Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
སྙིང་ཐིག་སྔོན་འགྲོ་དྲན་པ་ཉེར་བཞག་གི་ཁྲིད་ཡིག་རྒྱས་པ་ཀུན་བཟང་བླ་མའི་ཞལ་ལུང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousསྙིང་ཐིག་སྔོན་འགྲོ་དྲན་པ་ཉེར་བཞག་གི་ཁྲིད་ཡིག་རྒྱས་པ་ཀུན་བཟང་བླ་མའི་ཞལ་ལུང་།next

སྙིང་ཐིག་སྔོན་འགྲོ་དྲན་པ་ཉེར་བཞག་གི་ཁྲིད་ཡིག་རྒྱས་པ་ཀུན་བཟང་བླ་མའི་ཞལ་ལུང་།


JSD002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དེ་ལྟར་སྙིང་ཐིག་སྔོན་འགྲོ་དྲན་པ་ཉེར་བཞག་གི་ཁྲིད་ཡིག་རྒྱས་པ་ཀུན་བཟང་བླ་མའི་ཞལ་ལུང་གི་མཚམས་སྦྱོར་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མའི་གསུང་རྒྱུན་ཇི་ལྟ་བ་བཞིན་སློབ་བུའི་དྭངས་རྩེ་ཀཿཐོག་མཁན་ཆེན་ངག་གི་དབང་པོ་ཉིད་དགུང་གྲངས་བཅོ་བརྒྱད་དུ་ཕེབས་སྐབས་ཟིན་བྲིས་སུ་མཛད་པའི་དཔེ་འདི་ནི་ཞལ་སློབ་ཀྱི་གཙོ་བོ་དཔལ་ཡུལ་པད་ནོར་རིན་པོ་ཆེས་བརྡ་གོ་དགོན་དུ་སྤར་གསར་བསྐྲན་ཐོག་མ་གནང་ནའང་། ཞུ་དག་མ་གྲུབ་གོང་བླ་མ་ཞིང་བརྗེ་ཤོར་བ་དང་། དེ་རྗེས་ཁོ་བོའི་རྡོ་རྗེའི་མཆེད་དམ་པ་བླ་མ་དཀོན་མཆོག་འོད་ཟེར་གྱིས་སྤར་ཤིང་གི་མཐུན་རྐྱེན བསྒྲིགས་ཏེ། ལྷོ་འབྲུག་གི་སྦྱིན་བདག་དྲག་ཤོས་ཕྲིན་ལས་རྣམ་རྒྱལ་ལ་གཞན་བསྐུལ་མཛད་དེ་སྤར་གསར་བརྐོ་མཛད་པ་ཉིད་དེང་སང་བཞུགས་ནའང


JSD002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྱི་སྔ་མའི་ཁམས་སྤར་ཉིད་ཡིན་སྟབས་སྔ་རྗེས་གཉིས་ཀ་ལ་སྤར་རྩ་བྲི་མཁན་དང་ཤིང་བརྐོ་བས་ལྷག་ཆད་ཡིག་ནོར་སོགས་སྐྱོན་མང་ཙམ་མཆིས་པར། སུས་ཀྱང་དོ་སྣང་ཆེན་པོ་མ་བྱས་པའི་དབང་གིས་དཔེ་མ་དག་རྒྱུན་འབྱམས་ད་ལྟའི་བར་གྱུར་པ་ལ་ཞུ་དག་ཅིག་འགྲུབ་ན་ཅི་མ་རུང་སྙམ་པ་ཡིད་ལ་བཅགས་ཐོག །ལོ་ཤས་སྔོན་ནས་ཁྱིམ་ན་གནས་ཀྱང་བསྟན་པ་སྤྱི་དང་ཁྱད་པར། སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པོའི་ཆོས་ལ་མི་འཕྲོག་པའི་དད་ ེ མོས་བརྟན་པ་ལ་སྟོད་དིང་རི་བུ་ལགས་སྐལ་བཟང་ཆོས་དབང་དང་། ཉེ་ཆར་ཝ་ར་ཎ་སིའི་མཐོ་སློབ་རྙིང་མའི་མཁན་ཟུར་རིན་པོ་ཆེ་རིག་འཛིན་རྡོ་རྗེ་མཆོག་ནས་ཀྱང་དེང་དུས་བསྟན་པ་སྙིགས་མའི་མཐའ་འདིར་དབེན་པར་སྒྲུབ་ལ་གཞོལ་འདོད་ཅན་གྱི་ཆོས་དོན་གཉེར་བ་ཀུན་ལ་ལམ་གྱི་འཇུག་སྒོ་དང་པོ་


JSD002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོའི་ཟིན་བྲིས་འདི་མེད་ཀ་མེད་ཡིན་པར་བརྟེན་དཔེ་རྒྱུན་དག་པོ་ཞིག་བྱུང་ན་གླེགས་བམ་བརྒྱ་ཕྲག་ཁ་ཡར་འཕྲུལ་སྤར་གྱིས་བཞེངས་ནས་དོན་དུ་གཉེར་བ་ཀུན་ལ་ཆོས་སྦྱིན་རྒྱ་ཆེར་སྤེལ་འདུན་སྙིང་ཐག་པ་ནས་ཆེ་བས་ཞུ་དག་ཅིག་ཅིས་ཀྱང་བཀའ་དྲིན་བསྐྱངས་རོགས་གནང་ཞེས་གསོལ་བ་བཏབ་པའི་རྒྱུ་རྐྱེན་ཚོགས་པ་ན། སྔར་རང་ཉིད་ན་སོ་གཞོན་དུས་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་གླིང་རྨོག་པདྨ་བྲག་དཀར་གྱི་ཡང་དབེན་འོག་མིན་བླ་མའི་གདན་ས་ལྗོན་པ་ལུང་གི་ཆོས་སྒར་དུ་དོན་གཉེར་ཆེན་པོས་ཆོས་ཞུར་ཕྱིན་ནས་སྐྱབས་རྗེ་བཀའ་དྲིན་སུམ་ལྡན་ངག་གི་དབང་པོ་པདྨ་ལས་འབྲེལ་རྩལ་གྱི་ཞབས་པད་སྤྱི་བོས་བསྟེན་ནས། ལོ་དྲུག་དང་ཟླ་བ་ལྔ་ཡི་བར་དུ་སྨིན་གྲོལ་སྙན་བརྒྱུད་གདམས་པའི་བདུད་རྩི་རྒྱ་མཚོ་ལྟ་བུ་


JSD002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ངོམས་པ་མེད་པར་འཐུང་རྒྱུའི་སྐལ་བཟང་གི་དགའ་སྟོན་ཉམས་སུ་མྱོང་སྐབས། ཆོས་གཞན་ལྟ་ཅི་སྙིང་ཐིག་སྔོན་འགྲོ་གཅིག་པུ་ལ་མཚོན་ན་ཀུན་བཟང་ཞལ་ལུང་དང་སྦྲགས་མཛད་ནས་གསུངས་པ་དང་། ཟིན་བྲིས་ཁེར་རྐྱང་གནང་བ་བཅས་མདོར་ན་སྔ་ཕྱིར་ལན་གྲངས་བཅུ་གསུམ་ཙམ་ཞུ་མྱོང་བ་མ་ཚད་གདན་ས་དེ་ཉིད་དུ་སྔོན་འགྲོ་ཐུན་མོང་དང་ཐུན་མིན་རྣམས་སྨིན་ཁྲིད་ཞལ་རྒྱུན་གྱི་ལུགས་སུ་བློ་སྦྱོང་དང་འབུམ་ལྔ་མཐར་ཆགས་སུ་རང་ཉམས་་་ཚ་ཁམས་ཀྱིས་གང་ལྕོགས་བགྱིས་ཁུལ་དང་། ལར་ནས་ཁོ་བོ་འབྱོར་ལྡན་གྱི་ཁྱིམ་དུ་མ་སྐྱེས་པས་ནོར་ཟང་ཟིང་གི་འབུལ་བ་རྒྱ་ཆེར་རྔོ་མ་ཐོགས་མོད། ལུས་ངག་གི་ཞབས་ཏོག་ཏུ་བསམས་ནས། བླ་མའི་གསུང་རབ་བཀའ་གཏེར་དག་སྣང་སྐོར་དང་། གཞུང་འགྲེལ་མན་ངག་སྙན་བརྒྱུད་ཟིན་བྲིས་བཀའ་རྒྱ་ཅན་


JSD002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ཞལ་གདམས་ཆོག་ཁྲིགས་འཐོར་བུ་བཅས་བསྡོམས་པ་པོད་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་བཞུགས་པ་ཕལ་མོ་ཆེ་ཕྱག་དཔེ་རྣམས་ཡི་གེ་གཉིས་པར་ཞལ་བཤུས་བྱས་ཏེ་འབུལ་ལམ་ཞུས་ཏེ་མ་དཔེ་ཕྱག་དྲེག་ཅན་མང་དག་དད་རྟེན་དུ་གསོལ་རས་ཞུས་སྐབས་ཐུགས་མཉེས་པའི་ཚུལ་གྱིས་བཀའ་ལས་ངེད་ཀྱི་ཆོས་སྐོར་འདི་རྣམས་ལ་ཞུ་དག་མ་གྲུབ་སར་ཚིག་དོན་ལ་ནོར་བཅོས་དགོས་རིགས་མཆིས་ཚེ་ཁྱེད་རང་་ ི གིས་ཞུ་དག་བྱེད་ཆོག་ཅེས་བཀའ་ཡི་གནང་བ་དངོས་སུ་ཐོབ་པ་རྒྱུ་མཚན་དུ་བྱས་པ་ལས་བླ་མའི་གསུང་ལ་གཟུ་ལུམ་རས་ཆོད་དང་མཁས་འདོད་ཧམ་རྫུན་སོགས་ཀུན་སློང་ངན་པས་མ་སྦགས་པར། བླ་མའི་གསུང་སྒྲོས་ཡུལ་སྐད་དུ་བྲིས་པ་རྣམས་གོ་བདེ་བར་མཆན་བུས་བཀྲལ། གཞན་ལུང་འདྲེན་དང་འདོན་


JSD002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཚིག་སོགས་ཁོངས་སུ་བསྡུ་མཛད་དོན་ནི།སྐབས་དེར་བླ་སློབ་གཉིས་ཀ་འབྲོག་པར་སོང་བས་ཡུལ་བབ་ཀྱིས་ཤོག་གུ་སོགས་མཐུན་རྐྱེན་དཀོན་དྲགས་པས་ཇ་ཤོག་ཚལ་བུ་སོགས་སུ་ཕྱག་བྲིས་མཛད་པ་ཡིན་ཚུལ་ཞལ་ལས་ཐོས་པ་བཅས་དགག་དགོས་རྒྱུ་མཚན་གསལ་པོར་བཀོད་དེ་རྗེ་བླ་མ་བཀའ་དྲིན་ཅན་གྱི་སློབ་བུའི་ཡང་ཐ་ཉག་སྤྲང་སངས་རྒྱས་རྡོ་རྗེས་བསྐུལ་བ་པོས་གཙོར་བྱས་མ་འོངས་རྒྱུད་འཛིན་ཡོངས་ལ་སྨན་སླད་ཡིག་ཚོགས་ལ་མ་འཛེམ་པར་ཚིགས་བཅད་དང་འདོན་བྱ་རྣམས་ཡི་གེ་བསྡུ་རྩོལ་ལ་མི་ལྟོས་པར་འཆད་ཉན་དང་ཉམས་ལེན་གང་གི་སྐབས་ཡིན་ཀྱང་འཇུག་བདེ་བ་གྱི་ལིང་སྒྲོག་བཀྲོལ་བ་ལྟ་བུ་འདི་ན་ཞུ་དག་ལེགས་པར་བྱས་པའི་མཐུ་ཡིན་པར་རིག་པར་བྱ། ཡང་མ་དཔེ་སྤར་མའི་མཇུག་ཏུ་སྔོན་འགྲོ་ཕྱི་ནང་གི་བློ་སྦྱོང་ཞག་གྲངས་ས་བཅད་


JSD002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེབ་ཤར་གཅིག་སྣང་བའི་དོན་ནི་ཁོ་བོས་བྱས་པའི་རི་ཆོས་ཁོག་དབུབ་དང་ཟུར་རྒྱན་དུ་གསལ་བར་བཀོད་ཡོད་པས་དེར་བལྟ་བར་བྱའོ། །ཞེས་པ་འདི་ཡང་རབ་ཚེས་ཤིང་མོ་ཕག་ལོ། དུས་འཁོར་བའི་སྟོན་ར་གྲོ་བཞིན་དང་། རྒྱ་རྩིས་སྟོན་ཐ་ཕྱི་ཟླའི་ཤེར་ཕྱོགས་དྲང་སྲོང་རི་ཤི་འཆར་བའི་དགའ་བ་དང་པོའི་ཚེས་ལ་སྦས་ཡུལ་པདྨའི་ཚལ་གྱི་ཡུལ་ལྷ་སྨན་བཙུན་ཇོ་མོ་གཡང་རི་མས་བསྲུང་བའི་ས་འཛིན་བརྗིད་ལྡན་གྱི་མདུན་རོལ་ལྷ་ཁང་དགོན་པའི་ནེ་ཐང་ཡངས་པོར་མཛེས་སྡུག་ལྡན་པའི་གུར་ཆུང་དུ་ལོ་རྒྱུས་དང་སྤར་བྱང་གཉིས་འཐུས་སུ་རང་ལོ་གྱ་གསུམ་པར་སྦྱར་བ་སྟེ། འདིས་ཀྱང་པད་འབྱུང་རྒྱལ་བའི་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ། ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་ཌཱ་ཀ་ལྱ་


JSD002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཎ་བྷ་ཝནྟུ། དགེའོ།། དགེའོ།། དགེའོ།། གོང་དུ་སྨྱོས་པ་དེ་དག་ཏུ་མ་འཐུས་པ་སྙིང་ཐིག་རང་རྐང་གཞུང་གསལ་ཐུན་མོང་སྔོན་འགྲོའི་ཁྲིད་ཡིག་ལག་ལེན་དུ་འདེབས་པ་སྔོན་དུ་སོང་མཚམས་སེམས་སྦྱོང་རྣམ་པ་བདུན་གྱི་ཁྲིད་ཡིག་ཐར་པའི་ཐེམ་སྐས་འདི་ཡང་ལོ་གསུམ་མཚམས་ཞུགས་ཡིན་ཕྱིན་བློ་སྦྱོང་བྱེད་ཚུལ་ཞག་གྲངས་རྒྱས་འབྲིང་བསྡུས་གསུམ་གསུངས་པའི་ནང་ནས་རྒྱས་པའི་ལུགས་ཞག་གྲངས་བཞི་ན་ཁྲིད་སྦྱངས་མཛད་རྒྱུ་ནི་གནད་ཆེ་བས་མན་ངག་གི་ལུགས་བྱིན་རླབས་ཀྱི་བབས་དང་ལྡན་པ་ཡིན་པས་འདིར་དམིགས་བསལ་དུ་སྨོས་པ་ཡིན། དེ་ནས་གཟོད་ཐུན་མོང་མ་ཡིན་པ་ནང་གི་སྔོན་འགྲོའི་ཁྲིད་དྲན་པ་ཉེར་བཞག་གི་ནང་ལྟར་བསགས་སྦྱོང་གི་རིམ་པ་ལ་འཇུག་དགོས་ཞེས་གལ་ཆེ་བའི་འཕྲོས་དོན་དུ་ཀུན་སྤོངས་སངས་རྒྱས་རྡོ་རྗེས་སོ།། །།


previousསྙིང་ཐིག་སྔོན་འགྲོ་དྲན་པ་ཉེར་བཞག་གི་ཁྲིད་ཡིག་རྒྱས་པ་ཀུན་བཟང་བླ་མའི་ཞལ་ལུང་།next