོང་བར་ཤོག །ཁྱད་པར་སྔ་འགྱུར་ཐེག་ཆེན་ལམ་ལ་ཞུགས། །དབང་གིས་རྒྱུད་སྨིན་བསྐྱེད་རྫོགས་མཐའ་རུ་ཕྱིན། །དཀའ་བ་མེད་པར་རིག་འཛིན་གོ་འཕང་ཐོབ། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །གནས་སྐབས་ཀུན་ཏུ་ནག་ཕྱོགས་བདུད་རིགས་ཀྱི། །བར་ཆད་ཀུན་ཞི་ཚེ་བསོད་དཔལ་འབྱོར་རྒྱས། །ཆོས་དང་མཐུན་པའི་འདོད་པའི་དོན་མཐའ་དག །འབད་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་བཙུན་ཆུང་འགའ་ཞིག་གིས་ཤོག་ཛར་གཏད་ནས་ཁ་ཏོན་རྒྱུའི་སྨོན་ལམ་ཞིག་བྲི་རོགས་ཟེར་བས་དེ་འཕྲལ་སྤྲུལ་མིང་པས་བྲིས་པ་དགེ་ལེགས་འཕེལ།