Nitartha Digital Library
Tibetan
 
previousའདུལ་བའི་མདོ་བམ་པོ་དགུ་པ། རྩོད་པའི་གཞི།next

འདུལ་བའི་མདོ་བམ་པོ་དགུ་པ། རྩོད་པའི་གཞི།


K8Z004_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྩོད་པའི་གཞི་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་དོན་ནི། རྩོད་པ་ཞི་བར་འགྱུར་བའོ། །བསྡུས་པའི་དོན་ལ་བདུན་ལས། དང་པོ་རྩོད་པའི་རྒྱུ་ངོས་བཟུང་བ་ནི། རྩོད་པའི་རྒྱུ་ནང་ན་ཡོད་པ་དང་། རྩོད་པའི་རྒྱུ་ཕྱི་ན་ཡོད་པའོ། །དང་པོ་ནི། འདོད་ཆགས་དང་ཁོང་ཁྲོ་ལ་སོགས་པ་ནང་གི་ཉོན་མོངས་ཏེ། དེའི་རྩ་བ་བདག་ཏུ་འཛིན་པའོ། །དེ་ལ་ནང་ན་ཡོད་པ་ཞེས་བརྗོད་པ་ནི་སོ་སོ་སྐྱེ་བོ་ཕལ་པ་གཞན་གྱིས་མངོན་སུམ་གྱིས་གཏན་ལ་དབབ་པར་མི་ནུས་པས་ན་དེ་སྐད་ཅེས་བྱའོ། །གཉིས་པ་རྩོད་པའི་རྒྱུ་ཕྱི་ན་ཡོད་པ་ནི།


K8Z004_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་དེ་ཁོ་ན་ཉིད་ལ་ལོག་པར་སྒྲུབ་པ་ལ་སོགས་པ་བཞི་སྟེ། དེ་དག་ལ་ཕྱི་ན་ཡོད་པ་ཞེས་བརྗོད་པ་ན་སོ་སོ་སྐྱེ་བོ་ཕལ་པ་གཞན་གྱིས་ཀྱང་མངོན་སུམ་གྱིས་གཏན་ལ་དབབ་པར་ནུས་པས་ན་དེ་སྐད་ཅེས་བྱའོ། །རྩོད་པའི་རྒྱུ་ཕྱི་ན་ཡོད་པ་ནི་བཞི་སྟེ། འདི་ཉིད་ལས། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང་། སྤོང་བ་དང་། ལྟུང་བ་དང་བཅས་པ་ཉིད་དང་། ལས་ལ་མཐུན་པ་མི་སྦྱིན་པའོ། །ཞེས་གསུངས་པའོ། །དང་པོ་ནི། འདུས་བྱས་ཀྱི་དངོས་པོའི་དེ་བཞིན་ཉིད་མི་རྟག་པ་ལ་རྟག་གོ་ཞེས་ལོག་པར་སྒྲུབ་པའམ། ཆོས་ཐམས་ཅད་ལ་བདག་མེད་པ་ལ་བདག་ཡོད་དོ་ཞེས་ལོག་པར་སྒྲུབ་པ་ལྟ་བུའོ། །དེ་ནི་རྒོལ་ཕྱིར་རྒོལ་གཉིས་འགྱེད་པའི་ཕྱིར་རྩོད་པ་འབྱུང་བའི་རྒྱུ་ཡིན་ནོ། །གཉིས་པ་སྤོང་བ་དང་ཞེས་པ་ནི། ཊཱི་ཀ་ལས། གདམས་ངག་ལ་སོགས་པ་འཇོག་པར་གྱུར་པས་གཞན་སྤོང་བ་སྟེ། ཞེས་བཤད་དོ། །དེའི་དོན་ནི་བམ་པོ་ལྔ་བཅུ་པ་ལས། གདམས་ངག་འཇོག་པ་དང་། གསོ་སྦྱོང་འཇོག་པ་དང་། དགག་དབྱེ་འཇོག་པའི་རིམ་པ་དེས་གང་ཟག་ལྟུང་བ་འབྱིན་པ་པོ་གཞན་དེ་དགེ་འདུན་རང་བཞིན་དུ་གནས་པ་ལས་ལོགས་ཤིག་ཏུ་སྤོང་བར་བྱེད་པའོ་ཞེས་བཤད་དོ། །དེ་ནི་གདམས་ངག་ལ་སོགས་པ་འཇོག་པར་བྱེད་པ་པོ་དང་། གཞག་པར་བྱ་བ་དག་རྩོད་པ་འབྱུང་བའི་རྒྱུ་ཡིན་ཏེ། དེའང་མི་གདམས་པའི་ཕྱིར་རྩོད་པ་འབྱུང་བའི་རྒྱུ་ཡིན་ནོ། །གསུམ་པ་ལྟུང་བ་དང་བཅས་པ་ནི། བམ་པོ་ལྔ་བཅུ་པ་ལས། ལྟུང་བ་སྡེ་ལྔ་ལས་ལྷག་མ་དང་བཅས་པ་གང་ཡང་རུང་བའོ། །ཞེས་བཤད་དོ། །དེ་ལྟར་ན་གསོ་བའི་ལྷག་མ་དང་བཅས་པའི་ལྟུང་བ་ཡོད་པ་ན་ལྟུང་བ་གླེངས་པ་ལ་ལྟུང་བ་ཁས་མི་ལེན་པ་ནི་གླེང་བྱ་དང་གླེང་བྱེད་གཉིས་ལྟུང་བའི་


K8Z004_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྩོད་པ་འབྱུང་བའི་རྒྱུ་ཡིན་ནོ། །གསང་བའི་ལྷག་མ་མེད་པའི་ལྟུང་བ་བྱུང་བ་ནི་ལྟུང་བའི་ཕྱིར་རྩོད་པའི་རྒྱུ་མ་ཡིན་ཏེ། རྩོད་ཟླ་མ་ཡིན་པར་བྱས་པས་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་པའི་ཕྱིར་ཏེ། སྤངས་པ་ཉིད་ན་གཞན་གྱི་ཕྱོགས་ཉིད་ཀྱི་བར་དུ་གྱུར་ན་ཡང་ངོ་ཞེས་འབྱུང་ངོ་། །བཞི་པ་ལས་ལ་མི་མཐུན་པ་སྦྱིན་པ་ནི། གསོལ་བ་འབའ་ཞིག་པའི་ལས་ལ་འདུ་བ་མི་སྟེར་བའམ། ཕྱིར་ཟློག་བྱེད་ཅིང་ལས་ལ་མཐུན་པ་མི་སྦྱིན་པ་སྟེ་དེ་ནི་བྱ་བ་ལས་ཀྱི་ཕྱིར་རྩོད་པ་འབྱུང་བའི་རྒྱུ་ཡིན་ནོ། །གཉིས་པ་རྩོད་པའི་ངོ་བོ་ངོས་བཟུང་བ་ནི། དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བ་འཁོན་འཛིན་གྱི་ཤེས་པ་སྟེ། དེ་ལྟར་བམ་པོ་ལྔ་བཅུ་པ་ལས། རྩོད་པ་ཞེས་བྱ་བ་ནི་འཁྲུག་ལོང་སྟེ་ཞེས་པ་དང་། ཊཱི་ཀ་ལས། ཚིག་གི་ཕྱིར་སེམས་གཞོལ་བ་གང་ཡིན་པ་དེ་ནི་འཁྲུག་ལོང་ཞེས་བྱའི། ཁྲོ་བ་ནི་མ་ཡིན་ནོ། །ཞེས་སོ། །དེ་ལྟར་རྩོད་པའི་ངོ་བོ་དེ་འཁོན་འཛིན་གྱི་ཤེས་པ་ཡིན་ན། ལུང་གཞི་ལས། དགེ་འདུན་སྣ་ཚོགས་སུ་སྨྲ་བ་དང་། འགལ་བར་སྨྲ་བ་དེ་ལ་བརྟེན་ཏེ་འཐབ་པ་དང་། མཚང་འབྲུ་བ་དང་། རྩོད་པ་དང་། འགྱེད་པ་གང་ཡིན་པ་དེ་ནི་འགྱེད་པའི་རྩོད་པ་ཞེས་བྱའོ་ཞེས་གསུངས་པ་དང་འགལ་ཅེ་ན། འཐབ་པ་དང་མཚང་འབྲུ་བ་དང་ཤགས་འགྱེད་པ་ལ་སོགས་པ་ནི་རྩོད་པའི་འཁོན་འཛིན་དེའི་འབྲས་བུ་ལ་རྩོད་པའི་མིང་གིས་བཏགས་པ་སྟེ། འབྲས་བུ་ལ་རྒྱུ་ཡི་མིང་གིས་བཏགས་པ་དཔེར་ན་མར་ལ་སོགས་པ་ལ་ཉི་མའི་འོད་ཕོག་པ་ལ་ཉི་མ་ཕོག་ཅེས་བརྗོད་པ་བཞིན་ནོ། །གཞན་ཡང་ལུང་གཞི་ལས། དགེ་སློང་དག་འགྱེད་པའི་རྩོད་པ་ནི་དགེ་བ་ཞེས་ཀྱང་བརྗོད་པར་བྱ། མི་དགེ་བ་ཞེས་ཀྱང་བརྗོད་པར་བྱ། ལུང་དུ་མ་བསྟན་པ་ཞེས་ཀྱང་བརྗོད་པར་བྱ། ཞེས་རྩོད་པ་དགེ་བ་དང་


K8Z004_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མ་བསྟན་ཡོད་པར་གསུངས་པ་ནི་རྩོད་པའི་རྒྱུ་དགེ་བ་དང་ལུང་མ་བསྟན་ཡོད་པ་ལ་དགོངས་སོ། །ཞེས་རིགས་སོ། །གསུམ་པ་རྩོད་པའི་རབ་ཏུ་དབྱེ་བ་ལ་གཉིས་ལས། དབྱེ་བའི་གཞི་ནི་གཞུང་གི་སྐབས་འདི་ནས་དངོས་སུ་གསུངས་པའི་རྩོད་པ་ཙམ་མོ། །དབྱེ་བའི་སྒོ་ནི་གཉིས་ཏེ། ཆེ་ལོང་དུ་དབྱེ་བ་དང་། ཞིབ་མོའི་རྣམ་བཞག་ཏུ་དབྱེ་བའོ། །དང་པོ་ནི། རྩོད་པ་བཞི་སྟེ། འགྱེད་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་དང་། བྱ་བ་ལས་ཀྱི་ཕྱིར་རྩོད་པའོ། །དེ་དག་ནི་རིམ་བཞིན་འདུས་བྱས་རྟག་མི་རྟག་ལྟ་བུ་ལ་རྒོལ་ཕྱིར་རྒོལ་གཉིས་རྩོད་པ་དང་། གདམས་ངག་འཇོག་པ་ལ་སོགས་པ་བྱས་པས་བསྟེན་པར་བྱེད་པ་པོ་དང་། བཤག་པར་བྱ་བ་དག་རྩོད་པ་དང་། ལྟུང་བ་ཡོད་པ་ལ་ལྟུང་བ་གླེང་བྱས་ལྟུང་བ་ཁས་མི་ལེན་ཏེ། གླེང་བྱ་དང་གླེང་བྱེད་རྩོད་པ་དང་། ལས་ལ་མཐུན་པ་མི་སྦྱིན་པ་སྟེ་རྩོད་པའི་གོ་རིམ་བཞིན་ནོ། །གཉིས་པ་ཞིབ་མོའི་རྣམ་གཞག་དབྱེ་བ་ནི། རྩོད་པ་བཅུ་གཅིག་སྟེ་འགྱེད་པའི་ཕྱིར་རྩོད་པ་ལ་མདོ་རྩ་བས་དབྱེ་བ་མ་བྱས་སོ། །མི་གདམས་པའི་ཕྱིར་རྩོད་པ་ལ་གཉིས་ཏེ། རྒྱུ་དང་བཅས་པ་དང་རྒྱུ་མེད་པའོ། །དེ་ཡང་གང་ཟག་དེ་ལ་ལྟུང་བ་ཡོད་པ་དང་། གང་གིས་གླེང་བའི་ལྟུང་བ་མེད་པའོ། །རྒྱུ་མེད་པ་ལ་བཞི་སྟེ། གཞི་མེད་པ་ནི་དགྲ་བཅོམ་པ་གྱད་བུ་ནོར་ལ་མི་ཚངས་སྤྱོད་ཀྱི་ལྟུང་བ་གླེང་བ་ལྟ་བུ་སྟེ། །གླེང་བྱ་ལ་ལྟུང་བ་མེད་པའོ། །གཞི་གཞན་རྗེས་སུ་བསྒྲུབ་པ་ནི། མངོན་མཚན་ཅན་གྱི་ལྟུང་བ་ལ་ཉོ་ཚོང་གི་ལྟུང་བ་གླེང་བ་ལྟ་བུ་སྟེ། ལྟུང་བ་གཞན་བྱུང་ཡང་གང་གིས་གླེང་བའི་ལྟུང་བ་དེ་མེད་པའོ། །ཕྱིར་བཅོས་པ་ལ་མི་བལྟོས་པ་ནི། དགེ་སློང་ཆང་འཐུང་བ་ནི་


K8Z004_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་མཐོང་ལ་ལྟུང་བ་དེ་ཕྱིར་བཅོས་བྱས་པ་ནི་རྒྱུས་མེད་པར་ལྟུང་བ་དེས་གླེང་ཡང་ལྟུང་བ་ཕྱིར་བཅོས་བྱས་ཟིན་པས་ཕྱིར་བཅོས་པ་དེ་ལ་མ་བལྟོས་པའོ། །སྨྱོན་པས་བྱས་པ་ནི་དགེ་སློང་སྨྱོན་པས་ཆང་འཐུང་བ་ནི་གཞན་གྱིས་མཐོང་ལ། དེ་དགེ་སློང་སྨྱོ་བ་ཡིན་པར་ནི་རྒྱུས་མེད་པར་ཆང་འཐུང་བའི་ལྟུང་བས་གླེང་ཡང་སྨྱོ་བ་ལ་ལྟུང་བ་མེད་པ་ལྟ་བུའོ། །ལྟུང་བའི་ཕྱིར་རྩོད་པ་ལ་གཉིས་ཏེ། ཉེས་པ་རང་གིས་ངོ་ཤེས་པའི་རྩོད་པ་དང་། ངོ་མི་ཤེས་པའི་རྩོད་པའོ། །ངོ་ཤེས་པ་དང་མི་ཤེས་པ་ནི་གླེང་བྱས་རང་ལ་ལྟུང་བ་བྱུང་བ་དེ་ངོ་ཤེས་ཤིང་དྲན་པ་དང་། གླེང་བྱས་རང་ལ་ལྟུང་བ་བྱུང་བ་དེ་བརྗེད་ནས་མི་དྲན་པའོ། །དང་པོ་ལ་གསུམ་ལས། རྩོད་པ་ཕྱིར་འཕྲོས་པ་མེད་པ་ནི་གླེང་བྱ་གླེང་བྱེད་དེ་གཉིས་ཁོ་ན་རྩོད་པར་ཟད་ཀྱི། དེ་གཉིས་ཀྱི་རྗེས་སུ་འབྲང་བ་འགའ་ཡང་མེད་པའོ། །ཕྱིར་འཕྲོས་པ་དང་བཅས་པའི་ཉི་ཚེ་བ་ནི་གླེང་བྱ་དང་གླེང་བྱེད་རྩོད་པ་ན། གཞན་ཁ་གཅིག་གླེང་བྱའི་ཕྱོགས་བྱེད་ལ། ཁ་ཅིག་གླེང་བྱེད་ཀྱི་ཕྱོགས་བྱེད་ཅིང་རྩོད་པར་བྱེད་ཀྱང་དགེ་འདུན་མཐའ་དག་ལ་ཁྱབ་པ་མ་ཡིན་པས་ཉི་ཚེ་བ་སྟེ་ཕྱོགས་རེ་བའོ། །རྩོད་པ་དགེ་འདུན་མཐའ་དག་དང་འབྲེལ་བ་ནི་མཚམས་དེ་ན་ཡོད་པའི་དགེ་འདུན་མཐའ་དག་ལྟུང་བའི་ཕྱིར་རྩོད་པའོ། །དེ་དག་གི་སྟེང་དུ་བྱ་བ་ལས་ཀྱི་ཕྱིར་རྩོད་པ་སྟེ། དེ་ལྟར་ན་རྩོད་པ་བཅུ་གཅིག་པོ་དེ་དག་གོ། །བཞི་པ་རྩོད་པ་ཞི་བར་བྱེད་པའི་ཆོས་ལ་གསུམ་སྟེ། ཞི་བྱེད་གང་རྩོད་པ་ཐམས་ཅད་ཀྱི་ཞི་བྱེད་དུ་འགྱུར་བ་དང་། རྩོད་པ་གང་ལ་ཞི་བྱེད་ཐམས་ཅད་ཞི་བྱེད་དུ་འཇུག་པ་དང་། རྩོད་པ་སོ་སོ་ལ་ཞི་བྱེད་སོ་སོས་ཞི་བར་བྱེད་པའོ། །དང་པོ་ནི། འཆི་བཞིན་པའམ་བསླབ་པ་འབུལ་བར་བྱེད་པ་ལྟ་བུའོ། །དེ་དག་ནི་རེ་རེས་ཀྱང་རྩོད་པ་བཞི་པོ་ཐམས་ཅད་ཞི་


K8Z004_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུ་འགྱུར་བ་སྟེ། སྲོག་གམ་བསྙེན་པར་རྫོགས་པ་ལས་ཉམས་ན་ཉེ་བར་ཞི་བའོ་ཞེས་ཤིའམ་བབས་ན་ཞི་ཟིན་པར་གསུངས་པས། དེའི་སྔ་རོལ་ནི་ཞི་བྱེད་ཡིན་པར་ཤུགས་ཀྱིས་གྲུབ་བོ། །གཉིས་པ་ནི། འདི་ཉིད་ལས། ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པ་ལ་འཇུག་གོ། །ཞེས་གསུངས་ཏེ། བྱ་བའི་ཕྱིར་རྩོད་པ་འདིས་ལས་ལ་མཐུན་པ་ནི་དངོས་སུ་ཞི་བྱེད་དུ་འཇུག་ལ། ཞི་བྱེད་གཞན་རྣམས་ནི་བརྒྱུད་ནས་ཞི་བྱེད་དུ་འཇུག་སྟེ་གཞུང་གི་སྐབས་སུ་འཆད་པར་འགྱུར་རོ། །གསུམ་པ་ལ་བཞི་སྟེ། འགྱེད་པའི་ཕྱིར་རྩོད་པ་ཞི་བྱེད་དང་། མི་གདམས་པའི་ཕྱིར་རྩོད་པ་ཞི་བྱེད་དང་། ལྟུང་བའི་ཕྱིར་རྩོད་པ་ཞི་བྱེད་དང་། བྱ་བ་ལས་ཀྱི་ཕྱིར་རྩོད་པ་ཞི་བྱེད་དོ། །དང་པོ་ལ་གཉིས་ཏེ། མངོན་སུམ་གྱིས་ཞི་བར་བྱེད་པ་དང་། གང་མང་གིས་ཞི་བར་བྱེད་པའོ། །དང་པོ་ནི། མངོན་སུམ་རྣམ་པ་བརྒྱད་དེ། རྒོལ་དང་གཟུ་དང་དགེ་འདུན་གཞི་པོ་དང་། གསལ་བ་དང་ནི་གསལ་བའི་གསལ་བ་དང་། དགེ་འདུན་གཞན་དང་སྡེ་སྣོད་འཛིན་པ་དང་། གནས་བརྟན་མཐུ་དང་ལྡན་པའི་མངོན་སུམ་མོ། །ཞེས་མཚོ་སྣ་བ་ཆེན་པོས་སྡོམ་དུ་མཛད་དེ། དང་པོ་ནི། རྒོལ་ཕྱིར་རྒོལ་གྱི་མངོན་སུམ་ནི་འགྱེད་པ་གཉིས་ཞེས་གསུངས་ཏེ། རྒོལ་ཕྱིར་རྒོལ་དེ་གཉིས་རང་བློའི་ཁྱད་པར་གྱིས་རྟོག་པ་ཕྱོགས་གཅིག་ཏུ་བྱེད་པ་ལ་མངོན་སུམ་ཞེས་བརྗོད་དོ། །རྒོལ་བ་དང་ཕྱིར་རྒོལ་ནི་དམ་བཅའ་འཇོག་པ་པོ་དང་སུན་འབྱིན་བྱེད་པ་པོ་སྟེ་གོ་རིམ་བཞིན་ནོ། །གཉིས་པ་གཟུ་བོའི་མངོན་སུམ་ནི། རྒོལ་ཕྱིར་རྒོལ་གཉིས་པོ་རང་གིས་རྩོད་པ་ཞི་བར་མ་ནུས་ན་དེ་གཉིས་ཀྱི་ཕྱོགས་སུ་མ་ལྷུང་བའི་གཟུ་བོ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་གཞན་ལ་རག་མ་ལས་པ་དེ་དགེ་འདུན་གྱི་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས་ནས། གཟུ་


K8Z004_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དེས་ཞི་བར་བྱེད་པ་སྟེ། རང་གིས་མི་ནུས་ན་ཚོགས་པར་དབྱུང་བ་དག་གིས་ལེགས་པར་བསྒྲུབ་བོ་ཞེས་སྟོན་པར་འགྱུར་རོ། །གསུམ་པ་དགེ་འདུན་གཞི་པོའི་མངོན་སུམ་ནི། དེ་དག་གིས་ཉེ་བར་མ་ཞི་ན་དགེ་འདུན་ལ་དབུལ་ལོ་ཞེས་ཏེ། ཞི་བར་མ་ནུས་ན་དེ་དགེ་འདུན་གཞི་པོ་ལ་གཏད་ནས་དགེ་འདུན་དེས་ཞི་བར་བྱེད་པའོ། །དགེ་འདུན་གཞི་པོ་ནི་རྩོད་པ་དེའི་ཐོག་མཐའ་བར་གསུམ་གྱི་རྒྱུས་ཤེས་པའི་དགེ་འདུན་ཏེ། སྔར་གཟུ་པོ་དེ་སྐོ་བར་བྱེད་པའི་དགེ་འདུན་གང་ཡིན་པའོ། །བཞི་པ་གསལ་བའི་མངོན་སུམ་ནི། དེས་མ་ནུས་ན་གསལ་བ་དག་བསྐོའོ་ཞེས་ཏེ། དགེ་འདུན་གཞི་པོས་ཞིར་མ་ནུས་ན་དགེ་འདུན་དེས་གསལ་བ་དག་བསྐོ་སྟེ། སྔར་གྱི་གཟུ་བོ་དེ་བས་ཀྱང་ཡོན་ཏན་ཆེས་གསལ་བའི་དགེ་སློང་བཞི་ཡན་ཆད་ལས་ཀྱིས་ཚན་པ་ལན་གཉིས་སུ་བྱས་ནས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས་ནས་གསལ་དུ་བཞི་ཡན་ཆད་དེ་དག་གིས་ཞི་བར་བྱེད་པའོ། །ལྔ་པ་གསལ་བའི་གསལ་བ་མངོན་སུམ་ནི། སྡེ་ཚན་དེས་མ་ནུས་ན་རང་གིས་གསལ་བ་དག་བསྐོ་ཞེས་ཏེ། གསལ་བ་དེ་དག་གིས་ཞི་བར་མ་ནུས་ན་གསལ་བ་བས་ཀྱང་ཡོན་ཏན་ཆེས་གསལ་བ་དག་བསྐོ་བ་སྟེ། གསལ་བ་བཞི་ཡན་ཆད་དེ་དག་གིས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས་ནས་བསྐོས་པ་དེ་དག་གིས་ཞི་བར་བྱེད་པའོ། །དྲུག་པ་དགེ་འདུན་གཞན་གྱི་མངོན་སུམ་ནི། མ་ནུས་ཤིང་གཞན་མི་བྱེད་ན་ཞེས་པ་ནས་ཏེ། རྩོད་པ་དེ་དག་གསལ་བའི་གསལ་བ་དེ་དག་གིས་ཞི་བར་མ་ནུས་ཤིང་། གཞན་བསྐོ་བར་ཡང་མ་བྱེད་ན་རྩོད་པ་དེ་གསལ་བའི་གསལ་བ་དག་གིས་ནི་གསལ་བ་ལ་གཏད་པར་བྱ་ཞིང་། གསལ་བས་ནི་དགེ་འདུན་གཞི་པོ་རྣམས་ལ་གཏད་པར་བྱས་ནས་དགེ་འདུན་གཞི་པོས་རྩོད་པ་སྦེད་པ་པོ་


K8Z004_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །རྩོད་པ་སྦེད་པ་པོ་དེས་རྩོད་པ་དེ་དགེ་འདུན་གཞན་ལ་གཏད་པར་བྱ་སྟེ། དེའང་གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གཞན་དེ་ལ་ཟླ་བ་གསུམ་དུ་ཕུལ་ལ་རྩོད་པ་དེ་དགེ་འདུན་གཞན་དེས་ཞི་བར་བྱེད་པའོ། །བདུན་པ་སྡེ་སྣོད་འཛིན་པའི་མངོན་སུམ་ནི། ཕྱིར་ཕུལ་བ་ན་དེས་མདོ་སྡེ་དང་ཞེས་པ་ནས་ཏེ། རྩོད་པ་དེ་དགེ་འདུན་གཞན་དེས་ཞི་བར་མ་ནུས་ན་རྩོད་པ་སྦེད་པ་པོ་དེ་ལ་གཏད་ནས་རྩོད་པ་སྦེད་པ་པོ་དེས་རྩོད་པ་དེ་སྡེ་སྣོད་གསུམ་འཛིན་པ་ཆེན་པོ་ལ་ཟླ་བ་དྲུག་ཏུ་ཕུལ་ལ་རྩོད་པ་དེ་སྡེ་སྣོད་འཛིན་པ་དེས་ཞི་བར་བྱེད་པའོ། །བརྒྱད་པ་གནས་བརྟན་མཐུ་ལྡན་གྱི་མངོན་སུམ་ནི། དེ་དག་གིས་གནས་བརྟན་ཞེས་པ་ནས་ཏེ། རྩོད་པ་དེ་སྡེ་སྣོད་འཛིན་པས་ཞི་བར་མ་ནུས་ན་རྩོད་པ་སྦེད་པ་པོ་དེས་གནས་བརྟན་མཐུ་དང་ལྡན་པ་ལ་དུས་ཐུག་པ་མེད་པར་ཕུལ་ལ་རྩོད་པ་དེ་གནས་བརྟན་མཐུ་དང་ལྡན་པ་དེས་ཞི་བར་བྱེད་པའི། །གཉིས་པ་གང་མང་གིས་ཞི་བར་བྱེད་པ་ནི། དེ་ལྟར་མངོན་སུམ་བརྒྱད་ཀྱིས་ཞི་བར་མ་ནུས་ན་གང་མང་བྱ་བ་སྟེ། གནས་བརྟན་གྱི་མཐར་ཐུག་པ་དག་ཡོངས་སུ་ཉོན་མོངས་པར་གྱུར་པ་དག་ལའོ་ཞེས་པ་དང་། ལུང་གཞི་ལས། གནས་བརྟན་མཐུ་དང་ལྡན་པས་རྩོད་པ་ཞི་བར་བྱེད་མི་ནུས་ན། རྩོད་པ་དེ་རྩོད་པ་སྦེད་པ་པོའི་དགེ་སློང་དེ་ཉིད་ལ་གཏད་པར་བྱའོ། །དེས་ཀྱང་རྩོད་པ་དེ་དགེ་འདུན་གཞི་པོ་ལ་གཏད་པར་བྱ་ཞིང་། དགེ་འདུན་གཞི་པོས་ཚུལ་ཤིང་གང་མང་བྱ་བར་གསུངས་སོ། །ཚུལ་ཤིང་གང་མང་བྱེད་ཚུལ་ནི་རྒྱས་པར་འོག་ཏུ་འཆད་དོ། །དེ་ལྟར་མངོན་སུམ་གང་མང་གིས་ཞི་བར་བྱེད་མ་ནུས་ན་རྒོལ་ཕྱི་རྒོལ་གཉིས་ཀའམ། གང་རུང་གཅིག་གནས་ནས་བྱུང་བས་ཞི་བར་


K8Z004_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན་གནས་ནས་དབྱུང་བར་བྱ་སྟེ། རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པ་ཉེ་བར་ཞི་བས་སོ་ཞེས་གསུངས་པ་ཡིན་ནོ། །གཉིས་པ་མི་གདམས་པའི་ཕྱིར་གྱི་རྩོད་པའི་ཞི་བྱེད་ལ་གཉིས་ལས། རྒྱུ་དང་བཅས་པ་ལ་ནི་མངོན་སུམ་གྱིས་ཞི་བར་བྱེད་པ་སྟེ། མངོན་སུམ་འདི་དང་དག་ལ་སྦྱིན་པས་སོ་ཞེས་ཏེ་མངོན་སུམ་འདི་དང་ཞེས་པས་སོ། །དེ་ཡང་གཟུ་བོ་ལ་སོགས་ཀྱིས་ཡིད་དཔྱོད་ཀྱིས་བརྟགས་ཏེ་ཞི་བར་བྱེད་པ་ཡིན་གྱི། གནས་ལུགས་ངེས་པར་རྟོགས་པ་ཡིན་པར་ནི་མ་ངེས་ཏེ། ཚུལ་ཁྲིམས་རྣམ་པར་གཏན་ལ་འབེབས་པ་ཡིན་པའི་ཕྱིར་རོ། །རྒྱུ་མེད་པ་ལ་ནི་དག་པ་སྦྱིན་པས་ཞི་བར་བྱ་སྟེ་དག་པ་སྦྱིན་པས་སོ་ཞེས་གསུངས་སོ། །རྒྱུ་མེད་པ་ལ་ཡང་བཞི་ལས། གཞི་མེད་པ་དང་། གཞི་གཞན་རྗེས་སུ་བསྒྲུབ་པ་དང་། ཕྱིར་བཅོས་པ་ལ་མི་བལྟོས་པ་དང་། སྨྱོན་པས་བྱས་པའོ། །དང་པོ་གསུམ་ལ་ནི་དྲན་པས་འདུལ་བ་སྦྱིན་ནོ་ཞེས་གསུངས་ཏེ། དགེ་སློང་གྱད་བུ་ནོར་ལྟ་བུ་གང་ཟག་འདི་ནི་དྲན་པ་དང་ལྡན་པ་ཡིན་ལ། འདིས་ལྟུང་བ་བྱུང་བ་མ་དྲན་པས་འདི་ལ་ལྟུང་བ་མེད་དོ་ཞེས་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་དག་རྒྱ་སྟེར་བ་སྟེ། དགེ་སློང་གྱད་བུ་ནོར་ལྟུང་བ་མེད་པ་ལ་ལྟུང་བ་གླེངས་ཏེ་སྐུར་བའི་གྲགས་ངན་བྱུང་ན་གྲགས་ངན་དེ་སྤང་བའི་ཕྱིར་དག་རྒྱ་བྱིན་པ་ལྟ་བུའོ། །དགེ་སློང་བྱེ་མ་སྐྱེས་ལྟ་བུ་སྨྱོན་པས་བྱས་པ་ལ་ལྟུང་བ་གླེང་བཞི་མ་སྨྱོས་པས་འདུལ་བ་སྦྱིན་པ་སྟེ། ཐ་མ་ལ་ནི་མ་སྨྱོས་པའི་འདུལ་བ་སྦྱིན་ནོ་ཞེས་གསུངས་སོ། །དེའང་སྨྱོན་པས་བྱས་པ་ཡིན་གྱི། གང་ཟག་འདི་མ་སྨྱོས་པའི་དུས་སུ་ཉེས་པ་མ་བྱས་པས་འདི་ལ་ལྟུང་བ་མེད་དོ་ཞེས་དགེ་འདུན་གྱིས་གསོལ་བཞིས་ལས་ཀྱིས་དག་རྒྱ་སྟེར་བའོ། །གསུམ་པ་ལྟུང་བའི་ཕྱིར་རྩོད་པ་ཞི་བྱེད་ལ་


K8Z004_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ། ཉེས་པ་རང་གིས་ངོ་ཤེས་པའི་རྩོད་པ་ཞི་བྱེད་དང་། ངོ་མི་ཤེས་པའི་རྩོད་པ་ཞི་བྱེད་དོ། །དང་པོ་ལ་གསུམ་ལས། ཕྱིར་འཕྲོས་པ་མེད་པའི་རྩོད་པ་ཞི་བྱེད་ནི་སྐབས་འདིར་རྩོད་པའི་ཚུལ་ལ་གཉིས་ཏེ། ལྟུང་བ་ཁས་མི་ལེན་ཅིང་ཕྱིར་མི་འཆོས་པའི་རྒྱུ་མཚན་གྱིས་རྩོད་པ་དང་། ལྟུང་བ་ཁས་མི་ལེན་པ་ཁོ་ནའི་རྒྱུ་མཚན་གྱིས་རྩོད་པའོ། །སྔ་མ་ཤོས་ཀྱི་ཞི་བྱེད་ནི། དང་པོ་ལས་ནི་ཁས་བླངས་པའི་བྱ་བས་ཕྱིར་བཅོས་སོ། །ཞེས་གསུངས་པས་གླེང་བྱས་ལྟུང་བ་ཁས་བླང་བ་དང་། ཁས་བླངས་པ་དེའི་བྱ་བ་ལྟུང་བ་ཕྱིར་བཅོས་བྱ་བས་རྩོད་པ་དེ་ཕྱིར་བཅོས་སོ་སྟེ། རྩོད་པ་དེ་ཞི་བར་བྱའོ། །འདི་ནི། ལུང་གཞི་ལས། ལྟུང་བ་མཐོལ་ཞིང་བཤགས་པའི་ཆོ་ག་དང་བཅས་ཏེ། གསུངས་སོ། །ཕྱི་མ་ཤོས་ཀྱི་ཞི་བྱེད་ནི་གླེང་བྱས་ལྟུང་བ་ཡོད་པར་གླེང་བྱེད་ལས་ཁས་བླང་བས་ཞི་བར་བྱ་བ་སྟེ། གླེང་བ་པོ་ལས་ཁས་བླངས་ན་མཐར་ཐུག་ཡིན་ནོ་ཞེས་གསུངས་སོ། །ཕྱིར་འཕྲོས་པ་དང་བཅས་པ་ཉི་ཚེ་བའི་རྩོད་པ་ཞི་བྱེད་ནི་གཉིས་པའི་ནི་མངོན་སུམ་གྱིས་འདུལ་བས་སོ་ཞེས་གསུངས་སོ། །དེ་ཡང་གཟུ་པོ་ལ་སོགས་ཀྱིས་ཡིད་དཔྱོད་ཀྱིས་བརྟགས་ཏེ་ཞི་བར་བྱེད་པ་ཡིན་གྱི། གནས་ལུགས་ངེས་པར་རྟོགས་པས་ཡིན་པར་ནི་མ་ངེས་ཏེ། ཚུལ་ཁྲིམས་སམ་རྣམ་པར་གཏན་ལ་འབེབས་པ་ཡིན་པའི་ཕྱིར་རོ། །གསུམ་པ་དགེ་འདུན་མཐའ་དག་དང་འབྲེལ་བའི་རྩོད་པ་ཞི་བྱེད་ནི། རྩྭ་བཀྲམ་པ་ལྟ་བུའོ་ཞེས་གསུངས་སོ། །དེ་ཡང་རྩོད་པོ་ཕྱོགས་གཉིས་པོ་ཕན་ཚན་གཅིག་ལ་གཅིག་ལྟུང་བ་བཤགས་པར་བྱེད་པ་སྟེ་དེ་ལྟར་ལུང་གཞི་ལས་གསུངས་སོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས། དཔེར་ན་རྩྭ་བཀྲམ་པ་ན་རྩྭ་ཐམས་ཅད་ཕན་ཚུན་ནས་རྩེ་སྤྲོད་དུ་ཉལ་བ་དང་འདྲ་


K8Z004_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཕྱོགས་གཉིས་པོ་ཕན་ཚུན་ནས་འདུད་པར་འགྱུར་བས་དེའི་མིང་དེ་སྐད་ཅེས་བྱའོ། །ཞེས་སོ། །གཉིས་པ་ཉེས་པ་རང་གིས་རང་མི་ཤེས་པའི་ཞི་བྱེད་ནི། ངོ་བོ་ཉིད་ཚོལ་བ་སྦྱིན་པས་ཞི་བར་བྱེད་པ་སྟེ། ལྟུང་བ་དྲན་པར་བྱ་བའི་དོན་དུས་གཞན་ན་གནས་པའི་སྤྱོད་པ་གསོལ་བཞིའི་ལས་ཀྱིས་སྦྱིན་པ་སྟེ་དེས་ལྟུང་བ་དྲན་པར་འགྱུར་ལ། ལྟུང་བ་དྲན་ནས་གཞན་ན་གནས་པ་ལས་གྲོལ་བར་འགྱུར་བས་ལྟུང་བ་དྲན་པར་བྱེད་པ་ལ་བརྩོན་འགྲུས་བརྩམ་པར་འགྱུར་བས་སོ། །བཞི་པ་བྱ་བ་ལས་ཕྱིར་རྩོད་པ་ཞི་བྱེད་ནི། ལས་ལ་མཐུན་པ་སྦྱིན་པས་ཞི་བར་བྱ་སྟེ་དངོས་ཀྱི་ཞི་བྱེད་དོ། །བརྒྱུད་པའི་སྒོ་ནས་ཞི་བྱེད་གཞན་ཐམས་ཅད་ཀྱང་འདིའི་ཞི་བྱེད་དུ་འཇུག་སྟེ། ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པ་ལ་འཇུག་གོ་ཞེས་གསུངས་པས་གྲུབ་བོ། །ལྔ་པ་རྩོད་པ་འཁྲུལ་བའི་དོན་ནི། མི་གདམས་པའི་ཕྱིར་རྩོད་པ་ལ་ཡང་ཕྱིར་འཕྲོས་པ་མེད་པ་དང་། ཕྱིར་འཕྲོས་པ་དང་བཅས་པའི་ཉི་ཚེ་བ་དང་། དགེ་འདུན་མཐའ་དག་དང་འབྲེལ་པ་སྟེ་དབྱེ་བ་གསུམ་པོ་དེ་སྦྱར་དུ་རུང་སྟེ། ཉེས་པ་ངོ་ཤེས་པའི་ལྟུང་བའི་ཕྱིར་རྩོད་པ་ལ་དབྱེ་བ་གསུམ་པོ་དེ་དངོས་སུ་གསུངས་པས་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ལྟུང་བའི་ཕྱིར་རྩོད་པ་ཡང་གཞི་མེད་པ་དང་། གཞི་གཞན་རྗེས་སུ་བསྒྲུབ་པ་དང་། ཕྱིར་བཅོས་ལ་མི་བལྟོས་པ་དང་། སྨྱོན་པས་བྱས་པ་སྟེ་བཞི་པོ་དེ་སྦྱར་དུ་རུང་སྟེ། མི་གདམས་པའི་ཕྱིར་རྩོད་པ་ལ་དབྱེ་བ་བཞི་པོ་དེ་དངོས་སུ་གསུངས་ལ། དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ཡང་གླེང་བྱ་ལ་ལྟུང་བ་མེད་ཀྱང་གླེང་བྱེད་ཀྱིས་ལྟུང་བ་ཡོད་པར་འདུ་ཤེས་ཏེ་གླེང་བ་ལས། འདུ་ཤེས་ཀྱི་ཆ་ནས་ལྟུང་བའི་རྩོད་པ་འབྱུང་སྲིད་ལ། དེ་ལ་དབྱེ་བ་བཞི་པོ་དེ་སྦྱར་དུ་རུང་བའོ། །


K8Z004_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་ཞི་བྱེད་འཁྲུལ་བའི་དོན་ནི། ཉེས་པ་ངོ་ཤེས་པའི་ལྟུང་བའི་ཕྱིར་རྩོད་པའི་དབྱེ་བ་གསུམ་གྱི་དང་པོ་ལ་ནི་ཁས་བླང་བའི་བྱ་བས་ཕྱིར་བཅོས་སོ་ཞེས་དངོས་སུ་གསུངས་པས། གཉིས་པ་ལ་ཡང་ཁས་བླང་བའི་བྱ་བས་ཕྱིར་བཅོས་སོ་ཞེས་སྦྱར་དུ་རུང་ཞིང་། གཉིས་པ་ལ་ནི་མངོན་སུམ་གྱི་འདུལ་བས་སོ་ཞེས་དངོས་སུ་གསུངས་པས། དང་པོ་ལ་ཡང་མངོན་སུམ་གྱིས་འདུལ་བས་སོ་ཞེས་སྦྱར་དུ་རུང་སྟེ། རྩོད་པ་དེ་དག་ལ་ཞི་བྱེད་ཕན་ཚུན་བསྣོལ་མར་སྦྱར་བའི་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །བདུན་པ་རྩོད་པ་མཐར་བསྐྱལ་བ་ནི། མཐར་ལྟུང་བ་ཕྱིར་བཅོས་པའམ་མཐར་གནས་ནས་འབྱིན་པ་སྟེ། འགྱེད་ཕྱིར་གྱིས་རྩོད་པ་མངོན་སུམ་དང་། གང་མང་གིས་ཞི་བར་མ་ནུས་ན་མཐར་གནས་ནས་འབྱིན་པ་སྟེ་སྔ་བཤད་ཟིན་ཏོ། །མི་གདམས་པའི་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་ལ་གླེང་བྱས་ལྟུང་བ་ཁས་བླངས་ཏེ། ལྟུང་བ་ཕྱིར་བཅོས་བྱས་ན་རྩོད་པ་ཞི་བའི་མཐར་ཐུག་པ་ཡིན་ལ། གཞན་ཡང་རྩོད་པ་བཞི་པོ་རང་རང་གི་ཞི་བྱེད་དེ་རྣམས་ཀྱིས་རྩོད་པ་མ་ཞི་ན་ཇི་ལྟར་བྱ་ཞེ་ན། མ་ཞི་བ་ལ་ཡང་འཐབ་ཅིང་མ་ཞི་བ་དང་། བརྒྱངས་ཏེ་མ་ཞི་བ་གཉིས་ལས། དང་པོ་ལྟར་ན་བསྡིགས་པ་ནན་ཏུར་བྱ་ཞིང་། དེས་ཀྱང་མ་ཞི་ན་འཐབ་ཀྲོལ་ལ་འབད་པས་མ་ལོག་པ་གནས་ནས་དབྱུང་བར་བྱའོ། །གཉིས་པ་ལྟར་ན་བརྒྱངས་པ་དེ་བརྙས་ཐབས་བྱེད་པ་ཡིན་པས་ཕྱིར་འགྱེད་ནན་ཏུར་བྱ་ཞིང་། དེས་ཀྱང་མ་ཞི་ན་ཕྱིར་འགྱེད་པའི་འབད་པས་མ་ལོག་པ་གནས་ནས་དབྱུང་བའི་མདོར་བསྡུས་སྦྱར་ཏེ་ཤེས་པར་བྱའོ། །གཉིས་པ་ལ། ལུང་གཞི་ཉིད་ཀྱིས་བརྗོད་པ་དང་། །ཞུ་བའི་ལུང་གིས་བརྗོད་པའོ། །དང་པོ་ལ། རྩོད་པའི་རྒྱུ་རྣམས་དབྱེ་བ་དང་། །རྩོད་པ་ཞི་བྱེད་ཆོས་


K8Z004_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །དང་པོ་ནི། འཁྲུག་ལོང་སྟེ་རྩོད་པ་དག་གི་རྒྱུ་བཞིའོ། །བཞི་ནི་དང་པོ་འགྱེད་ཕྱིར་གྱི་རྩོད་པའི་རྒྱུ་ནི། དངོས་པོའི་དེ་བཞིན་ཉིད་ལོག་པར་སྒྲུབ་པ་འདུས་བྱས་རྟག་པར་སྨྲ་བ་ལྟ་བུ་དང་། གཉིས་པ་མི་གདམས་པའི་ཕྱིར་རྩོད་པའི་རྒྱུ་ནི་སྤོང་བ་དང་། ཊཱི་ཀ་ལས། གདམས་ངག་ལ་སོགས་པ་འཇོག་པར་འགྱུར་བས་གཞན་སྤོང་བ་སྟེ། ཞེས་སོ། །གསུམ་པ་ལྟུང་བའི་ཕྱིར་རྩོད་པའི་རྒྱུ་ནི། གླེང་བྱས་ལྟུང་བ་དང་བཅས་པ་སྟེ། བམ་པོ་ལྔ་བཅུ་པ་ལས། ལྟུང་བ་སྡེ་ལྔ་ལས་ལྷག་མ་དང་བཅས་པ་གང་ཡང་རུང་བའོ་ཞེས་སོ། །དེ་ལྟར་ལྟུང་བ་དང་བཅས་པ་ལ་ལྟུང་བ་གླེང་ན་ལྟུང་བ་ཁས་མི་ལེན་པ་ཉིད་དོ། །བཞི་པ་བྱ་བ་ལས་ཀྱི་ཕྱིར་རྩོད་པའི་རྒྱུ་ནི། ལས་ལ་འདུ་བ་མི་སྟེར་བ་དང་ཕྱིར་ཟློག་བྱེད་ཅིང་མཐུན་པ་མི་སྦྱིན་པའོ། །གཉིས་པ་ལ། རྩོད་པ་སོ་སོའི་ཞི་བྱེད་དང་། །ཞི་བྱེད་ཐུན་མོང་བསླབ་བྱའོ། །དང་པོ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་བའོ། །དང་པོ་ནི། རྩོད་པའི་རྒྱུ་དང་པོ་ལས་བྱུང་བ་ནི་དེའི་འབྲས་བུ་སྟེ་འགྱེད་ཕྱིར་གྱི་རྩོད་པའོ། །དེ་ནི་མངོན་སུམ་དང་གང་མང་གི་སྒོ་ནས་རྒྱུད་གཅིག་ཏུ་བྱ་སྟེ། རྒོལ་དང་ཕྱིར་རྒོལ་གྱི་རྟོག་པ་ཕྱོགས་གཅིག་ཏུ་བྱ་བས་ཉེ་བར་ཞི་བའོ། །རྩོད་པའི་རྒྱུ་གཉིས་པ་ལས་བྱུང་བ་ནི་དེའི་འབྲས་བུ་མི་གདམས་པའི་རྩོད་པའོ། །དེ་ནི་གཉིས་ལས། དང་པོ་རྒྱུ་བཅས་ལ་ནི་འདི་དང་ཞེས་པ། ཊཱི་ཀ་ལས། རྒྱུད་གཅིག་ཏུ་བྱ་བ་འདི་དང་། ཞེས་དང་། ལུང་ལས། མངོན་སུམ་འདི་དང་། ཞེས་པའོ། །གཉིས་པ་རྒྱུ་མེད་ལ་ནི། དག་པ་སྦྱིན་པ་སྟེ་དྲན་པ་དང་མ་སྨྱོས་པའི་འདུལ་བ་སྦྱིན་པས་ཉེ་བར་ཞི་བའོ། །རྩོད་པའི་རྒྱུ་གསུམ་པ་ནི་ལྟུང་བ་དང་བཅས་པ་ཉིད་དོ། །རྒྱུ་དེ་ལས་བྱུང་བ་ནི་དེའི་འབྲས་བུ་སྟེ་ལྟུང་བའི་ཕྱིར་རྩོད་


K8Z004_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ནི་གཉིས་ལས། ཉེས་པ་ངོ་ཤེས་ན་ནི་ཕྱིར་བཅོས་པ་སྟེ་ཁས་བླང་བར་བྱ་བས་ཕྱིར་བཅོས་པའམ། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པ་དང་། ཉེས་པ་ངོ་མ་ཤེས་ན་ནི་ལྟུང་བའི་ངོ་བོ་ངེསཔར་འཛིན་པ་ལ་སྦྱར་བ་ངོ་བོ་ཉིད་འཚོལ་བ་ཉིད་སྦྱིན་པས་ཉེ་བར་ཞི་བའོ། །རྩོད་པའི་རྒྱུ་བཞི་པོའི་ཐ་མ་ལས་ལ་མཐུན་པ་མི་སྦྱིན་པ་ནི་ལས་ལ་མཐུན་པ་སྦྱིན་དུ་འཇུག་པས་ཉེ་བར་ཞི་བའོ། །གཉིས་པ་ལ། འགྱེད་ཕྱིར་རྩོད་པ་ཞི་བྱེད་དང་། །མི་གདམས་རྩོད་པ་ཞི་བྱེད་དང་། །ལྟུང་ཕྱིར་རྩོད་པ་ཞི་བྱེད་དོ། །དང་པོ་ལ། མངོན་སུམ་ཉིད་ཀྱིས་ཞི་བྱེད་དང་། །གང་མང་གིས་ཞི་བྱེད་པའོ། །དང་པོ་ལ། རྒོལ་དང་ཕྱིར་རྒོལ་མངོན་སུམ་དང་། །གཟུ་བོ་བསྐོ་བའི་མངོན་སུམ་དང་། །དགེ་འདུན་གཞི་པོའི་མངོན་སུམ་དང་། །གསལ་བ་བསྐོ་བའི་མངོན་སུམ་དང་། །གསལ་བའི་གསལ་བའི་མངོན་སུམ་དང་། །དགེ་འདུན་གཞན་གྱི་མངོན་སུམ་དང་། །སྡེ་སྣོད་འཛིན་པའི་མངོན་སུམ་དང་། །གནས་བརྟན་མཐུ་ལྡན་མངོན་སུམ་མོ། །དང་པོ་ནི། མ་རྣམས་ཀྱི་ཊཱི་ཀ་ལས། འགྱེད་པ་ནི་ཤགས་འགྱེད་པའོ། །ཞེས་སོ། །འགྱེད་པ་རྒོལ་ཕྱི་རྒོལ་གཉིས་རང་གིས་རྩོད་པ་ཞི་བར་བྱའོ། །གཉིས་པ་ནི། རང་གིས་མི་ནུས་ན་དགེ་འདུན་ཚོགས་པར་དབྱུང་བའི་གཟུ་བོ་དག་གིས་ལེགས་པར་ཆོས་ཕྱོགས་སུ་ཞི་བར་བསྒྲུབ་བོ། །གཟུ་བོ་ཇི་ལྟ་བུ་དག་གིས་ཞེ་ན། དགེ་སློང་དག་གིས་སོ། །དགེ་སློང་ཇི་ལྟ་བུ་ཞེ་ན། འབྲང་བ་སྟེ་མོས་ཤིང་ཡིད་ཆེས་པ་དག་གིས་སོ། །འབྲང་བ་ཞེས་པ་ནི་མོས་ཤིང་ཡིད་གཏོད་པ་སྟེ། གོས་གཞིའི་བྱུང་བ་ལས་ས་སྐྱོང་ནི་ཕུ་བོ་ཡིན་ལ། སེང་གེ་ནུ་བོ་ཡིན་ཡང་ཡུལ་མིའི་ཚོགས་རྣམས་སེང་


K8Z004_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གེ་ལ་འབྲང་བ་ཡིན་པས་སེང་གེ་སྡེ་དཔོན་བྱེད་དུ་བཅུག་གོ་ཞེས་གསུངས་པ་བཞིན་ནོ། །སུ་འབྲང་བ་དག་གིས་ཞེ་ན། རྒོལ་ཕྱིར་རྒོལ་དེ་གཉིས་འབྲང་བ་དག་གིས་ཞེས་ཏེ། དེ་གཉིས་མོས་ཤིང་ཡིད་ཕེབས་པར་གྱུར་པ་དག་གིས་སོ། །གཟུ་བོ་དེ་ཡང་དགེ་སློང་གཅིག་ཡན་ཆད་ཀྱིས་ཏེ་དུ་མས་ཀྱང་རུང་ངོ་། །གཟུ་བོ་དག་ལ་རྒོལ་ཕྱིར་རྒོལ་གཉིས་ཀས་འབྲང་བར་བྱའོ། །རྩོད་པ་བྱུང་ངོ་ཅོག་ལ་གཟུ་བོ་དེ་དག་དགེ་འདུན་གྱིས་གཏན་དུ་བསྐོའོ། །འདིར་གང་ཟག་འཐབ་མོ་མི་བསྐྱེད་པ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །གཟུ་བོ་བསྐོ་བའི་ཚུལ་འདི་ལ་འཕྲོས་དོན་གྱི་སྒོ་ནས་ཅུང་ཟད་ཅིག་འཆད་པོར་འདོད་དེ། དེ་ཡང་དགོས་པའི་དོན་ནི། གཟུ་བོ་བསྐོས་པ་དེས་རྩོད་པ་ཞི་བར་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་གསུམ་ལས། དང་པོ་ཡུལ་གང་ལ་བསྐོ་བ་ནི། ལུང་མ་མོ་ལས། གཟུ་བོ་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་བསྐོ་བར་གསུངས་སོ། །དེ་ཡང་ཚུལ་ཁྲིམས་དང་ལྡན་ཅིང་དང་པོ་ཉིད་ནས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་སྟེ་དེ་ནི་ཚུལ་ཁྲིམས་རྒྱུད་ལ་ཡོད་ཅིང་། དང་པོ་ཚུལ་ཁྲིམས་ལེན་པའི་ཚེ་ཉིད་ནས་མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བ་སྟེ་དོན་དེ་ལྟར་ཉན་ཐོས་ཀྱིས་ལས་བཤད་དོ། །ངོ་ཚ་ཤེས་ཤིང་འགྱོད་པས་བསྡམ་པ་སྟེ། དེ་ནི་བདག་ལ་ཆོས་ཀྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བ་ཕྲ་མོ་ལ་ཡང་འཛེམ་ཞིང་། ཉེས་པ་སྔ་མས་འགྱོད་ཅིང་ཕྱིན་ཆད་སྡོམ་པའོ། །བསླབ་པ་འདོད་པ་སྟེ་དེ་ནི་བསླབ་པ་ཕུན་སུམ་ཚོགས་པ་མི་ཉམས་པར་བསྲུང་བར་འདོད་པའོ། །དེ་ཡང་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། བསླབ་པ་འདོད་པ་ནི་བསླབ་པ་ལ་གུས་པར་བྱེད་པའོ། །ཞེས་སོ། །འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་ཤིང་ཐོས་པ་


K8Z004_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅིང་ཐོས་པ་བསགས་པ་སྟེ། དེ་ནི་འདུལ་བ་ལ་གུས་ཤིང་ཡིད་ཆེས་ལ་ཚིག་གི་སྒོ་ནས་ཐོས་པ་འཛིན་ཅིང་། དོན་གྱི་སྒོ་ནས་ཐོས་པ་བསགས་པ་སྟེ། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས། ཐོས་པ་འཛིན་པ་ཞེས་བྱ་བ་ནི་ཚིག་མི་བརྗེད་པའོ། །ཐོས་པ་བསགས་པ་ཞེས་བྱ་བ་ནི་དོན་མི་བརྗེད་པའོ་ཞེས་སོ། །ལུང་ཐོན་པ་སྟེ་ལུང་དུམ་བུ་བཞི་བློ་ནས་ཐོན་པའོ། །རྩོད་པ་ལ་མཁས་པ་དང་། རྩོད་པ་ཀུན་ནས་སློང་བ་ལ་མཁས་པ་དང་། རྩོད་པའི་བྱེ་བྲག་ལ་མཁས་པ་དང་། རྩོད་པ་འགེབས་པ་ལ་མཁས་པ་དང་། རྩོད་པ་དགགས་ནས་ཕྱིས་མི་འབྱུང་བ་ལ་མཁས་པ་སྟེ། ལྔ་པོ་དེ་དག་ནི་རྩོད་པའི་ངོ་བོ་འཛིན་པ་ལ་མཁས་པ་དང་། རྩོད་པའི་རྒྱུ་ངོས་ཟིན་པ་ལ་མཁས་པ་དང་། རྩོད་པའི་བྱེ་བྲག་འབྱེད་པ་ལ་མཁས་པ་དང་། རྩོད་པ་ཞི་བྱེད་ལ་མཁས་པ་དང་། རྩོད་པ་ཞི་བྱེད་ཀྱི་ལོག་གནོན་ལ་མཁས་པའོ། །བསྟན་བཅོས་གཞན་སྒྲ་དང་ཚད་མ་ལ་སོགས་ལ་མཁས་པ་སྟེ། ཊཱི་ཀ་ལས། ཆོས་ཀྱི་དོན་རྣམ་པར་ངེས་པས་མི་འགྱུར་བ། ཞེས་བཤད་དོ། །གཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་རྩོམ་མེད་པར་སྨྲ་བ་སྟེ། རྩོད་པའི་རྒྱུ་ལ་མཁས་ཤིང་ཕྱོགས་སུ་མི་ལྷུང་བར་བརྟན་ཅིང་ཉེ་རིང་མེད་པའི་ཚིག་རྗོད་པར་བྱེད་པའོ། །ཉེས་རྩོམ་བྱེད་དུ་མི་འཇུག་པ་སྟེ་གཞན་ཉེ་རིང་བྱེད་དུ་མི་འཇུག་པའོ། །ལུས་དང་ངག་གིས་མི་འཇུག་པ་སྟེ་ལུས་ངག་གིས་ཉེ་རིང་དུ་མི་གསལ་བའོ། །སྨྲ་བར་བྱེད་ཅིང་སྨྲས་པ་བརྡ་ཕྲད་པར་བྱེད་པ་སྟེ་ཚིག་གི་བདག་ཉིད་གཞན་ལ་བརྗོད་མཁས་ཤིང་། །གཞན་གྱིས་སྨྲས་པའི་དོན་གོ་བ་ལེན་པ་ལ་མཁས་པའོ། །གོ་བར་བྱེད་ཅིང་བསྒོ་བ་བརྡ་ཕྲད་པར་བྱེད་པ་སྟེ་དོན་གྱི་བདག་ཉིད་གོ་བ་སྐྱེ་བ་ལ་མཁས་ཤིང་། གཞན་གྱིས་བསྒོ་པའི་དོན་གྱི་གོ་བ་ལེན་པ་ལ་མཁས་པའོ། །


K8Z004_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རིག་པར་བྱེད་ཅིང་རྣམ་པར་རིག་པ་རྣམ་པར་བྱས་པ་བརྡ་ཕྲད་པར་བྱས་པ་སྟེ། བསམ་བྱུང་གིས་གཞན་ལ་གོ་བར་བྱེད་པ་ལ་མཁས་ཤིང་རང་གིས་གོ་བ་ལེན་པ་ལ་མཁས་པའོ། །ངེས་པར་རྟོགས་པར་བྱེད་ཅིང་ངེས་པར་བརྟགས་པས་བརྡ་ཕྲད་པར་བྱེད་པ་སྟེ་སྒོམ་བྱུང་གིས་གཞན་ལ་གོ་བར་བྱེད་པ་ལ་མཁས་ཤིང་རང་གི་གོ་བ་ལེན་པ་ལ་མཁས་པའོ། །འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིག་པས་འགྲོ་བ་མ་ཡིན་པ་སྟེ་ཉི་ཤུ་རྩ་གཉིས་སོ། །དེ་དག་གི་སྟེང་དུ་སྐྱེས་པ་ཡིན་པ་སྟེ། བུད་མེད་རྣམས་ཀྱི་ནི་སྐྱེས་པས་རིག་པའོ་ཞེས་འབྱུང་བས་སོ། །ལྟ་བ་མཐུན་པ་སྟེ་གཞན་དུ་ན་མི་འཆགས་པ་སྟེ་འདོད་པ་ཐ་དད་པའི་ཕྱིར་རོ། །ལུས་ཐ་མལ་པར་གནས་པ་སྟེ་གཞན་དུ་ན་མི་འཆགས་ཏེ། ལུས་ཀྱི་ཐ་སྙད་ལས་ཉམས་པས་བསྐོ་བའི་ཆོ་གའི་འཇུག་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་དག་ནི་གཟུ་བོར་འོས་པའི་མཚན་ཉིད་དོ། །བསྐོ་བའི་དུས་ནི་ཚོགས་སུ་མ་ལོངས་པ་དང་། སྤྲོ་བ་དྲིས་ནས་སྤྲོ་བ་དང་། སྔར་བསྐོས་པ་དང་མ་འབྲེལ་བ་སྟེ་རྒྱུ་མཚན་སྔར་བཤད་པ་བཞིན་ནོ། །དེ་ལྟར་ན་གཟུ་བོ་ཉི་ཤུ་རྩ་བརྒྱད་དང་ལྡན་པ་བསྐོའོ་ཞེས་བླ་མ་རྣམས་ཀྱིས་གསུངས་སོ། །ཆོས་ཉི་ཤུ་རྩ་བརྒྱད་པོ་དེ་རྣམས་ནི་དགེ་ཚུལ་ལའང་ཚང་སྲིད་པས་དགེ་སློང་ཡིན་པ་དང་ཉེར་དགུ་སྟེ། དགེ་སློང་གིས་སོ་ཞེས་པ་དང་། ཁ་སྐོང་བར་འོས་པ་མ་ཡིན་པ་ནི་དགེ་འདུན་གྱི་ཐ་སྙད་ལ་ཞེས་གསུངས་པས་སོ། །ཆོས་ཉི་ཤུ་རྩ་དགུ་པོ་དེ་རྣམས་ནི་གསལ་བ་བསྐོ་ཡུལ་དང་། གསལ་བས་ཀྱང་གསལ་བ་བསྐོ་ཡུལ་ལ་ཚང་བས་ན་གཟུ་བོ་བསྐོ་བའི་ཡུལ་ནི་གསལ་བ་བསྐོ་ཡུལ་བས་ཡོན་ཏན་དམན་པ་སྟེ། ཆོས་སུམ་ཅུ་དང་ལྡན་པ་གཟུ་བོར་བསྐོའོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་


K8Z004_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་བཞི་ལྡན་གྱིས་ཏེ་སྔར་བཤད་པ་བཞིན་ནོ། །གསུམ་པ་ཆོ་ག་གང་གིས་བསྒོ་བ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོར་བ་ནི་དགེ་འདུན་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་དང་། ལས་བྱེད་པ་ལ་སྤྲོ་བ་དྲི་བའོ། །དངོས་གཞི་ནི་གསོལ་གཉིས་ཀྱི་ལས་ཀྱིས་ཏེ། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །དེ་ལྟར་གཟུ་བོ་བསྐོས་པ་དེས་རྩོད་པ་ཞི་བར་བྱའོ། །དེ་ནི་ངོ་ཚ་ཤེས་སོགས་ཀྱི་མདོ་དགུས་བསྡུས་ཏེ། ངོ་ཚ་ཤེས་ཤིང་ཞེས་པ་བདག་གམ་ཆོས་ཀྱི་དབང་དུ་བྱས་པའི་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། ལུང་ལས། ངོ་ཚ་ཤེས་ཤིང་འགྱོད་ལ་བསྡམས་པ། ཞེས་གསུངས་པ་དེ་བསྡུས་སོ། །བསླབ་པ་འདོད་པའོ་ཞེས་པ་ནི་བསླབ་པ་ཕུན་སུམ་ཚོགས་པ་མི་ཉམས་པར་བསྲུང་བར་འདོད་པའོ་ཞེས་བསྟན་ཏེ། འདིས་ནི་བསླབ་པ་འདོད་པ་ཉིད་དང་ཚུལ་ཁྲིམས་དང་ལྡན་ཅིང་། དང་པོ་ཉིད་ནས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉིད་ཀྱང་བསྡུས་པ་ཡིན་ནོ། །འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་པའོ་ཞེས་འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་ཤིང་། ཐོས་པ་འཛིན་ཅིང་ཐོས་པ་བསགས་པ་དང་ལུང་ཐོན་པ་གཉིས་བསྡུའོ། །རྩོད་པ་འབྱུང་བ་སྤྱོད་པ་ལ་མཁས་པའོ་ཞེས་པ་ནི་རྩོད་པ་ལ་མཁས་པ་དང་། རྩོད་པ་ཀུན་ནས་སློང་བ་ལ་དང་། རྩོད་པའི་བྱེ་བྲག་ལ་དང་། རྩོད་པ་འགོག་པ་ལ་དང་། རྩོད་པ་དགག་ནས་ཕྱིས་མི་འབྱུང་བ་ལ་མཁས་པ་སྟེ་ལྔ་བསྡུས་སོ། །རྣམ་པར་ཞེན་པའོ་ཞེས་པ་ནི་ཆོས་ཀྱི་དོན་རྣམ་པར་ངེས་པ་མི་འགྱུར་བ་སྟེ། ལུང་ལས། འདིས་ནི་བསྟན་བཅོས་གཞན་ལ་མཁས་པ་བསྡུས་སོ། །ཉེ་རིང་མེད་པར་བརྟན་ཅིང་ཞེས་པ་ནི་ལུས་དང་ངག་གིས་མི་འཇུག་པར་བསྡུས་སོ། །ཉེ་རིང་གིས་ཉེས་རྩོམ་མེད་པར་འཇུག་པའོ་ཞེས་པ་ནི་གཞི་ལྷག་པར་


K8Z004_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལ་མཁས་ཤིང་། ཉེས་རྩོམ་མེད་པར་སྨྲ་བ་དང་ཉེས་རྩོམ་བྱེད་དུ་མི་འཇུག་པ་བསྡུས་སོ། །ཉེ་རིང་མི་བྱེད་པར་སྙོམས་པའོ་ཞེས་པ་སྟེ། འདུན་པ་དང་ཞེ་སྡང་དང་འཇིགས་པས་མི་འགྲོ་བ། ཞེས་བསྟན་ཏོ། །སྨྲ་བ་ལ་སོགས་པའི་བརྡ་འཕྲད་པའོ་ཞེས་པ་ནི་སྨྲས་པས། བརྡ་ཕྲད་པར་བྱེད་པ་དང་། བསྐོ་བས་བརྡ་ཕྲད་པར་བྱེད་པ་དང་། རྣམ་པར་རིག་པར་བྱས་པས་བརྡ་ཕྲད་པར་བྱེད་པ་དང་། ངེས་པར་བརྟགས་པས་བརྡ་ཕྲད་པར་བྱེད་པ་སྟེ་བཞི་བསྡུས་སོ། །སྨྲ་བ་ལ་སོགས་པའི་སྒོ་ནས་རང་གིས་གཞན་ལ་བརྡ་སྤྲོད་པར་བྱེད་པའོ། །ཞེས་པ་ནི་སྨྲ་བར་བྱེད་པ་དང་། གོ་བར་བྱེད་པ་དང་། རྣམ་པར་རིག་པར་བྱེད་བ་དང་། ངེས་པར་རྟོགས་པར་བྱེད་པ་སྟེ་བཞི་བསྡུས་སོ། །མཁས་པའོ་ཞེས་པས་ནི་གཏི་མུག་གིས་མི་འགྲོ་བ་བསྡུས་སོ། །གསུམ་པ་ནི། གཟུ་བོ་དེ་དག་གིས་ཉེ་བར་མ་ཞི་ན་དགེ་འདུན་གཞི་པོ་ལ་འབུལ་ལོ། །བཞི་པ་ནི། དགེ་འདུན་གཞི་པོ་དེས་ཞི་བར་མ་ནུས་ན་གསལ་བ་དག་བསྐོའོ། །གསལ་བ་དུ་བསྐོ་ན་དགེ་འདུན་གྱི་ཚད་ལས་མི་ཉུང་བ་དག་གོ། །ལྔ་པ་ནི། གསལ་བའི་སྡེ་ཚན་དེས་མ་ནུས་ན་གསལ་པའི་སྡེ་ཚན་དེ་རང་གིས་གསལ་བ་དག་བསྐོ་བ་ཉིད་དོ། །དེས་ཞི་བར་མི་ནུས་ཤིང་ཞི་བྱེད་གཞན་སྐོ་བར་མི་བྱེད་ན་རྩོད་པ་དེ་གང་ལས་བླངས་པ་དེ་ལ་དབུལ་ལོ། །དྲུག་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་དོན་ནི་རྩོད་པ་ཞི་བར་གྱུར་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་བསྐོ་བ་ནི། བསྐོ་བའི་ཡུལ་ཆོས་བཅུ་བཞི་དང་ལྡན་པ་སྟེ། སྔར་སྤོང་བ་པའི་ཞལ་ཏ་པའི་སྐབས་སུ་བཤད་ཟིན་ནོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །


K8Z004_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། གཟུ་བོ་བསྐོ་བའི་སྐབས་སུ་སྔར་བཤད་པ་དང་འདྲའོ། །བཞི་པ་དེ་ལྟར་བསྐོས་པའི་བྱ་བ་ནི། གཏོད་ལེན་ལན་བཞི་བྱ་བ་སྟེ། རྩོད་པ་སྦེད་པ་པོ་དེས་རྩོད་པ་དེ་དགེ་འདུན་གཞན་ལ་ཟླ་བ་གསུམ་དུ་གཏད་པ་དང་། དེས་རྩོད་པ་སྦེད་པ་པོ་དེ་ཉིད་ལ་ཚུར་གཏད་ན། དེས་སྡེ་སྣོད་འཛིན་པ་ལ་ཟླ་བ་དྲུག་ཏུ་གཏད་པ་དང་། དེས་རྩོད་པ་སྦེད་པ་པོ་དེ་ཉིད་ལ་ཚུར་གཏད་ན། དེས་གནས་བརྟན་མཐུ་དང་ལྡན་པ་ལ་དུས་ཐུག་མེད་དུ་གཏད་པ་དང་། དེས་ཀྱང་རྩོད་པ་སྦེད་པ་པོ་དེ་ཉིད་ལ་ཚུར་གཏད་ན། དེས་དགེ་འདུན་གཞི་པོ་ལ་གཏད་པ་སྟེ། རྩོད་པ་སྦེད་པ་པོ་དེའི་བྱ་བ་ནི་བཞི་པོ་དེ་དག་ཡིན་ནོ། །གཉིས་པ་ནི། གསལ་བ་དག་གིས་དགེ་འདུན་གཞི་པོ་ལ་གཏད་ནས་རྩོད་པ་དེ་དགེ་འདུན་གཞི་པོའི་གན་དུ་ཕྱིར་འོངས་ན་དགེ་འདུན་གཞི་པོས་རྩོད་པ་སྦེད་པ་བསྐོའོ། །རྩོད་པ་སྦེད་པ་པོ་དེས་རྩོད་པ་དེ་གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གཞན་ལ་འབུལ་ལོ། །ཇི་ལྟར་དབུལ་ན་སྔར་བྱུང་བའི་མཐའ་བརྗོད་དེ་དུས་ཟླ་བ་གསུམ་དུ་དབུལ་ལོ། །འབུལ་བའི་བདག་ཉིད་ཀྱི་ལས་དེ་ནི་རྩོད་པ་སྦེད་པ་དེ་ཡིན་པའོ། །ཊཱི་ཀ་ལས། འབུལ་བའི་བདག་ཉིད་ཀྱི་ལས་དེ་ནི་རྩོད་པ་སྦེད་པ་དེ་ཡིན་པས། ཞེས་བཤད་དོ། །རྩོད་པ་སྤོ་བ་ཞེས་ཀྱང་བྱ། རྩོད་པ་སྦེད་པ་ཞེས་ཀྱང་བྱ་སྟེ་རྩོད་པ་ཞི་བར་བྱེད་པ་པོ་གཞན་དང་། གཞན་ལ་གཏོང་བར་བྱེད་པ་དེ་ནི་རྩོད་པ་སྤོ་བ་དེ་ཞེས་བྱའོ། །བདུན་པ་ནི། དགེ་འདུན་དེས་ཞི་བར་མ་ནུས་ནས་རྩོད་པ་སྦེད་པ་པོ་དེ་དག་ལ་ཕྱིར་ཕུལ་བ་ན་རྩོད་པ་སྦེད་པ་པོ་དེས་རྩོད་པ་དེ་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པ་


K8Z004_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་དུས་ཟླ་བ་དྲུག་གི་བར་དུ་འབུལ་བའོ། །འོ་ན་ལུང་གཞི་ལས། གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གཞན་ལ་ཟླ་བ་དྲུག་ཏུ་དབུལ་ཞིང་སྡེ་སྣོད་འཛིན་པ་ལ་ལོ་གཅིག་འབུལ། ཞེས་པ་དང་འགལ་ཅེ་ན། ལུང་ལ་འདོན་པ་ཐ་དད་པའི་འདོད་ལུགས་གཉིས་བྱུང་ཡང་ལུང་གང་ལས་མདོ་རྩ་བ་བསྡུས་པའི་ལུང་དེ་གཙོ་བོར་བྱ་སྟེ། མདོ་རྩ་འགྲེལ་ངེས་དོན་དུ་བཟུང་ངོ་། །རང་གི་རྣམ་བཤད་ལས་ཀྱང་། ལུང་ཁ་ཅིག་ལས་ནི་དགེ་འདུན་གཞན་ལ་ཟླ་བ་དྲུག་ཏུ་འབུལ་ཞིང་། སྡེ་སྣོད་འཛིན་པ་ལ་སོགས་པ་རྣམས་ལ་ལོ་གཅིག་ཏུ་འབུལ་ཞེས་གསུངས་པ་ཡིན་ནོ། །ཞེས་དྲངས་ནས། ལོ་གཅིག་ལ་སོགས་པ་ཤིན་ཏུ་ཡུན་རིང་པོར་རྩོད་པར་བྱེད་པ་འདི་ཀུན་ནས་ཉོན་མོངས་པར་རིགས་པ་མ་ཡིན་ཏེ། དེ་བས་ན་དེ་ལ་བརྟེན་ཏོ་ཞེས་གསུངས་སོ། །བརྒྱད་པ་ནི། སྡེ་སྣོད་འཛིན་པ་དེ་དག་གིས་མ་ནུས་ན་གནས་བརྟན་མཐུ་དང་ལྡན་པ་ལ་དབུལ་ལོ། །དུས་ཐུག་པ་མེད་པར་རོ། །གཉིས་པ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། གནས་བརྟན་དེས་རྒོལ་ཕྱིར་རྒོལ་དེ་གཉིས་ལས་བསྙེན་བཀུར་བདག་གིར་བྱ་བ་ཐ་ན་འདག་རྫས་དང་སོ་ཤིང་ཡན་ཆད་ཅུང་ཟད་ཀྱང་སྤང་བར་བྱའོ། །ལྷན་ཅིག་འགྲེང་བ་དང་འདུག་པ་དང་། ལྷན་ཅིག་འཆགས་སར་འཆག་པ་དང་། གཏམ་འདྲི་བ་དང་ཕེབས་པར་སྨྲ་བ་ཡང་ངོ་། །རྒོལ་ཕྱིར་རྒོལ་གནས་བརྟན་དེའི་རྗེས་སུ་འབྲང་ན་དེེ་དག་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ནས་འཐབ་པར་གྱུར། མཚང་འབྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་པ་ནི་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་


K8Z004_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་རྙེད་པ་མ་ཡིན་གྱི། ཚེ་དང་ལྡན་པ་དག་མ་འཐབ་ཅིག ། མཚང་མ་འབྲུ་ཞིག ། མ་རྩོད་ཅིག ། མ་འགྱེད་ཅིག ། འགྱེད་པ་ལ་གཉིས་ཀ་རྒྱལ་བ་མེད་དོ། །བང་རྒྱུག་པ་གཉིས་ཀ་རྒྱལ་བ་མེད་དེ། གཅིག་རྒྱལ་གཅིག་ཕམ་དུ་འགྱུར་རོ་ཞེས་བརྗོད་པར་བྱའོ། །ཆོས་ཕྱོགས་པ་དང་ཆོས་མིན་ཕྱོགས་པ་གང་ཆེས་མང་བའི་བློས་རྩོད་པ་དེ་ལེགས་པར་ཞི་བར་བཞག་པ་ནི་རྩོད་པ་ཞི་བ་ལེགས་པར་བསྒྲུབ་པའི་རྣམ་པ་མངོན་སུམ་ལས་གཞན་ཚུལ་ཤིང་གང་མང་ཞེས་བྱ་བ་ཡིན་ནོ། །འདིའི་འཕྲོས་དོན་ཅུང་ཟད་ཅིག་བརྗོད་པར་འདོད་དེ། དེ་ཡང་གང་མང་གི་ཞི་བྱེད་ལ་དགོས་པའི་དོན་ནི་རྩོད་པ་ཞི་བར་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་གསུམ་ལས། དང་པོ་གང་མང་བྱ་བ་ནི་ཆོས་ལྔ་དང་ལྡན་པ་ལ་བྱ་སྟེ། དེ་ཡང་དང་པོ་ཆོས་རྣམ་པར་གཏན་ལ་དབབ་པ་ཡིན་པ་སྟེ། འདི་ནི་ཆོས་རྣམ་པར་གཏན་ལ་དབབ་པ་ལ་སྲིད་ཀྱི་ཞེས་གསུངས་སོ། །རྒོལ་ཕྱིར་རྒོལ་གྱིས་གཅེས་ཤིང་དམ་པར་བཟུང་བ་སྟེ། རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་གཅེས་པར་བཟུང་བ་ཉིད་དང་། རབ་ཏུ་དམ་པ་ཉིད་དང་ཞེས་གསུངས་པ་དང་། གཞན་དུ་ན་གང་མང་ཉིད་ཀྱིས་བྱེ་བར་འགྱུར་བའི་ཕྱིར་རོ། །དགེ་འདུན་བྱེ་བར་དོགས་པ་ཡིན་པ་སྟེ། དེ་དག་བྱེ་བར་དོགས་པ་ཉིད་ཀྱིས་དེ་ལ་བརྟེན་པར་བྱའོ་ཞེས་གསུངས་པ་དང་། གཞན་དུ་ན་གང་མང་བྱས་པ་དེ་ཉིད་ཀྱིས་དགེ་འདུན་བྱེ་བར་དོགས་པའི་ཕྱིར་རོ། །བསྡམ་བྱར་འགྱུར་མི་འགྱུར་གྱིས་དོན་ལས་གཞན་ཡིན་པ་སྟེ། བསྡམ་པར་བྱ་བ་ཉིད་མ་ཡིན་པའི་དོན་ལའོ་ཞེས་གསུངས་པ་དང་། གཞན་དུ་ན་ཕྲན་ཚེགས་ཙམ་དུ་ཟད་པའི་ཕྱིར་རོ། །མངོན་སུམ་བརྒྱད་སྔོན་དུ་སོང་བ་སྟེ། གནས་བརྟན་གྱི་མཐར་ཐུག་པ་དག་ཡོངས་སུ་ཉོན་མོངས་པར་གྱུར་པ་དག་ལའོ་ཞེས་


K8Z004_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང་། གཞན་དུ་ན་དགེ་འདུན་རྩོད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་བྱེད་པ་པོ་གང་གིས་གང་མང་བྱ་བ་ནི། དགེ་འདུན་གཞི་པོ་རྣམས་ཀྱིས་བྱ་སྟེ་དགེ་འདུན་གཞི་པོས་ཞེས་གསུངས་སོ། །རྩོད་པའི་ཐོག་མཐའ་བར་གསུམ་གྱི་རྒྱུས་ཡོད་པས་གནས་ལུགས་དང་མཐུན་པར་ཚུལ་ཤིང་ལེན་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ཚུལ་ཇི་ལྟར་གང་མང་བྱ་བ་ནི། སྦྱོར་དངོས་རྗེས་གསུམ་སྟེ། དེ་ལ་དང་པོ་སྦྱོར་བ་ནི་རྣམ་པ་གསུམ་སྟེ། ཚུལ་ཤིང་འབྲིམ་པ་པོའི་དགེ་སློང་བསྐོ་བ་དང་། དེས་དགེ་འདུན་ལ་འདུ་བར་གསོལ་བ་དང་། འདུ་བའི་སྐབས་རྗེས་སུ་བསྒྲུབ་པའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། འབྲིམ་པ་པོས་ཇི་ལྟར་བྱ་བ་དང་། །ལེན་པ་པོས་ཇི་ལྟར་བྱ་བའོ། །དང་པོ་ནི། འབྲིམ་པ་པོའི་ལུས་ངག་ཡིད་གསུམ་གྱི་བསླབ་བྱ་ལ་དྲུག་ལས། དེ་ཡང་ལུས་ཀྱི་བྱ་བ་གཉིས་ཏེ། ཆོས་ཀྱི་ཚུལ་ཤིང་ལག་པ་གཡས་པས་བཟུང་ཞིང་། གཡོན་པས་ཆོས་མ་ཡིན་པའི་ཚུལ་ཤིང་བཟུང་བ་དང་། གཡོགས་སམ་ཕྱེ་བ་གང་གིས་ཆོས་ཀྱི་ཚུལ་ཤིང་ལེན་པ་མང་བ་དེ་ལྟར་བྱའོ། །ངག་གི་བྱ་བ་གཉིས་ཏེ། ཆོས་ཀྱི་ཚུལ་ཤིང་གི་ཡོན་ཏན་བརྗོད་པ་དང་། ཚེ་དང་ལྡན་པ་གསར་པ་དག་གི་རྣ་དྲུང་དུ་བཤུབ་པའོ། །ཡང་ཁྱོད་ཀྱིས་མཁན་པོ་དང་སློབ་དཔོན་ལ་སོགས་པས་ཆོས་ཀྱི་ཚུལ་ཤིང་བླངས་ཀྱི། ཁྱོད་ཀྱིས་ཀྱང་ཆོས་ཀྱི་ཚུལ་ཤིང་ལོང་ཞིག ། ཁྱོད་དེ་དག་དང་རྩོད་པར་གྱུར་པ་མ་ལེགས་སོ་ཞེས་སོ། །ཡིད་ཀྱི་བྱ་བ་གཉིས་ཏེ། དགེ་འདུན་བྱེ་བར་མི་འགྱུར་བའི་སེམས་བསྐྱེད་པ་དང་། ཆོས་ཀྱི་ཕྱོགས་སུ་འགྱུར་བའི་བསམ་པ་བསྐྱེད་པའོ། །གཉིས་པ་ལེན་པ་པོས་ཇི་ལྟར་བྱ་བ་ནི། མི་བླང་བ་ལྔ་དང་བླང་བ་དྲུག་སྟེ། ཆོས་མ་ཡིན་པའི་ཚུལ་ཤིང་མི་བླང་བ་དང་། ཐེ་ཚོམ་ཟ་ན་མ་དྲིས་པར་མི་བླང་བ་དང་། དབྱེན་


K8Z004_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་བའི་བསམ་པས་མི་བླང་བ་དང་། ཆོས་མ་ཡིན་པའི་ཕྱོགས་སུ་ཞི་བར་འདོད་པའི་བསམ་པས་མི་བླང་བ་དང་། དེ་གཉིས་འབྱུང་བར་འགྱུར་བར་ཤེས་ན་མི་བླང་བ་སྟེ་ལྔའོ། །བླང་བ་དྲུག་ནི་མི་བླང་བ་ལྔ་ལས་བཟློག་པ་ལྔ་དང་མཉམ་ན་ཉན་ཐོས་ཆེན་པོའི་ཕྱིར་ཆོས་ཀྱི་ཚུལ་ཤིང་གཅིག་བླང་བར་བྱའོ། །གཉིས་པ་ལ། གང་ལ་གང་མང་བྱ་བ་དང་། །གང་གིས་གང་མང་བྱ་བ་དང་། །ཇི་ལྟར་གང་མང་བྱ་བའོ། །དང་པོ་ནི། ཚུལ་ཤིང་གང་མང་བྱ་བ་འདི་ནི་ཆོས་ཐམས་ཅད་བདག་མེད་པ་ཡིན་མིན་ལ་རྩོད་པ་ལྟ་བུ་ཆོས་རྣམ་པར་གཏན་ལ་དབབ་པ་ལ་ཆོས་ཅན། ཚུལ་ཤིང་གང་མང་བྱར་རུང་སྲིད་ཀྱིས་ཏེ་ཆེས་མང་བའི་བློས་ལེགས་པར་བཞག་ཏུ་རུང་བའི་ཕྱིར་ཞེས་ཊཱི་ཀ་ལས་གསུངས་སོ། །དགེ་སློང་གིས་མྱོས་འགྱུར་འཐུངས་མ་འཐུངས་ལ་རྩོད་པ་ལྟ་བུ་ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ལ་ནི་ཆོས་ཅན། དོན་གྱི་ཆ་ནས་ཚུལ་ཤིང་གང་མང་བྱར་རུང་བ་མི་སྲིད་དེ། ཆེས་མང་བའི་བློས་ལེགས་པར་བཞག་ཏུ་མེད་པའི་ཕྱིར་ཞེས་ཊཱི་ཀ་ལས་སོ། །འདི་ལ་དོན་ཞེས་སྨོས་པ་ནི་ཚུལ་ཤིང་གཏན་ལ་དབབ་པ། ཆོས་གཏན་ལ་དབབ་པར་འདུ་ཤེས་འཁྲུལ་ན་ནི་འདུ་ཤེས་ཀྱི་ཆ་ནས་གང་མང་བྱ་བ་འདི་སྲིད་པས་བྱ་བ་འདི་སྲིད་པས་དེ་བསལ་པའི་ཕྱིར་དེ་སྐད་བརྗོད་དོ། །རྟགས་དེ་གང་གིས་གྲུབ་ན་གཞི་དེའི་སྐབས་ཀྱི་ཐ་མལ་བའི་ཤེས་པ་ནི་འགྱེད་པའི་ཕྱོགས་གཉིས་འབའ་ཞིག་གི་བློ་དང་འབྲེལ་བ་ཡིན་པའི་ཕྱིར་རོ། །གཞི་དེའི་སྐབས་ཀྱི་ཤེས་པ་ནི་འགྱེད་པ་གཉིས་དང་འབྲེལ་བའི་ཕྱིར་ཞེས་བརྗོད་ན་ནི་ཆོས་རྣམ་པར་གཏན་ལ་དབབ་པ་ནི་ཆོས་ཅན། ཚུལ་ཤིང་གང་མང་བྱར་རུང་མི་སྲིད་པར་ཐལ། གཞི་དེའི་སྐབས་ཀྱི་ཤེས་པ་ནི་འགྱེད་པ་གཉིས་དང་འབྲེལ་བ་ཡིན་ཕྱིར་མ་ངེས་པ་ཞུགས་སོ། །གཞི་དེའི་སྐབས་


K8Z004_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤེས་པ་ནི་འགྱེད་པ་གཉིས་ཁོ་ན་དང་འབྲེལ་བ་ཡིན་པའི་ཕྱིར་ཞེས་བརྗོད་ན་ནི་རྟགས་མ་གྲུབ་སྟེ། ཐམས་ཅད་མཁྱེན་པའི་ཤེས་པ་དང་འབྲེལ་ཞིང་ཡོན་ཏན་གསུམ་ལྡན་གྱི་དབང་པོའི་ཤེས་པ་དང་ཡང་འབྲེལ་བས་སོ། །གང་ལ་གང་མང་བྱ་ན་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་རྩོད་པ་མངོན་ཞེན་ཅན་གཅེས་པར་བཟུང་བ་ཉིད་དང་། ཞེན་པ་མི་ཕྱེད་པ་རབ་ཏུ་དམ་པ་ཉིད་དང་། དྲག་པོ་དེ་མི་བཟད་པ་ཉིད་ཡིན་ཅིང་། དགེ་འདུན་དེ་དག་བྱེ་བར་དོགས་པ་ཉིད་ཀྱིས་གང་མང་དེ་ལ་བརྟེན་པར་བྱའོ། །རྩོད་པ་གཏན་ལ་དབབ་པ་ནི་བསྡམ་པར་བྱ་བ་ཉིད་མ་ཡིན་པའི་དོན་ལའོ། །དགེ་འདུན་གཞི་པོ་དང་གཟུ་བོ་དང་གསལ་བ་ལ་སོགས་པ་ནས་གནས་བརྟན་གྱི་མཐར་ཐུག་པ་དག་ཡོངས་སུ་ཉོན་མོངས་པར་འབད་རྩོལ་གྱིས་རྩོད་པ་ཞི་བར་མ་གྱུར་པ་དག་ལ་ཚུལ་ཤིང་གང་མང་བྱའོ། །གཉིས་པ་ནི། གང་གིས་ཚུལ་ཤིང་གང་མང་བྱ་བ་ནི་དགེ་འདུན་གཞི་པོས་སོ། །ཆོས་ཕྱོགས་པའི་བློ་དང་ཆོས་མིན་ཕྱོགས་པའི་བློ་དེ་གཉིས་གང་མང་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཆེས་མང་བའི་བློས་ལེགས་པར་བཞག་པ་འདི་ལ་ཚུལ་ཤིང་བྲིམས་པས་ཆོས་ཕྱོགས་པའི་བློ་དང་། །ཆོས་མིན་ཕྱོགས་པའི་བློའི་གྲངས་བཟུང་ཞིང་བགྲང་བར་བྱ་བ་ཉིད་དོ། །དེའང་ཕྱི་རོལ་ལུས་ཀྱིས་ཚུལ་ཤིང་ལེན་པ་གང་མང་བ་ལས་ནང་གི་བསམ་པ་ཕྱོགས་གཉིས་གང་མང་བའི་བློས་བཟུང་ཞིང་བགྲང་བར་བྱའོ། །འདི་ནི་འགྲེལ་ཆུང་ལས། ཚུལ་ཤིང་འཛིན་པའི་བསམ་པས་བཟུང་བར་བྱ་སྟེ། དགེ་འདུན་མང་ཉུང་གྲངས་བཟུང་བའི་ཕྱིར་རོ། །ཞེས་སོ། །གསུམ་པ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། ཚུལ་ཤིང་བྲིམ་པ་བསྐོ་བར་བྱའོ། །གཉིས་པ་ལ། སྦྱོར་བའི་སྐབས་ཀྱི་


K8Z004_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བྱ་དང་། །དངོས་གཞིའི་སྐབས་ཀྱི་བསླབ་བྱ་དང་། །རྗེས་ཀྱི་སྐབས་ཀྱི་བསླབ་བྱའོ། །དང་པོ་ནི། བྲིམ་པ་དེས་ཕྱོགས་གཉིས་ཀྱི་ཚུལ་ཤིང་རྣམ་པ་གཉིས་དག་ཉེ་བར་བཞག་གོ། །ཆོས་ཀྱི་ཚུལ་ཤིང་དག་ནི་ཡ་ཡོ་མེད་པ་དང་། ཁྱར་ཁྱོར་མེད་པ་དང་། ཅས་ཅུས་མེད་པ་དང་། ཁ་དོག་བཟང་བ་དང་། དྲི་ཞིམ་པ་དང་། རེག་པ་འཇམ་པ་ཉིད་དག་ཡིན་ལ། གཅིག་ཤོས་ཀྱི་ནི་བཟློག་པའོ། །འབྲིམ་པོ་དེས་དགེ་འདུན་ལ་འདུ་བར་གསོལ་ལོ། །ཇི་ལྟར་གསོལ་ན་ཚུལ་ཤིང་འབྲིམ་པར་འགྱུར་གྱི། ཐམས་ཅད་ཀྱིས་འདུ་བར་བྱའོ་ཞེས་སོ། །གཉིས་པ་ལ། ཚུལ་ཤིང་འབྲིམ་པོའི་བསླབ་བྱ་དང་། །ཚུལ་ཤིང་ལེན་པའི་བསླབ་བྱའོ། །དང་པོ་ནི། གལ་ཏེ་དེ་ལྟར་ཆོས་ཕྱོགས་པས་དད་པས་བྱིན་པའམ། ཚིག་བྱིན་པས་ཏེ་འདུན་པ་སྦྱིན་པས་ཚོགས་པ་ན་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་པར་འགྱུར་བར་སེམས་ན་བྲིམ་པར་མི་བྱའོ། །བྲིམ་པའི་ཚེ་ལག་པ་གཡས་པས་ཆོས་ཀྱི་ཚུལ་ཤིང་དག་བཟུང་ཞིང་། གཡོན་པས་གཅིག་ཤོས་དག་གོ། །ཆོས་མིན་གྱི་ཚུལ་ཤིང་དེ་དག་གཡོགས་ཏེ་སྔ་མ་ཆོས་ཀྱི་ཚུལ་ཤིང་དག་སྣང་བར་བྱས་ནས་དགེ་འདུན་ལ་བརྗོད་པར་བྱའོ། །ཇི་ལྟར་བརྗོད་ན་གནས་བརྟན་འདི་དག་ནི་ཆོས་ཀྱི་ཚུལ་ཤིང་ཡ་ཡོ་མེད་པ་ཁྱར་ཁྱོར་མེད་པ་ཅས་ཅུས་མེད་པ་ཁ་དོག་བཟང་པོ་དྲི་ཞིམ་པ་རེག་པ་འཇམ་པ་དག་ཡིན་གྱི་ལོང་ཞིག་ཅེས་སོ། །ཆོས་ཀྱི་ཚུལ་ཤིང་ལས་གཅིག་ཤོས་ཆོས་མིན་གྱི་ཚུལ་ཤིང་འཚོལ་ན་ཚིག་གཉིས་ཀྱི་བར་དུ་མི་འབུལ་ལོ། །དེ་དག་གཡོགས་ཏེ་སྔ་མ་དག་སྣང་བར་བྱས་ནས་བརྗོད་པར་བྱའོ། །ཞེས་སྨོས་ན་དེ་ལྟར་ངེས་སམ་ཞེ་ན། ཆོས་ཀྱི་ཚུལ་ཤིང་དེ་གཡོགས་སམ་ཕྱེ་བ་གང་གིས་ཆོས་ཀྱི་ཚུལ་ཤིང་ལེན་པ་མང་བར་འགྱུར་བ་དེ་ལྟར་བྲིམ་པར་བྱའོ། །


K8Z004_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་ཚུལ་ཤིང་ལེན་པའི་སློབ་མ་རྣམས་ཀྱི་གཅིག་ཤོས་ཀྱིས་དེ་ལེན་ན། ཚེ་དང་ལྡན་པ་ཁྱོད་ཀྱི་མཁན་པོ་དང་། སློབ་དཔོན་དང་། མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་པ་དང་། གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོན་འདྲིན་དང་། འགྲོགས་བཤེས་ཀྱིས་ཆོས་ཀྱི་ཚུལ་ཤིང་བླངས་ཀྱི། ཁྱོད་ཀྱི་ཀྱང་ཆོས་ཀྱི་ཚུལ་ཤིང་ལོང་ཞིག ། ཁྱེད་དེ་དག་དང་ལྷན་ཅིག་རྩོད་པ་གྱུར་ན་མ་ལེགས་སོ་ཞེས་རྣ་དྲུང་དུ་བཤུབ་བོ། །གཉིས་པ་ནི། མི་བླང་བ་ལྔ་ནི་ཆོས་མ་ཡིན་པའི་ཚུལ་ཤིང་བླང་བར་མི་བྱའོ། །མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལ་མ་དྲིས་པར་མི་བྱའོ། །དབྱེན་དུ་འགྱུར་བའི་བཟོད་པས་མི་བྱའོ། །ཆོས་མ་ཡིན་པས་མི་བྱའོ། །དབྱེན་དང་ཆོས་མིན་དེ་གཉིས་འབྱུང་བར་འགྱུར་བ་ཉིད་དུ་ཤེས་ན་མི་བྱའོ་སྟེ་བྱས་ན་ཉེས་བྱས་སོ། །ཚུལ་ཤིང་ཕན་ཚུན་གྲངས་མཉམ་པ་ཉིད་ན་ཉན་ཐོས་ཆེན་པོའི་ཕྱིར་ཆོས་ཀྱི་ཚུལ་ཤིང་གཅིག་བླང་ངོ་། །གསུམ་པ་ནི། ཆོས་མ་ཡིན་པས་ཉེ་བར་ཞི་བ་ལ་ནི་སྐྱོ་སྔོགས་མི་བྱའོ། །བྱས་ན་ཉེས་བྱས་སོ། །ཆོས་ཕྱོགས་སུ་ཞི་བ་ལ་དེ་བྱས་ན་ལྟུང་བྱེད་དུ་བསྟན་ཏོ། །གཉིས་པ་ལ། ཞི་བྱེད་མདོ་ཙམ་བསྟན་པ་དང་། །ཞི་བྱ་རྩོད་པའི་དབྱེ་བ་བསྟན། །ཞི་བྱེད་སོ་སོའི་རང་བཞིན་ནོ། །དང་པོ་ནི། གླེང་བའི་ཁ་ན་མ་ཐོ་བ་མེད་པ་ལ་ནི་དག་པ་སྦྱིན་ནོ། །གཉིས་པ་ནི། གླེང་བ་དེ་ནི་རྣམ་པ་བཞི་སྟེ། གཞི་མེད་པ་དང་། ལྟུང་བྱེད་ལས་ལྷག་མ་ལྟ་བུ་གཞི་གཞན་རྗེས་སུ་བསྒྲུབ་པའི་དབང་གིས་དང་། ཕྱིར་བཅོས་ཟིན་པས་ཕྱིར་བཅོས་པ་ལ་མི་བལྟོས་པའི་ཕྱིར་དང་། སྨྱོན་པས་བྱས་པའོ། །གསུམ་པ་ནི། དང་པོ་གསུམ་ལ་ནི་དྲན་པས་འདུལ་བ་སྦྱིན་ནོ། །ཐ་མ་ལ་ནི་དགེ་སློང་སྨྱོན་པས་བྱས་ཀྱང་མ་སྨྱོས་པས་འདུལ་བ་སྦྱིན་ནོ། །གསུམ་པ་ལ། ཉེས་པ་ངོ་ཤེས་ཞི་


K8Z004_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དང་། །ངོ་མི་ཤེས་པའི་ཞི་བྱེད་དོ། །དང་པོ་ལ། ཞི་བྱ་རྩོད་པའི་དབྱེ་བ་བསྟན། །ཞི་བྱེད་སོ་སོའི་རང་བཞིན་བརྗོད། །དང་པོ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། གླེང་བྱ་ལ་གསོ་བའི་ལྷག་མ་དང་བཅས་པའི་ལྟུང་བ་དང་བཅས་པ་ཉིད་ཀྱི་ཕྱིར་འཁྲུག་ལོང་རྣམ་པ་གསུམ་སྟེ། གླེང་བྱ་གླེང་བྱེད་ཁོ་ན་རྩོད་ཀྱི་ཕྱིར་འཕྲོས་པ་མེད་པ་དང་། ཁ་ཅིག་ལ་ཕྱིར་འཕྲོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བ་དང་། མཚམས་གཅིག་གི་དགེ་འདུན་མཐའ་དག་དང་འབྲེལ་བའོ། །གཉིས་པ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། འཕྲོས་མེད་ཀྱི་རྩོད་པ་དང་པོ་ལས་ནི་ལྟུང་བ་ཁས་བླང་བའི་བྱ་བ་ཕྱིར་བཅོས་ཀྱིས་རྩོད་པ་དེ་ཕྱིར་བཅོས་སོ། །ཕྱིར་འཕྲོས་དང་བཅས་པའི་གཉིས་པ་ལས་ནི་རྒོལ་ལན་མངོན་སུམ་གྱིས་འདུལ་བས་སོ། །མཐའ་དག་དང་འབྲེལ་བ་གསུམ་པ་ལས་ནི་རྩྭ་བཀྲམ་པ་ལྟ་བུས་སོ། །གཉིས་པ་ལ། རྩྭ་བཀྲམ་ལྟ་བུའི་བྱེ་བྲག་བསྟན། །ཁས་བླང་བྱ་བའི་བྱེ་བྲག་བསྟན། །མངོན་སུམ་འདུལ་བའི་བྱེ་བྲག་བསྟན། །དང་པོ་ནི། རང་གི་རྣམ་བཤད་དང་ཊཱི་ཀ་ལས། དཔེར་ན་རྩྭ་བཀྲམ་པ་ན་རྩྭ་ཐམས་ཅད་། ཕན་ཚུན་རྩེ་སྤྲོད་དུ་ཉལ་བ་དང་འདྲ་བར་ཕྱོགས་གཉིས་པོ་ཕན་ཚུན་ནས་འདུད་པར་འགྱུར་བས་ན་མིང་དེ་སྐད་ཅེས་བྱའོ། །ཞེས་སོ། །བམ་པོ་ལྔ་བཅུ་པ་ལས། དཔེར་ན་རྩྭ་བཀྲམ་སྟེ་མགོ་སྤྲད་པ་ལྟ་བུར་སེམས་བཏུད་དེ་ཕན་ཚུན་གཉིས་ཀ་ནས་སྔགས་ལན་གསུམ་བརྗོད་དེ་ཕྱིར་བཅོས་པའོ། །ཞེས་སོ། །ཕྱིར་བཅོས་རྩྭ་བཀྲམ་པ་ལྟ་བུ་འདི་ལ་རང་ཕྱོགས་ཀྱི་གང་ཟག་མང་པོ་དག་གི་དོན་དུ་ལྟུང་བ་གང་དགེ་འདུན་མ་ཡིན་པ་གང་ཟག་དགེ་སློང་


K8Z004_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་བཤགས་པར་བྱ་བ་ལྷག་མའི་སྦོམ་པོ་ཡང་བ་དང་། སྤང་ལྟུང་ལ་སོགས་པ་དག་ནི་གང་ཟག་གཅིག་གིས་གང་ཟག་མང་པོའི་ལྟུང་བ་རྣམས་ཕྱིར་བཅོས་པར་བྱའོ། །འདིའི་ཤུགས་ལ་དགེ་འདུན་ལ་བཤགས་པར་བྱ་བ་དག་ནི་དེ་ལྟར་མི་བྱའོ་ཞེས་བསྟན་ཏེ། དགེ་འདུན་ལ་ཕྱིར་བཅོས་བྱ་བ་ནི་ཕམ་པའི་སྦོམ་པོ་ལྕི་ཡང་གཉིས་དང་། ལྷག་མའི་སྦོམ་པོ་ལྕི་བ་དང་ལྷག་མའི་དངོས་གཞི་ལྟ་བུའོ། །འོ་ན་གང་ཟག་གཞན་གྱི་ལྟུང་བ་དེ་གང་ཟག་གཞན་གྱིས་བཤགས་པ་བྱེད་པར་འགལ་ལོ་ཞེ་ན། སྤྱིར་ན་ཕྱིར་བཅོས་ལ་རིགས་གསུམ་སྟེ། ལྟུང་བ་དག་བྱེད་ཀྱི་ཕྱིར་བཅོས་དང་། འགྱོད་པ་སེལ་བྱེད་ཀྱི་ཕྱིར་བཅོས་དང་། རྩོད་པ་ཞི་བྱེད་ཀྱི་ཕྱིར་བཅོས་སོ། །དང་པོ་ནི། མིང་དང་རིགས་དང་ལྡན་པར་བརྗོད་ན་ཞེས་སོ། །གཉིས་པ་ནི། སྨྱོས་པས་བྱས་པ་ཕྱིར་སངས་པ་ན་ཞེས་ཏེ། དེའི་ཊཱི་ཀ་ལས། བཤགས་པ་དེ་ཡང་འགྱོད་པ་བསལ་བར་བྱ་བའི་ཕྱིར་ཡིན་གྱི། ལྟུང་བ་ཕྱིར་བཅོས་པའི་ཕྱིར་ན་མ་ཡིན་ཏེ། སྨྱོ་བ་དང་སེམས་འཁྲུག་པ་དང་ཚོར་བས་ཉེན་པ་དག་ལ་ལྟུང་བ་མེད་པའི་ཕྱིར་རོ། །ཞེས་ཤིན་ཏུ་གསལ་བར་བཤད་དོ། །གསུམ་པ་ནི། རྩྭ་བཀྲམ་པ་ལྟ་བུ་འདི་ཉིད་ཡིན་ཏེ། ཊཱི་ཀ་ལས། མང་པོ་དག་གི་དོན་དུ་གཅིག་གིས་ཕྱིར་འཆོས་པར་བྱེད་ན་ལྟུང་བའི་ཕྱིར་རྩོད་པ་ཉེ་བར་ཞི་བར་འགྱུར་རོ། །ཞེས་སོ། །འདི་ནི་རྩོད་པ་ཞི་བྱེད་ཀྱི་ཕྱིར་བཅོས་ཡིན་གྱི། ལྟུང་བ་དག་བྱེད་ཀྱི་ཕྱིར་བཅོས་ནི་མ་ཡིན་ཏེ། གང་ཟག་གཞན་གྱི་ལྟུང་བ་དེ་གང་ཟག་གཞན་གྱིས་བཤགས་པས་དག་པར་མི་རིགས་པའི་ཕྱིར་རོ། །སྐབས་འདིར་འགྲེལ་ཆུང་ལས། དགེ་སློང་དུ་ཡོད་པའི་མིང་ནས་ཕྱུང་ལ། ཐམས་ཅད་ཀྱི་ཉེས་པའི་མིང་ནས་ཕྱུང་སྟེ་གཅིག་གིས་མཐོལ་ན་ཐམས་


K8Z004_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཚངས་པར་འགྱུར་རོ། །རོ་ཞེས་བཤད་ཀྱང་ལྟུང་བའི་ཕྱིར་གྱི་རྩོད་པ་ཐམས་ཅད་དག་ཅིང་ཚངས་པར་འགྱུར་ཞེས་བསྟན་པ་ཡིན་གྱི། གཅིག་གིས་བཤགས་པ་བྱས་པས་གཞན་རྣམས་ཀྱི་ལྟུང་བ་དག་ཅིང་ཚངས་པ་ནི་མ་ཡིན་ནོ། །འདི་ལ་གང་ཟག་མང་པོ་དག་གི་དོན་དུ་ལྟུང་བ་དུ་མ་དག་ཆོ་ག་གཅིག་གིས་དུས་གཅིག་ཅར་དུ་ཡང་ཕྱིར་བཅོས་སུ་རུང་ངོ་། །འོ་ན་ཚུལ་ཇི་ལྟར་ལྟུང་བ་ཕྱིར་བཅོས་པར་བྱ་ཞེ་ན། གང་ཡིན་པ་ཞེས་པ་ལ་སོགས་པའི་ཆོ་ག་བརྗོད་ཅིང་། ལྟུང་བ་མིང་རིགས་སྨོས་པས་ལྟུང་བའི་ངོ་བོ་ཉིད་ངོ་ཤེས་པ་དེ་གཞན་ལ་སྣང་བར་བྱ་བས་སོ་སྟེ་གཞན་ལ་གོ་བར་བྱ་བས་ལྟུང་བ་ཕྱིར་བཅོས་སོ། །གནས་གཅིག་གི་དགེ་འདུན་ཐམས་ཅད་ལྟུང་བའི་ཕྱིར་རྩོད་པ་བྱུང་ནས་མཚམས་དེ་ན་ཡོད་པའི་དགེ་འདུན་མཐའ་དག་ཕྱོགས་གཉིས་སུ་ཆད་པ་ན། ལུང་གཞི་ལས་ཕྱོགས་གཅིག་ན་དགེ་སློང་གནས་བརྟན་བཤེས་གཉེན་ཅན་གཙོ་བོ་གང་ཡིན་པ་དེས་རང་ཕྱོགས་ཀྱི་དྲུང་དུ་སོང་སྟེ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་བདག་ཅག་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར་པ་ནི་ཉེས་པ་རྙེད་ཀྱི། ལེགས་པ་མི་རྙེད་པས་ཚེ་དང་ལྡན་པ་དག་གཞི་འདི་ལ་ཁོ་བོ་དེང་ཁྱོད་ཀྱི་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཁོ་བོས་བདག་དང་ཁྱེད་ཀྱི་ཆེད་དུ་ཚེ་དང་ལྡན་པ་དེ་དག་གི་དྲུང་དུ་མཐོལ་ཞིང་བཤགས་པར་སྤྲོའོ་ཞེས་སྨྲ་བར་བྱའོ། །དགེ་སློང་དེ་ལ་རང་གི་ཕྱོགས་ནས་དགེ་སློང་གཅིག་གིས་ཀྱང་མི་བཟློག་ཅིང་མི་གཤེ་ན། དེ་ནས་དགེ་སློང་དེས་ཕྱོགས་གཅིག་ཤོས་ཀྱི་དྲུང་དུ་སོང་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། རྒན་རིམ་ཇི་ལྟ་བ་བཞིན་དུ་འདུད་པར་བྱས་ལ་ཙོག་ཙོག་པོར་འདུག་སྟེ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གཞི་འདི་ལ་ཁོ་བོ་དང་ཚེ་དང་ལྡན་པ་དེ་


K8Z004_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཁོ་བོས་བདག་དང་ཚེ་དང་ལྡན་པ་དེ་དག་གི་ཆེད་དུ་ཁྱོད་ཀྱི་དྲུང་དུ་མཐོལ་ཞིང་བཤགས་པར་སྤྲོའོ་ཞེས་སྨྲ་བར་བྱའོ་ཞེས་གསུངས་སོ། །དེ་ལྟར་དགེ་འདུན་ཕྱོགས་གཉིས་སུ་ཆད་པ་ན། ཕྱོགས་གཅིག་གིས་ལྟུང་བ་བཤགས་པ་དེ་ཁོ་ན་བཞིན་དུ་ཕྱོགས་གཞན་གྱི་གནས་བརྟན་དེས་ཀྱང་རང་ཕྱོགས་རྣམས་ལ་སྔ་མ་བཞིན་དུ་བརྗོད་ནས་གཞན་ཕྱོགས་དེ་དག་ལ་སྔ་མ་བཞིན་དུ་བཤགས་པར་བྱའོ་ཞེས་སྟོན་པ་ནི། ཕྱོགས་གཞན་གྱིས་ཀྱང་རང་ཕྱོགས་རྣམས་ལྟུང་བ་ཕྱིར་འཆོས་པའི་བློ་མཐུན་པ་ཉིད་དུ་གྱུར་ན་གཞན་ཕྱོགས་དེ་དག་ལ་ཕྱིར་བཅོས་པར་བྱའོ། །འགྲེལ་ཆུང་ལས། ཕྱོགས་གཉིས་ཀ་ཕ་ཟད་ཚུ་ཟད་གྲལ་མཉམ་དུ་འདུག་ལ་མཐོལ་བཤགས་བྱ། ཞེས་སོ། །དེ་ལྟར་ན་ཕན་ཚུན་བཤགས་པ་བྱས་པ་ན། ལུང་གཞི་ལས། ཕྱོགས་གཉིས་པོ་མཚུངས་པ་ཉེ་བར་སྟོན་པར་བྱེད་ཅིང་། ཕན་ཚུན་དུ་ལྟུང་བ་སྒྲོགས་པས་གླེང་བར་མི་བྱེད་ན་རྩོད་པ་དེ་ཞི་བ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ལ། ལྟུང་ཁས་ལེན་པའི་བཟློག་ཕྱོགས་བསྟན། །གླེང་བའི་བྱ་བྱེད་དུ་མ་བརྗོད། །དང་པོ་ནི། ལྟུང་བ་ཁས་མི་ལེན་པ་དང་། དོན་ལྟུང་བ་མེད་པ་ལ་ནི་བཤགས་པ་བྱས་ཀྱང་ལྟུང་བ་དག་བྱེད་ཀྱི་བཤགས་པ་མི་འཆགས་སོ། །ལྟུང་བ་མེད་ཀྱང་འགྱོད་པ་སེལ་བྱེད་ཀྱི་བཤགས་པ་ནི་འཆགས་ཏེ་སྔར་བཤད་ཟིན་ཏོ། །གཉིས་པ་ནི། གླེང་བྱེད་གཅིག་གིས་གླེང་བྱ་དུ་མ་ལ་ལྷན་ཅིག་གི་དངོས་པོས་དུས་གཅིག་ལ་ལྟུང་བ་གླེང་བ་ཉིད་དུ་རུང་ངོ་སྟེ། གཅིག་གིས་དུ་མ་ལ་གླེང་དུ་རུང་བའོ། །གླེང་བ་པོ་དུ་མས་གླེང་བྱ་གཅིག་ལ་གླེང་བ་ཉིད་ཀྱང་རུང་སྟེ་སྔ་མ་དེ་བཞིན་ནོ། །དུ་མས་གཅིག་ལ་གླེང་དུ་རུང་བའོ། དུ་མས་དུ་མ་ལ་ཡང་གླེང་དུ་རུང་སྟེ། འདི་ཉིད་ཀྱི་ཊཱི་ཀ་དང་ལུང་ལས། དགེ་འདུན་གྱིས་དགེ་འདུན་ལ་ཡང་གླེང་


K8Z004_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རུང་བའོ། །ཞེས་གསུངས་སོ། །གླེང་བྱ་དང་གླེང་བྱེད་དུ་མ་རུང་བ་འདི་ལ་གྲངས་ཀྱི་བྱེ་བྲག་ནི་ངེས་པ་མེད་དོ། །གསུམ་པ་ལ། གཟུ་བོའི་བསླབ་བྱ་དོགས་གཅོད་བསྟན། །ཁས་བླངས་རྩོད་གཞི་བྱེ་བྲག་བརྗོད། །སྨྲ་བོ་ཁྱད་ལྡན་ཚུལ་ལུགས་བསྟན། །དང་པོ་ནི། ཤཱ་རིའི་བུ་ལྟ་བུས་གླེང་ཞིང་ཉེར་དགའ་ལྟ་བུས་ཁས་མི་ལེན་ཞེ་ན། གཟུ་བོ་རྣམས་ཀྱིས་དེ་ཉིད་གང་ལ་གུས་པར་བྱ་ཞེ་ན། གླེང་བ་པོས་ལུས་དང་ངག་དག་གིས་བསྡམས་པ་ཉིད་དང་། སྡེ་སྣོད་ཤེས་པ་ཉིད་དང་། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཤེས་བྱ་རྣམ་པར་གཞག་པའི་ཆོས་དང་། ཚུལ་ཁྲིམས་རྣམ་པར་གཞག་པའི་འདུལ་བ་ལ་ལོག་པར་མི་སྟོན་པ་དང་། དེ་ལས་བཟློག་པ་དག་མི་སྟོན་པ་ཉིད་ཅེས་བྱ་བ་ཡོན་ཏན་གསུམ་དང་ལྡན་པ་ལ་གུས་པར་བྱའོ། །གླེང་བྱེད་ཡོན་ཏན་གསུམ་ལྡན་ཡིན་ན་དེ་ལ་གུས་པར་བྱས་ལ་གཟུ་བོ་རྣམས་ཀྱིས་གླེང་བྱ་ལ་ལྟུང་བ་ཡོད་པར་བརྒལ་ལོ། །གལ་ཏེ་གླེང་བྱ་ཡོན་ཏན་གསུམ་ལྡན་ཡིན་ན་དེ་ལ་གུས་པར་བྱས་ལ་ལྟུང་མེད་དུ་དག་རྒྱ་སྦྱིན་ནོ། །གླེང་བྱ་གླེང་བྱེད་གཉིས་ཀ་ཡོན་ཏན་གསུམ་ལྡན་ཡིན་ན་ཆོས་མཁས་ཤིང་བྱང་བ་ལ་གུས་པར་བྱའོ། །ཡོན་ཏན་དང་པོ་དང་གསུམ་པ་ལས་བཟློག་པའི་གླེང་བྱེད་ཚུལ་ཁྲིམས་འཆལ་བ་དང་། ལོག་པར་སྟོན་པ་ལ་མཐུན་པར་མི་བྱའོ། །གླེང་པོ་ཚུལ་འཆལ་ལོག་སྟོན་གྱི་རྣམ་པ་དེ་ལྟ་བུ་མ་ཡིན་པ་ཡོན་ཏན་གཉིས་པའི་ཆ་ནས་ཚིག་གིས་སྡེ་སྣོད་དག་འཛིན་ཅིང་། དོན་མི་ཤེས་པ་ལ་ནི་འཇམ་པོས་ལན་གདབ་པར་བྱའོ། །གསུམ་དང་ལྡན་པ་ལ་གུས་པར་བྱའོ། །ཞེས་སྔར་སྨོས་ན་དེ་ལ་བརྟགས་པ་ཙམ་ཡང་མི་བྱའམ་ཞེ་ན། གླེང་བ་པོ་ཡོན་ཏན་གསུམ་ལྡན་དེ་ལ་གླེང་བའི་བསམ་པ་རྟོགས་པར་བྱ་བའི་ཕྱིར་ཚིག་གི་སྒོ་ནས་བརྒལ་ཞིང་། །བསམ་པའི་སྒོ་ནས་


K8Z004_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པར་བྱའོ་སྟེ། ཊཱི་ཀ་ལས། སེམས་ཀྱི་སྤྱོད་པ་ནི་གཡོ་བ་ཡིན་པས་སྔར་སྡིག་པ་ལ་མ་ཞུགས་ཀྱང་ཕྱིས་འཇུག་པར་འགྱུར་བ་སྲིད་པས་སོ། །ཞེས་སོ། །ཇི་ལྟར་བརྟགས་ན་གནས་སུ་ཚིག་མི་བཞག་པས་སོ། །དེའི་གནས་དེ་གང་ཞེ་ན། གནས་ནི་དུས་ཉིན་མཚན་དང་། ཡུལ་ལྗོངས་དང་། གྲོང་ཁྱེར་དང་། སྤྱོད་ལམ་བཞི་ཐ་དད་དང་། ཕམ་པ་ལྟུང་བྱེད་སོ་སོར་བཤགས་པ་ཉེས་བྱས་རྗེས་སུ་བསྒྲུབ་པ་ཐ་དད་པས་གླེང་བ་དག་གོ། །གླེང་བ་པོ་ལ་བརྒལ་ཞིང་བརྟགས་པ་ན། གནས་ནས་གནས་གཞན་དུ་འཕོ་བ་སྟེ་ལྟུང་བྱེད་བྱུང་ངོ་ཞེས་སྔར་ཟེར་ལ། ཕྱིས་ཉེས་བྱས་བྱུང་ཟེར་བ་ལྟ་བུ་དང་། འཁྲུགས་པའི་རྙོག་པ་ཅན་དུ་གྱུར་ན་ལྟུང་བ་གླེང་བ་མི་འཆགས་སོ། །གཉིས་པ་ནི། གླེངས་པས་ཁས་བླངས་ན་རྩོད་པ་མཐར་ཐུག་པ་ཡིན་ཏེ་རྩོད་པ་ཞི་བ་ཡིན་ནོ། །གསུམ་པ་ནི། གླེང་བ་པོས་ལྟུང་བ་གླེང་ཞིང་གླེང་བྱ་ནི་ཉེས་པ་ཁས་མི་ལེན་པ་ལ་དེས་ཉེས་པ་མ་བྱས་པའམ། དག་པའི་དཔང་པོ་གཞན་ཡོད་ན་དེ་ལ་གཟུ་བོ་དགེ་འདུན་རྣམས་ཀྱིས་དེ་གསུམ་གང་གི་ཚིག་བཙན་པར་བྱ་ཞེ་ན། ལྟུང་བ་ཡོད་མེད་ཇི་ལྟ་བ་བཞིན་དུ་སྨྲ་བ་པོ་བདེན་པ་མཐོང་བ་ཉིད་དང་། ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པ་ཁྱིམ་པ་ཡིན་ཡང་རུང་བ་གླེང་བྱ་གླེང་བྱེད་ལས། གཞན་དཔང་པོ་ཚད་མར་བྱ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས། གཞན་དག་ཚད་མར་བྱས་ཏེ་དེ་དག་ཆེ་གཞིར་དྲི་བར་བྱའོ། །ཞེས་གསུངས་སོ། །དེ་ལྟར་དཔང་པོ་ཚད་མར་བྱ་བ་ཁོ་ནར་ཟད་དམ་ཞེ་ན། དཔང་པོ་དང་གླེང་བྱ་དང་གླེང་བྱེད་གསུམ་པོ་དེ་རྣམས་ཀྱི་ནང་ནས་གང་ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པ་སྟེ་ཚད་མར་བྱ་སྟེ། སྨྲ་བ་པོ་ཞེས་པའི་རང་གི་རྣམ་བཤད་ལས། འདིར་ཐམས་ཅད་ཉིད་དེ་དོན་བརྗོད་པའི་དཔང་པོ་དང་། གླེང་བར་བྱ་བ་དང་། གླེང་བར་བྱེད་


K8Z004_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨྲ་བ་པོ་ཉིད་ཀྱིས་བཟུང་བར་རིག་པར་བྱའི། ཆེ་གཞིར་གྱུར་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཚད་མར་བྱའོ་ཞེས་པའི་འགྲེལ་ཆུང་ལས། དགེ་སློང་གཅིག་ལ་ཁྱིམ་པ་གཅིག་དང་། དགེ་སློང་གཅིག་དང་གཉིས་ཀྱིས་བརྒལ་ཏེ་ཁྱིམ་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ཡིན་ལ། དགེ་སློང་ཐ་མལ་པ་ཡིན་ན་ཁྱིམ་པ་དེས་བརྒལ་པའི་ཚིག་བཙན་པར་བྱའོ། །དགེ་སློང་གཉིས་ཀྱིས་རྒོལ་ན་ཡོན་ཏན་དང་ལྡན་པ་དང་འབྲས་བུ་ཐོབ་པ་བཙན་པར་བྱའོ། །ཞེས་གླེང་བྱེད་ཚིག་བཙན་པར་བཤད་པ་དང་ཡང་མཐུན་ནོ། །དགེ་སློང་འདི་ཉེས་སྤོང་བྱེད་པ་བདག་གིས་ཀྱང་མཐོང་ངོ་ཞེས་ཟེར་བའི་གང་ཟག་ཆེ་གཞིའམ། དཔང་པོ་གཉིས་ཡོད་ན་གཟུ་བོ་དགེ་འདུན་རྣམས་ཀྱིས་ཇི་ལྟར་བྱ་ཞེ་ན། ཉེས་སྤྱོད་བྱེད་པ་མཐོང་བའི་ཆེ་གཞི་དེ་ཟླ་བོ་གཞན་དང་བཅས་པ་ཉིད་ཡིན་ན་གཞན་དེ་ལ་དྲི་ཞིང་། དེ་དག་གིས་ཚིག་བསྟུན་པར་བྱའོ། །དེ་ལྟར་ཚིག་བསྟུན་པ་ན་གཅིག་ན་རེ། དགེ་སློང་ཆང་འཐུང་བ་མཐོང་ངོ་ཞེས་ཟེར་ལ། གཅིག་ན་རེ། འདིས་ཆང་མ་འཐུངས་ཀྱི། ཧྭགས་ཀྱི་ཆུ་འཐུངས་སོ་ཟེར་ན་ཞེས་ལུང་ཞུ་བ་ལས་གསུངས་པ་ལྟར་དེ་དག་གི་ཚིག་མ་མཐུན་པས་དགེ་འདུན་རྣམས་ཇི་ལྟར་བྱ་ཞེ་ན། དོན་གང་ལ་ཐེ་ཚོམ་ཉིད་དུ་གྱུར་ན་དོན་དེ་ཤེས་པ་ཉིད་མ་ཡིན་ནོ་སྟེ། ཊཱི་ཀ་ལས། ངེས་པའི་ཤེས་པ་མ་སྐྱེས་པའི་ཕྱིར་རོ། །ཞེས་སོ། །གླེང་བྱ་དེ་ཉིད་ལས་ཅི་ཁྱོད་ཀྱིས་བྱས་སམ་མ་བྱས་ཞེས་དྲིས་ལ་གླེང་བྱའི་ཚིག་བཙན་པར་བྱའོ། །དོན་དེ་ལྟར་ཞུ་འགྲེལ་ལས་སོ། །བདེན་པ་མཐོང་བ་ཉིད་དང་། ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པའི་ཚེ་གཞི་དེ་ལས་གླེང་བྱ་ལ་ལྟུང་བ་བྱུང་བར་ངེས་པར་གྱུར་པ་ན་གླེང་བྱས་རང་གི་ལྟུང་བ་ཁས་བླངས་བ་དང་འདྲའོ་སྟེ། ལྟུང་བའི་ཕྱིར་རྩོད་པ་དེ་ཞི་བའོ། །ཞུ་འགྲེལ་ལས། རྩོད་


K8Z004_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་རྒྱུ་མཚན་ཅན་གྱི་ཐེ་ཚོམ་དང་བྲལ་བའི་ཕྱིར། ཞེས་བཤད་དོ། །གཉིས་པ་ལ། ཞི་བར་བྱེད་པ་དངོས་ཉིད་དང་། །དེ་ཡི་གཞན་འདོད་དགག་པའོ། །དང་པོ་ནི། ལྟུང་བའི་ཕྱིར་རྩོད་པ་གླེང་བྱས་ལྷུང་བ་མི་དྲན་པ་འདི་ལ་ལྟུང་བ་དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན་པར་བྱ་བ་ཉིད་དོ། །འོ་ན་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན་པའི་ཡུལ་ནི་གང་ཞེ་ན། ངེས་པ་དང་བྲལ་བ་ནི་སྟེ་རང་ལ་ལྟུང་བ་བྱུང་བ་དེ་བསམ་པ་ཐག་པ་ནས་མི་དྲན་ན་ལྟུང་བ་བྱུང་བ་མི་དྲན་ནོ། །ཞེས་ཟེར་བ་ནི་བརྗོད་པའི་སྒོ་ནས་ཁྱད་དུ་གསོད་པ་ཡིན་ནོ། །བརྗོད་པའི་སྒོ་ནས་ཁྱད་དུ་གསོད་པ་དང་། ཤེས་བཞིན་ཁྱད་དུ་གསོད་པ་ལས། སྔ་མ་ནི་ངོ་བོ་ཉིད་འཚོལ་བ་སྦྱིན་པ་འདིའི་ཡུལ་ཡིན་ལ། ཕྱི་མ་ནི་སྤྱིར་བཏང་ལམ་མཐོང་བས་གནས་ནས་དབྱུང་བའི་ནན་ཏུར་བྱ་བའི་ཡུལ་ཡིན་ནོ། །གླེང་བྱེད་དགེ་འདུན་ལ་བདག་ལྟུང་བ་བྱུང་ངོ་ཞེས་སྔར་ཁས་བླངས་ནས་ཕྱིས་འགྱུར་ཏེ་ལྟུང་བ་བྱུང་བ་མི་དྲན་ནོ། །ཞེས་ཟེར་ཏེ་བརྗེད་པའི་སྒོ་ནས་ཁྱད་དུ་གསོད་ན་ལྟུང་བའི་ངོ་བོ་ཉིད་ངེས་པར་འཛིན་དུ་གཞུག་པའི་ཕྱིར། ལྟུང་བའི་ངོ་བོ་ཉིད་དྲན་པ་ལ་ངེས་པར་སྦྱོར་བ་སྦྱིན་ནོ། །ས་གཞན་ན་གནས་པའི་སྤྱོད་པ་དེ་ནི་ལྟུང་བ་དེའི་ངོ་བོ་ཉིད་ཚོལ་བ་སྟེ། ལྟུང་བ་དེ་དྲན་པ་ལ་ཕན་པ་ཡིན་པའི་ཕྱིར། ལྟུང་བ་དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་ཞེས་བྱ་བ་ཉིད་དོ། །གཉིས་པ་ནི། རྒྱ་གར་གྱི་འདུལ་འཛིན་ཁ་ཅིག་གིས། ངོ་བོ་ཉིད་འཚོལ་བའི་ཆོ་ག་འདི་ནན་ཏུར་གྱི་ཚུལ་དུ་མི་འདོད་བཞིན་དུ་བྱ་བར་བསྟན་ཏོ། །དེ་ལ་སྒྲུབ་བྱེད་ལྟར་སྣང་གསུམ་སྟེ། དགེ་འདུན་གྱི་མངོན་སུམ་དུ་བཞག་པ་ལ་བྱ་བ་ནི་ནན་ཏུར་གྱི་ཚུལ་ལུགས་ཡིན་པ་ལ་ངོ་བོ་ཉིད་ཚོལ་དུ་གཞུག་པ་ན། ལུང་ལས། དགེ་སློང་ཤི་རི་ཀ་འདི་དགེ་འདུན་གྱི་དབུས་སུ་བཞག་པར་བྱ། ཞེས་གསུངས་པའི་ཕྱིར་དང་། གལ་


K8Z004_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྦྱིན་པའི་ལས་ཡིན་ན་ནི་རྒན་པའི་མཐར་འདུག་སྟེ། གསོལ་བ་འདེབས་པའི་ཆོ་ག་གསུངས་པར་རིགས་པ་ལས། ལུང་རྣམ་འབྱེད་ལས། གསོལ་བ་འདེབས་པའི་ཆོ་ག་མ་གསུངས་པའི་ཕྱིར་དང་། མཇུག་ཏུ་བཟོད་པ་གསོལ་དགོས་པའི་ཕྱིར་ཏེ། དཔེར་ན་བསྡིགས་པ་ལ་སོགས་བཞིན་ནོ། །ཞེས་ཟེར་རོ། །ནན་ཏུར་དུ་འདོད་པ་དེ་ནི་ཆོས་ཅན། མི་བཟང་སྟེ་མདོ་སྡེ་ལས་རང་གིས་གསོལ་བ་ལན་གསུམ་འདེབས་དགོས་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །དེ་ཡང་ལུང་གཞི་ལས། དགེ་སློང་མི་བཞི་རྒན་པའི་མཐར་ཙོག་པོར་འདུག་ལ་ཐལ་མོ་སྦྱར་ཏེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་གསོལ་བར་བྱ་སྟེ། བདག་དགེ་སློང་མི་བཞི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩལ་དུ་གསོལ། དེ་སྐད་ལན་གསུམ་བརྗོད་པར་བྱའོ། །དེའི་འོག་ཏུ་དེའི་ངོ་བོ་ཉིད་འཚོལ་དུ་གཞུགས་པ་སྦྱིན་པར་བྱའོ། །ཞེས་གསུངས་སོ། །ལུང་གཞི་ལ་མདོ་སྡེ་ཞེས་བརྟགས་པ་ནི་རྒྱུ་འབྲས་མང་དུ་སྟོན་པའི་ཆ་ནས་མདོ་སྡེ་དང་འདྲ་བའི་ཕྱིར་རོ། །ལུང་རྣམ་འབྱེད་ལས་གསོལ་བ་འདེབས་པ་མ་གསུངས་ཀྱང་ལུང་གཞི་ལས་གསོལ་བ་འདེབས་པ་གསུངས་སོ། །དགེ་འདུན་གྱི་དབུས་སུ་བཞག་པ་ལ་བྱ་བར་གསུངས་པ་དང་། མཇུག་ཏུ་བཟོད་གསོལ་དགོས་པ་ཙམ་གྱིས་ནན་ཏུར་ཡིན་པའི་ཁྱབ་པ་མེད་དོ། །གནོད་བྱེད་གཞན་ཡང་ངོ་བོ་ཉིད་འཚོལ་བ་འདི་ནན་ཏུར་ཡིན་ན། ནན་ཏུར་གྱི་སྐབས་སུ་གསུང་བར་རིགས་པ་ལས། ལུང་ལས་རྩོད་པ་ཞི་བྱེད་ཀྱི་སྐབས་སུ་གསུངས་པ་དེ་སྐབས་འཆོལ་བར་འགྱུར་རོ། །དེ་ལ་ཕ་རོལ་པའི་ལན་ནི། ངོ་བོ་ཉིད་འཚོལ་བ་འདི་ནན་ཏུར་ཡིན་ཡང་རྩོད་པ་ཞི་བྱེད་ཀྱི་ཆོས་ཡོད་པས། ལུང་ལས་རྩོད་པ་ཞི་བྱེད་ཀྱི་སྐབས་སུ་བསྟན་ཏེ། ནན་ཏུར་གྱི་སྡེ་ཆན་ལས་ལོགས་ཤིག་ཏུ་གསུངས་


K8Z004_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེ་ན། ནན་ཏུར་ཡིན་ན་ནི་རྩོད་པ་ཉེ་བར་ཞི་བ་ཉིད་ཀྱིས་ནན་ཏུར་གྱི་སྡེ་ཚན་ལས་ལོགས་ཤིག་ཏུ་མཛད་པ་ནི་བཅོམ་ལྡན་འདས་མི་བཞེད་དོ། །དེ་ལྟར་མི་བཞེད་པར་ཅིས་ཤེས་ན་འཐབ་ཀྲོལ་བྱེད་པ་ལ་བསྡིགས་པ་ལ་སོགས་པ་ནི་རྩོད་པ་ཞི་བྱེད་ཀྱི་ཆོས་ཡོད་ཀྱང་ནན་ཏུར་དེ་ཉིད་ཡིན་པས། །ན་ཏུར་གྱི་སྡེ་ཚན་ལས་ལོགས་ཤིག་ཏུ་ལུང་ལས་རྣམ་པར་མ་བཞག་པའི་ཕྱིར་རོ། །བསྡིགས་པ་ལ་སོགས་པ་ནི་ཞེས་པའི་སོགས་སྒྲས་འཐབ་ཀྲོལ་ལས་འབད་པས་མ་ལོག་ན་གནས་ནས་དབྱུང་བ་དང་། འཐབ་ཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ་གནས་ནས་དབྱུང་བ་བསྡུས་སོ། །ཕྱོགས་སྔ་མ་ན་རེ། ངོ་བོ་ཉིད་འཚོལ་བ་ཆོས་ཅན། ནན་ཏུར་ཡིན་ཏེ་ལྟུང་བ་ཡོད་ལ་ཤེས་བཞིན་དུ་མ་མཐོང་ངོ་ཞེས་ཟེར་བའི་ཡུལ་ལ་བསྒྲུབ་པའི་ཕྱིར་རོ། །དཔེར་ན་མ་མཐོང་བ་གནས་ནས་དབྱུང་བ་དང་འདྲའོ་ཞེ་ན། གཏན་ཚིགས་དེ་མ་གྲུབ་སྟེ། གལ་ཏེ་ཁྱོད་ལ་དེ་གྲུབ་ན་ཧ་ཅང་ཐལ་བ་བརྗོད་པ་ནི་དེ་ཤེས་བཞིན་དུ་ཁྱད་དུ་གསོད་དོ་སྙམ་ན་ནི་ཡོད་བཞིན་དུ་མ་མཐོང་བ་ཉིད་ཀྱི་ཤེས་པ་དགེ་འདུན་རྣམས་ལ་སྐྱེ་བའི་ཕྱིར། ཡུལ་དེ་ལ་མ་མཐོང་བ་གནས་ནས་དབྱུང་བའི་ནན་ཏུར་བྱ་བར་རིགས་ཀྱི། ཡུལ་དེ་ལ་ངོ་བོ་ཉིད་འཚོལ་བ་དང་མཐུན་པའི་གནང་བ་བྱ་བ་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་སྟོན་པ་ནི་བདག་ཉིད་ལ་ལྟུང་བ་ཡོད་ལ། དེ་ཤེས་བཞིན་དུ་མ་མཐོང་ངོ་ཞེས་ཟེར་ཞིང་། ཁྱད་དུ་གསོད་དོ་སྙམ་ན་ཆོས་ཅན། ཡུལ་དེ་ལ་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་འདི་བྱ་བ་མ་ཡིན་པར་ཐལ། ལྟུང་བ་ཡོད་ལ་ཤེས་བཞིན་དུ་མ་མཐོང་ངོ་ཞེས་ཟེར་རོ་སྙམ་དུ་འཛིན་པ་ཉིད་ཀྱི་ཤེས་པ་དགེ་འདུན་རྣམས་ལ་སྐྱེ་བའི་ཕྱིར་ཞེས་པའོ། །ཐལ་འགྱུར་དེ་འདོད་ན་ནི། རང་གི་རྣམ་བཤད་དང་ཊཱི་ཀ་ལས། ངོ་བོ་ཉིད་འཚོལ་བ་དང་མཐུན་པ་འདི་ཡི་སྐབས་མེད་པར་ཐལ་བར་འགྱུར་རོ། །ཞེས་གསུངས་པ་བཞིན་ཐལ་འགྱུར་


K8Z004_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དེ། དེས་ན་ངོ་བོ་ཉིད་ཚོལ་བ་སྦྱིན་པའི་ཡུལ་ནི་བརྗོད་བཞིན་དུ་ཁྱད་དུ་གསོད་པ་ཡིན་གྱི། ཤེས་བཞིན་དུ་ཁྱད་དུ་གསོད་པ་ནི་མ་ཡིན་ནོ། །གལ་ཏེ་ཤེས་བཞིན་དུ་ཁྱད་དུ་གསོད་ན་ནི་སྤྱིར་བཏང་ལ་མ་མཐོང་བས་གནས་ནས་དབྱུང་བའི་ནན་ཏུར་བྱ་བའི་ཡུལ་ཡིན་ནོ། །དམིགས་བསལ་ནི་དེ་མ་མཐོང་ངོ་ཞེས་ཟེར་ན་ཡང་ངོ་ཞེས་དེ་ལ་བསྐྲད་པ་ནན་ཏུར་བྱ་བར་གསུངས་སོ། །མདོ་འདི་ལ་དེང་སང་ཕལ་ཆེར་སྦྱོར་བ་འདི་ལྟར་བྱེད་དེ། དེ་ཤེས་བཞིན་དུ་ཁྱད་དུ་གསོད་སྙམ་ན་ཆོས་ཅན། ཡོད་བཞིན་མ་མཐོང་བ་ཉིད་ཀྱི་ཤེས་པ་སྐྱེ་བའི་ཕྱིར། མ་མཐོང་པ་གནས་ནས་དབྱུང་བའི་ནན་ཏུར་བྱེད་པར་ཐལ་ཅེས་སོ། །དེ་ནི་རྟགས་ལ་མ་ངེས་པར་ཞུགས་ཏེ། ཕྱིར་བཅོས་ཀྱི་གཞི་ལས། དེ་མ་མཐོང་ངོ་ཞེས་ཟེར་ན་ཡང་ངོ་ཞེས་གསུངས་སོ། །གལ་ཏེ་དེའི་ངོ་བོ་ཉིད་འཚོལ་བ་འདི་ནན་ཏུར་མ་ཡིན་ན། ལུང་མ་མོ་ལས། དེའི་ངོ་བོ་ཉིད་འཚོལ་བས་ཆད་པས་བཅད། ཅེས་པ་དང་འགལ་ཅེ་ན། འདི་ནི་རང་གིས་གསོལ་བ་བཏབ་སྟེ་ཆད་ལས་བྱེད་པར་རང་གིས་ཞུས་པ་ཡིན་པས། མི་འདོད་བཞིན་དུ་བྱེད་པའི་ནན་ཏུར་མ་ཡིན་ཏེ། དཔེར་ན་སྤོ་བ་སྤྱོད་པའི་ཆད་ལས་དེ་ཆད་ལས་ཡིན་ཀྱང་ནན་ཏུར་མ་ཡིན་པ་བཞིན་ནོ། །གཉིས་པ་ནི། རྩོད་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་འབད་པ་མི་བསྐྱེད་པར་མི་བྱའོ། །མི་བྱེད་ན་ཉེས་པས་སུ་འགྱུར་ཏེ། འགྲེལ་ཆུང་ལས། སྦོམ་པོར་བཤད་དེ་བཏགས་པ་བ་ལ་དགོངས་སོ། །ཞེས་རིགས་སོ། །འབད་པར་མི་བྱེད་ན་ལྟུང་བྱེད་དུ་འགྱུར་བའང་ཡོད་དེ། དགེ་སློང་མའི་རྣམ་འབྱེད་ལས། འཁྲུག་ལོང་ཡལ་བར་འདོར་བའི་ལྟུང་བྱེད་དོ་ཞེས་སྔར་བསྟན་ཟིན་ཏོ། །རྩོད་པའི་གཞིའོ།། །།གཉིས་པ་ལ། བྱ་ཕྱིར་རྩོད་པའི་མཇུག་ཚུལ་བཤད། །གཟུ་བོ་སོགས་ཀྱི་རྣམ་པར་བཞག ། རྩོད་གཞིའི་བྱེ་བྲག་གཞན་


K8Z004_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྟན། །དང་པོ་ནི། རྩོད་པ་ཞི་བྱེད་གང་ཡིན་པ་ཐམས་ཅད་ནི་བྱ་བ་ལས་ཀྱི་རྩོད་པ་ལ་དངོས་སམ་བརྒྱུད་པའི་སྒོ་ནས་ཞི་བྱེད་དུ་འཇུག་གོ། །དེའང་ལས་ལ་མཐུན་པ་སྦྱིན་པ་ནི་དངོས་སུ་ཞི་བྱེད་དུ་འཇུག་ལ། མངོན་སུམ་དྲན་པ་མ་སྨྱོས་དང་། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམས་པ་ལྟ་བུ་དང་། །ཁས་བླང་བར་ཡང་བྱ་བའོ། །ཞེས་ཞི་བྱེད་བདུན་པོ་རྣམས་ནི་བརྒྱུད་པའི་སྒོ་ནས་ཞི་བྱེད་དུ་འཇུག་སྟེ། དེ་ཡང་འགྱེད་པའི་ཕྱིར་རྩོད་པ་ལ་སོགས་པ་རྩོད་པ་གཞན་བྱུང་པ་ལ་བརྟེན་ནས་འཁོན་ཞུགས་ཏེ་ལས་ལ་མཐུན་པ་མི་སྦྱིན་པ་འདི་འབྱུང་བ་ཡིན་ལ། རྩོད་པ་གཞན་དེ་ཞི་བྱེད་གཞན་གྱིས་ཞི་བར་བྱས་པ་ན་ལས་ལ་མཐུན་པ་སྟེར་བར་འགྱུར་བས། བརྒྱུད་ནས་བྱ་བ་ལས་ཕྱིར་གྱི་རྩོད་པའི་ཞི་བྱེད་དུ་འཇུག་པའོ། །གཉིས་པ་ནི། མ་རྫོགས་པ་དང་ཉམས་པ་སོགས་ཁ་སྐོང་བར་འོས་པ་མ་ཡིན་པ་ནི་གཟུ་བོ་སོགས་དགེ་འདུན་གྱི་རྩོད་པ་ཞི་བྱེད་ཀྱི་ཐ་སྙད་ལ་ཚོགས་པར་དབྱུང་བ་ཉིད་མ་ཡིན་ནོ། །བསྙེན་རྫོགས་ལས་གཞན་མ་རྫོགས་པ་རྣམས་ཀྱི་དག་ལ་ནི་བསྙེན་པར་རྫོགས་པ་དང་བཅས་པ་རྣམས་ཀྱི་དབང་དུ་བྱའོ། །བུད་མེད་རྣམས་ཀྱི་རྩོད་པ་ན་སྐྱེས་པས་ཞི་བར་རིགས་པ་ཉིད་དོ། །གསུམ་པ་ནི། སྲོག་གམ་བསྙེན་པར་རྫོགས་པ་ལས་ཉམས་ན་སྐབས་འདིའི་རྩོད་པ་ཐམས་ཅད་ཉེ་བར་ཞི་བ་ཉིད་ཡིན་ན། ཞི་བྱེད་ནི་མ་ཡིན་ཏེ། ཞི་ཟིན་པ་ཉིད་ཡིན་པའི་ཕྱིར་རོ། །སྤངས་པ་ཉིད་ནི་སྤང་བར་བྱ་བ་ཉིད་ཕམ་པ་བྱུང་བ་དང་། ལྟ་བ་གཞན་གྱི་ཕྱོགས་ཉིད་ཀྱི་བར་དུ་གྱུར་ན་ཡང་ཉེ་བར་ཞི་བ་ཉིད་དོ། །ཡུལ་གཞན་དུ་སོང་ངམ་ནད་ཀྱི་རྣམ་པ་ཡུན་རིང་པོས་བཏབ་ན་ཡང་ངོ་སྟེ་ཉེ་བར་ཞི་བ་ཉིད་ཡིན་ནོ། །དོན་སྦྱིན་པར་བྱེད་པའམ་སྟེ་ལྟུང་བ་འབྱུང་བའི་དོན་སྟོན་པ་གླེང་བའོ། །ལྟུང་བའི་སྦྱོར་བ་ལ་མངོན་པར་བརྩོན་པའོ་


K8Z004_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གླེང་བར་བྱ་བ་སྟེ་གཉིས་ཀ་ཤི་བའམ་བབས་པ་སོགས་ཀྱིས་རྩོད་པ་ཞི་བའོ། །རྩོད་པའི་གཞིའི་ཞུ་བའི་སྐབས་སོ། །སྨྲས་པ། སྤྲིན་དཀར་ཞིག་པའི་རྡུལ་ཕྲན་ལྟ་བུ་ཡིས། །མགོ་བོ་རྣམ་པར་ནོན་པའི་སྦྱངས་པ་ཅན། །སྔོན་རབས་བྱུང་བའི་རྒན་པོ་མང་ཞིག་གིས། །ཉམས་སུ་མྱོང་བའི་རྣམ་པ་མ་འཚལ་བ། །གང་ཡིན་དཀའ་བའི་གནས་དང་ཟབ་པའི་ཁུར། །འཛིན་པ་འཇིགས་མེད་བློ་གྲོས་སྤོབས་པ་ཅན། །དཔལ་ལྡན་དྭགས་པོའི་བརྒྱུད་པ་འཛིན་བྱེད་ཅིང་། །སྤྱི་བོར་ཀརྨ་ཕྲིན་ལས་ཅོད་པན་ཅན། །དཔལ་ལྡན་དབྱངས་ཅན་དགའ་བར་གྲགས་པ་སྟེ། །ལྷག་པའི་ལྷ་སྣང་ཐོབ་ཅིང་ཡེ་ཤེས་ཅན། །པདྨའི་བདུད་རྩི་ཐོབ་ནས་ལེགས་མྱོས་ཏེ། །སྙིང་གར་སྒྲ་རྣམས་འཇིགས་པའི་ཅ་ཅོ་བྱས། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། རྩོད་པའི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།ལྔ་པ་གནས་མལ་གྱི་གཞི་ལ། ལུང་གཞི་ཉིད་ཀྱིས་བརྗོད་པ་དང་། །ཕྲན་ཚེགས་ལ་སོགས་སྐབས་ལས་སོ། །དང་པོ་ལ། ཕྱག་གི་གནས་དང་གནས་མིན་བསྟན། །གཙུག་ཁང་བརྩིག་པའི་བསླབ་བྱ་དང་། །རྙེད་པ་རྣམ་པར་གཞག་པའི་སྐབས། །གནས་ཉིད་ཇི་ལྟར་བསྐྱང་བ་དང་། །གནས་སུ་ཇི་ལྟར་ལོངས་སྤྱོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། ཕྱག་བྱ་བའི་དགོས་པའི་དོན་ནི། ཕྱག་བྱ་བར་འོས་པ་ལ་ཕྱག་མ་བཙལ་ན་ལྟུང་བ་འབྱུང་བ་དེ་ཁེགས་པ་དང་། དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་བ་སྟེ། ལུང་གཞི་ལས། ཕྱག་དང་བསྙེན་བཀུར་གྱི་རིམ་པ་བཅས་པ་ལ་བརྟེན་ནས་ཆུ་ནང་གི་ཨུཏྤལ་བཞིན་དུ་དག་པའི་ཕྱོགས་རྣམས་འཕེལ་བར་གྱུར་པའི་གླེང་གཞི་འཕྲོས་པ་དང་བཅས་པ་གསུངས་པས་ཤེས་སོ། །གཉིས་པ་བསྡུས་པའི་དོན་ལ་གསུམ་ལས། དང་པོ་ཡུལ་གང་ལ་ཕྱག་བྱ་བ་ནི།


K8Z004_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་། ཚངས་པ་མཚུངས་པར་སྤྱོད་པ་སོ་སོར་ཐར་པའི་སྡོམ་པ་མཆོག་དང་མཉམ་ན་བསླབ་པ་རྒན་པ་ལ་ཕྱག་བྱ་བ་སྟེ། ཐམས་ཅད་ཀྱིས་སངས་རྒྱས་ལའོ་ཞེས་པ་ལ་སོགས་པ་གསུངས་སོ། །ས་གཞན་ན་གནས་པ་དང་ཉམས་པ་དང་ཞེས་པའི་དམིགས་བསལ་རྣམས་དང་། དགེ་བསྙེན་གྱི་སྡོམ་པ་རྣམ་དག་དང་ལྡན་ཀྱང་ཁྱིམ་པ་ལ་ནི་རབ་ཏུ་བྱུང་བས་ཕྱག་མི་བྱ་སྟེ། མེ་ཏོག་ཕྲེང་རྒྱུད་ལས། དེ་བཞིན་ཁྱིམ་པ་སྡོམ་ལྡན་ཡང་། །སྡོམ་བརྩོན་ཀུན་གྱིས་ཕྱག་མི་རུང་། །ཞེས་གསུངས་སོ། །གཉིས་པ་གང་ཟག་གང་གིས་ཕྱག་བྱ་བ་ནི། ཟས་ལ་སོགས་པས་སྦགས་པ་མ་ཡིན་པ་དང་། སྒྲེན་མོ་དང་གོས་གཅིག་པ་མ་ཡིན་པས་ཕྱག་བྱ་བ་སྟེ་གཞུང་ལས་ཤེས་སོ། །གསུམ་པ་ཚུལ་ཇི་ལྟར་ཕྱག་བྱ་བ་ནི་རྣམ་པ་གཉིས་ཏེ། ཡན་ལག་ལྔས་འཚལ་བ་དང་། སྒྱིད་པ་ལ་འཁྱུད་པས་འཚལ་བའོ་ཞེས་གསུངས་པས། ཕྱག་དང་པོ་ནི་པུས་མོ་གཉིས། ལག་མཐིལ་གཉིས། མགོ་དང་ལྔ་ས་ལ་གཏུགས་པའོ། །གཉིས་པ་ནི། ཕྱག་ཡུལ་གྱི་རྐང་པ་ལ་སྤྱི་བོས་གཏུགས་པའོ། །ལུས་འདུད་པ་ཙམ་གྱིས་ནི་ཕྱག་བྱ་བ་མ་ཡིན་ཏེ། ལུང་ཕྲན་ཚེགས་ལས། བྲམ་ཟེ་པདྨའི་སྙིང་པོས་བདག་ཤིང་རྟར་ཞུགས་པའམ། ལྕགས་བསྒྲེང་བའམ། སྐད་ཆེར་སྨྲ་བའམ། ལག་པ་བརྐྱང་བ་གཟིགས་པ་དེའི་ཚེ་བདག་ཕྱག་འཚལ་བར་གཽ་ཏམ་ཁྱོད་ཀྱིས་བཟུང་དུ་གསོལ། ཞེས་གསོལ་བ་ན་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་ཅི་ལགས། ཆོས་འདུལ་བ་ལ་དེ་ལྟ་བུ་དག་ཕྱག་འཚལ་བར་ཆུད་དམ། ཉེ་བར་འཁོར་ཕྱག་བྱས་པ་མ་ཡིན་གྱི། དེ་ནི་གུས་པ་ཙམ་དུ་ཟད་ཀྱི། ལུས་དུད་པ་དང་ཚིག་ཏུ་འབྱིན་པ་གང་ཡིན་པ་དེ་ནི་མི་ཆོད་པ་ཡིན་ནོ་ཞེས་གསུངས་པས་ཤེས་སོ། །གཉིས་པ་ནི། སོ་


K8Z004_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཐར་པ་སྡོམ་པ་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ་ཞེས་ཏེ། སྡོམ་པ་མཆོག་དགེ་སློང་ལ་དགེ་ཚུལ་གྱིས་ཕྱག་བྱའོ། །དགེ་སློང་མ་ལ་དགེ་སློང་མ་དང་དགེ་ཚུལ་མས་ཕྱག་བྱའོ། །དགེ་སློང་མ་ལ་ནི་དགེ་ཚུལ་མས་ཕྱག་བྱའོ། །དམིགས་བསལ་ནི། ཊཱི་ཀ་ལས། དགེ་ཚུལ་གྱིས་དགེ་སློབ་མ་དང་དགེ་སློང་མ་ལ་ཕྱག་མི་བྱ་ཞིང་། དགེ་སློབ་མ་དང་དགེ་སློང་མས་ནི་དགེ་ཚུལ་ལ་ཕྱག་བྱ་མི་དགོས་སོ། །དེ་ལྟར་དགེ་ཚུལ་དང་དགེ་སློབ་མ་ནི་ཕྱག་ཕར་མེད་ཚུར་མེད་ཡིན་ཏེ། དགེ་ཚུལ་དང་དགེ་སློང་མ་ཡང་དེ་བཞིན་ནོ། །སྡོམ་པ་མཉམ་ན་རྒན་པ་ལའོ། །མཚན་ཐ་མི་དད་པ་ལའོ། །སྐྱེས་པ་སྡོམ་པས་མི་དམན་པ་ལ་བུད་མེད་ཀྱི་ཕྱག་བྱའོ། །མི་དམན་པ་ནི་སྡོམ་པ་མཆོག་དང་ལྡན་པ་མཉམ་པའོ། །དམིགས་བསལ་བཅུ་གསུམ་ནི། ས་གཞན་ན་གནས་པ་སྤོ་མགུ་སྤྱོད་པ་དང་། ཉམས་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཐ་དད་དུ་གནས་པའི་བྱེ་བྲག་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དང་། ཐ་དད་པར་གནས་པ་ཆོས་མིན་ཕྱོགས་སུ་སོང་བ་དང་། གནས་ནས་ཕྱུང་བའོ། །མཚམས་མེད་བྱས་པ་དང་། ཉལ་བ་དང་། སྙོམས་པར་ཞུགས་པ་དང་། བྲེལ་བ་དང་། སེམས་གཞན་དུ་སོང་བ་དང་། རྒྱབ་ཀྱིས་ཕྱོགས་པ་དང་། ཁྱིམ་གཞན་ན་འདུག་པ་དང་། ཟས་ཀྱི་གྲལ་ན་འདུག་པ་མ་གཏོགས་སོ། །ཁྱིམ་པས་རབ་ཏུ་བྱུང་བ་སྡེ་ལྔ་ཆར་ལ་ཕྱག་བྱའོ། །ཐམས་ཅད་ཀྱིས་སངས་རྒྱས་ལའོ། །གཉིས་པ་ནི། དགེ་འདུན་གྱིས་གནང་བ་ཐོབ་ན་དགེ་སློང་གིས་གཙུག་ལག་ཁང་བྱའོ། །ངོས་གཅིག་གི་དབུས་སུ་དྲི་གཙང་ཁང་བྱ་བ་ཉིད་དོ། །དྲི་གཙང་ཁང་དེའི་མདུན་དུ་སྒོ་ཁང་ངོ་། །གཙུག་ལག་ཁང་གི་དབྱིབས་གྲུ་བཞི་བཟང་བ་ཉིད་དོ། །ཁྱམས་གསུམ་པ་


K8Z004_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ངོ་། །གཙུག་ལག་ཁང་གི་ངོས་བཞི་པོ་རེ་རེ་ལ་གནས་ཁང་གསུམ་གསུམ་དུ་བྱེད་པ་སྟེ། ངོས་གཅིག་དྲི་གཙང་ཁང་། ཕྱོགས་གཉིས་ན་གནས་ཁང་གསུམ། མདུན་དུ་སྒོ་ཁང་དང་མཐའ་གཉིས་སུ་གནས་ཁང་ཆུང་ངུ་གཉིས་སོ། །འགྲེལ་ཆུང་ལས། ངོས་གསུམ་པ་ཡང་ངོ་ཞེས་རྐུན་པོ་མེད་ཅིང་མི་འཇིགས་པའི་གནས་སུ་གཙུག་ལག་ཁང་ངོས་སུ་གསུམ་བརྩིགས་ལ། ངོས་གཅིག་མ་བརྩིགས་ཀྱང་རུང་། ཞེས་བཤད་དོ། །གཙུག་ལག་ཁང་མནོད་པར་བྱའོ། །གཙུག་ལག་ཁང་དུ་གནས་པར་བྱའོ། །གཞན་ཁྱིམ་པའམ་རབ་ཏུ་བྱུང་བ་དག་དགེ་འདུན་གྱི་གཞིར་དགེ་འདུན་གྱི་ཕྱིར་རམ། གང་ཟག་དགེ་སློང་གི་ཕྱིར་གནས་ཀྱི་གཞི་བྱེད་པར་དགེ་འདུན་གྱིས་རྗེས་སུ་གནང་བར་བྱའོ། །གལ་ཏེ་སྦྱིན་བདག་ཡོད་ན་དེས་རྗེས་སུ་གནང་ན་དགེ་འདུན་གྱིས་ཀྱང་གནང་བར་བྱའོ། །བསོད་སྙོམས་ལ་སོགས་པའི་དོན་དུ་གྲོང་ཁྱེར་གྱི་ཕྱི་རོལ་ལམ་ནང་དུ་བསྟི་བའི་གནས་ངལ་གསོའི་གནས་དག་རུང་ངོ་སྟེ་ཁང་པ་བྱའོ། །དགེ་སློང་རང་གི་ཁྲོན་པར་སྐྱེས་པ་དང་། བུད་མེད་མཐའ་དག་འོང་བ་ན་བར་དུ་བཅད་པར་བྱ་བའི་ཕྱིར་རྩིག་གུ་བྱ་བས་བུད་མེད་ལ་ཀུན་ཏུ་ཆགས་པའི་ཤེས་པ་བསལ་བར་བྱའོ། །དགེ་སློང་ལ་བུད་མེད་ཆུ་སློང་ན་དགེ་སློང་གི་རིལ་བ་སྤྱི་བླུགས་ལ་སོགས་པའི་ཆུས་བུད་མེད་ཀྱི་སྙིམ་པ་བཀང་སྟེ་བླུགས་པས་བུད་མེད་རྗེས་སུ་བཟུང་བར་བྱ་ཞིང་། ཆུའི་རྒྱུན་མི་ཆད་པར་སྙིམ་པར་བླུག་པར་མི་བྱའོ། །ཊཱི་ཀ་ལས། བུད་མེད་དགེ་སློང་ལ་ཆགས་པས་ཆུས་བརྣངས་ཏེ་ཤི་བ་ལས་བཅས། ཞེས་སོ། །གསུམ་པ་ནི། དབྱར་གྱི་རྙེད་པ་དེའི་དུས་ཉིད་ཀྱི་ཚེ་དབྱར་གྱི་ནང་དུ་འོངས་ཤིང་ཞག་ཞེ་དྲུག་ལས་ལྷག་པར་མཚམས་ནང་དུ་གནས་པ་ནི་ཁས་བླངས་མ་བླངས་གང་ལྟར་ཡང་རྙེད་པ་དབང་ངོ་། །ཊཱི་ཀར། འདིར་རྙེད་པ་དབང་བའི་རྒྱུ་ནི་གནས་པ་ཡིན་གྱི། གནས་


K8Z004_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཁས་བླངས་པ་ནི་མ་ཡིན་ནོ། །ཞེས་སོ། །དབྱར་ནང་དེ་ན་ཞག་ཞེ་ལྔ་མན་ཆོད་གནས་ན་དབྱར་རྙེད་མི་དབང་ཡང་གནས་དེའི་ཟས་ཙམ་ཟ་ཞིང་རྙེད་པ་མ་ཡིན་པ་མ་བྱིན་པ་ལ་ནི་མཚམས་དེའི་དགེ་འདུན་གྱི་ལས་སུ་བསྐོ་བར་མི་རིགས་སོ། །ལས་སུ་ནི་གཞོན་རིམ་ནས་མཐར་གྱིས་བསྐོའོ། །འདུལ་བ་དང་མ་མོ་འཛིན་པ་ནི་མི་བསྐོའོ། །དབྱར་ནང་དུ་རྙེད་པ་མི་ཐོབ་པ་ལ་ཟན་སྦྱིན་པར་བྱ་བ་ཉིད་དོ། །གཞན་གྱི་རྙེད་པ་ལ་མི་འོས་པར་འདུ་བར་མི་བྱའོ། །གལ་ཏེ་ཟན་དེའི་དོན་དུ་མ་སོང་བ་དྲོ་ལ་བབས་ནས་གཙུག་ལག་ཁང་གཞན་དུ་ཟ་བ་ལ་ནི་ཉེས་པ་མེད་དོ། །མུ་གེའི་ཚེ་རང་གི་གཙུག་ལག་ཁང་ནས་རྒྱགས་མ་ཁྱེར་བ་ལ་གཙུག་ཁང་གཞན་དུ་སོང་ཡང་ཟོས་པ་ལ་ཉེས་པ་མེད་དོ། །གཙུག་ཁང་གཞན་དུ་དགེ་སློང་བཅུ་ཐམ་པའི་བཟའ་བ་ཡོད་ན། དགེ་སློང་དགུ་ལས་མེད་ན་དགེ་སློང་གི་ཚོད་ཉིད་པས་ལྷག་པ་ཉིད་ལ་བླངས་པ་ཡང་ཉེས་པ་མེད་དོ། །བཞི་པ་ནི། དགེ་འདུན་ནམ་གང་ཟག་གང་གིས་ཀྱང་གཙུག་ལག་ཁང་ཡལ་བར་མི་དོར་རོ། །ཕྱིར་བཅོས་པའི་ཕྱིར་སྦྱིན་བདག་སྤྲོ་བར་བྱའོ། །མ་གྲུབ་ན་དགེ་འདུན་གྱིས་རྫས་ལས་ཅི་ཙམ་གྱིས་ནུས་པ་ངེས་པར་སྦྱར་རོ། །ལྷ་འབངས་དང་རྩེ་རྒོད་མེད་ན་དགེ་སློང་རང་གི་ལག་གིས་ལས་བགྱིས་པས་ཀྱང་ཕྱིར་བཅོས་པར་བྱའོ། །གཙུག་ཁང་དེ་ནས་རྙེད་པ་ནོད་པས་གཙུག་ལག་ཁང་བྱི་དོར་བྱའོ། །དགེ་སློང་རང་ཉིད་ལ་དད་པའི་རྙེད་པ་ནི་གཙུག་ལག་ཁང་ཉིད་ཀྱི་རྙེད་པ་མ་ཡིན་ནོ། །གཙུག་ལག་ཁང་ནས་སྒོ་བཅད་དེ་འགྲོ་བར་བྱའོ། །སྲུང་མ་ཡང་བཞག་སྟེའོ། །སྲུང་མ་དེ་ལ་ཟན་མེད་ན་སྦྱིན་ནོ། །སྲུང་མ་དེས་ཆོམ་རྐུན་པའི་རང་དབང་ཉིད་མེད་པར་ངེས་པར་མི་ཤེས་པར་སྒོ་དབྱེ་བར་མི་བྱའོ། །ངེས་པར་ཤེས་པའི་ཐབས་ཁང་སྟེང་དུ་འཛེགས་ཏེ་ལྟ་བ་དང་།


K8Z004_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་རིམས་ཀྱིས་མ་བཏབ་བམ་ཞེས་བརྡ་སྐད་བརྗོད་པ་ནི་འདིར་ཐབས་ཡིན་ནོ། །གནས་དང་མིང་དང་ཕ་མ་ལ་སོགས་པ་སོ་སོར་ཤེས་པར་བྱེད་དུ་གཞུག་པ་ཡང་ཐབས་ཡིན་ནོ། །ཡིད་མི་ཆེས་ཤིང་འཇིགས་པ་དང་བཅས་པ་ཉིད་ལ་སྒོ་དབྱེ་བར་མི་བྱའོ། །དགེ་སློང་དགོན་པ་བས་ཁྱི་བཅང་བར་བྱའོ། །ཁྱི་བ་སྤེལ་བ་དེས་ནངས་པ་སྔར་ལངས་མ་ཐག་ཁོ་ནར་གཙུག་ལག་ཁང་དང་མཆོད་རྟེན་གྱི་འཁོར་སར་བཤང་གཅི་བྱས་མ་བྱས་བལྟ་བར་བྱའོ། །གལ་ཏེ་དེས་བཤང་བ་བྱས་ན་དོར་བར་བྱ་ཞིང་། གལ་ཏེ་གཅི་བ་བྱས་ན་ཕྱི་བར་བྱའོ། །གལ་ཏེ་སྡེར་མོ་དག་གིས་བྲད་ན་མཉམ་པར་བྱའོ། །བཤང་གཅི་དེ་དག་གི་གནས་དག་ཏུ་ལྕི་བས་དཀྱིལ་འཁོར་བྱའོ། །ཁྱི་ལ་ལྷུང་བཟེད་ཀྱི་ལྷག་རོལ་སྦྱིན་ནོ། །གང་དུ་སྦྱིན་ན་མཆོད་རྟེན་དང་གཙུག་ལག་ཁང་གི་ཉེན་ཀོར་གྱི་ཕྱི་རོལ་ཏུའོ། །ལྔ་པ་ལ། ཆོས་ཀྱི་ལོངས་སྤྱོད་ཇི་ལྟར་བྱ། །ཟང་ཟིང་ལོངས་སྤྱོད་ཇི་ལྟར་བྱ། །དང་པོ་ནི། མཁན་སློབ་ཀྱིས་སྤྱོད་ལམ་ཅི་འདོད་པས་ལུང་དབོག་གོ། །གསར་བུས་བླ་མ་ལ་ཆོས་ཀྱི་ལུང་ནོད་པའི་ཕྱིར་ནི་ཁམས་སྙོམས་པ་ཉིད་དྲིས་ཏེ་ཕྱག་བྱ་བ་སྔར་བཏང་བའི་སྤྱོད་ལམ་བསྟེན་པར་བྱའོ། །ཉན་པོས་ཐལ་མོ་བསྣོལ་ཏེ་བཅང་ཐི་བའི་ཐལ་མོ་ཞེས་ཏེ་སོར་མོ་ལྔ་ཕན་ཚུན་བསྣོལ་བའོ། །ངོ་། །ལུས་དང་སེམས་འདུའོ། །གྱ་གྱུ་དང་གཡོ་སྒྱུ་མེད་པར་མདུན་ནས་དྲང་པོར་རོ། །ལུང་འབོགས་པོ་འཆགས་ཏེ་སྟོན་པ་ན་ལུང་ནོད་པས་གོམ་པ་སྲི་བས་བཅག་པའིའོ། །འབོགས་པ་འགྲེང་བ་ན་ནོད་པོ་འགྲེང་བའིའོ། །འབོགས་པོ་འདུག་པ་དང་ཉལ་བ་ན་ནོད་པོ་འདུག་པའིའོ། །ནོད་པོ་སྟན་ཆེས་དམའ་བ་ལའོ། །ནོད་པོ་རྒས་པོ་ནི་སྟན་ལ་འབོགས་པའི་ལུང་གིས་མི་བལྟོས་ལ། ཉན་པ་གསར་བུ་ནི་འཆད་པོས་བསྒོ་ན་སྟན་ལ་ལྷོད་ཕབ་


K8Z004_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་འདུག་གོ། །མ་བསྒོ་ན་ཙོག་པུས་སོ། །མནོད་པར་བྱ་བ་མང་བ་ཉིད་ཡིན་ན་གསར་བུ་དེས་ལྷོད་ཕབ་ཏུ་འདུག་པའི་ཕྱིར་འབོགས་པོ་ལ་ཞུ་བར་བྱའོ། །ཁ་ཏོན་བྱེད་པ་ན་མཁན་སློབ་ཀྱིས་ཐོས་པའི་ཉེན་ཀོར་མ་གཏོགས་པར་སྣང་བའི་ཉེན་ཀོར་དུ་འདུག་སྟེ་ཁ་ཏོན་བྱའོ། །སྒོམ་པའི་གདམས་ངག་ནི་མཐའ་གཅིག་ཏུ་སོང་སྟེ་སྒྲུབ་པར་བྱའོ། །ལུང་འབོགས་པ་དང་མནོད་པ་ནི་འཆད་པོ་དེས་ཤིན་ཏུ་ལེགས་པར་བཀླགས་པ་དང་། ཤིན་ཏུ་ཡོངས་སུ་བྱང་བ་དང་། ཐེ་ཚོམ་མེད་པར་བྱས་ཏེའོ། །གཉིས་པ་ནི། དགེ་སློང་གློ་བུར་དུ་འོངས་པ་ལ་སོགས་པ་ལ་དགེ་འདུན་གྱིས་གནས་ཁང་སྐོ་བར་བྱེད་པ་པོ་གནས་ཁང་དང་། ཟས་ལ་བསྐོ་བ་དང་། ཐུག་པ་དང་། བག་ཆོལ་དང་། ཤིང་ཅོལ་འབྲིམ་པ་གསོལ་གཉིས་ཀྱིས་བསྐོ་བར་བྱའོ། །བར་བུར་འབྲིམ་པ་ཡང་ངོ་སྟེ་བར་བུར་ནི་ཁུར་བ་སོགས་ཀྱི་ལྷག་རོལ་ཕྱི་དེ་ཉིན་པར་བྲིམ་པར་བྱ་བ་ནི་བར་བུར་དེ་ཞེས་བྱའོ། །བརྙར་སྦྱིན་སྡུད་པའི་སྣོད་སྤྱད་འབྲུབ་པའོ། །ལོ་ཕྱི་མ་ལ་དགོས་པའི་ཕྱིར་དབྱར་གྱི་རས་ཆེན་སྦེད་འགྱེད་བསྐོ་བ་སྟེ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོའོ། །སྲ་བརྐྱང་ངོ་ཞེས་པ་ནི་སྲ་བརྐྱང་སྦེད་པ་བསྐོའོ། །ཊཱི་ཀ་ལས། འདིར་སྲ་བརྐྱང་སྦེད་པ་ཞེས་བྱ་བ་ནི་སྲ་བརྐྱང་འདིངས་པ་ཡིན་པར་དགོངས་སོ། །ཞེས་བཤད་དོ། །འོ་ན་སྲ་བརྐྱང་གི་གཞི་ལས། གདིང་བ་ཡང་ངོ་ཞེས་པ་དེ་དང་འདི་ལ་ཁྱད་ཅི་ཡོད་སྙམ་ན། སྲ་བརྐྱང་གདིང་བ་བསྐོས་པ་དེ་ཤིའམ་བབས་སམ་མཚན་གྱུར་ན། དེའི་ཚབ་མ་བྱེད་པའི་དགེ་སློང་སྲ་བརྐྱང་སྦེད་པ་པོ་བསྐོ་བ་སྟེ། སྲ་བརྐྱང་གི་གཞི་ཞུ་བའི་སྐབས་ཀྱི། ཊཱི་ཀ་ལས། སྲ་བརྐྱང་གདིང་བའི་དགེ་སློང་གཞན་དུ་གྱུར་ན་དེ་སྦེད་པ་པོ་བསྐོ་བར་བྱའོ། །ཞེས་གསུངས་སོ། །དད་པས་དགེ་འདུན་ལ་ཕུལ་བའི་གོས་དག་


K8Z004_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བའི་སྦེད་པོ་གསོལ་གཉིས་ཀྱིས་བསྐོའོ། །གོས་འགྱེད་པ་ཡང་ངོ་། །རྫས་སྲུང་བའི་གཙུག་ཁང་སྐྱོང་བའི་དགེ་སྐོས་དང་། དགེ་སྐོས་ཀྱི་དགབ་ལེན་ཅིང་དེའི་གྲོགས་བྱེད་པ་མངག་གཞུག་པ་དག་གོ་སྟེ་ཡང་ངོ་། །སྡེར་སྤྱད་འབྲིམ་པ་ཡང་ངོ་། །སྡེར་སྤྱད་དེ་དག་འབྲིམ་པ་དང་ཟན་གྱུ་བ་སྟེ་ཟོས་ཟིན་ནས་བྲུབ་པ་ནི་སྡེར་སྤྱད་འབྲིམ་པ་དེའི་ལས་ཡིན་ནོ། །ཆུའི་ཞལ་ཏ་པའོ། །མཛེས་ཆོས་སོ་སྟེ་གཉིས་ཀར་གསོལ་གཉིས་ཀྱིས་སོ། །མཛེས་ཆོས་པ་དེས་བལྟས་ཏེ་རབ་ཏུ་བྱུང་བ་རྣམས་མི་མཛེས་པ་བསྟན་ན་སེ་གོལ་གྱི་སྒྲ་སྔོན་དུ་བཏང་སྟེ་མཛེས་པ་ལ་ངེས་པར་སྦྱར་བར་བྱའོ། །སྦྱར་ཚུལ་ནི་འདི་ལྟ་སྟེ། ཟས་ལ་སྒྲ་བསྐྱུང་བ་ཉིད་དང་། ཤིན་ཏུ་བསྡམས་པ་ཉིད་དང་། ཤིན་ཏུ་ནོགས་ཐུབ་པ་ཉིད་ཀྱིས་སོ། །ནོགས་ཐུབ་ནི་མི་གཡེང་བར་ཟུང་ཐུབ་པའོ། །མཆོད་རྟེན་ལ་ཕྱག་བྱ་བ་ལ་སྒྲ་བསྐྱུངས་པ་ཉིད་དང་། རྒན་རིམ་ཉིད་ཀྱིས་མཛེས་པར་བྱའོ། །ཟན་ཟ་བ་ན་ཁྭ་དང་ཕུག་རོན་གྱི་གནོད་པ་བཟློག་པའི་བང་རིམ་གྱི་ཞལ་ཏ་པ་གསོལ་གཉིས་ཀྱིས་བསྐོའོ། །བང་རིམ་གྱི་ཞལ་ཏ་པ་དེས་དང་པོར་ཟན་ཟོས་ཏེ་དབྱུག་གུ་བླངས་ནས་དགེ་འདུན་ཟན་ཟ་བ་དག་ལ་ཁྭ་དང་བྱིའུ་དང་ཕུག་རོན་ལ་སོགས་པ་དག་བཟློག་པར་བྱའོ། །གནས་མལ་འབོགས་པ་དང་གནས་མལ་བྱི་དོར་ཏེ། ཁྲི་དང་ཁྲིའུ་མལ་ཆ་སོགས་མེད་པ་འབོགས་པ་པོ་གསོལ་གཉིས་ཀྱིས་བསྐོའོ། །ཟས་རུང་བ་ཤ་དང་བཅས་པ་ཉིད་ཡིན་ན་དེར་མི་དག་འོང་བ་ལ་སྒེའུ་ཆུང་སྟེ། འགག་བསྲུང་བ་གསོལ་གཉིས་ཀྱིས་བསྐོ་བར་བྱའོ། །གནས་མལ་གྱི་གཞིའོ།། །།གཉིས་པ་ལ། ཕྱག་དང་མིང་ནས་སྨོས་པའི་རིམ། །གནས་ཀྱི་ཚུལ་གྱི་རྣམ་པར་གཞག ། བྱ་བ་ལས་ཀྱི་གནས་སྐབས་སོ། །དང་པོ་ནི། ཕྱག་འཚལ་བའི་གནས་མུན་ཁྲོད་དུ་


K8Z004_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ་ཞེས་སྒྲ་དང་བཅས་པའི་ཚིག་བརྗོད་པར་བྱའོ། །ཕྱག་འོས་ཉེན་ཀོར་དུ་གྱུར་པ་ལ་རང་གིས་ཕྱག་ཟིན་ཀྱང་གཞན་གྱིས་ཕྱག་བྱ་བར་བརྩམས་པ་ལ་ཡང་ཕྱག་མི་བྱ་བར་མི་བྱའོ། །ཚངས་པའི་ཕྱག་སྟེ་ཚོགས་པ་སྤྱི་ཕྱག་གིས་ནི་ཕྱག་དེ་བྱས་པ་ཉིད་ཡིན་ནོ། །ནང་སྟེ་ཞེ་འགྲས་པ་དང་བཅས་པ་ལ་ཕྱག་མི་བྱའོ་སྟེ་ལུང་གཅིག་ལས་འཕྲོས་པ་ལས་ཕྱག་བྱས་ན་འདས་པ་དང་བཅས་པར་གྱུར་པ་རྣམ་པ་གསུམ་སྟེ། ངོ་ཚ་མེད་པ་དང་མཁོན་པ་དང་རྗེས་སུ་ཕྱོགས་པའོ་ཞེས་གསུངས་སོ། །འོ་ནལུང་གླེང་གཞི་ལས། གང་མཁོན་པ་དེ་ལ་བཟོད་པར་བྱས་ཀྱང་མ་བཟོད་ནས་བཀའ་སྩལ་པ། ཉེས་སྤྱོད་དུ་ཕྱིན་པ་དང་ཕྱག་བྱོས་ཤིག ། དེས་ཀྱང་ནད་མེད་ཅིག་ཅེས་སྨྲ་བའམ་ཡང་ཕྱག་བྱོས་ཤིག ། དེ་ལྟར་མི་བྱེད་ན་གཉིས་ཀ་ལ་འདས་པ་དང་བཅས་པར་འགྱུར། ཞེས་གསུངས་ལ། དེ་དང་མཐུན་པར་འོད་ལྡན་ལས། མི་མཐུན་པ་ཞིག་ཡིན་ན་དེའི་ཚེ་ཕྱག་བྱ་བ་ཁོ་ན་ཡིན་ཅེས་གསུངས་པ་དང་འགལ་ཅེ་ན། དེ་ནི་དམིགས་བསལ་ཏེ་ཕྱག་བྱ་བས་མཁོན་ཞི་བའི་ཡན་ལག་ཏུ་གྱུར་ནའོ། །ཕྱག་འཚལ་བ་ལ་ཨ་རོཀྵ་ཞེས་མི་བྱ་བར་མི་བྱའོ་སྟེ་ཞེས་པ་བརྗོད་པའོ། །རང་གི་མཁན་སློབ་ལྟ་བུ་འདས་པ་ན་མཚན་ནས་སྨོས་ཏེ་ཕྱག་བྱ་བ་ཡིན་པ་ལ་ནི་སྔོན་གྱི་དུས་མངོན་དུ་བྱས་ཏེ་ཕྱག་མི་བྱ་བ་ཉིད་མ་ཡིན་ནོ། །སྦགས་པ་ལ་ཕྱག་མི་བྱའོ། །བྱས་ན་ཉེས་བྱས་སོ། །སྦགས་པས་ཕྱག་མི་བྱའོ། །སྦགས་པས་ཕྱག་དེ་བདག་གིར་མི་བྱའོ། །བྱས་ན་ཉེས་བྱས་སོ། །སྦགས་པ་ལས་མི་བྱའོ། །སྦགས་པ་ནི་རྣམ་པ་གཉིས་ཏེ། ཟས་དང་མི་གཙང་བས་ཏེ། ཟས་ལ་ནི་ཐ་ན་སོ་ཤིང་ཡན་ཆད་ཟ་བས་དང་། མི་གཙང་བ་ནི་ཐ་ན་མིག་གཙང་བ་དེའི་ས་བྱི་དོར་བྱེད་པ་ཡན་ཆད་བཀྲུ་བཤལ་བྱེད་པ་མན་ཆད་མི་གཙང་


K8Z004_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བས་སོ། །ཕྱག་བྱ་བ་འདི་ལ་གཅེར་བུ་ཉིད་དང་། གོས་གཅིག་པ་ཉིད་ནི་སྦགས་པ་དང་འདྲའོ་སྟེ། ཕྱག་བྱ་བྱེད་ཀྱི་ཡུལ་གཉིས་ཀས་གཅེར་བུ་མི་བྱ་བ་དང་། གཅེར་བུ་དང་གཅེར་བུ་ལས་ཕྱག་བདག་གིར་མི་བྱ་བ་བཞི་སྟེ། གོས་གཅིག་པ་ལ་སྦྱར་བས་བརྒྱད་དོ། །ཕྱག་ནི་རྣམ་པ་གཉིས་ཏེ། ཡན་ལག་ལྔས་ཕྱག་འཚལ་བ་དང་། སྒྱིད་པ་ལ་འཁྱུད་པས་ཕྱག་འཚལ་བའོ། །སྦྲིད་པ་བྱུང་བ་ལ་སོས་པར་གྱུར་ཅིག་ཅེས་བརྗོད་པར་མི་བྱ་སྟེ། རྒན་ཞུགས་དང་ཁྱིམ་པ་ལ་ནི་མ་གཏོགས་སོ། །གསར་བུ་སྦྲིད་པ་བྱུང་བ་དེ་ལ་ནི་ཨ་རོཀྵ་ཞེས་བྱའོ། །རྒན་པ་སྦྲིད་པ་བྱུང་བ་ལ་ནི་གསར་བུས་ཕྱག་བྱའོ། །གསར་བུ་རང་ལ་སྦྲིད་པ་བྱུང་ན་ཡང་རྒན་པོ་ལ་ཕྱག་བྱའོ། །དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་དང་མིང་དང་རུས་བརྗོད་པས་ཀུན་ཏུ་སྤྱད་པར་མི་བྱའོ། །བཅོམ་ལྡན་འདས་ཞེས་པ་ལྟ་བུ་ཉེ་བའི་ཚིག་དང་བྲལ་བར་དེའི་མཚན་ནམ། གདུང་སྨོས་པར་མི་བྱའོ། །ཉེ་ཚིག་བྲལ་བར་བསླབ་པ་རྒན་པའི་མིང་རུས་སྨོས་པར་མི་བྱའོ། །རྒན་པ་འདི་ལ་གནས་བརྟན་དང་ཚེ་དང་ལྡན་པ་ནི་ཉེ་བའི་ཚིག་ཉིད་ཀྱི་ཚུལ་དང་མཐུན་པ་ཉིད་ཡིན་ནོ། །དེ་བཞིན་གཤེགས་པ་སྟེ་སྔ་མ་ལ་ནི་ཉེ་ཚིག་དེ་ལྟ་བུ་མ་ཡིན་ནོ། །གཉིས་པ་ལ། གནས་ཀྱི་ནང་གི་སྐབས་ཉིད་དང་། །གནས་ཀྱི་ཕྱི་ཡི་སྐབས་ཉིད་དོ། །དང་པོ་ལ། གནས་ཀྱི་གནས་སྐབས་དངོས་ཉིད་དང་། །གནས་གཞན་སྤང་ཞིང་གནས་དག་སྦྱར། །སྦ་བ་རྣམ་པ་གཞག་སྐབས་སོ། །དང་པོ་ལ། གནས་གང་བརྩིག་པའི་སྐབས་ཉིད་དང་། །གནས་ཉིད་འབྲི་བའི་སྐབས་ཉིད་དང་། །ཆུད་མི་ཟ་བར་སྐྱོང་བའི་སྐབས། །གནས་མལ་སྤྱོད་པའི་སྐབས་ཉིད་དང་། །དངོས་པོ་ཅི་ལྟར་བཅད་པའོ། །དང་པོ་ནི། ལག་གི་བླས་སྐྱེ་བོ་མང་པོའི་འགྲོ་བ་དང་། འོང་བ་དང་


K8Z004_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་པར་བྱའོ། །ཡོན་ཏན་འོད་མར། དགེ་སློང་གིས་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་བརྩིག་ན་དགོན་པ་དང་དབེན་པར་མི་བརྩིག་གི། མི་མང་པོ་འདུ་ཞིང་ཕྱག་འཚལ་བའི་གནས་སུ་བརྩིག ། ཅེས་བཤད་དོ། །སྤྱོད་ལམ་གྱི་གནས་ཤིང་ལྗོན་པ་དང་རྫིང་བུ་དང་འཆགས་ས་དག་ཀྱང་ལྡན་པའི་གཞིར་གཙུག་ཁང་རབ་ཏུ་གནས་པར་བྱའོ། །ཉེན་ཀོར་དང་ལྡན་པར་བརྩིག་གོ། །འདི་ལྟ་བུའི་གཙུག་ལག་ཁང་ནི་སྐྱེ་བོ་དགེ་བ་སོག་པའི་གཙུག་ལག་ཁང་ཡིན་ལ། ཐོས་བསམ་སྒོམ་པ་གཙོ་བོར་བྱེད་པའི་གཙུག་ལག་ཁང་ནི། རྒྱུན་ལུགས་དང་། ཀླག་ཅོར་དང་། སྒྲ་དང་། རྫ་རྔའི་སྐད་སོགས་ཏུག་ཏིང་ཆུང་བར་རོ། །ཆ་རྐྱེན་སྦྱིན་པ་པོས་རྗེས་སུ་གནང་ན་གཙུག་ལག་ཁང་བྱ་བའི་དངོས་པོ་ལས་དེ་བྱ་བའི་སྤྱད་སྟ་རེ་སོགས་བྱའོ། །འཇོར་ཁྱེམ་སོགས་དེ་བཞག་པའི་ཁང་པ་སྦྱིན་ནོ། །གཙུག་ལག་ཁང་དེར་དགོས་པའི་ལས་མིའི་རྐང་ལག་བསྐུ་བའི་འབྲུ་མར་ལ་སོགས་པའི་ཚོད་རན་པར་ཉོའོ། །གཙུག་ལག་ཁང་བརྩིགས་པའི་རྐྱེན་ལས་ལག་གི་བླས་སྤྱི་སྤུངས་ཏེ་དགེ་སློང་གཞན་རྣམས་ཟ་ཐང་ཅི་འདྲ་བ་དེ་འདྲ་བ་བཟའོ། །གཙུག་ལག་ཁང་བརྩིག་པའི་གནས་དེའི་གཙུག་ལག་ཁང་མེད་པ་ཉིད་ཡིན་ན། ཉེན་ཀོར་གྱི་གཙུག་ལག་ཁང་གིའོ་སྟེ་དེའི་སྤྱི་སྤུངས་ནས་བཟར་གནང་ངོ་། །གཙུག་ཁང་བརྩིགས་པའི་རྐྱེན་དེ་ལས་སྣུམ་བག་གི་རྙེད་པ་ལག་གི་བླས་མནོད་དོ། །དགེ་སློང་གི་གཙུག་ལག་ཁང་དག་གི་བརྩེགས་མ་ཉིད་ཀྱི་མཐའ་ནི་ལྔའོ། །དགེ་སློང་མ་རྣམས་ཀྱི་བརྩེགས་མ་ཉིད་ནི་གསུམ་མོ། །དྲི་གཙང་ཁང་དང་སྒོ་ཁང་གི་སྟེང་གི་བསིལ་ཁང་དག་ནི་བརྩེགས་མ་གཉིས་ཀྱིས་ལྷག་པར་བྱའོ། །གཙུག་ལག་ཁང་དེ་དག་ལྕི་


K8Z004_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཇིགས་པ་ཉིད་ཡིན་ན་བརྩེགས་མ་གཞིག་པ་ལ་ཁ་ན་མ་ཐོ་བ་མེད་དོ། །གཙུག་ལག་ཁང་བརྩེག་པར་བརྩམས་པའི་རིམ་པ་ལས་འབྱོར་པ་རྙེད་དེ། རྒྱ་བསྐྱེད་པར་བྱ་བའི་ཕྱིར་རམ་བསྐྱུང་བར་བྱ་བའི་ཕྱིར་གཞིག་པ་ཡང་ངོ་། །མཆོད་རྟེན་དང་སྐུ་གཟུགས་དག་ནི་བསྐྱེད་པ་ཉིད་ཀྱི་ཕྱིར་རྩིག་འཕྲོ་བཤིག་པ་ལ་ཁ་ན་མ་ཐོ་བ་མེད་དོ། །རྙིང་པ་ཉིད་ཀྱི་ཕྱིར་ནི་འཕྲོ་མེད་པར་རྫོགས་ཟིན་ཀྱང་སྔ་མ་དང་ཚད་མཉམ་པའི་ཕྱིར་ཡང་གཞིག་ཏུ་རུང་ངོ་། །མཆོད་རྟེན་དང་སྐུ་གཟུགས་དག་གི་ཕྱོགས་གཅིག་རྙིངས་པ་ཕྱིར་བཅོས་པའི་ཕྱིར་གཞིག་པ་ཡང་ངོ་། །གདུགས་ལ་སོགས་པ་འབྱོར་པས་ཕོངས་ཏེ་དབོག་པ་ཡང་ཁ་ན་མ་ཐོ་བ་མེད་དོ། །གདུགས་སོགས་གསར་པ་གཞན་གདགས་པའི་ཕྱིར་ཡང་དབོག་པ་ལ་ཁ་ན་མ་ཐོ་བ་མེད་དོ། །གཞན་གདགས་པ་དེའི་དོན་དུ་གདུགས་སོགས་ཕྱི་མ་ཉེ་བར་མ་བཞག་པར་སྔ་མ་དབོག་པར་མི་བྱའོ། །སྐྱེས་པའི་རབས་ལ་སོགས་པའི་རི་མོ་དང་། སངས་རྒྱས་ཀྱི་བཀའི་ཡི་གེ་དག་ཀྱང་ངོ་སྟེ་རྙིང་པ་བཅོས་པའི་ཕྱིར་ཁ་ན་མ་ཐོ་བ་མེད་དོ། །བྱིད་པའི་བྱེ་བྲག་ཕྱིས་བྲི་བ་ཁོ་ན་བྱ་བའི་ཕྱིར་ཕྱིས་པ་ལ་ཁ་ན་མཐོ་བ་མེད་དོ། །མཆོད་རྟེན་དང་གཙུག་ལག་ཁང་རྩོམ་པར་བྱེད་པ་ཁྱིམ་བདག་ལ་སོགས་པས་མ་བྱས་ན་དགེ་སློང་ལ་སོགས་པ་གཞན་གྱིས་རྩིག་འཕྲོ་ལྷག་མ་བྱའོ། །གལ་ཏེ་དགེ་འདུན་གྱི་ཕྱིར་སྦྱིན་བདག་གིས་ཕྱེད་བརྩིགས་ན་དགེ་སློང་གིས་མཁར་ལན་སྦྱིན་པར་བྱ་བ་ཉིད་དོ། །དགེ་སློང་དེས་མཁར་ལན་གྱི་གཏན་གྲོགས་བྱ་བའི་དུས་ནི། །གལ་ཏེ་དགུན་ཡིན་ན་ཟས་ཀྱི་འོག་རོལ་ཏུ་ལས་བྱའོ། །གལ་ཏེ་སོས་ཀ་ཡིན་ན་ཟས་ཀྱི་མདུན་རོལ་ཏུ་བྱའོ། །ལས་ཀྱིས་གཡེངས་ནས་གུང་ཚིགས་ཡོལ་བར་མི་བྱ་སྟེ། ཟས་ཀྱི་བྱ་བའི་དུས་འདུས་པར་ལུས་པར་བྱའོ། །མཁར་ལན་གྱི་ལས་དེའི་


K8Z004_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱིས་སྦགས་པ་རྫབ་ཀྱིས་གོས་པའི་བྱི་དོར་མ་བྱས་པར་འཚོ་བ་ལ་འཇུག་པར་མི་བྱའོ། །བྱི་དོར་བྱ་བ་དེའི་མཐའ་ཉིད་ནི་རྐང་ལག་བཀྲུས་པ་ཉིད་དོ། །ལག་གི་བླས་རྩིག་ལས་བྱེད་པ་ལ་ཁྱེའུ་སུས་སྦྱོར་དུ་གཞུག་གོ། །ཟས་ཀྱི་འོག་རོལ་དུ་ན་ལས་བྱེད་པ་རྣམས་ཀྱི་སྐོམ་དང་རྐང་ལག་དག་བསྐུ་མཉེ་བྱའོ། །དགེ་འདུན་དང་གང་ཟག་གང་གི་ཡང་རུང་གནས་ཁང་གི་སྒོ་གདོད་དོ། །སྒོ་གླེགས་གཞུག་གོ། །ལག་ཟུང་དང་ཡང་མིག་དང་ཀོ་བའི་དུམ་བུ་དག་གཞུག་གོ། །སྐར་ཁུང་གདོད་དོ། །རྩིག་དཀྱིལ་དུའོ། །ཕྱིར་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུའོ། །ཕུག་རོན་འགོག་པའི་དྲ་བ་གཞུག་གོ། །སྒོ་གླེགས་སོ། །འཁོར་གཏན་དང་གནམ་གཟེར་དང་འཕྲེད་གཏན་དག་གོ། །དབྱུག་གུ་སྐམ་ཁ་བཅང་ངོ་། །ཐགས་མ་རྒྱུ་བ་ནི་གསོར་གྱིས་གཙུག་པར་རྒྱུའོ། །ཕུག་རོན་འགོག་པའི་ཐག་དྲ་བྱའོ། །གནས་ཁང་གི་མདུན་དུ་ཁྱམས་བྱའོ། །གནས་ཁང་དང་ཁྱམས་གཞིར་སོ་ཕག་གི་བཅལ་རིམ་བདུན་ནམ་བརྒྱད་གཞུག་གོ། །སོ་ཕག་གི་བཅལ་དེའི་སྟེང་དུ་ཀ་རྟེན་གྱི་པང་ལེབ་བོ། །དེའི་སྟེང་དུ་ཀ་བའི་ཚར་དག་གོ། །དེའི་སྟེང་དུ་ཀ་གཞུའི་འདབ་མ་དག་གོ། །དེའི་སྟེང་དུ་གདུང་མ་དག་གོ། །དེ་དག་གི་སྟེང་དུ་ཕྱམ་དག་གོ། །དེ་དག་གི་སྟེང་དུ་སོ་ཕག་དགྲམ་མོ། །དེ་དག་གི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པས་སོ། །ཡང་ཐོག་ནས་མི་རྣམས་མི་ལྷུང་བར་བྱ་བའི་ཕྱིར་ལན་ཀན་ཏེ་བད་ཀྱི་ཤིང་རིང་བྲེ་བར་བྱའོ། །འདི་ལ་འགྲེལ་ཆུང་ལས། མདའ་ཡབ་ཅེས་བཤད་ཅིང་། བ་གམ་དང་པུ་ཤུ་ཞེས་ཀྱང་བརྗོད་དོ། །ལན་ཀན་དེ་མི་འགུལ་བར་བྱ་བའི་ཕྱིར་ཤར་བ་སྟེ་ཤིང་རིང་གཏོད་པའི་ཤིང་ཐུང་གཞུག་གོ། །ཤར་བ་དེ་ལྕགས་ཀྱི་གཟེར་བུ་དག་གིས་སྦྱར་རོ། །བརྩེགས་མ་དག་འཛེག་པའི་ཕྱིར་


K8Z004_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམ་སྐས་བྱའོ། །ཐེམ་སྐས་དེ་ཡང་འོག་ཁང་དུ་རྡོ་ལས་བྱས་པ། བར་ཁང་དུ་ས་ལས་བྱས་པ། སྟེང་ཁང་དུ་ཤིང་ལས་བྱས་པའོ། །ཐེམ་སྐས་མེད་ན་ཡ་གད་ལས་གཟེག་པར་བྱའོ། །ཡ་གད་དེ་ཤིང་དང་སྨྱིགས་མ་དང་ཐག་པ་ལས་བྱས་པ་ཡང་ངོ་། །རྫིང་བུ་དང་སྒོ་ཁང་དུ་རྫབ་མི་འབྱུང་བར་བྱ་བའི་ཕྱིར་སོ་ཕག་གི་གཅལ་གཞུག་གོ། །དེའི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པའོ། །དེའི་སྟེང་དུ་རྡོ་ཐལ་གྱི་སྐྱང་ནུལ་བྱའོ། །དེར་རྫབ་མེད་ན་རྐང་པ་བསྐྱབ་པའི་ཕྱིར་ཤིང་གི་པང་ལེབ་བོ། །ཡང་ན་བར་བར་དུ་སོ་ཕག་དག་གོ། །མཆོད་རྟེན་ལ་རྫབ་ཡོད་ན་ཡང་དེ་བཞིན་ནོ། །མཆོད་རྟེན་འདི་ལ་སོ་ཕག་གི་གཅལ་དེ་འདོམ་གང་ཙམ་བྱས་པ་ཉིད་ནི་བྱས་པ་ཉིད་དོ། །ཆོས་སྨྲ་བ་འདུག་པའི་ཕྱིར་སེང་གེའི་ཁྲི་གྲུ་བཞི་བྱའོ། །ཁྲིའི་རྐང་པ་དག་ལ་སེང་གེའི་གདོང་ཉིད་དོ། །སེང་གེའི་ཁྲི་སྤོ་བའི་དོན་དུ་ལག་པས་བཟུང་བའི་ཕྱིར་ཁྲི་རྐང་བཞི་པོ་དག་ལ་ལྕགས་ཀྱི་ཡང་མིག་དག་གདགས་སོ། །ཁྲིའི་སྟེང་གི་གཞིར་ཐགས་མ་བསྒྱུར་བ་ནི་ཐག་གུ་དག་གིས་ཐགས་མ་མིག་མང་རིས་སུ་བཏག་གོ། །དེར་སྟན་ནང་ཚངས་ཅན་བཞག་གོ། །ཁྲི་དེའི་སྟེང་དུ་བླ་རེའོ། །དཔྱོད་པ་དག་གོ་སྟེ་དར་གྱི་ལྡ་ལྡི་དང་མེ་ཏོག་དང་མུ་ཏིག་སྤྲས་པ་ཕྱང་ཕྲུལ་དུ་བྱས་པའོ། །ཁྲི་མི་སྤོ་བ་བརྟན་པ་ལ་ནི་སོ་ཕག་ལས་བྱས་པའི་ཐེམ་སྐས་སོ། །སྤོ་བ་ལ་ནི་ཤིང་ལས་བྱས་པའོ། །མ་འབྱོར་ན་ཡ་གད་རྐང་རྟེན་ཡང་སྟེ། རྐང་རྟེན་གྱི་ཁྲིའུའོ། །མཆོད་པའོ་ཞེས་པ་ནི་ཆོས་སྨྲ་བའི་རྐང་རྟེན་ལ་མཆོད་པ་བྱེད་ན་དང་དུ་བླང་བར་བྱ་བ་སྟེ། ཁྱིམ་བདག་དད་པ་ཅན་གྱིས་དགེ་སློང་ཆོས་སྨ་བའི་རྐང་རྟེན་ལ་དྲི་བཟང་པོ་བྱུག་པ་དང་། མེ་ཏོག་གིས་གཡོགས་པ་ལ་སོགས་པའི་མཆོད་པ་བྱེད་ན་དང་དུ་བླང་བར་བྱའོ། །ཞེས་དོན་དེ་ལྟར་ཊཱི་ཀ་དང་ལུང་ལས།


K8Z004_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །འགྲེལ་ཆུང་ལས། སེང་གེའི་ཁྲི་ལ་འདུག་པའི་མདུན་དུ་མེ་ཏོག་དང་བདུག་སྤོས་དགྲམ། ཞེས་བཤད་དོ། །རྐང་རྟེན་ལ་དྲི་བཟང་བྱུགས་པའི་སྟེང་དུ་ལོ་མའི་ཆུན་པོའི་རྩྭའི་ཆུན་པོ་བཞག་གོ། །རྐང་རྟེན་བྱ་བ་འདི་ནི་རྐང་པ་གཉིས་མི་འཕྱང་བར་བྱ་བའི་ཕྱིར་རོ། །མི་འཕྱང་བ་འདི་ནི་རྡོས་འགྲུབ་བོ། །དགེ་སློང་རྣམས་ཁྱམས་སུ་ཟན་ཟ་བ་རྣམས་ལ་ཁྭ་དང་བྱིའུ་དང་ཕུག་རོན་དག་གིས་མི་འཚེ་བར་བྱ་བའི་ཕྱིར་བྱ་རྒྱ་བྱའོ། །བྱ་རྒྱ་དེ་ནི་རྣམ་པ་བཞིའོ། །མུན་ཛཱ་ལས་བྱས་པ་དང་། བལ་ལས་བྱས་པ་དང་། ཤ་ན་ལས་བྱས་པ་དང་། རས་བལ་ལས་བྱས་པའོ། །བྱ་རྒྱའི་གྲྭ་བཞི་དག་ཏུ་ཟུང་གདབ་བོ། །ཟུང་དེ་དག་ལ་བྱ་རྒྱ་གདགས་སོ། །ཤིང་གི་ཟུང་གཟེར་ནི་འཆག་པ་དང་འདྲུལ་བས་དེའི་ཕྱིར་ལྕགས་ལས་བྱས་པ་དག་གོ། །བྱ་རྒྱ་དེའི་ཕྱོགས་གཅིག་ཏུ་མཐོངས་འདོད་དོ། །མཐོངས་ནི་དགེ་སློང་རྣམས་ཟན་ཟོས་ནས་ཁྲ་དང་ཕུག་རོན་ནང་དུ་འཇུག་པར་བྱ་བའི་ཕྱིར་རོ། །མཐོངས་དེར་གྲོ་གར་དགབ་བོ། །དབྱར་དག་ཁྱམས་སུ་ཆུ་མི་འབྱུང་བར་བྱ་བའི་ཕྱིར་པང་ལེབ་དག་གོ། །གང་དུ་གཡོགས་ན་ཁྱམས་ཀྱི་ཀ་བའི་བར་དག་ཏུའོ། །ཇི་ཙམ་གཡོགས་ན་སྣང་བར་བྱ་བའི་ཕྱོགས་མ་གཏོགས་པར་རོ། །སྤང་ལེབ་མེད་ན་སེག་དག་གམ་རེ་ལྡེ་དག་གོ། །དབྱར་གྱི་ཟླ་བ་བཞི་པོ་དག་གི་མཐར་སྦང་ལེབ་དང་རེ་ལྡེ་དབྱུང་ངོ་། །སོས་ཀའི་དུས་དགེ་སློང་རྣམས་ཚ་བས་གདུངས་ཏེ་ཤ་དྲི་ངན་པ་དང་། མདོག་ངན་པ་དང་སྐྱ་བོ་སང་སང་པོར་གྱུར་ནས་བཀའ་སྩལ་པ། འཁོར་གྱི་ཁྱམས་བྱའོ་ཞེས་སོ། །འཁོར་གྱི་ཁྱམས་དེ་གནས་བསིལ་བར་བྱ་བའི་ཕྱིར་ཕྱི་རོལ་རྩིག་པས་བསྐོར་རོ། །ཁྱམས་ནང་དེར་ཀ་བའི་ཚར་དག་གཟུག་གོ། །ཁྱམས་ཀྱི་ལོགས་ལ་སྐར་ཁུང་གདོད་དོ། །སྐར་ཁུང་དེ་


K8Z004_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་མ་མཐའ་དག་དགེ་སློང་ཁྲི་ལ་སོགས་པ་ལ་འདུག་པའི་སྟན་གྱི་ཡ་མཐའ་དང་ཐད་ཀར་འབབ་པར་བྱའོ། །སྐར་ཁུང་དེར་དྲ་བ་དང་སྒོ་གླེགས་དག་གཞུག་གོ། །དེས་ན་འཁོར་གྱི་ཁྱམས་དེ་ནི་བསིལ་གྲིབ་དང་རླུང་སིལ་བུའི་རྫི་ངད་དང་ཆུའི་རྫིང་བུའི་ཆུ་ངད་དང་གསུམ་ཡོད་པ་ནི་བསིལ་བའི་རྐྱེན་གསུམ་ལྡན་ནོ། །ཟས་དང་མེ་དང་དཔོངས་ས་སྟེ་ལས་རྒྱ་བརྒྱ་རྩ་གཅིག་གི་གནས་དང་འཆགས་སའི་ཁང་པ་དག་བྱའོ། །གཙུག་ལག་ཁང་གི་རྩིག་ངོས་ཀྱི་ཕྱོགས་འཁོར་བར་གློ་བུར་དག་བྱའོ། །དགེ་སློང་དག་གི་གནས་སུ་ས་ཁྱིམ་རུང་ངོ་། །དགེ་སློང་གི་ཡང་ཐོག་གི་གྲ་ཁང་ཡང་ངོ་། །གྲ་ཁང་འདི་ལ་མི་ལྟུང་བའི་ཕྱིར་ལན་ཀན་གྱི་སྐབས་ནི་ཁྱམས་དང་འདྲའོ། །ལུང་ལས། གཙུག་ལག་ཁང་དུ་འཇིག་རྟེན་པ་དག་དགའ་མགུར་འགྲོ་ཞིང་འོང་བས་གཙུག་ལག་ཁང་ལམ་པོ་ཆེ་བཞིན་དུ་གྱུར་ནས་བཀའ་སྩལ་པ། རབ་ཏུ་བྱུང་བའི་ཀུན་དགའ་ར་བ་གཙུག་ལག་ཁང་གི་ཁོ་ར་ཁོར་ཡུག་ཏུ་རྩིག་པས་བསྐོར་བ་ཉིད་ཀྱང་རུང་པོ་སྟེ། ལྕགས་རིས་བསྐོར་བའོ། །བསྐོར་བའི་རྩིག་པ་ལ་ཆུ་ཁུང་གདོད་པ་ཉིད་ཀྱང་ངོ་། །ལྕགས་རིའི་ཕྱི་རོལ་དུ་རྩངས་དང་འོབས་དག་ཀྱང་ངོ་། །གང་ཟག་གི་གཙུག་ལག་ཁང་ལན་ཀན་དང་དྲ་བ་དང་ཟས་ཁང་གི་ཡོ་བྱད་དང་བཅས་པར་ཡང་ངོ་། །གཉིས་པ་ནི། ཟད་པར་སྔོན་པོ་ལ་སོགས་པ་ཟད་པར་གྱི་མཚན་མ་མངོན་དུ་བྱ་བའི་ཕྱིར། གང་ཟག་གི་གནས་ཁང་གི་རྩིག་པ་དག་ཕྱོགས་བཞི་སྔོན་པོ་ལ་སོགས་རྣམ་པ་བཞིར་བྱའོ། །རབ་ཏུ་བྱུང་བའི་ཀུན་དགའ་ར་བ་ལ་རི་མོ་བྲི་བ་ཉིད་རུང་ངོ་། །ཅི་འབྲི་ན་སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་འཛིན་པ་ལ་སོགས་པ་འབྲིའོ། །ཕྲན་ཚེགས་ལས། དབྱུག་པ་འཛིན་པ་དང་། འགྲེལ་ཆུང་ལས། མཚོན་ཆ་འཛིན་པའོ། །ཞེས་སོ། །ཕྱི་སྒོའི་སྒོ་ཁང་དུ་


K8Z004_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་འཁོར་ལོའོ། །འཁོར་ལོ་ནི་ཆ་ལྔ་པར་རོ། །ཆ་ལྔ་ལས་སྟེང་དུ་ལྷ་དང་མི་རྣམས་སོ། །མིའི་གནས་སུ་གླིང་བཞི་པ་དག་གོ། །ཆ་གསུམ་དུ་ནི་ངན་སོང་གསུམ་འབྲིའོ། །ཆ་ལྔ་པའི་ནང་གི་ཁོར་ཡུག་ཏུ་བརྫུས་ཏེ་སྐྱེ་བའི་སེམས་ཅན་བར་སྲིད་ཟོ་ཆུན་རྒྱུན་མོ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་ངོ་། །དབུས་སུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཕུག་རོན་དང་། སྦྲུལ་དང་ཕག་གི་རྣམ་པར་རོ། །འདིའི་དབྱིབས་ནི་བྱེ་བྲག་བཤད་མཚོ་ལས་གསུངས་སོ། །སྔ་མ་དེ་གཉིས་གཏི་མུག་གི་ཟ་བར་རོ་སྟེ་ཆགས་སྡང་གཏི་མུག་གིས་བསྐྱེས་པ་ལ་དགོངས་སོ། །འཁོར་ལོ་མུ་ཁྱུད་ཕྱི་མར་ཁོ་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། དེ་ཐམས་ཅད་མི་རྟག་པ་ཉིད་ཀྱིས་ཏེ་སྲིན་པོའི་པང་པར་བཟུང་བར་རོ། །ལུང་རྣམ་འབྱེད་ཀྱི་འགྲེལ་པར་བྱེ་བྲག་བཤད་མཚོ་དྲངས་པ་ལས། མ་རིག་པ་ནི་བུད་མེད་བྲི་བར་བྱའོ། །འདུ་བྱེད་ནི་རྫ་མཁན་སྣོད་དག་བྱེད་པའོ། །རྣམ་པར་ཤེས་པ་ནི་སྤྲེའུའི་གཟུགས་སོ། །མིང་དང་གཟུགས་ནི་བུད་མེད་དང་སྐྱེས་པའོ། །སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་པོ་དེ་དག་ཡུལ་ཐ་དད་པ་ལ་ཆགས་པ་དག་གོ། རེག་པ་ནི་བུད་མེད་དང་བྱིས་པའི་ལུས་ཀྱི་རེག་པ་ཀུན་ཏུ་སྤྱོད་པའོ། །ཚོར་བ་ནི་སྐྱེས་པ་སྡུག་བསྔལ་གྱི་ཚོར་བར་མྱོང་བར་བྱེད་པའོ། །སྲེད་པ་ནི་བུད་མེད་བུ་འཚོལ་བའོ། །ལེན་པ་ནི་བུད་མེད་ལ་མངལ་ན་གནས་པ་འཇུག་པའོ། །སྲིད་པ་ནི་མངལ་ན་གནས་པ་དེ་ཉིད་འབྲང་བའོ། །སྐྱེ་བ་ནི་འབྲངས་པ་དེ་ཉིད་སྐྱེ་བའོ། །རྒ་བ་ནི་སྐྱེས་པ་རྒས་ཤིང་འཁོགས་པའོ། །ཤི་བ་ནི་མི་ཤི་བའི་གཟུགས་སུ་བྲི་བའོ། །ཞེས་བཤད་དོ། །འཁོར་ལོ་དེའི་སྟེང་དུ་སངས་རྒྱས་ཀྱི་སྐུ་གཟུགས་དང་། དེའི་གཡས་ཕྱོགས་སུ་མྱ་


K8Z004_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་བྲི་ཞིང་སངས་རྒྱས་དེའི་ཕྱག་གི་བརྡས་གཞན་ལ་ཉེ་བར་སྟོན་པ་ཅན་དུ་བྱའོ། །ཉེ་བར་སྟོན་བྱའོ། །འཁོར་ལོའི་འོག་ཏུ་བརྩམ་པར་བྱ་ཞིང་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་སོ། །སྐྱེ་བོ་འོངས་པ་རྣམས་ལ་དེ་སྟོན་པར་བྱེད་པའི་དགེ་སློང་བཞག་པར་བྱའོ། །སྒོ་ཁང་དེའི་ཁོ་ར་ཁོར་ཡུག་ཏུ་ཆོ་འཕྲུལ་ཆེན་པོ་དང་བདུད་བཅོམ་པ་དག་ཀྱང་ངོ་། །ཁྱམས་སུ་སྐྱེས་པའི་རབས་དག་གོ། །དྲི་གཙང་ཁང་གི་སྒོར་གནོད་སྦྱིན་ཕྲེང་ཐོགས་སོ། །དཔོང་སའི་ཁང་པར་དགྲ་བཅོམ་པའི་གནས་བརྟན་གྱི་གྲལ་དག་གོ། །མཛོད་ཀྱི་སྒོར་གནོད་སྦྱིན་ལག་ན་རིན་པོ་ཆེའི་མྱུ་གུ་དང་སྙེ་མ་དང་འབྲས་བུ་ཐོགས་པ་དག་གོ། །ཟས་ཀྱི་ཁང་པར་ལག་ན་བཅའ་བ་ཐོགས་པ་དག་གོ། །བསྲོ་ཁང་གི་ཁང་པར་ལག་ན་མྱུ་གུ་དང་བུམ་པ་ཐོགས་པ་དག་གོ། །མྱུ་གུ་ནི་གདིང་བའོ། །མེ་ཁང་དུ་གྲུལ་བུམ་མེ་སྦར་བ་བྱེད་པ་དག་དང་། གྲུལ་བུམ་གྱི་བུ་བྱི་དོར་ལ་སོགས་པ་བྱེད་པ་དང་། མེ་སྦར་བར་བྱེད་པ་དག་དང་། སྦྱིན་བདག་མར་མེ་ཐོགས་པ་དང་། ལྷའི་ཕོ་ཉ་དག་ཅེས་བྱ་བ་ནི། ལུང་ཕྲན་ཚེགས་ལས་དམྱལ་བའི་རབས་བྲི་ཞེས་དང་། རྒྱ་ཆེའི་འགྲེལ་ལས། ལྷའི་ཕོ་ཉ། ཞེས་བྱ་བ་ནི་སེམས་ཅན་སྐྱེ་བ་དང་། རྒ་བ་དང་། ན་བ་དང་འཆི་བ་ལ་སོགས་ཏེ་དེ་དག་ནི་སྐྱོ་བ་བསྐྱེད་དེ་དགེ་བ་ལ་བརྩོན་པར་བྱ་བའི་ཕྱིར་རོ། །ཞེས་སོ། །འགྲེལ་ཆུང་ལས། ལྷའི་ཕོ་ཉ་ཞེས་བྱ་བ་ནི་མི་གཅིག་བཙོན་དུ་བཟུང་ལ། གཤིན་རྗེའི་མདུན་དུ་ཞལ་ལྕེའི་སྦྱོང་བ་འདྲ་བ་བྲི། ཞེས་བཤད་དོ། །ཆུའི་ཁང་པར་ཀླུ་ལག་ན་བུམ་པ་ཐོགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དག་དང་། ཀླུའི་བུ་མོ་ཆུ་འབྲིམ་པར་བྱེད་པ་དག་གོ། །ནད་པའི་སྨན་རུང་བའི་ཁང་པར་དེ་བཞིན་གཤེགས་པ་ནད་པའི་


K8Z004_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་མཛད་པའོ། །བཤང་བ་དང་གཅི་བའི་སྐབས་སུ་དུར་ཁྲོད་དག་གམ། མགོའི་ཐོད་པ་དག་དགོད། གསུམ་པ་ནི། གཙུག་ལག་ཁང་བླ་གབ་མེད་པ་མ་ཡིན་པར་མེ་དུ་བ་དང་བཅས་པ་བུད་པར་ཡང་མི་བྱ། བཅང་བར་ཡང་མི་བྱའོ། །གཙུག་ཁང་གི་གཞི་ཞལ་ཞལ་བསྟར་བ་སྟེ་སྤྱིལ་བར་ནི་ཐམས་ཅད་དུ་མི་བྱའོ། །མེ་འབུད་པ་དང་བཅང་བ་དེའི་དོན་དུ་གྱོ་མོ་སོགས་ཀྱི་ཞུགས་ལིང་བཅང་བར་བྱའོ། །མེ་མཉམ་པར་བཅེར་བའི་ཕྱིར་ལྕགས་ཀྱི་ཕྲ་སྐམ་མོ་སྟེ་ལྕགས་ཀྱི་ཐལ་ཕྱག་གོ། །ཤིང་གི་ཡོག་པས་ཀྱང་ལས་དེ་འགྲུབ་བོ། །ཁང་སྐྱོང་གིས་གཙུག་ལག་ཁང་ཉི་མ་རེ་རེ་ཞིང་ཕྱགས་དར་བྱའོ། །མི་ནུས་ན་ཆོས་འཆད་པ་དང་འདུ་བ་ལྟ་བུ་མཁོ་བའི་ཕྱོགས་སུའོ། །མཁོ་བའི་ཕྱོགས་ཀྱི་ལྷག་མ་ནི་ཚེས་བརྒྱད་དམ། བཅུ་བཞི་ལ་གཎྜི་བརྡུངས་ཏེ། དགེ་འདུན་ཐམས་ཅད་ཀྱིས་ཆོས་དང་ལྡན་པའི་གཏམ་གྱིས་སམ། འཕགས་པའི་མི་སྨྲ་བ་ཉིད་ཀྱིས་ཕྱགས་བདར་བྱའོ། །གསོ་དགག་གི་གནས་ལྟ་བུ་ཆོས་ཀྱི་འདུན་སར་ཆག་ཆག་དང་གཅི་བ་འཇམ་པོའི་བྱུག་པས་བྱུག་གོ། །ཕྱགས་བདར་ཟིན་པའི་མཇུག་ཏུ་ཁྲུས་བྱའོ། །ཡང་ན་རྐང་ལག་བཀྲུའོ། །རྡུལ་ཕྱི་བའི་ཕྱིར་ཆུས་བརླན་པས་ལུས་ཀྱང་བྱུག་གོ། །དུས་བཟང་ཐམས་ཅད་ལ་སྣུམ་བག་གི་རྙེད་པ་བྱའོ། །དཀོན་མཆོག་གི་དོན་དུ་ཕྱགས་དར་བྱས་པ་དང་། ཞལ་ཞལ་བྱས་པ་དང་། དྲི་གཙང་ཁང་དང་། སྐུ་གཟུགས་དང་། མཆོད་རྟེན་དང་། སྲོག་ཤིང་གི་གྲིབ་མ་ལ་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་མ་ནོད་ཅིང་འགོམ་མོ། །བཞི་པ་ནི། ཚེས་བརྒྱད་དམ་བཅུ་བཞིའི་ཉི་མ་དེ་ཉིད་ལ་གནས་མལ་སོ་སོར་བརྟག་པ་དང་བཅོས་པར་བྱའོ། །སུས་བརྟགས་ན་མལ་དེ་རྡོལ་བ་ལ་སོགས་པ་དང་ལྡན་པའི་


K8Z004_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་དག་གིས་སོ། །གནས་པ་སློབ་མ་དག་གིས་སོ། །གནས་མལ་གྱི་གཞིར་ཆག་ཆག་དང་། ཕྱགས་བདར་དང་། གཅི་བ་འཇམ་པོའི་བྱུག་པས་བསྐུ་བར་བྱའོ། །མལ་ཆ་དྲི་མས་གོས་པ་སྤྲུག་པར་བྱའོ། །གལ་ཏེ་དྲི་མ་ཧ་ཅང་ན་བཀྲུའོ། །ཆག་ཆག་བཏབ་པའི་འོག་ཏུ་འཕྱག་གོ། །ཕྱག་བྱའོ། །དེའི་འོག་ཏུ་མལ་སྟན་བཤམ་མོ། །མལ་སྟན་གྱི་འོག་གཞི་རྡུལ་དང་བཅས་པ་མ་སྤྲུགས་པ་ལ་མལ་སྟན་བཤམ་པར་མི་བྱའོ། །མལ་སྟན་བཤམ་པར་བྱ་བ་དག་ལ་དེའི་ནང་ནས་གོས་གཅིག་ཁྲི་ལ་སོགས་པའི་རྡུལ་སྤྲུགས་པར་སྤྱད་དོ། །དེ་ཡང་ངན་པའོ། །ངན་པ་དེ་བཅོས་སོ། །བཅོས་མི་ནུས་པ་ཉིད་ན་སྤྲུག་སྤྱད་དེ་རས་མར་བྱས་ཏེ་ཤིང་བུའི་རྩེ་མོ་ལ་བཏགས་ནས་ཁྲི་སོགས་ཀྱི་རྡུལ་སྤྲུག་གོ། །རྡུལ་སྤྲུག་པ་དེ་ལྟར་ན་ཡང་མི་རུང་བ་ཉིད་ཡིན་ན་སྦྱིན་པ་པོའི་བསོད་ནམས་མངོན་པར་འཕེལ་བ་དང་དངོས་པོ་དེ་སྤྱད་པ་ཡུན་རིང་བ་ཉིད་དུ་བྱ་བའི་ཕྱིར་གཅི་བ་དང་ས་བསྲེས་ཏེ་ཀ་བ་དང་རྩིག་པའི་སེར་ཀ་ལ་གླན་པར་བྱའོ། །སྒོ་ཁང་དང་ཁྱམས་སུ་རང་གི་མལ་བཅའ་བ་དང་། གཞན་གྱིས་བཅས་ན་ཡང་པ་ཡང་རང་གིས་བཟུང་བར་མི་བྱའོ། །སྦྱིན་པ་པོས་མྱ་ངན་བསང་བའི་ཕྱིར་འབུལ་བའི་རྫས་དེ་ནི་སྦྱིན་བདག་དེས་མཐོང་སར་བཞག་པར་མི་བྱའོ། །མྱ་ངན་སང་ཕྱིར་ཕུལ་བའི་རྫས་དེ་བརྐུས་སོ་ཞེས་སྒྲ་མི་སྙན་པའི་གཉེན་པོའི་ཕྱིར་ཚེས་བརྒྱད་དང་བཅུ་བཞི་དག་ལ་སྦྱིན་བདག་མེད་པའི་སྐབས་སུ་ཁྱམས་སུ་བཤམ་པར་བྱའོ། །དགེ་འདུན་དང་གང་ཟག་གིས་ཀྱང་ཁྲི་དང་ཁྲིའུ་བཅང་བར་བྱའོ། །ས་གཞི་སྤྱིལ་བ་མི་ཉམས་པར་བྱ་བའི་ཕྱིར་ཁྲི་རྐང་གི་མཐིལ་མཉམ་པར་བཅད་པར་བྱའོ། །སྤྱིལ་བ་མི་ཉམས་པའི་ཕྱིར་ཡང་ན་དེའི་འོག་ཏུ་ཕུབ་མའི་ཕུང་པོ་བཞག་པའམ། ཁྲི་རྐང་དེ་རས་མས་དཀྲི་བར་


K8Z004_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དགེ་འདུན་མ་ཡིན་པས་ཁྲིའུའི་རྐང་པ་རི་མོ་ཁྲ་བོས་བྲིས་པའི་ཁྲིའུ་བདག་གིར་བྱ་བ་བསྟེན་པར་མི་བྱའོ། །སྟན་བཟང་པོ་དང་རྒྱབ་རྟེན་དང་བཅས་པའི་སྟན་ཡང་གང་ཟག་ལ་མ་ཡིན་ནོོ། །མར་མེའི་སྡོང་པོ་ཡལ་ག་ཅན་རྩ་བ་གཅིག་པ་དང་ལྔ་པ་སོགས་ཡང་དགེ་འདུན་མིན་པས་མི་བྱའོ། །ལུང་ཁ་ཅིག་ལས་ནི་ཡལ་ག་དུ་མ་བ་ཞེས་སོ། །དགེ་འདུན་དང་གང་ཟག་གིས་ཀྱང་སྟན་ནང་ཚངས་ཅན་གྲུ་བཞི་དང་སྔས་ནང་ཚངས་ཅན་བཅང་བར་བྱའོ། །སྔས་དེའི་སྲིད་ནི་ཁྲུ་བཞི་དང་ཞེང་དུ་དོ་པ་ཉིས་བལྟབ་ཏུ་བྱས་ཏེ་གཙེམ་མོ་སྟེ། ལུང་དང་རང་གི་རྣམ་བཤད་དང་ཊཱི་ཀ་གསུམ་ཀར་འདི་བཞིན་གསལ་མོད། འགྲེལ་ཆུང་ལས། སྟན་གྲུ་བཞི་སྲིད་དུ་ཁྲུ་བཞི་དང་ཞེང་དུ་ཁྲུ་དོ་བྱས་ལ་སྲིད་ཉིས་བལྟབ་ཏུ་བྱས་ན་གྲུ་བཞིར་འགྱུར་གྱི་དེ་ལྟར་བྱའོ་ཞེས་པ་ནི་ནོར་བའོ། །སྔས་སྟན་དེ་དག་ཤིང་བལ་གྱིས་བརྫང་ངོ་། །ནུབ་ཉལ་ཀར་མལ་འོག་ཏུ་སེམས་ཅན་ཡོད་མེད་སོ་སོར་བརྟག་པར་མ་བྱས་པར་ཉལ་བར་མི་བྱའོ། །དྲན་པ་བཞི་པོ་འདི་རྣམས་ཉེ་བར་མ་བཞག་པར་མི་བྱའོ། །དྲན་པ་བཞི་པོ་ནི་རང་འགྲེལ་དང་ཊཱི་ཀ་ལས་དོན་འདི་ལྟར་གསུངས་ཏེ་ཉལ་བ་ན། །ལུས་དང་གོས་མི་འཕྱར་བར་བྱ་བའི་དྲན་པ་དང་། ནངས་པར་སྔར་ལྡང་བར་བྱའོ་སྙམ་པའི་དྲན་པ་དང་། ནངས་པར་སྔར་ལངས་ནས་དགེ་བ་གཞན་བརྩམ་པར་བྱའོ་སྙམ་པའི་དྲན་པ་དང་། དགེ་བའི་ཆོས་ཡིད་ལ་བྱེད་པའི་འཕྲོ་ལ་གཉིད་ལོག་པར་བྱ་བའི་ཕྱིར་དགེ་བའི་ཆོས་ཀྱི་སྣང་བ་ཡིད་ལ་བྱེད་པའི་དྲན་པ་དང་བཞིའོ། །དགེ་སློང་གིས་གཞན་དང་ལྷན་ཅིག་ཁྲིའམ་སྟན་ནམ། གཞན་སྟེགས་བུ་དག་ལ་གཅིག་ཅར་མི་བྱའོ། །དགེ་སློང་ངོ་ཚ་ཤེས་པས་ནི་མལ་ཁྲི་སོགས་མི་རེ་རེ་ལ་རེ་རེ་མེད་ན་སྟན་སོ་སོར་བཏིང་སྟེ་གཏོར་བུའམ། ལྷུང་བཟེད་


K8Z004_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྣོད་ལ་སོགས་པས་བར་དུ་བཅད་ནས་དྲན་པ་ཉེ་བར་བཞག་སྟེ་ཉལ་བར་བྱའོ། །ཁྲི་གཅིག་གི་སྟེང་དུ་གང་ཟག་གསུམ་ལས་ལྷག་པ་མང་པོ་དང་། ལྷན་ཅིག་ཁྲི་ལ་འཛེགས་པ་ཉིད་བསྟེན་པར་མི་བྱའོ། །ཁྲི་ཕྲ་མོ་རིང་པོ་ལ་ནི་གཉིས་ལས་མི་བྱའོ། །ཁྲིའུ་ཆུང་ངུ་གྲུ་བཞི་ལ་གཅིག་མ་ཡིན་པས་མི་བྱའོ། །བསྙེན་པར་རྫོགས་པའི་དུས་ལོ་གསུམ་ལས་ལྷག་པ་བར་དུ་ཆོད་པ་ཁྱད་ཞུགས་པའི་བསླབ་པ་རྒན་གཞོན་དང་ལྷན་ཅིག་སྟན་ལ་འདུག་པར་མི་བྱའོ། །ཁྱིམ་པའི་ཁྱིམ་གཞན་དུ་སྟན་མེད་ན་མཁན་པོ་དང་ཡང་དྲན་པ་ཉེ་བར་བཞག་སྟེ་སྟན་གཅིག་ལ་འདུག་པར་བྱའོ། །དགེ་སློང་གིས་ཁྱིམ་པ་དང་གང་དུ་ཡང་སྟན་གཅིག་ལ་འདུག་པར་མི་བྱའོ། །བསྙེན་པར་མ་རྫོགས་པ་དང་ཡང་དགེ་སློང་སྟན་གཅིག་ལ་འདུག་པར་མི་བྱའོ། །དགེ་སློང་གིས་ཟ་མ་དང་མ་ནིང་དང་མ་གསོད་པ་ལ་སོགས་པ་དང་མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་པར་གནས་པ་གཉིས་ཏེ། ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་དང་། གནས་ནས་ཕྱུང་བ་དག་དང་། ཆོས་དང་ཟང་ཟིང་ལྷན་ཅིག་ཏུ་ལོངས་སྤྱོད་ཅིང་གནས་པར་མི་བྱ་བ་དང་། །ཕམ་པ་འཆབ་བཅས་བྱུང་བ་དག་དང་སྟན་གཅིག་ཏུ་འདུག་པར་མི་བྱའོ། །བསླབ་པ་བྱིན་པ་དང་སྟན་གཅིག་ཏུ་འདུག་པར་མི་བྱའོ། །འགྲེལ་ཆུང་ལས་འདི་ལྟར་གསུངས་ཏེ། བསྙེན་པར་རྫོགས་པའི་དགེ་འདུན་འདུས་པར་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་དང་། །དེ་རིང་བསྙེན་པར་རྫོགས་པ་ཡན་ཆད་རྣམས་ཨར་མོ་ནིག་ཅེས་བྱ་བ་དྲེའུ་རྔོག་གི་སྟན་རིང་པོ་གཅིག་གི་སྟེང་དུ་འདུག་ཀྱང་ལོ་གསུམ་ལས་ལྷག་པས་བར་དུ་ཆོད་པ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པའི་ཉེས་པ་མེད་དེ། ཨར་མོ་ནིག་ནི་ཐགས་མ་ཁྲ་བོ་སྟེ།


K8Z004_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་པ་དང་བཅས་པའི་དགེ་འདུན་འདུས་པ་ལ་ནི་སྟན་གཅིག་མི་འདུག་པའི་ཉེས་པ་བསྐྱེད་པའི་སྟན་ཉིད་མ་ཡིན་ནོ། །བསྙེན་རྫོགས་དང་བཅས་པའི་དགེ་འདུན་འདུས་པ་དེ་ལས་གཞན་པར་ནི་ཨར་མོ་ནིག་དེ་ཡང་ཉེས་པ་བསྐྱེད་པའི་སྟན་ཉིད་ཡིན་ནོ་སྟེ། བསྙེན་རྫོགས་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་པར་ནི་དགེ་སློང་གིས་དགེ་སློང་གཞན་ལོ་གསུམ་ལས་ལྷག་པས་བར་དུ་ཆོད་པ་དང་། ཨར་མོ་ནིག་ནི་སྟན་གཅིག་ཏུ་འདུག་པར་མི་བྱའོ། །བསྙེན་པར་མ་རྫོགས་པ་དང་ཡང་ལྷན་ཅིག་དགེ་འདུན་འདུས་ན་ཡང་དགེ་སློང་གིས་མ་རྫོགས་པ་དང་། ཨར་མོ་ནིག་གི་སྟན་གཅིག་ཏུ་འདུག་པར་བྱའོ། །དེའི་ཕྱིར་གྲུམ་ཡུག་ནི་དགེ་འདུན་གྱི་ཚོགས་སྟན་ལ་བསོད་ནམས་ཆེས་འཕེལ་བའི་རྒྱུ་ཡིན་པས་དད་པ་ཅན་དག་ཤེས་པར་གྱིས་ཤིག ། ཨར་མོ་ནིག་ནི་མཚོན་པ་སྟེ་འབོལ་ཡུག་སོགས་སྟན་རིང་ལ་ཡང་དེ་བཞིན་ནོ། །སྟེགས་བུ་ནི་སྟན་ཉིད་མ་ཡིན་པས་གོང་གིས་བཀག་པ་དེ་དག་མི་འཇུག་པས་ཁྱིམ་པ་དང་ལྷན་དུ་ཡང་འདུག་རུང་ངོ་། །སྟན་གཅིག་ལ་འདུག་པ་སྔར་བཀག་པ་དེ་རྣམས་ཐམས་ཅད་ལ་ཡང་དོགས་པའི་གནོད་པར་གྱུར་ན་ལྟུང་བ་མེད་དོ། །གནས་མལ་སྦེད་པ་ན་གལ་ཏེ་གང་ཟག་གཉིས་ཡོད་ན་གཅིག་གིས་ཁྲིའམ་ཁྲིའུ་བསྐུར་ཞིང་། གཅིག་ཤོས་ཀྱིས་སྟན་ནང་ཚངས་ཅན་ལ་སོགས་པའོ། །ལྔ་པ་ནི། དགེ་འདུན་གྱི་སྟན་དང་གནས་མལ་ལ་སོགས་པ་དེ་སྙིང་མི་བརྩེ་བར་མདུན་ནས་དྲང་བ་དང་། གཡས་གཡོན་ནས་དྲང་བར་མི་བྱའོ། །ཅི་ནས་ཀྱང་མལ་དེ་དུ་བ་དང་དྲི་མ་དང་རྡུལ་དག་གིས་གོས་པར་འགྱུར་བ་དེ་ལྟར་མི་བྱའོ། །མལ་དེ་མི་གཙང་བའི་སྐྱབས་དང་ཉེ་བར་བསྟེན་པར་མི་བྱའོ། །གནས་མལ་དང་སྟན་སོགས་དེ་དག་ཉམས་པ་དོར་


K8Z004_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་བྱའོ། །གནས་མལ་བརླན་པ་ན་ཉི་མ་ལ་བསྲང་བ་དང་སྐམས་པ་དང་སྤྲུགས་པ་དང་བུ་གུ་གླན་པར་བྱའོ། །རལ་བ་ལ་ལྷན་རིངས་སོ། །དབུས་ཟེགས་ན་མཐའ་གཉིས་དབུས་ཉིད་དུ་བྱའོ། །ཁ་བསྒྱུར་བ་དེར་འོས་པས་ཁ་བསྒྱུར་རོ། །ཕྱིར་བཅོས་པར་མི་ནུས་པ་ཉིད་ཡིན་ན་དཀོན་མཆོག་ལ་ཕུལ་བའི་མར་མེའི་སྡོང་རས་དང་། གང་ཟག་སྦྱིན་བདག་ཡིན་པ་ཡང་རུང་བས་ཆོས་ཀློག་པའི་མར་མེ་དག་གི་སྙིང་པོ་ཉིད་དུ་སྤྱད་དོ། །སྙིང་པོ་དེར་མི་མཁོ་བ་ཉིད་ཡིན་ན་འཇིམ་པ་དང་བསྲེས་ཏེ་དཀོན་མཆོག་དག་གི་རྩིག་པ་དང་ཀ་བ་དང་སྒོ་གླེགས་ཀྱི་སེར་ཀ་དག་བྱུག་པའི་ཕྱིར་དེ་ལ་ནན་ཏན་བྱའོ། །ནན་ཏན་སུས་བྱ་ན་དགེ་འདུན་གྱིས་བསྐོས་པ་ནི་སུས་ནོད་པ་དེས་སོ། །བསྐོས་པའི་ལྷག་མ་མ་བསྐོས་པར་བཞག་པའི་གནས་མལ་རྣམས་ནི་དགེ་འདུན་གཎྜི་བརྡུངས་པས་བསྡུས་ཏེའོ། །དགེ་འདུན་གྱི་རྐུ་འཕྲོག་བྱེད་པ་མཐོང་ལ་ནུས་ནམི་བཟློག་པར་བྱའོ། །དམག་དང་ཆོམ་རྐུན་ལ་སོགས་པས་སྐྲག་པ་ན་དགེ་འདུན་གྱིས་ནོར་རྫས་ཡལ་བར་མི་འདོར་རོ། །ཡུལ་གཞན་དུ་བྲོས་པ་ན་གནས་སུ་མ་སོང་གི་བར་དུ་གང་གིས་ཁྱེར་བར་བྱེད་པས་ལོངས་སྤྱད་པར་བྱ་བ་ཉིད་ཡིན་ནོ། །དགེ་འདུན་གྱི་རྫས་ཁྱེར་བ་དེ་སྔར་རང་གི་གནས་སུ་བསྐུར་བ་མི་འགྲུབ་ན་རང་གིས་གཙུག་ཁང་དུ་འཇིགས་པ་མ་ཞིའི་བར་དུ་གཞན་དུ་ལོངས་སྤྱོད་པས་ཡོངས་སུ་སྤྱད་པར་བྱའོ། །གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་མར་མེ་དང་། འབྲུ་མར་དང་། རྐང་པ་བསྐུ་བ་དང་། མཆིལ་ལྷྭམ་དང་། གོས་དང་། གདུགས་དང་། ཤིང་དང་། རྩ་བ་ལ་སོགས་པ་ལྔ་དང་། སྨན་ལ་སོགས་པ་དག་ནི་གནས་གཞན་དུ་ལོངས་སུ་སྤྱད་པར་མི་བྱའོ། །གནས་གཞན་གྱི་རྫས་དང་ཡོ་བྱེད་ཀྱི་རྙེད་པ་དེ་གནས་གཞན་དུ་ཟ་བར་བྱེད་པ་དེ་ལ་སྦྱིན་པར་མི་བྱའོ། །


K8Z004_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཞན་གྱི་རྫས་གནས་གཞན་དུ་ཟ་བའི་ཕྱིར་བླང་དུ་མི་རུང་ཡང་བླངས་ཟིན་པར་གྱུར་ན་ཅི་ལྟར་བྱ་ཞེ་ན། རྫས་དེ་གནས་གཞན་དུ་ནོད་པར་བྱེད་པ་པོ་སྟེ་ལེན་པར་བྱེད་པ་པོའི་གང་ཟག་དེ་ཉིད་ལ་རྫས་དེ་ཁུངས་སུ་ཕྱིར་འབུལ་དུ་གཞུག་པར་བྱ་བ་ཉིད་དོ། །གནས་གཞན་གྱི་རྫས་གནས་གཞན་དུ་ལེན་པ་པོ་དེ་མ་རྙེད་དམ། མཐུ་དང་ལྡན་པ་ལ་བརྟེན་པའི་ཕྱིར་དེ་ལས་རྫས་མ་ཁུགས་ན་ཅི་ལྟར་བྱ་ཞེ་ན། གནས་གཞན་དུ་ཁྱེར་བའི་རྫས་དེ་མི་ཁུགས་ན་རྫས་དེ་ལེན་པ་པོ་དེ་ལ་གང་ཟག་གང་གིས་འབོགས་པར་བྱེད་པ་ནི་སྟོབ་པར་བྱེད་པ་སྟེ། རྫས་དེ་སྟོབ་པར་བྱེད་པ་པོ་སུ་ཡིན་པ་དེ་ཉིད་ལ་སྐྱིན་མ་འབུལ་དུ་གཞུག་པར་བྱའོ། །ལུང་སིལ་བུ་ལས། གང་གིས་བྱིན་པ་ལ་རིན་ཐང་དུ་ཕོབ་ཅིག ། ཅེས་གསུངས་སོ། །དགེ་འདུན་གྱི་རྙེད་པའི་ཆ་དབང་བ་ཚུལ་ལྡན་དག་གིས་དགེ་འདུན་གྱི་རྩ་དང་ཤིང་མི་མཁོ་བ་རང་གི་དང་འདྲ་བ་སྤྱད་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དགེ་འདུན་གྱི་ཡོ་བྱད་གང་ཟག་སྒོ་གཅིག་ཏུ་མ་བསྐོས་བར་རེས་ཀྱིས་འཁོར་ཞིང་སྤྱད་པ་ལ་ཇི་ལྟར་སྔར་འོངས་བས་ཡིན་གྱི། རྒན་རིམ་གྱིས་མ་ཡིན་ནོ། །བསླབ་པ་རྒན་གཞོན་གཉིས་ཀས་གཅིག་ཅར་བརྙས་ན་ནི་རྒན་རིམ་གྱིས་སྤྱད་པ་དེའོ། །དགེ་འདུན་གྱི་ཟངས་གཡར་བ་དེ་ཁ་བསྒྱུར་བ་སོགས་ལས་བརྩམས་པ་དེ་མ་ཟིན་ན་དེ་ལས་མཐུས་དབྲལ་བར་མི་བྱའོ། །རྐང་པ་དེ་བཀྲུ་བར་ཆུས་རྐང་པ་འབགས་པ་ཉིད་ན་མ་ཟིན་པ་ཡིན་ནོ། །བཤང་གཅིའི་ཆབ་ཁུང་ས་དེར་ཞུགས་པ་ཉིད་ན་མ་ཟིན་པ་ཡིན་པས་དེས་དབྲལ་བར་མི་བྱའོ། །བསྒོམ་པའི་ཕྱིར་འདུག་པ་བསླང་བར་མི་བྱའོ། །སྒོམ་པ་དེ་ལ་སྤོང་ཁང་དང་སྒོམ་སྟན་སོགས་ལོངས་སྤྱད་བྱ་རྒན་རིམ་དུ་མི་བྱའོ། །དགེ་སློང་བཙོ་བླག་གི་ལས་བྱེད་ཅིང་བྲེལ་བ། ཚོན་ཁུའི་ལས་


K8Z004_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འབགས་པ་བསླང་བར་མི་བྱའོ། །ཟས་ཀྱིས་འབགས་པ་བསླང་བར་མི་བྱའོ། །ལུང་སིལ་བུ་ལས། དགེ་སློང་ཟས་ཟ་ཞིང་བྲེལ་བ་དག་ལས་མ་བསླང་ཞིག ། བཙུན་པ་ཇི་ཙམ་གྱིས་ནི་ཟས་ཟ་ཞིང་བྲེལ་བ་ཞེས་བགྱི། བཀའ་སྩལ་པ། ཆུང་ངུ་ན་ལན་ཚྭའམ་ལ་ཕུག་ཀྱང་རུང་གྲིམ་པར་གྱུར་པའོ། །ཞེས་གསུངས་སོ། །དགེ་སློང་ཟས་ཀྱིས་འབགས་པ་བསླང་ན་ཉེས་བྱས་བསྐྱེད་པར་དངོས་སུ་གསུངས་པ་འདིས་ནི་དགེ་སློང་ཟས་ཀྱིས་འབགས་པ་ལངས་ན་ཡང་ཉེས་བྱས་བསྐྱེད་པར་ཤུགས་ཀྱིས་བསྟན་ཏེ། འབགས་ལངས་བྱར་མི་རུང་བའི་ཁུངས་ནི་གཞུང་འདི་ཉིད་ཡིན་ནོ། །གྲལ་འདུག་པ་ན་རང་གི་བྱུག་རིས་ཏེ་སྡོད་ས་མ་ཡིན་པར་འདུག་པར་མི་བྱའོ། །དགེ་འདུན་སྤྱིའི་ཟངས་ལྟ་བུ་བྱ་བ་བྱས་ནས་མཁོ་ཞིང་སྤྱད་པ་འདོད་པ་ཡོད་ན་བཅང་བར་མི་བྱའོ། །གོས་གདང་མཐོན་པོ་ལ་གཟར་བ་དང་དབོག་པ་མི་སླེབས་པ་བསྙབས་པའི་ཆེད་དུ་རྐང་རྟེན་དགེ་འདུན་གྱི་ཁྲིའུ་བཙུགས་པ་ལས་བར་སྐབས་སུ་དོན་གྱི་ཆེད་ཉིད་དུ་ཁྲིའུ་ལས་ལངས་པ་ནི་ཁྲིའུའི་བྱ་བ་བྱས་ཟིན་པ་ཉིད་མ་ཡིན་ནོ། །བར་དུ་དོན་གྱི་ཆེད་དུ་ལྡང་བ་དེའི་དུས་ན་ཁྲིའུ་དེ་ལ་ཆོས་གོས་སམ་པུས་འཁྱུད་བཞག་པར་བྱའོ། །དགེ་འདུན་གྱི་ཟངས་སྤྱད་ལ་སོགས་པ་དགེ་སློང་གིས་གཡར་ཏེ་ཚོན་གྱི་ཁུ་བ་ལ་སོགས་པ་བླུགས་ནས་རང་གི་བྱ་བ་བྱས་མ་ཟིན་པའི་ཚེ་ན་དགེ་འདུན་གྱི་སྣོད་སྤྱད་དགེ་སློང་གཞན་ལ་གཡར་བར་བྱེད་ན་སྦྱིན་དགོས་སམ་མི་དགོས་ཞེ་ན། དགེ་འདུན་ལ་སྣོད་སྤྱད་གཡར་བར་འདོད་པའི་གང་ཟག་གཞན་ཡོད་ལ། རང་གི་བྱ་བ་འགྲུབ་པའི་གནས་རང་ཉིད་ལ་སྣོད་ལ་སོགས་པ་གཞན་ཡོད་ན་དགེ་འདུན་གྱི་སྣོད་སྤྱད་བླུགས་ཤིང་ཚོན་གྱི་ཁུ་བས་སྦགས་པ་ཉིད་ནི་བསྟེན་པར་མི་བྱའོ། །དགེ་འདུན་གྱི་ཟངས་སྤྱད་ལ་སོགས་པ་གཡར་བར་འདོད་པའི་གང་ཟག་ཕྱི་མ་ཤོས་དེ་ལ་དགོས་པའི་


K8Z004_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་ན་གང་ཟག་སྔ་མ་ཤོས་རང་གི་སྣོད་གཞན་ཡོད་བཞིན་དུ་དགེ་འདུན་གྱི་ཟངས་སྤྱད་ལྟ་བུ། །གང་ཟག་ཕྱི་མ་ལ་མི་སྟེར་བའི་གང་ཟག་གི་རྣམ་པ་དེ་ལྟ་བུ་ལས་དགེ་འདུན་གྱི་སྣོད་སྤྱད་དེ་ནན་གྱིས་བྲལ་བར་བྱས་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དགེ་འདུན་གྱིས་མཆིག་དང་། དེའི་མཆིག་གུ་བཅང་བར་བྱའོ། །དགེ་སློང་གིས་དགེ་འདུན་གྱིས་ཕྱིར་འདྲེག་མཁན་གྱི་ལག་ཆ་ཡང་ངོ་། །ལག་ཆ་དེ་སྣོད་དུ་བཅུག་སྟེ་རྩིག་པ་ལ་བཞག་གོ། །སྟེའུ་དང་སྟྭ་རེ་དང་གཟོང་ལ་སོགས་པ་དང་། དེ་དག་གི་སྣོད་དང་བཅས་པ་ཡང་ངོ་། །དགེ་འདུན་དེས་དགེ་སློང་ལ་གཡར་པོ་ཉིད་དུ་ལག་ཆ་ས་ལས་བྱས་པ་ཡན་ཆད་སྦྱིན་ནོ། །དགེ་སློང་མས་ནོར་བུ་འཆིང་བུའི་སྣོད་བཅང་བར་མི་བྱའོ། །དགེ་སློང་ཕ་མ་ཐམས་ཅད་ཀྱིས་འབྲུ་མར་གྱི་སྣོད་བཅང་བར་བྱའོ། །སྣོད་དེའི་ཚད་ནི་ཕུལ་གང་ཡུལ་དབུས་ཀྱི་ཕུལ་གང་མན་ཆད་ནས་ཕུལ་ཕྱེད་ཡན་ཆད་ཤོང་བའོ། །ཚོད་མ་བཙོ་བའི་སྣོད་ལྕགས་ཀྱི་དོག་ལེ་ཡང་ངོ་། །དོག་ལེ་ནི་སླང་འདྲ་བའོ། །དོག་ལེ་དེའི་ལྕགས་སྒྱེད་ཡང་ངོ་། །རྒྱ་ཐབ་སྟེ་ས་ལས་བྱས་པའི་ཐབ་ཀྱང་ངོ་། །དགེ་སློང་མཚོན་ཆ་སྤང་ཞིང་དབྱུག་པ་ཡང་སྤང་བ་ཡིན་པས། འཁར་བ་འཆང་བ་ནི་ཐམས་ཅད་དུ་མི་རུང་ངོ་སྙམ་ན། འཁར་བ་འཆང་བའི་གནང་བ་ཐོབ་པས་འཁར་བའོ། །ལྷུང་བཟེད་ཀྱི་སྣོད་དྲ་བ་ཁ་དོག་གཅིག་པ་ཡང་ངོ་། །འཁར་བ་དང་དྲ་བའི་གནང་བ་དེ་གསོལ་གཉིས་ཀྱིས་སྦྱིན་པར་བྱའོ། །གང་ཟག་སུ་ལ་སྦྱིན་ན་རྒན་པ་དང་ན་བ་གང་རུང་ངམ་ཚོགས་པ་དག་ལའོ། །འཁར་བ་དང་དྲ་བའི་གནང་བ་དེ་གཉིས་ཚིག་གཅིག་གིས་སྦྱིན་པ་ཡང་སྲིད་དོ། །སྡིག་སྦྲུལ་ལ་སོགས་པའི་གཉེན་པོའི་ཕྱིར་འཁར་བ་སྒྲ་དང་བཅས་པ་ཡང་ངོ་། །ཊཱི་ཀ་


K8Z004_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྔར་རྒན་པོ་དང་ནད་པ་ལ་གནང་པའི་འཁར་བ་ནི་ལུས་བརྟན་པའི་ཕྱིར་གནང་བ་ཡིན་ལ། མཁར་གསིལ་ནི་དགོས་པ་གཞན་གྱི་དབང་གིས། གསུངས་ལ། འདི་ནི་སྡིག་སྦྲུལ་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་གནང་བ་ཡིན་ཏེ་དེ་གསུམ་ཐ་དད་དོ་ཞེས་སོ། །ཕྱི་མ་འདི་དབྱུག་པ་ལ་དྲིལ་ཆུང་བཏགས་པས་ཀྱང་གྲུབ་བོ། །འཁོར་བའི་ཡུ་བའི་རྩ་བ་ནས་གས་ན་སྦུ་གུ་བསྐོན་ནོ། །ཡ་ཏོག་ནི་དཀྲི་བས་སོ། །སྨྱིགས་མ་མཁན་གྱིས་བྱས་པའམ། ལོ་མ་ལས་བྱས་པའི་གདུགས་བཅང་བར་བྱའོ། །ཡུ་བ་ནི་ལུས་ཀྱི་ཚད་དོ། །འགྲེལ་ཆུང་ལས། གདུགས་ཀྱི་ཡུ་བ་ལུས་ཀྱི་ཚད་དུ་བྱས་ཀྱང་རུང་སྟེ། གདུགས་ཉིད་ཀྱིས་ཞེང་ཚད་དུ་བྱའོ། །ཕྲན་ཚེགས་འགྲེལ་པ་ལས་ཀྱང་། རང་གི་ལུས་ཀྱི་ཚད་དུ་གདུགས་ཀྱི་ཡུ་བ་བྱའོ། །ཁ་ཅིག་ཏུ་ནི། གདུགས་ཀྱི་རྩིབས་ཚད་དུའོ་ཞེས་ཟེར་ཅིང་། འོད་ལྡན་ལས་ཀྱང་། གདུགས་ཀྱི་ཡུ་བ་གདུགས་ཀྱི་ཁོག་པའི་ཚད་དུ་ཁྲུ་དོ་པར་གནང་། ཞེས་གསུངས་སོ། །གདུགས་དེས་རང་ལ་ཕུབ་ཅིང་གྲོང་གི་དབུས་སུ་འགྲོ་བར་མི་བྱའོ། །གལ་ཏེ་ལམ་གྱི་དབང་གིས་གདུགས་དང་བཅས་པར་འགྲོ་བ་ན་གདུགས་དེ་གློར་བསྙལ་ཏེའོ། །དམིགས་བསལ་ཆར་བབས་པ་ཉིད་ན་གདུགས་དང་བཅས་པས་བསོད་སྙོམས་ལ་རྒྱུ་བར་བྱའོ། །ཆར་ཡིབ་ཏུ་ཡུ་བ་ལ་བཞར་དུ་མི་རུང་བ་ཉིད་མ་ཡིན་ནོ། །ཆར་ཆད་ན་གདུགས་དེ་ཁྱིམ་གཞན་དག་ཏུ་བཞག་གོ། །གྲོང་ནས་ཕྱིར་འབྱུང་ཁར་བླང་ངོ་། །གཉིས་པ་ནི། རོལ་མོ་མཁན་གྱི་གནས་དང་། སྨད་འཚོང་མའི་གནས་དང་། ཆང་འཚོང་གི་གནས་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་བ་སྟེ་རིགས་ངན་བཤན་པའི་ཁྱིམ་གྱི་གནས་དག་བརྟེན་པར་མི་བྱའོ། །མི་གཙང་བའི་སྐྱབས་དང་ཉེ་བར་འདུག་པར་མི་བྱའོ། །གོས་རིན་པོ་


K8Z004_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་གྱུར་པས་དགོན་པར་གནས་པར་མི་བྱའོ། །གོས་ལ་འབུ་དག་གིས་རྨུགས་ན་ལྡུམ་བུ་མེ་རུ་ཀའི་ཕྱེ་མས་བགོས་ན་ལྭ་བ་ལ་སྲོག་ཆགས་མི་འབྱུང་ངོ་། །ཤིང་ཀུན་གྱིས་ཀྱང་ངོ་། །ཤིང་ནིམ་པ་དང་པ་ཤ་ཀའི་ལོ་མ་དག་གིས་ཡང་ངོ་། །གོས་བལྟབ་ཚིགས་བྱས་ན་གོས་ཀྱི་རིམ་པ་དེར་ཕྱེ་མ་སོང་ན་རིམ་པ་དེ་ལ་སྲིན་བུ་མི་འབྱུང་བར་ཤིན་ཏུ་ཕན་པ་ཉིད་དོ། །དུས་དུས་སུ་སྐམ་པ་ཡང་སྲོག་ཆགས་མི་སྐྱེ་བ་དེའི་དོན་ཉིད་ཡིན་ནོ། །ལུང་ལས། དགེ་སློང་དགོན་པ་པའི་དྲུང་དུ་ཆོམ་རྐུན་པ་འོངས་ཏེ། ཕྱོགས་དང་ལམ་དང་ཚེས་གྲངས་ལ་སོགས་པ་གང་ཡིན། ཅེས་འདྲི་བ་ལ། ཁོ་བོ་ནི་དགོན་པ་པའོ་ཞེས་ཟེར་ཞིང་ལན་མ་ཐེབས་པས་དགེ་སློང་དེ་ལ་བརྡེགས་པར་གྱུར་ནས་བཀའ་སྩལ་པ། དགོན་པ་བས་གང་དུ་འགྲོ་བའི་ས་ཕྱོགས་དང་། ལམ་དང་། ཚེས་གྲངས་དང་། ཉི་མ་དང་རྒྱུ་སྐར་དག་ལ་མཁས་པར་བྱའོ། །དགོན་པ་བས་རྟག་ཏུ་ཆུ་དང་མེ་ཡོད་པར་བྱའོ། །ཆོམ་རྐུན་པའི་གནོད་པ་བཟློག་པའི་དོན་དུ་དེས་ཕྱེ་དང་རས་མ་དག་དང་སྦྲང་རྩི་དང་ཞུན་མར་དག་ཅི་འབྱོར་པ་ཉེ་བར་བཞག་པར་བྱའོ་ཞེས་སོ། །གལ་ཏེ་ཟས་ལས་ལྷག་བྱུང་ན་ཡང་ངོ་། །དགེ་སློང་མས་དགོན་པར་རྣམ་པ་ཐམས་ཅད་དུ་གནས་པར་མི་བྱའོ། །དབང་མེད་དུ་སུན་འབྱིན་པ་དགག་པའི་ཕྱིར་རོ། །གང་དུ་གནས་ན་གྲོང་ཁྱེར་གྱི་ནང་དུ་དབྱར་ཁང་བྱའོ། །དགེ་སློང་མ་དེས་དབྱར་ཁང་དེའི་ཕྱི་སྒོར་འདུག་པར་མི་བྱའོ། །སྦོམ་དགའ་མོས་དབྱར་ཁང་གི་རྩིག་ལོགས་ཀྱི་སྐར་ཁུང་ཆེན་པོར་འདུག་པར་བྱེད་ནས་དགེ་སློང་མས་སྐར་ཁུང་དུ་འདུག་པར་མི་བྱའོ་ཞེས་ལུང་ལས་གསུངས་ཀྱང་། ཊཱི་ཀ་ལས། སྐར་ཁུར་འབའ་ཞིག་ཏུ་མ་ཟད་ཀྱི། ཕྱི་རོལ་སྣང་ཡལ་ཅན་དུ་དགེ་སློང་མས་འདུག་པར་མི་བྱའོ། །ཞེས་སོ། །དགེ་སློང་མས་


K8Z004_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་བཞི་མདོར་ཡང་མི་བྱའོ། །གོས་མེད་པ་ཅན་གྱིས་ཀྱང་མི་བྱའོ། །གོས་མེད་དེ་ལ་རྔུལ་གཟན་ནི་གཅེར་སྐྱབས་ཀྱི་གོས་ཉིད་ཡིན་ནོ། །ཡུལ་ཚན་སྨད་གཡོགས་དང་ནུ་གབ་ཀྱང་ངོ་། །རྔུལ་གཟན་གོན་ཀྱང་དཔུང་པ་གཉིས་མ་གཡོགས་པར་ཁྱིམ་པའི་དྲུང་དུ་མི་བྱའོ། །དགེ་སློང་མ་དེའི་སྐྱིལ་མོ་ཀྲུང་འདུག་པའི་གནས་སུ་དགེ་སློང་མས་བསམ་གཏན་བྱེད་ན་སྐྱིལ་མོ་ཀྲུང་ཕྱེད་དོ། །དགེ་སློང་མ་བསམ་གཏན་བྱེད་ན་ཟག་བྱེད་ཀྱི་སྒོར་སྲོག་ཆགས་མི་འཇུག་པར་བྱ་བའི་ཕྱིར་གོས་ལ་སོགས་པས་གཡོགས་སོ། །ལུང་ཕྲན་ཚེགས་ལས། དགེ་སློང་མ་བཅུ་གཉིས་སྡེས་དགེ་སློང་གྲེ་སྐྱེས་ཤི་བའི་རུས་པ་རྣམས་བསྡུས་ནས་མཆོད་རྟེན་བརྩིགས་པ་དེ་ཚེ་དང་ལྡན་པ་ཆུ་འཐུང་འཁོར་ལྔ་བརྒྱ་དང་བཅས་པས་བཤིག་པ་ན། གྲེ་སྐྱེས་ཀྱི་རུས་པའི་མཆོད་རྟེན་ཡིན་པ་དེ་ཨུཏྤལ་མདོག་གིས་དེ་དག་ལ་སྨྲས་པ་ཡང་དག་གོ་སྙམ་ནས། བཅུ་གཉིས་སྡེ་ཁྲོས་པར་གྱུར་ཏེ། འཕགས་མ་ཨུཏྤལ་ལའི་མདོག་དེ་བསད་པའི་ཕྱིར། དེའི་སྣམ་སྦྱར་ལ་མཚོན་ཆ་དང་ཁབ་དང་སེང་ལྡེང་གི་ཕུར་པ་དག་གིས་བསྣུན་པ་ན། དགེ་སློང་རྣམས་ཀྱིས་དགེ་སློང་མ་རྣམས་གཙུག་ལག་ཁང་དུ་འོང་དུ་མི་གཞུག་པར་ཁྲིམས་སུ་བཅས་པར་གྱུར་ནས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་མ་གཙུག་ལག་ཁང་དུ་འཇུག་པ་དག་བཟློག་པར་མི་བྱའོ། །དགེ་སློང་མ་དེ་དག་ཚུལ་བཞིན་མི་བྱེད་ན་དེ་ལ་གཏམ་མི་འདྲི་བ་དང་། མི་གདམས་པ་དང་། གསོ་སྦྱོང་དང་དགག་དབྱེ་བཞག་པ་དག་གིས་ཡོངས་སུ་དུལ་བར་བྱའོ། །དགེ་སློང་མ་དེས་དགེ་སློང་རྗེས་སུ་གནང་བ་བྱེད་དུ་མ་བཅུག་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །དགེ་སློང་གིས་དགེ་སློང་མ་དེ་ལ་ཁྱོད་དགེ་སློང་རྣམས་


K8Z004_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནང་བཅབས་དང་བཅས་པ་ཉིད་མ་ཡིན་ན་རྗེས་སུ་གནང་ངོ་། །ཞེས་སོ། །དྲི་བས་ཞེས་འགྲས་པ་མེད་པ་ཉིད་ངེས་པར་ཤེས་པར་བྱས་ཏེའོ། །གསུམ་པ་ནི། ཕྲེད་གཏན་དང་། གནམ་གཟེར་དང་། འཁོར་གཏན་དང་། སྒོ་ལྕགས་དང་། ལྡེའུ་མིག་ཀྱོག་པོ་དག་གཙུག་ལག་ཁང་བསྡམ་པའི་ཕྱིར་ཡང་དག་པར་སྦྱར་རོ། །དགེ་སྐོས་ཀྱིས་དགོང་ཀར་གཙུག་ལག་ཁང་བསྡམས་ནས་སོ་སོར་བརྟགས་པར་བྱའོ། །གཙུག་ཁང་དེ་ཆོམ་རྐུན་པའི་འཇིགས་པ་དང་བཅས་པ་ཉིད་ཡིན་ན་ཐུན་ཉིད་ཀྱིས་མེལ་ཚེ་བྱའོ། །མེལ་ཚེའི་ཐུན་པ་དེར་གྱུར་པས་ཉལ་བ་དང་སྙོམས་པར་འཇུག་པ་དག་ཀྱང་སྤང་བར་བྱའོ། །གཙུག་ཁང་དེར་དགེ་འདུན་གྱི་གནས་བརྟན་གྱིས་དགེ་སྐོས་ལ་སྒོ་བཅད་པ་སོགས་ཀྱིས་དམ་བཞག་བྱས་པ་ཉིད་དྲི་བར་བྱའོ། །གལ་ཏེ་ཕྲེད་གཏན་སོགས་སྡོམ་བྱེད་ལྔ་པོ་ཡང་དག་པར་སྦྱར་བ་དག་གིས་མ་བསྡམས་པ་ཉིད་ན་ཆོམ་རྐུན་པས་གཙུག་ལག་ཁང་བརླག་ན། བརླག་པ་དེ་དགེ་སྐོས་ལ་འཇལ་དུ་གཞུག་པར་བྱ་བ་ཉིད་ཡིན་ནོ། །ཅི་ཙམ་འཇལ་དུ་གཞུག་ན་ཕྲེད་གཏན་སོགས་སྡོམ་བྱེད་ལྔ་པོ་དེ་དག་གིས་གྲངས་ཇི་ཙམ་ཉམས་པར་བྱས་ལ་དེ་ཙམ་གྱི་ཆ་དག་གོ། །ཡོན་ཏན་འོད་མར། གཏན་པ་རྣམ་པ་ལྔས་བསྡམས་པ་ལས་ནང་ནས་ནོར་ཞིག་སྟོར་ན་གཙུག་ལག་ཁང་སྐྱོང་ལ་བསྐྱིན་པ་མི་འབབ། ཅེས་སོ། །དགེ་སློང་ཕ་མ་ཐམས་ཅད་ཀྱིས་ལྡེའུ་མིག་ཀྱོགས་པོ་དང་སྒོ་ལྕགས་བཅང་བར་བྱའོ། །སྡོམ་པར་བྱེད་པ་ཇི་སྙེད་ཡོད་པ་དེ་དག་གིས་སྒོ་མ་བསྡམས་པར་གཞན་དུ་འགྲོ་བར་མི་བྱའོ། །གལ་ཏེ་གནས་སྟོང་པར་ཞུགས་པར་གྱུར་ན་དེར་ཆག་ཆག་ལ་སོགས་པ་སྟེ་ཕྱིར་བཅོས་པར་བྱའོ། །སྣོད་སྤྱད་ལས་སུ་བརྩམས་པ་རྣམས་རང་གནས་སུ་འཁོས་སུ་དབབ་པར་བྱའོ། །གལ་


K8Z004_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྣོད་སྤྱད་བྱི་དོར་བྱ་བར་དེ་བཟོད་ན་བྱི་དོར་བྱའོ། །གནས་སྟོང་པ་དེ་ན་གལ་ཏེ་རུང་བར་བྱེད་པ་དགེ་ཚུལ་ཡོད་ན་སྡོ་སྲབ་པ་བྱེད་དུ་གཞུག་གོ། །གནས་སྟོང་པ་དེར་གལ་ཏེ་དེར་ཁྱིམ་པ་དག་ལྷགས་ན། དེ་དག་ལ་ཆོས་དང་ལྡན་པའི་གཏམ་དང་ནུས་པའི་ཆོས་གཞན་ཡང་བྱའོ། །གཉིས་པ་ནི། གཙུག་ལག་ཁང་གི་ཉེན་ཀོར་དུ་ཤིང་ལྗོན་པ་བསྐྱེད་པ་མི་རུང་བ་མ་ཡིན་ནོ། །ལྗོན་པ་མེ་ཏོག་གི་ཤིང་དེ་བསྐྱེད་ནས་མི་བསྐྱང་བར་མི་བྱའོ། །ཇི་སྲིད་དུ་བསྐྱང་ན། དེའི་ཤིང་ལྗོན་པ་ནི་མེ་ཏོག་ཆགས་ཀྱིབར་དུའོ། །མེ་ཏོག་གི་ལྗོན་པ་ལས་གཞན་འབྲས་བུའི་ལྗོན་པ་ནི་འབྲས་བུའི་བར་དུའོ། །ལྗོན་པ་སྐྱོང་བ་ཡུན་རིང་བ་ཉིད་ན་ལོ་ལྔར་རོ། །བསྐྱེད་ཤིང་བསྐྱང་བ་འདི་ལ་དགེ་སློང་བསྐོས་པ་ནི་རང་ཉིད་དང་འདྲའོ། །ལྗོན་པ་བསྐྱེད་པའི་དྲུང་དུ་ལག་པ་དང་རྐང་པ་དག་བཀྲུ་བ་དང་སོ་ཤིང་དོར་བ་དང་། ལྷུང་བཟེད་བཀྲུ་བ་དང་། ཁྲུས་བྱ་བ་ནི་ཆུ་གཅུ་བས་བསྐྱང་བ་ཡིན་ནོ། །གྲང་བ་བསྐྱབ་པའི་ཕྱིར་ལྗོན་པ་བསྐྱེད་པ་དེ་ལ་ཁང་བུའི་སྦུབས་བྱའོ། །དབུགས་ཏེ་རླངས་པ་དབྱུང་བའི་ཕྱིར་དེ་ལ་སྐར་ཁུང་གདོད་དོ། །ཁང་བུའི་སྐར་ཁུང་སྟེང་ན་གཡོགས་མས་དགབ་བོ། །སོ་ག་མི་ཚ་བར་བྱ་བའི་ཕྱིར་གཡོགས་པ་དེ་བསལ་ལོ། །དབྱར་དག་ནི་མི་འདྲུལ་བར་བྱ་བའི་ཕྱིར་སྔ་མའི་ཁང་སྦུབས་ཡང་བསལ་ལོ། །ཁང་སྦུབས་དེ་ལས་ཆུའི་ཡུར་བ་གདོད་དོ། །མེ་ཏོག་དང་འབྲས་བུ་འབྱུང་བའི་རྩ་བའི་འོང་ས་ཡལ་བར་མི་དོར་རོ། །འཁོར་མང་ན་ཤིང་ལྗོན་པ་མང་དུ་བསྐྱེད་ལ། ཉུང་ན་ཤིང་ལྗོན་པ་ཉུང་ངུ་བསྐྱངས་ཏེ། འཁོར་མང་ཉུང་གི་རྣམ་པར་དབྱེ་བའི་བྱེ་བྲག་གིས་བྱི་དོར་དེ་ལྟར་དུ་བྱའོ། །ཤིང་ལྗོན་པ་ཁ་ཅིག་གི་དྲུང་དུ་སོ་ཤིང་བཟའ་བ་དང་། ཁ་ཅིག་ཏུ་ཁ་བཀྲུ་བ་དང་། ཁ་ཅིག་ཏུ་


K8Z004_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་བཀྲུ་བ་དང་། དེ་ལྟ་བུས་ཏེ་ལྗོན་པ་གཅིག་དེ་ལ་འཇུག་པ་ཉིད་མ་ཡིན་པས་སོ། །མེ་ཏོག་དང་འབྲས་བུ་བསྲུང་བའི་ཕྱིར་དགེ་སློང་དག་བསྐོར་བར་བྱའོ། །སྲུང་མ་དེའང་ཟན་གྱི་དུས་ཀྱི་ཆེད་ཉིད་དུ་གཞན་དག་བརྗེས་ཏེ་བཞག་གོ། །བརྗེས་པའི་དགེ་སློང་དེ་དག་གིས་ཆེས་མང་པོར་ཟན་ཏེ་འགྲོ་བར་བྱའོ། །གསུམ་པ་ལ། ཀློག་ཏུ་འཇུག་པ་བྱ་བའི་སྐབས། །ཅི་ལྟར་བཀླག་པར་བྱ་བའི་སྐབས། །ཤི་དང་བཞག་པར་བྱ་བའི་སྐབས། །སྐབས་ལ་དེ་མཐར་སྦྱར་བའོ། །དང་པོ་ནི། ཀློག་ཏུ་འཇུག་པས་ཏེ་སློབ་དཔོན་གྱིས་རང་ལ་བསྙེན་བཀུར་ཆེས་མང་པོ་བྱེད་པ་དང་། སྤྱི་ཚོམས་སུ་བཤད་པ་དེས་ཚིག་འཛིན་པར་མི་ནུས་ཤིང་། དོན་གོ་བར་མི་ནུས་པ་ལ་ལོགས་ཤིག་ཏུ་ལུང་དབོགས་པ་དང་། ཞིབ་ཏུ་བཤད་པར་བྱ་བས་ཀྱང་རྗེས་སུ་བརྩེ་བར་བྱའོ། །དགེ་སློང་མ་དེའི་འདུལ་བ་དགེ་སློང་གིས་བཟུང་སྟེ་དགེ་སློང་མའི་འདུལ་བ་དེའི་ལུང་དབོགས་པ་དང་། ཁ་ཏོན་བྱ་བ་དང་། དམིགས་ཀྱིས་དང་དྲི་བའི་ལན་སྦྱིན་པ་དག་གིས་དགེ་སློང་མ་ལ་རྗེས་སུ་བརྩེ་བར་བྱའོ། །བཟོ་བྱ་བ་བཀག་པས་ཡི་གེ་འབྲི་བ་ཡང་བཀག་གོ་སྙམ་ན་མིན་ཏེ། དགེ་སློང་གི་སྤྲིང་ཡིག་ལ་སོགས་པའི་ཡི་གེ་བྲི་བར་བྱའོ། །འདུལ་བའི་ཚིག་དོན་སྔར་བཟུང་ཡང་དྲན་པ་དང་འཛིན་པར་མི་ནུས་པས་འདུལ་བ་ཡི་གེར་བྲི་བར་བྱའོ། །ཆོས་དང་མི་མཐུན་པའི་ཡི་གེ་ནི་ཐམས་ཅད་དུ་མི་འབྲིའོ། །འདུལ་བ་དེ་དྲན་པ་དང་འཛིན་པར་ནུས་ན་ཡི་གེར་མི་བྲི་བར་བྱ་བ་ཉིད་ཡིན་ནོ། །ཡི་གེར་བྲི་བ་དང་མི་བྲི་བ་འདི་ལ་སོ་སོར་ཐར་པ་ནི་དེ་དང་འདྲའོ། །སོ་སོར་ཐར་པ་དེ་དང་ལྡན་པ་ཡང་ངོ་། །ལུང་གཞན་རྣམས་སོ། །ལྷུང་བཟེད་ལ་སོགས་པའི་དངོས་པོ་ལ་བདག་པོ་གང་ཟག་གི་མིང་


K8Z004_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྲི་བར་བྱའོ། །ལྷུང་བཟེད་སོགས་ལ་སོ་སོར་ངོ་ཤེས་པའི་ཕྱིར་མཚན་མ་བྱ་བ་ལ་ནི་ཉེས་པ་མེད་དོ། །དགེ་འདུན་གྱི་གནས་མལ་ལ་མིང་ཡི་གེར་བྲི་བར་བྱའོ། །ཡི་གེ་ཇི་ལྟར་འབྲི་ཞེ་ན། སྦྱིན་པར་བྱ་བའི་ཆོས་འདི་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལྟ་བུ། སྦྱིན་བདག་ཆེ་གེ་མོའི་གཙུག་ལག་ཁང་མིང་འདི་ཞེས་བྱ་བ་འོད་མའི་ཚལ་ལྟ་བུའི་སྦྱིན་པར་བྱ་བའི་ཆོས་སོ་ཞེས་གོས་དག་ལ་ཡང་ངོ་། །གནས་མལ་གྱི་རྣམ་པ་དེ་ལྟར་གཞན་ལ་ཡང་ངོ་། །གཉིས་པ་ནི། སངས་རྒྱས་ཀྱི་བཀའ་ཀློག་པ་ན་སྡེབ་སྦྱོར་དང་། ཚིག་དང་རིམ་པ་ཡང་རང་གིས་བསྒྱུར་ཞིང་སྦྱར་བ་དེ་ལ་གཞོལ་བ་སྟེ། རང་གིས་བསྒྱུར་ཞིང་དེ་ཁོ་ན་ལྟར་གྱུར་ཅིག་སྙམ་པའི་བསམ་པ་ཉིད་ཀྱིས་རང་གིས་སྦྱར་ཏེ་བཀླག་པར་མི་བྱའོ། །མདོར་ན་ཚིག་ཇི་སྐད་གསུངས་པ་དེ་ལས་བཟློག་པ་རང་གིས་བསྒྱུར་ཏེ་བཀླག་པར་མི་བྱའོ། །དེ་ཡང་སྡེབ་སྦྱོར་ནི་རིང་བོར་དྲང་བ་དང་། ང་རོར་འགྱུར་བ་ལ་སོགས་པའོ་ཞེས་སོ། །ཚིག་ནི་ཊཱི་ཀ་ལས། ཚིག་རེ་རེར་རྣམ་པར་ཕྱེ་སྟེ་ཀློག་པའོ། །ཞེས་སོ། །རིམ་པ་ནི་ཊཱི་ཀ་ལས། ཐམས་ཅད་གཅིག་ཏུ་བྱས་ཏེ་ཀློག་པའི། ཞེས་མི་གསལ་ཡང་། །ལུང་ཕྲན་ཚེགས་དང་། དེའི་འགྲེལ་པ་ལྟར་ན། རིམ་པ་ནི་ཚིག་སྔ་ཕྱིའི་གོ་རིམ་གྱི་རིམ་པ་སྟེ། ཚིག་གི་གོ་རིམ་སྔ་ཕྱིར་བསྒྱུར་ཏེ་བཀླག་པར་མི་བྱའོ། །ཞེས་པ་ཉིད་དོ། །དེ་ཡང་ལུང་ཕྲན་ཚེགས་ལས། རིམ་པ་སྦྱར་ནས་གདོན་པར་མི་བྱའོ། །ཞེས་གསུངས་སོ། །གོ་རིམ་སྒྲོ་བཏགས་ནས་འདོན་པའོ་ཞེས་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་བཤད་དོ། །འོ་ན་ཡུལ་གྱི་སྐད་རིགས་ཐ་དད་པའི་སྐབས་སུ་ཡང་ཡི་གེ་རིང་པོ་ལས་ཐུང་ངུར་བསྒྱུར་བ་དང་། ཚིག་སྔ་ཕྱིའི་གོ་རིམ་བསྒྱུར་བ་ལས་ཀྱང་ཉེས་པ་འདིར་འགྱུར་རམ་སྙམ་ན། ལུང་ཕྲན་ཚེགས་ལས།


K8Z004_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་ཀྱི་ངེས་པའི་ཚིག་ཡིན་ན་ལྟུང་བ་མེད་དོ། །ཞེས་གསུངས་སོ། །ལུང་དེའི་འགྲེལ་པ་ལས། ཡུལ་དེ་ན་གྲགས་པའི་ཚིག་གིས་སངས་རྒྱས་ཀྱི་ཚིག་བསྟན་ནུས་ཀྱི། གཞན་དུ་ན་བསྟན་པར་མི་ནུས་པར། ཞེས་བཤད་དོ། །ཕྱི་རོལ་པའི་བསྟན་བཅོས་བཟུང་བར་བྱའམ་ཞེ་ན། མིན་ཏེ་ཤེས་རབ་ཆེ་བས་གཞན་ལ་ལེགས་པར་གོ་བར་བྱེད་ནུས་ཤིང་ཕས་རྒོལ་ཚར་གཅོད་པར་ནུས་ལ། སངས་རྒྱས་ཀྱི་བཀའ་ལ་བརྩོན་པ་ཉིད་མི་གཏོང་ན་ཕྱི་རོལ་པའི་བསྟན་བཅོས་དག་བཟུང་བར་བྱའོ། །བརྩོན་པ་མི་གཏོང་བ་དེའི་ཚད་ནི་དུས་གསུམ་དུ་བྱས་ལ། དུས་གསུམ་ནི་སངས་རྒྱས་ཀྱི་གསུང་རབས་བཀླག་པར་བྱ་ཞིང་། ཕྱི་རོལ་པའི་བསྟན་བཅོས་དེའི་དུས་ནི་ཉི་མའི་གུང་ལ་བསླབ་སྟེ། ཉི་མའི་སུམ་ཆ་བདེ་བ་མ་ཡིན་པ་ལུས་སེམས་ལས་སུ་རུང་བ་མ་ཡིན་པའོ། །དེའི་དུས་ནི་ཉི་མ་སུམ་ཆ་བློ་གསལ་བའི་དུས་མ་ཡིན་པའོ་ཞེས་པའོ། །ལུང་ལས། གསལ་བའི་དུས་ནི་སངས་རྒྱས་ཀྱི་གསུང་རབ་གདོན་པར་བྱ། ཞེས་སོ། །མཚན་མོ་ཡང་སུམ་ཆ་བདེ་བ་མ་ཡིན་པ་ལའོ། །མུ་སྟེགས་པའི་གསང་སྔགས་ཕན་འདོགས་པར་བྱེད་པ་དག་བཟུང་བར་བྱའོ། །སྔགས་གདབ་པ་སོགས་ཐམས་ཅད་དུ་སྦྱར་བར་བྱའོ། །གསང་སྔགས་མནོད་པར་བྱེད་པ་ནི་མི་བྱའོ། །མུ་སྟེགས་པའི་གསང་སྔགས་དེ་དག་གི་ཕྱག་གི་གནས་སུ་ནི་དཀོན་མཆོག་གསུམ་བརྗོད་པར་བྱའོ། །ལྷ་གཞན་ལ་ཕྱག་མི་བྱའོ། །མཆོད་པ་མི་བྱའོ། །ལྡང་བ་སོགས་ལ་བཀུར་སྟི་མི་བྱའོ། །མུ་སྟེགས་པའི་ལྷ་གནས་སུ་ཕྱིན་ན་མངོན་སུམ་དུ་འགྲེངས་ཏེ། སེ་གོལ་གྱི་སྒྲས་གོ་བར་བྱས་ནས་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་པས་ཕྱི་རོལ་གྱི་ལྷ་དེ་ལ་ཕན་གདགས་པར་བྱའོ། །དགེ་སློང་རང་གི་བཟོ་རྗེས་སུ་བསྒྲུབ་པ་དང་། བཟོ་བསླབ་


K8Z004_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དེའི་སྣོད་ཉེ་བར་བཞག་པར་མི་བྱ་སྟེ། གཏར་ཀ་བྱེད་པའི་མཚོན་གྱི་ཤུབས་དང་། ཁབ་རལ་དང་རམ་ཕྱིས་ཏེ་སྣག་བུམ་ནི་མ་གཏོགས་པའོ། །ཆོས་འདི་པའི་ཚངས་སྤྱོད་མུ་གཅིག་པ་ལ་ནི་བསོད་ནམས་ཀྱི་བསམ་པས་ལྷོག་པའི་སྨན་དུ་སྲོག་ཆགས་གསོན་པོར་མིད་པ་སོགས་སྡིག་པས་གསོ་བ་མི་བྱའི། དགེ་བའི་གསོ་བ་ཉེ་བར་བསྒྲུབས་ཏེ་གླ་རྔན་གྱིས་ནི་མ་ཡིན་ནོ། །དགེ་སློང་སྨན་པ་དེས་གཞན་ལ་བཀྲུ་སྨན་བཏང་ནས་གཞན་དུ་འགྲོ་བར་མི་བྱའོ། །ངེས་པར་འགྲོ་དགོས་པའི་རྐྱེན་དེ་ལྟ་བུ་དག་བྱུང་ན་ཧ་ཅང་འཁྲུ་བ་ལ་སོགས་པའི་གཉེན་པོའི་ཆོ་ག་བསྟན་ཏེའོ། །ཚངས་པ་མཚུངས་པར་སྤྱོད་པ་མཚན་མཐུན་པ་ལ་དབེན་པའི་ཕྱོགས་སུ་འདྲེག་མཁན་གྱི་བྱ་བ་བྱའོ། །བཟོ་བཀག་ན་ཤིང་བཟོ་ཙམ་མི་རུང་ངོ་སྙམ་ན། ཁྲིའི་ཡན་ལག་ཆག་པ་བཅོས་པ་ཡང་ངོ་། །དཀོན་མཆོག་མཆོད་པའི་མེ་ཏོག་གི་ཕྲེང་བའི་རིམ་པ་དག་རྒྱུ་བ་ཡང་ངོ་། །དཀོན་མཆོག་མཆོད་པར་གྱུར་པ་སེམས་ཅན་གྱི་གཟུགས་མ་ཡིན་པའི་རི་མོ་བྲི་བ་ཡང་ངོ་། །རི་མོ་སློབ་པ་དེའི་ཕྱིར་འབྲི་བ་ནི་ལོབས་པ་དེ་ཉིད་ཡིན་ནོ། །གསུམ་པ་ནི། ཚངས་པ་མཚུངས་པར་སྤྱོད་པ་ཤི་བའི་ལུས་ལ་མཆོད་པར་བྱའོ། །རོ་དེ་བསྲེག་པར་བྱའོ། །ངེས་པར་བསྲེག་གམ་ཞེ་ན། གལ་ཏེ་སྲོག་ཆགས་དང་བཅས་པའི་རྨ་མེད་པ་ཉིད་ཡིན་ནའོ། །ཕྲན་ཚེགས་ལས། ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། ལུས་འདི་ལ་སྲིན་བུའི་རིགས་བརྒྱད་ཁྲི་ཡོད་ཅེས་གསུངས་པ་དེ་ཅི་ལྟ་བུ་ལགས། བཀའ་སྩལ་པ། དེ་སྐྱེས་མ་ཐག་ཏུ་དེ་དག་ཀྱང་སྐྱེ་ལ། ཤི་བའི་ཚེ་ན་དེ་དག་འཆི་མོད་ཀྱི། འོན་ཀྱང་རྨའི་སྒོ་རྣམས་སུ་བརྟགས་ཏེ་བསྲེག་པར་བྱའོ། །ཞེས་གསུངས་སོ། །ཟུང་གི་མདོ་ལས། མི་ཤི་ནས་ཞག་བདུན་ཚུན་ཆད་ལུས་ཀྱི་སྲིན་བུ་གཉིས་མི་འཆི་


K8Z004_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུངས་ཀྱང་ལུང་དབང་བཙན་ནོ། །རོ་ལ་སྲོག་ཆགས་ཡོད་མེད་སོ་སོར་བརྟགས་པས་ངེས་པར་བྱའོ། །སའི་དོང་རྐོ་བའམ་ཆུ་ཀླུང་ལ་བསྐུར་རོ། །རོ་བསྲེགས་པ་དང་ཆུ་ལ་བསྐུར་མི་རུང་ན་ཚང་ཚིང་གི་དབུས་སུ་གཞུག་གོ། །གློ་གཡས་པ་བསྙལ་ཏེ་མགོ་བྱང་ཕྱོགས་སུ་བསྟན་ནོ། །མགོ་བྱང་ཕྱོགས་སུ་བསྟན་དགོས་པའི་རྒྱུ་མཚན་ནི། སྟོན་པ་གཤེགས་དུས་དབུ་བྱང་ཕྱོགས་སུ་བསྟན་པའི་རྒྱུ་མཚན་ལས་སོ། །དེའང་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ང་མྱ་ངན་ལས་འདས་པ་ན་བྱང་ཕྱོགས་ཀྱི་རྒྱུད་ཉིད་དུ་རྟོགས་པ་དང་། བསམ་གཏན་དང་བཟློས་ཏེ་ཀློག་པའི་སྒོ་ནས་ངའི་བསྟན་པ་རབ་ཏུ་གསལ་བར་འགྱུར་རོ། །ཞེས་གསུངས་པའི་རྒྱུ་མཚན་དང་མཚུངས་པར་སངས་རྒྱས་མྱ་ངན་ལས་འདས་པའི་ཚེ་དབུ་བྱང་ཕྱོགས་སུ་བསྟན་པར་མཛད་པ་ཡིན་ནོ། །སྔས་སུ་རྩྭའི་ཆུན་པོ་གཞུག་གོ། །རྩྭ་དང་ལོ་མ་དག་གིས་གཡོག་གོ། །རྒྱུད་ཆགས་གསུམ་གྱིས་ཆོས་མཉན་པ་དང་ཡོན་བཤད་པ་དག་བྱའོ། །རོ་ལ་རེག་པ་དག་གིས་གོས་དང་བཅས་ཏེ་ཁྲུས་བྱའོ། །རོ་ལ་རེག་པ་ལས་གཞན་གྲོགས་བྱས་པ་དག་གིས་ནི་རྐང་ལག་བཀྲུའོ། །རོ་བསྐྱལ་ནས་ལོག་སྟེ་མཆོད་རྟེན་ལ་ཕྱག་བྱས་ཏེ་འཇུག་པར་བྱའོ། །མཆོད་རྟེན་ནི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་ཞེས་བཤད་ཅིང་། ཞུ་འགྲེལ་ལས། མཆོད་རྟེན་དེ་ཉིད་གནས་ཡིན་ཏེ། བསོད་ནམས་མཐའ་ཡས་པ་འདུ་བའི་སྒོ་ནས་རྒྱས་པར་བྱེད་པའི་གནས་ཡིན་པའི་ཕྱིར་། དེས་ན་མཆོད་རྟེན་ནི་ཆོས་ཀྱི་སྐུ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་བདག་ཉིད་དྲན་པ་ཉེ་བར་བཞག་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། མཁྱེན་པ་དང་། སྟོབས་དང་


K8Z004_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གཟུགས་བརྙན་ཉིད་དུ་བསླང་བ་ཡིན་པའི་ཕྱིར་རོ། །ཞེས་བཤད་དོ། །དེས་ན་དེ་ནི་རྣམ་པ་གཉིས་ཏེ། བུམ་པའི་ཕྱོགས་གཙང་ཁང་ཅན་རི་མོ་བྲིས་པ་ཉིད་དང་། གཙང་ཁང་མེད་པ་ཀ་བ་ལྟ་བུ་བསྒྲེང་བ་ཉིད་དོ། །བཞི་པ་ནི། མཆོད་རྟེན་དེ་རབ་ཏུ་བྱུང་བ་རྣམས་ལ་འོས་པ་ཉིད་དོ། །རབ་བྱུང་ཐམས་ཅད་ལའམ་ཞེ་ན། གལ་ཏེ་དག་པའི་ཚུལ་ཡོན་ཅན་ཡིན་ནའོ། །སངས་རྒྱས་རྣམས་ཀྱི་སྐུ་གདུང་གི་མཆོད་རྟེན་ནི་རྣམ་པ་ཐམས་ཅད་དོ། །དེའི་རྣམ་པ་ནི་བང་རིམ་བཞི་དང་། འདབ་མ་དང་སྟེ་མགུར་ཆུ་དང་། ལུང་ལས་བུམ་རྟེན་ཅེས་སོ། །བུམ་པ་དང་པུ་ཤུ་བྲེ་ཁ་ཁྱེར་དང་བཅས་པ་དང་། སྲོག་ཤིང་དང་། གདུགས་བཅུ་གསུམ་དང་ཆར་ཁེབ་དག་གོ། །རང་སངས་རྒྱས་ལ་གཉིས་ཏེ། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པའོ། །བསེ་རུ་ལྟ་བུ་རྣམས་ཀྱི་ནི་ཆར་ཁེབ་མེད་པའོ། །ཚོགས་སྤྱོད་ནི་དགྲ་བཅོམ་པའི་རྣམ་པ་ལྟ་བུའོ། །ཉན་ཐོས་རྣམས་ཀྱི་ནི་འབྲས་བུ་ཐོབ་པའི་ཚད་དག་གིས་ཆར་ཁེབ་མེད་པའི་མཆོད་རྟེན་དེའི་གདུགས་གཅིག་ལྷག་པའོ། །དེའི་ཕྱིརལུང་ལས། དགྲ་བཅོམ་པའི་མཆོད་རྟེན་ནི་གདུགས་ལྔའོ། །ཕྱིར་མི་འོང་བའི་ནི་གདུགས་བཞིའོ། །ཕྱིར་འོང་གི་ནི་གདུགས་གསུམ་མོ། །རྒྱུན་དུ་ཞུགས་པའི་ནི་གདུགས་གཉིས་སོ་ཞེས་རང་འགྲེལ་དང་ཊཱི་ཀ་ལས་གསུངས་སོ། །ཉན་ཐོས་ཀྱི་མཆོད་རྟེན་དེ་ཕྱོགས་གང་དུ་བྱ་ཞེ་ན། དེ་བཞིན་གཤེགས་པའི་ཕྱོགས་ཀྱི་ཡུལ་ཉིད་དུ་སྔོན་དེ་བཞིན་གཤེགས་པ་བཞུགས་པའི་དུས་ཕྱོགས་གང་དུ་ཉན་ཐོས་དེ་དག་གནས་པར་གྱུར་པའི་ཕྱོགས་དེར་བདེར་གཤེགས་མཆོད་རྟེན་དེའི་འཁོར་དུ་བྱའོ། །མཆོད་རྟེན་གྱི་ཡུལ་འདི་ལ་རྒན་རིམ་དུ་མི་བྱ་བར་མི་བྱའོ། །སོ་སོ་སྐྱེ་བོ་རྣམས་


K8Z004_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནི་བྱི་བོའོསྲོག་ཤིང་མེད། །སོ་སྐྱེའི་མཆོད་རྟེན་དེ་དག་ནི་དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱིར་རོལ་དུའོ། །འཕགས་པ་ལ་ནི་མཆོད་རྟེན་གྱི་དུས་སྟོན་རིགས་སོ། །ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དབང་བ་ཉིད་ཡིན་ནོ། །མུ་ཏིག་དག་ནི་གོས་ཀྱི་གཞིར་སྔར་བསྟན་པ་བཞིན་བྱའོ། །ཉན་ཐོས་ཀྱི་མཆོད་རྟེན་ལ་དབུལ་བའི་བུད་དུང་དག་ནི་སངས་རྒྱས་ལ་འབུལ་ལོ། །མཆོད་རྟེན་ལ་ཕུལ་བའི་རྫས་དེ་ལས་གཞན་ནི་ཞིག་རལ་བཅོས་པའི་ཕྱིར་ཡང་བཞག་པར་བྱའོ། །འཕན་གདུགས་སོགས་མཆོད་པ་རུང་བ་ཉིད་ཀྱང་བཞག་གོ། །སངས་རྒྱས་ལ་ལྕགས་ལས་བྱས་པའི་མཆོད་རྟེན་བྱ་བ་ནི་ཆོས་དང་མཐུན་ནོ། །སངས་རྒྱས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ནི། གསེར་དང་། དངུལ་དང་། བཻཌཱུར་ཡ་དང་། ཤེས་ལས་བྱས་པ་ཡང་ངོ་། །སངས་རྒྱས་ཀྱི་མཆོད་རྟེན་དེ་ལ་མཐུན་པའི་འཁོར་བྱའོ། །མཐུན་པའི་འཁོར་ནི་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་མཐའི་བར་གྱི་སྤྱོད་པ་བྲི་བ་ནི་མཐུན་པའི་འཁོར་དེ་ཞེས་བྱའོ། །མཆོད་རྟེན་ལ་དཀར་རྩི་དཀར་པོར་བྱའོ། །དེའི་མདུན་དུ་མར་མེ་འཛིན་པ་བྱའོ། །ཞེས་པ་ནི་ཊཱི་ཀ་ལས་མར་མེའི་ཕྱིར་སྐོན་བུ་བྱའོ་ཞེས་སྣང་ཡང་ཁང་བུ་ཡིན་པ་འདྲ་སྟེ། སྐབས་འདི་ཉིད་ཀྱི་ལུང་གླེང་གཞི་ལས། མཆོད་རྟེན་ལ་མར་མེ་ཕུལ་བ་ན་ཁྱིས་མར་མེ་འཐུངས་ཏེ་སྣོད་ཁྱིས་ཁྱེར་ནས་བཀའ་སྩལ་པ། མར་མེའི་ཁང་བུ་བྱའོ། །ཞེས་གསུངས་སོ། །འགྲེལ་ཆུང་ལས་ཀྱང་། མར་མེ་མི་ཤི་བའི་སྐྱབས་ཁ་ཡོད་ཅིག་བྱ། ཞེས་བཤད་དོ། །ལུང་ལས། མཆོད་རྟེན་ལ་བ་ལང་གིས་རྙོགས་ནས་བཀའ་སྩལ་པ། མཆོད་རྟེན་ལ་ཁོར་ཡུག་ཏུ་ལན་ཀན་གྱིས་


K8Z004_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་རོ། །འདི་ནི་འགྲེལ་ཆུང་ལས། མཆོད་རྟེན་གྱིས་ཁོ་ར་ཁོར་ཡུག་ཏུ་ཤིང་ཐག་གིས་བསྐོར་རོ། །ཞེས་སོ། །ལུང་ལས། མཆོད་རྟེན་ལ་ལན་ཀན་གྱིས་བསྐོར་བ་དེ་ལ་རྟ་བབས་མེད་པས་མི་མཛེས་པར་གྱུར་ནས་བཀའ་སྩལ་པ། རྟ་བབས་བསྒྲེང་བར་བྱའོ། །རྟ་བབས་འདི་ནི། འགྲེལ་ཆུང་ལས། གཙུག་ཁང་གི་སྒོར་རྡོ་རིང་བསྒྲེང་། ཞེས་གསུངས་པ་ནི་རྡོའི་ཀ་བ་ལ་བསམ་པ་སྟེ། འོན་ཀྱང་། རྣམ་འབྱེད་འགྲེལ་པ་དང་གཞི་འགྲེལ་ལས། རྟ་བབས་ཞེས་བྱ་བ་ནི་ལམ་པོ་ཆེའི་སྒོ་མཐོན་པོ་བསྒྲེང་བའོ། །ཞེས་པ་ལྟར་ལེགས་སོ། །ཕྲན་ཚེགས་འགྲེལ་པ་ལས། རྟ་བབས་ནི་རྩ་བའི་སྒོ་ལས་ཕྱི་རོལ་གྱི་རྩིག་པ་མ་གཏོགས་པར་ཤིང་གཉིས་བསྒྲེང་བ་ལ་ཤིང་གཅིག་གི་ཐོག་ནས་བཀབ་པ་སྒོའི་རྣམ་པ་ལྟ་བུ་ཡིན་ཏེ། འདིའི་མིང་གཞན་ནི་སྒོ་དང་པོའོ། །ཞེས་སོ། །མཆོད་རྟེན་གྱི་གྲྭར་རྒྱལ་མཚན་གཟུག་གོ། །དེ་ནི་རྣམ་པ་བཞིའོ། །བཞི་ནི་སེང་གེའི་རྒྱལ་མཚན་དང་། ཆུ་སྲིན་གྱི་རྒྱལ་མཚན་དང་། ཀླུའི་རྒྱལ་མཚན་དང་། ཁྱུ་མཆོག་གི་རྒྱལ་མཚན་ནོ། །གཙང་ཁང་གི་ཁོར་ཡུག་ཏུ་དྲི་དང་ཕྲེང་བས་མུ་ཁྱུད་བྱའོ། །དེར་རྟ་བབས་བསྒྲེང་བར་བྱའོ། །གཙང་ཁང་མུ་ཁྱུད་ཀྱི་མདུན་དུ་སྒོ་ཡབ་སྟེ་ཁྱམས་བྱའོ། །དེ་ལ་ལན་ཀན་གྱིས་བསྐོར་རོ། །ཀ་བ་རྣམས་བཙག་གིས་བསྐུའོ། །རྩིག་པ་དག་རྒྱ་སྐྱེགས་ཀྱིས་བྲིའོ། །མཆོད་རྟེན་ལ་དྲིས་དབང་བསྐུར་བ་སྤྱི་བོ་ནས་དབུལ་ལོ། །མཆོད་རྟེན་ལ་འབྲུ་མར་དང་། བབ་བླ་དང་། ཙནྡན་དང་། གུར་གུམ་གྱིས་ཆག་ཆག་དག་ཀྱང་ངོ་། །གོས་དང་མེ་ཏོག་སྤྱད་པའི་ཕྱིར་མཆོད་རྟེན་ལ་གཟེར་བུ་མི་བཏབ་བོ། །མཆོད་རྟེན་རྩིག་པའི་ཚེ་ཕྲེང་བ་ལ་སོགས་པ་བཏགས་པའི་ཕྱིར་ཟུང་ང་དག་གཞུག་གོ། ཟུང་ངའི་ཕྱིར་མཆོད་རྟེན་


K8Z004_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བུ་ག་མི་དབུག་གོ། །མཆོད་རྟེན་གྱི་སྟེང་དུ་མར་མེ་མི་གཟུག་གོ། །མཆོད་རྟེན་ལ་མཆོད་པར་བྱ་བའི་ཕྱིར་ཁྱིམ་བདག་འཛེག་ཏུ་གཞུག་གོ། །ཁྱིམ་པ་མེད་ན་དགེ་ཚུལ་དག་དྲི་ཆུས་རྐང་པ་བཀྲུས་ཏེའོ། །གལ་ཏེ་དྲི་ཞིམ་པོས་རྐང་པ་བཀྲུ་བ་དེ་མ་བྱས་ན་རྐང་པ་ལ་དྲི་དག་གིས་དྲིལ་ཕྱིས་བྱས་ཏེའམ། གོས་ཀྱིས་དཀྲིས་ཏེ་སྟོན་པའི་འདུ་ཤེས་མངོན་དུ་བྱས་ནས་མཆོད་པ་བྱ་བའི་དོན་གྱི་བརྣབ་སེམས་ཀྱི་དྲན་པ་དག་གིས་སོ། །དགེ་ཚུལ་དེ་དག་ཀྱང་མེད་ན་དགེ་སློང་དག་གིས་དྲིས་བསྐུ་བ་སོགས་དེ་བཞིན་དུ་བྱས་ཏེ་འཛེག་གོ། །འཛེག་པ་དེའི་ཆེད་དུ་ཐག་པ་གདགས་སོ། །མེ་ཏོག་གི་ཕྲེང་བ་རྙིང་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་ཕྲེང་བ་དབུལ་ལོ། །མཆོད་རྟེན་འཇིག་པར་བྱེད་པ་བཟློག་པའི་ཕྱིར་སྦུབས་གཡོགས་ཀྱིས་ཏེ་ཁང་བུས་གཡོག་གོ། །དེའི་ནང་དུ་མུན་པས་མི་གནག་པར་བྱ་བའི་ཕྱིར་དེ་ལ་སྒོ་གདོད་དོ། །རིན་པོ་ཆེ་སྣ་བདུན་ལས་སངས་རྒྱས་ཀྱི་སྐུ་གཟུགས་བྱའོ། །སྐུ་གཟུགས་དེ་ལ་དུས་སྟོན་བྱའོ། །དུས་སྟོན་ནི་བལྟམས་པ་ཞེས་པ། ལུང་གླེང་གཞི་ལས། བཅོམ་ལྡན་འདས་དཔྱིད་ཟླ་ཐ་ཆུང་ལ་སྐུ་བལྟམས། ཞེས་གསུངས་ཤིང་། འགྲེལ་ཆུང་ལས། ཚེས་བདུན་ལ་སངས་རྒྱས་ཡུམ་གྱི་ལྷུམས་ནས་བལྟམས། ཞེས་བཤད་པ་ལྟར་རོ། །དཔྱིད་ཟླ་ཐ་ཆུང་ཡར་ངོའི་ཚེས་བདུན་སྐར་མ་རྒྱལ་ལ་བབས་པའི་ཚེ་སྐུ་བལྟམས་པའི་དུས་སོ། །གཙུག་ཕུད་དང་ཞེས་པ་ནི། ལུང་གླེང་གཞི་ལས། བཅོམ་ལྡན་འདས་ལོ་ལྔ་ལོན་པ་ན་དབུ་སྐྲ་བྲེགས་སོ། །བཅོམ་ལྡན་འདས་ལོ་དྲུག་ལོན་པ་ན་གཙུག་ཕུད་བཞག ། ཅེས་གསུངས་པས་ལོ་ལྔ་ལྔ་ཞིང་ཆོས་སྟོན་སྦྱོར་རོ། །དབུ་སྐྲ་དང་ཞེས་པ་ནི་བཅོམ་ལྡན་འདས་དགུང་ལོ་ཉི་ཤུ་རྩ་དགུ་ལོན་པ་ན་ཁྱིམ་ནས་མངོན་པར་བྱུང་སྟེ།


K8Z004_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བྲེགས་པའི་དུས་སྟོན་ནོ། །བྱང་ཆུབ་པའི་དུས་སྟོན་དག་ཀྱང་ངོ་ཞེས་པ་ནི། ལུང་གླེང་གཞི་ལས། དཔྱིད་ཟླ་ཐ་ཆུང་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་མངོན་དུ་ཆུད། ཅེས་གསུངས་ཤིང་། ལུང་གཞི་ལས། ཚེས་བཅོ་ལྔ་ཟླ་བ་སྒྲ་གཅན་གྱིས་ཟིན་པའི་ནུབ་མོར་སངས་རྒྱས་པར་གསུངས་ཏེ། དེ་ལྟར་ན་དཔྱིད་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བཅོ་ལྔ་ལ་མངོན་པར་བྱང་ཆུབ་པའི་དུས་སྟོན་བྱའོ། །སངས་རྒྱས་ཀྱི་སྐུ་གཟུགས་དེ་གྲོང་ཁྱེར་དུ་གཤེགས་པར་བྱའོ། །གྲོང་དུ་གཤེགས་པ་འདི་ལ་དགེ་སློང་གིས་ཁྱོགས་སོགས་ཀྱིས་བཀུར་དུ་རུང་ངོ་། །བཀུར་བ་དེ་ནི་དགེ་སློང་གསར་བུ་དག་ལ་འབབ་བོ། །སྐུ་གཟུགས་ལ་སྡེ་པ་ལྔ་པོ་དག་གིས་ཞམ་རིང་བྱའོ། །གོས་དང་རྒྱན་མཆོད་པའི་ཡོན་དུ་བྱ་བ་མཛེས་བྱེད་ནི། དགེ་སློང་རྒན་པོའི་རབས་དག་གིས་བཟུང་ངོ་། །གྲོང་དུ་གཤེགས་པ་དེ་ལ་རོལ་མོ་བྱེད་པ་དག་གིས་རོལ་མོ་བྱེད་པ་དང་བཀུར་སྟི་ཆེན་པོ་གཞན་ཡང་བཟང་ངོ་། །རོལ་མོ་བྱེད་དུ་གཞུག་པའི་ཕྱིར། ཀྱེ་མི་དག་སྟོན་པ་ལ་མཆོད་པ་དག་གྱིས་ཤིག་ཅེས་བརྗོད་པ་ལ་ཁ་ན་མ་ཐོ་བ་མེད་དོ། །སྐུ་གཟུགས་གཤེགས་པའི་ཞག་གཅིག་གཉིས་ཀྱི་མདུན་རོལ་ཏུ་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་སང་ངམ་གནངས་སྐུ་གཟུགས་གཤེགས་པར་འབྱུང་བར་འགྱུར་བ་ཉིད་ན་ཡི་གེར་བྲིས་པ་སྒྲོག་པར་བྱའོ། །དེ་ལྟར་བསྒྲགས་ཀྱང་མ་གོ་ན་སངས་རྒྱས་གཤེགས་པར་འགྱུར་རོ་ཞེས་གྲོ་ག་ལ་སོགས་པ་ལ་བྲིས་པ་གླང་པོ་ཆེའི་ཤུལ་སྟེང་དུ་གདུགས་དང་། རྒྱལ་མཚན་དང་བ་དན་ལ་སོགས་པས་བསྐོར་བར་བྱེད་ཏེ་དེ་ལྟར་ཡི་གེར་བྲིས་པ་བསྒྲག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྒྱལ་བུ་དོན་གྲུབ་པའི་སྐུ་གཟུགས་བྱ་བ་ཆོས་དང་ལྡན་


K8Z004_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །སྐུ་གཟུགས་དེ་ལ་རྒྱལ་མཚན་དག་གིས་བསྐོར་རོ། །ལན་ཀན་གྱིས་བསྐོར་རོ། །ལྕགས་ཀྱི་ཀ་བ་དག་གིས་ཀྱང་ངོ་། །ལྕགས་ཀྱི་ཀ་བ་དེ་དག་ལ་བ་དན་གདགས་སོ། །སྐུ་གཟུགས་དེའི་རྗེས་སུ་འགྲོ་བ་མཐུན་པའི་འཁོར་བྱའོ། །རྐང་རྒྱན་དང་རྣ་རྒྱན་ནི་བུད་མེད་ཀྱི་རྒྱན་ཡིན་པའི་ཕྱིར་དེ་གཉིས་མ་གཏོགས་པའི་རྒྱན་གདགས་སོ། །དེ་ལ་སྤོས་ཀྱི་ལུས་སྦྱིན་ཏེ་དྲི་ཞིམ་བསྐུ་བར་བྱའོ། །སྐུ་གཟུགས་དེ་ཁྱོགས་ཀྱིས་བཀུར་རོ། །ཤིང་རྟས་ཀྱང་ངོ་། །དེ་ལ་གདུགས་དང་རྒྱལ་མཚན་དང་བ་དན་དག་བསྒྲེང་ངོ་། །དབུ་ལ་མེ་ཏོག་གི་སྣ་རྒྱན་གདགས་སོ། །མཆོད་ཡོན་དང་མེ་ཏོག་དང་བདུག་སྤོས་དང་ཞབས་ལ་ཙནྡན་ལ་སོགས་པའི་དྲི་ཆབ་གསོལ་བ་དག་ཀྱང་ངོ་། །སྐུ་གཟུགས་ལ་དད་པས་ཕུལ་བའི་རྫས་ནི་གནས་པ་དང་། གཞོན་ནུ་དང་། རྒན་པོ་དག་གིས་བླང་ངོ་། །དད་རྫས་དེ་གནས་བརྟན་རྣམས་ཀྱིས་བསྲུང་ངོ་། །སྐུ་གཟུགས་བཞུགས་པའི་མདུན་གྱི་གཞིར་ལམ་པོ་ཆེར་མེ་ཏོག་གི་ཕྲེང་བའི་ཟ་མ་ཏོག་སྟེ་སྣོད་བྱའོ། །ལུང་ལས། ཕྲེང་བའི་སྣོད་བགྱིའོ། །ཞེས་གསུངས་སོ། །འདི་ལ་རྒྱའི་ཞལ་ནས། སྐུ་གཟུགས་ལ་མཆོད་པའི་མེ་ཏོག་ས་ལ་མི་འབབ་པར་བྱ་བའི་ཕྱིར་ལམ་པོ་ཆེའི་ས་གཞིར་རས་དཀར་པོ་ཆེན་པོ་བཏིང་བ་ཡིན་གསུང་ཡང་། འགྲེལ་ཆུང་ལས། ཤིང་རྟའི་མདུན་དུ་སྒྲོམ་གྲུ་བཞི་བྱས་ལ་དེའི་ནང་དུ་མེ་ཏོག་སྣ་ཚོགས་བཞག་ལ་གཏོར་རོ། །ཞེས་བཤད་དོ། །སྐབས་འདིར་ཟ་མ་ཏོག་གི་དགོས་པ་ནི། ཉིད་བཤད་དང་ཊཱི་ཀ་ལས། མེ་ཏོག་ལ་སོགས་པ་གཏོར་བ་དག་ས་ལ་མི་འབབ་པར་བྱ་བའི་ཕྱིར་རོ། །ཞེས་གསུངས་པའོ། །འོ་ན་ཕྲེང་བའི་ཟ་མ་ཏོག་འདི་ནི་ཤིང་རྟའི་མདུན་གྱི་ས་གཞིའི་སྟེང་དུ་བཞག་པར་བྱ་བ་ཡིན་པ་ལ་ལམ་པོ་ཆེ་སྨོས་པའི་རྒྱུ་མཚན་ཅི་ཞེ་ན་


K8Z004_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་འབར་འབུར་དུ་ཤིང་རྟ་འཁྲིད་མི་ནུས་ལ། ས་གཞི་སྙོམས་པར་སྦྱངས་པའི་ལམ་ཆེན་དུ་ཤིང་རྟ་འཁྲིད་པས་ཏེ། གཞི་འགྲེལ་ལས། ལམ་པོ་ཆེ་ཞེས་བྱ་བ་ནི་ཤིང་རྟའི་ལམ་མོ་ཞེས་སོ། །རྣམ་པ་གཅིག་ཏུ་ན་མེ་ཏོག་གི་ཕྲེང་བའི་ཟ་མ་ཏོག་འདི་ནི་སྐུ་གཟུགས་བཞུགས་པའི་ཤིང་རྟའི་སྟེང་དུ་བཞག་ཀྱང་རུང་སྟེ། །ལུང་ལས། ཤིང་རྟའི་སྟེང་དུ་ཕྲེང་བའི་སྣོད་བགྱིའོ། །ཞེས་གསུངས་སོ། །ཕྲེང་བའི་ཟ་མ་ཏོག་ནི་མེ་ཏོག་གི་སྣོད་དེ། དེའི་ནང་དུ་དྲི་བཟང་པོའི་ཟ་མ་ཏོག་གཞུག་གོ་སྟེ། འགྲེལ་ཆུང་ལས། ཤིང་རྟའི་མདུན་དུ་སྒྲོམ་གྱི་སྟེང་དུ་ཞིམ་པོའི་དྲི་བསུང་གི་གབ་ཙེ་སྟེ་གྭའུ་བཀང་ལ་བཞག་གོ། །ཞེས་བཤད་དོ། །སྐུ་གཟུགས་དེ་ལ་མེ་ཏོག་དང་ནོར་བུའི་ཕྲེང་བ་གདགས་སོ། །སྐུ་གཟུགས་ལ་མཆོད་པ་རྫོགས་ཤིང་རོལ་མོ་བརྟུལ་བ་དག་ན་སྐྱེ་བོའི་ཚོགས་ཕྱིར་དོང་བའི་ཚེ་སྐུ་གཟུགས་ཀྱི་རྒྱན་བརྟུལ་ལོ། །བརྟུལ་བའི་དུས་ནི་མཚན་མོའི་སྟེ་ཉིན་པར་འདུས་པ་སླར་འོང་སྲིད་པའི་ཕྱིར་རོ། །རབ་ཏུ་བྱུང་བའི་གནས་སུ་སྟེ་གང་ཟག་གི་གཙུག་ཁང་གི་དུས་སྟོན་བྱ་བ་ཆོས་དང་མཐུན་ནོ། །འདི་ལ་ཁང་པའི་དུས་སྟོན་ཞེས་ཐ་སྙད་བྱེད་དོ། །སྨྲས་པ། ཡི་དམ་ཕྱོགས་ཀྱི་བུ་མོས་འདོད་པ་ཡིས། །འཆར་ཀ་ལི་ཁྲིའོ་མཚན་དོར་ཡིད་འབྱུང་ཅན། །དཀའ་ཐུབ་ནགས་ལ་ཆས་པའི་རྐང་པ་ནི། །གཡོ་སྒྱུའི་ཚོན་ཁུས་སྦགས་མེད་བདེར་རྒྱུ་ཞིང་། །མཐོ་རིས་བཟང་པོའི་རོ་ཡིས་རྟག་དུབ་སྟེ། །ཡུལ་ལ་སྤྱད་པས་ཆོག་པར་བཟོད་པ་ཡི། །འཁོར་བའི་གནས་ཚུལ་མཐོང་བའི་ཟུར་མིག་མ། །རྣམ་གྲོལ་བསྙེགས་ནས་བསྟན་བཅོས་ལམ་འདིར་ཞུགས། །ཐར་པའི་འགྲོས་ཀྱིས་ཀུན་ནས་བསླང་བ་ཡི། །སྙོག་པ་ལས་གྲོལ་དགའ་མའི་རོལ་རྩེད་མཁན། །རྣམ་པར་འགྱུར་བས་མཁྱེན་བཟང་འབྲས་འདོད་པ། །དེ་ལ་འཆི་མེད་


K8Z004_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པའི་སྐྱེས་བུར་མཐོང་། །ཐམས་ཅད་ཤེས་པའི་རླབས་ཕྲེང་སྒྲོགས་པ་ཡི། །བརྗེད་མེད་གཟུངས་ཀྱི་ཡིད་བཞིན་རྒྱ་མཚོ་ཡང་། །ཀུན་དགར་བྱེད་པའི་དཔལ་མོའི་ནུ་འགྲམ་ལ། །བདེ་བར་འཆར་ཞིང་བདེ་བར་རྒྱུ་བས་ངོམས། །བག་ཡོད་ལུས་ལ་ཁྲེལ་ཡོད་གོས་བཟང་བཅེར། །ཤེས་བཞིན་གདུབ་ཀོར་གཡོ་བའི་ལུས་ཕྲ་མ། །ཐུགས་རྗེ་དར་བའི་བག་མ་མངོན་མཐོའི་ནང་། །ཞུགས་ཤིག་ལེགས་བཤད་བཞེད་པའི་སྐལ་བཟང་ཡོད། །བརྩོན་པ་དུས་ཀྱིས་གཏུགས་མེད་ཆགས་པ་ཡི། །མཐར་བྱེད་མགྲིན་པའི་དཔལ་དུ་རོལ་པ་ནས། །གཞན་ཡིད་ཐར་པར་འཆིང་བའི་ཞགས་པ་མཁན། །དཔལ་ལྡན་དབྱངས་ཅན་དགའ་བྱེད་ཚུལ་འདི་མཚར། །འགྲོ་མང་སྙིང་ལ་དེ་སྙེད་ལུས་ཅན་མ། །ཆུ་ནང་གྲིབ་གཟུགས་བཞིན་དུ་འཕོ་བ་ཡི། །གཤིན་རྗེའི་འཇིགས་པ་རྐུ་བའི་ཆོམ་རྐུན་མོ། །གཞན་ཡིད་འདྲེན་ལ་མིག་གི་བདུད་རྩི་ཡིན། །དོན་མཐུན་ཕན་ཚུན་མིག་ཟུར་གཡོ་བས་སྦྲེལ། །དོན་སྤྱོད་མི་མཆུའི་བཅུད་མཆོག་འཇོ་བྱེད་ཅིང་། །བརྩེ་བའི་ལག་སོར་འཁྲི་ཤིང་གཞོན་ནུ་འཁྲིགས། །དགའ་ཆེས་མཐོན་མཐིང་ལྷས་མ་སྟབས་སུ་གྲོལ། །དབྱེར་མེད་གྲིབ་བསིལ་གདུགས་བཟང་གཅིག་གིས་ཁེབས། །འཆིང་བ་གཅོད་པའི་ནོར་བུ་འོད་དུ་འཚེར། །སྙིང་སྟོབས་མཛའ་བའི་མེ་ཏོག་ཕྲེང་དཀར་རྒྱས། །སྐྱེ་རྒུའི་ཡིད་ཅིག་དབྱངས་ཅན་དགའ་བྱེད་དོ། །དཔལ་ལྡན་བླ་མ་ཆོས་སྐུར་མཐོང་བའི་ནང་གི་མིག་ཅན་གང་ལ་སྤྲུལ་པའི་སློབ་དཔོན་གཤེགས་བཞུད་མེད། །མཁའ་ལྟར་དག་པ་བླ་མའི་ཐུགས་ནི་རྣལ་འབྱོར་དག་པའི་སྟོང་ཆེན་མཆོག་ལ་འཆར་བར་བྱེད་པ་པོ། །ཡང་ཡང་བྱིན་གྱིས་བརླབས་པས་སྒྲུབ་པའི་སྙིང་པོ་བླ་མའི་རྣམ་འབྱོར་དཔལ་ལྡན་དྭགས་པོའི་བཀའ་


K8Z004_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དེ། །དེ་ལ་ཕྱོགས་སུ་ལུས་ངག་ཡིད་བཅས་ཕོངས་པ་མེད་པར་དོར་ནས་མཉེས་པ་གསུམ་གྱིས་མཉེས་བྱེད་པའོ།། །།ཟླ་མེད་སྤྲིན་སྔོན་ཕུང་པོའི་ཁང་བརྩེགས་རྩེར། །མཁྱེན་ཅན་འབྲུག་གི་ན་ཆུང་མྱོས་པའི་གླུ། །སྐལ་ལྡན་དཔྱིད་དུས་སྐྱེས་བུའི་རྣ་བར་ནི། །རོལ་རྩེད་ཀུན་དགའ་གཡོ་དེར་ཕྱག་བྱས་ནས། །འཆུགས་མེད་རིམ་བརྒྱུད་མཁས་པའི་ངག་མཚོ་ལས། །འོངས་པའི་དོན་བཟང་བདུད་རྩིའི་རྒྱུན་འདི་ཉིད། །མི་ཟད་ཚིག་དོན་དལ་གྱིས་ལྷོད་འགྲོས་སུ། །ལེགས་པར་བགྱི་ཡི་སྐལ་ལྡན་དགྱེས་པར་མཛོད། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གོ་རིམ་ངེས་པའི་རྒྱུ་མཚན་དང་། སྐབས་དོན་དངོས་སོ། །དང་པོ་ལ་གཉིས་ཏེ། རྩོད་པ་དང་། ལན་གདབ་པའོ། །དང་པོ་ནི། མདོ་རྩ་བ་འདིར་དངོས་བཅས་སྔོན་ལ་བརྩམས་ནས། མདོར་བསྡུས་ཕྱིས་བརྩམས་པ་འདི་ལ་བརྟེན་ནས་རྒོལ་བ་པོ་ཁ་ཅིག་འདི་སྐད་དུ། མདོ་རྩ་བ་འདི་ཆོས་ཅན། རྩོམ་པའི་གོ་རིམ་ལོག་པ་ཡིན་ཏེ། རྒྱས་བཤད་སྔོན་ལ་བརྩམས་ནས་མདོར་བསྟན་ཕྱིས་བརྩམས་པས། མདོར་བསྟན་རྒྱས་བཤད་ཀྱི་གོ་རིམ་དང་འགལ་བའི་ཕྱིར། ཡི་གེ་མང་ཤོས་སྔོན་ལ་བརྩམས་ནས་ཡི་གེ་ཉུང་ཤོས་ཕྱིས་རྩོམ་པ་སྒྲའི་བསྟན་བཅོས་དང་འགལ་བའི་ཕྱིར་རོ། །དེ་ཡང་དངོས་ཀྱི་བཅས་པ་རྣམས་ནི་ཡི་གེ་མང་ཤོས་ཡིན་ལ། མདོར་བསྡུས་ནི་ཡི་གེ་ཉུང་ཤོས་ཡིན་པར་གཞུང་གིས་གྲུབ་བོ། །ཡི་གེ་ཉུང་ཤོས་ཕྱིས་རྩོམ་ན། ཐ་སྙད་ཀྱི་གཙུག་ལག་ནས། གཉིས་ལས་ཡི་གེ་རབ་ཉུང་བ། །ཡང་ན་མཆོད་འོས་སྔོན་དུ་སྦྱར། །ཡི་གེ་ཉུང་དང་མཆོད་པར་འོས། །དང་པོར་བསྟན་པ་འཐད་པ་ཡིན། །ཅེས་གསུངས་པ་དང་འགལ་ཅེ་ན། གཉིས་པ་ལན་གདབ་པ་ནི། སྒྲའི་བསྟན་བཅོས་


K8Z004_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཤད་པ་དེ་ནི་རྒྱུ་མཚན་གཞན་མེད་ཀྱི་དབང་དུ་བྱས་པ་ཡིན་ལ། རྩོམ་པའི་གོ་རིམ་མདོ་རྩ་བའི་འདི་ལྟར་འཐད་དེ། གལ་ཏེ་མདོར་བསྡུས་སྔོན་ལ་བརྩམས་ན་ནི་འགལ་བའི་སྐྱོན་གསུམ་སྟེ། ལུང་ལས། དངོས་བཅས་གསུངས་པའི་རྗེས་སུ་མདོར་བསྡུས་ཕྱིས། གསུངས་པ་དང་འགལ་ལོ། །ཚིག་གི་ཆ་ནས་མདོར་བསྡུས་ཡིན་ཀྱང་དོན་གྱི་ཆ་ནས་རྒྱས་བཤད་ཡིན་པས། དངོས་བཅས་ལ་རྣམ་གྲངས་ཀྱི་ཚད་བཟུང་དུ་ཡོད་ཅིང་། མདོར་བསྡུས་ནི་ནགས་མཐའ་མེད་ལྟ་བུ་སྟེ། རྒྱ་དང་མཚམས་མེད་པ་ཡིན་པས་དོན་གྱི་ཆ་ནས་མདོར་བསྟན་རྒྱས་བཤད་ཀྱི་གོ་རིམ་དང་འགལ་ཅིང་། བཅས་པ་རྟོགས་པའི་གོ་རིམ་དང་ཡང་འགལ་ཅིང་དངོས་ཀྱི་བཅས་པ་སྔོན་ལ་རྟོགས་པ་ལ་བརྟེན་ཏེ། དེ་དང་འདྲ་བ་གཞན་ལ་སྦྱར་ཏེ་མདོར་བསྡུས་ཀྱི་བཅས་པ་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། སྐྱེས་བུའི་ལག་ན་ཞགས་པ་ཡོད་མེད་རྩོད་པ་ལ་སྐྱེས་བུ་གཞི་གྲུབ་དགོས་པ་ལྟར་མདོར་བསྡུས་སྔར་འཆད་དང་ཕྱིས་འཆད་རྩོད་པའི་འདུལ་བ་མདོ་རང་དེ་གང་ཞེ་ན། ལུང་ཕྲན་ཚེགས་ལས། སངས་རྒྱས་བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་ཀྱི་ཉེན་ཀོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་ཉིད་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་འདུལ་བ་རྒྱས་པར་བསྟན་ན་མདོར་བསྡུས་ཏེ་མ་བསྟན་པས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་ཁྱོད་ཀྱི་ངས་སྔོན་གནང་བ་ཡང་མེད། བཀག་པ་ཡང་མེད་པ་གང་ཡིན་པ་དེ་ནི་གལ་ཏེ་མི་རུང་བ་དང་མཐུན་ཅིང་རུང་བ་དང་མི་མཐུན་ན་རུང་བ་མ་ཡིན་པའི་ཕྱིར་སྤྱད་པར་མི་བྱའོ། །གལ་ཏེ་རུང་


K8Z004_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་མཐུན་ཅིང་མི་རུང་བ་དང་མི་མཐུན་ན་རུང་བ་ཡིན་པའི་ཕྱིར་སྤྱད་པར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །ཞེས་དང་། མདོ་རྩ་བའི་སྐབས་འདིའི་གཞུང་གིས་ཀྱང་བསྡུས་པའོ། །དེ་གཏན་ལ་འབེབས་པ་ལ་གཉིས་ལས། དང་པོ་དགོས་དོན་ནི། བྱེ་བྲག་གི་གསལ་ཀ་མ་བཏོད་པའི་ཚུལ་ཁྲིམས་ཀྱི་འཇུག་ལྡོག་ལ་མཁས་པའོ། །གཉིས་པ་བསྡུས་པའི་དོན་ལ་བརྒྱད་ལས། དབྱེ་བ་ངོ་བོ་མཚན་ཉིད་ངེས་ཚིག་དང་། །གཞི་དང་རྒྱུ་མཚན་དང་ནི་སྦྱར་ཚུལ་དང་། །སྔར་བཅས་རྗེས་བཅས་གང་ཡིན་བརྟག་པ་སྟེ། །བརྒྱད་ཀྱི་དོན་འདི་རྣམ་པར་བཤད་པར་བྱ། །དང་པོ་འདུལ་བ་མདོར་བསྡུས་ཀྱི་དབྱེ་བ་ནི། རྒྱུ་མཚན་གྱི་སྒོ་ནས་ཕྱེ་ན་དགག་སྒྲུབ་གནང་གསུམ་ལས། དང་པོ་དགག་བྱ་འདུལ་བ་མདོར་བསྡུས་ནི། འཐས་པར་གནས་པའི་བྱེ་མ་སྲོག་ཆགས་ཅན་དགེ་སློང་གིས་རྐོ་བ་བཀག་པ་ལྟ་བུའོ། །སྒྲུབ་པ་འདུལ་བ་མདོར་བསྡུས་ནི། དགེ་ཚུལ་གྱིས་གསོ་སྦྱོང་བྱ་དགོས་པ་ལྟ་བུའོ། །གནང་བའི་མདོར་བསྡུས་ནི། ཁམ་ཕོར་དུ་ཟས་ཟ་བ་གནང་བ་ལྟ་བུའོ། །ངོ་བོའི་སྒོ་ནས་ཕྱེ་ན་གཉིས་ལས། རྒྱུ་ཚོགས་དང་བཅས་པའི་འདུལ་བ་མདོར་བསྡུས་ནི། དགག་བྱ་དང་ལྡན་པའི་བྱེ་མ་དགེ་སློང་གིས་རྐོ་བ་བཀག་པ་ལྟ་བུ་སྟེ། བཅས་པའི་ངོ་བོ་དང་ཡན་ལག་ཐམས་ཅད་གསལ་ཀ་མ་བཏོད་པར་མདོར་བསྡུས་སྦྱར་བ་ལྟ་བུའོ། །ཡན་ལག་གི་འདུལ་བ་མདོར་བསྡུས་ནི། འཁྲིག་ཚིག་གི་ལྷག་མ་ལ་ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཡན་ལག་ཏུ་དགོས་པར་ལུང་ལས་དངོས་སུ་གསུངས་པས། བསྙེན་བཀུར་བསྔགས་པའི་ལྷག་མ་ལ་ཡང་དེ་ཡན་ལག་ཏུ་དགོས་པ་སློབ་དཔོན་གྱིས་སྦྱར་ཏེ། རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ་ཞེས་གསུངས་


K8Z004_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའོ། །གནས་སྐབས་ཀྱི་སྒོ་ནས་དབྱེ་ན་གཉིས་ཏེ། ངོ་བོ་ཉིད་ཀྱིས་འདུལ་བ་མདོར་བསྡུས་དང་། བྱེད་པའི་འདུལ་བ་མདོར་བསྡུས་སོ། །དེའང་གང་ཟག་གིས་སྦྱོར་མ་ཤེས་པ་དང་། སྦྱོར་ཤེས་པ་སྟེ་གོ་རིམ་བཞིན་ནོ། །གཉིས་པ་མདོར་བསྡུས་ཀྱི་ངོ་བོ་ནི། བྱེ་བྲག་གི་གསལ་ཀ་མ་བཏོད་པའི་འདུལ་བའི་བསླབ་པའོ། །འོ་ན་གསལ་ཀ་བཏོད་མ་བཏོད་གྱི་ཁྱད་པར་ཅི་ཞེ་ན། འདུལ་བའི་ལུང་གང་ཡང་རུང་བར་དགག་བྱའི་རྒྱུ་མཚན་ལ་བརྟེན་ཏེ་བྱ་བའི་བྱེ་བྲག་དང་སྦྱར་ནས་ལྟུང་བ་སྡེ་ལྔ་ལས་གང་ཡང་རུང་བའི་མིང་གིས་གསལ་ཀ་བཏོད་པའམ། དགོས་པའི་རྒྱུ་མཚན་ལ་བརྟེན་ཏེ་བྱེ་བྲག་དང་སྦྱར་ནས་སྒྲུབ་པའི་མིང་གིས་གསལ་ཀ་བཏོད་པ་ཉིད་ཡིན་ནོ། །དགག་དགོས་པའི་རྒྱུ་མཚན་ལ་བརྟེན་ཏེ་བྱ་བའི་བྱེ་བྲག་དང་སྦྱར་ནས་སྒྲུབ་པའི་མིང་གིས་གསལ་ཀ་བཏོད་པའམ། དགག་དགོས་མེད་པའི་རྒྱུ་མཚན་ལ་བརྟེན་ཏེ་ཉེས་པ་མེད་པའི་མིང་གིས་གསལ་ཀ་བཏོད་ན་གསལ་ཀ་བཏོད་པ་ཡིན་ལ། དེ་དག་ལས་གཞན་དུ་གསལ་ཀ་མ་བཏོད་པ་ཉིད་ཡིན་ནོ། །འོ་ན་མདུན་གྱིས་དཀར་པོ་རྐོ་བའི་ལྟུང་བྱེད་དེ་གསལ་ཀ་བཏོད་པ་ཡིན་ནམ་མ་བཏོད་པ་ཡིན། གཉིས་པ་ལྟར་ན་ལྟུང་བྱེད་དེ་མདོར་བསྡུས་ཀྱི་ལྟུང་བྱེད་ཡིན་པར་ཐལ། གསལ་ཀ་མེད་པའི་ལྟུང་བྱེད་ཡིན་པའི་ཕྱིར་རོ། །དང་པོ་ལྟར་ན་འདུལ་བའི་ལུང་གང་ལས་ཀྱང་མདུན་གྱི་ས་དཀར་པོ་རྐོ་ན་ལྟུང་བྱེད་དོ་ཞེས་གསུངས་པ་མེད་དོ་ཞེ་ན། ས་རྐོ་ན་ལྟུང་བྱེད་དོ་ཞེས་དངོས་སུ་གསུངས་པས། མདུན་གྱི་ས་དཀར་པོ་རྐོ་བའི་ལྟུང་བྱེད་ཀྱང་གསལ་ཀ་བཏོད་པ་ཡིན་ནོ། །འོ་ན་དགེ་ཚུལ་གྱི་གསོ་སྦྱོང་ཡང་གསལ་ཀ་བཏོད་པ་ཡིན་པར་ཐལ། གསོ་སྦྱོང་བྱའོ་ཞེས་དངོས་སུ་གསུངས་པ་


K8Z004_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་ཞེས་མཚུངས་སོ་ཞེ་ན། དེ་སྐད་དངོས་སུ་གསུངས་ཀྱང་དགེ་ཚུལ་གྱི་གསོ་སྦྱོང་གསལ་ཀ་མ་བཏོད་ན་ཅི་འགལ་ཅེས་བརྗོད་དོ། །འོ་ན་ས་རྐོ་བ་ལྟུང་བྱེད་དོ་ཞེས་དངོས་སུ་གསུངས་ཀྱང་། མདུན་གྱི་ས་དཀར་པོ་རྐོ་བའི་ལྟུང་བྱེད་གསལ་ཀ་མ་བཏོད་ན་ཅི་འགལ། མགོ་མཚུངས་སོ་ཞེས་རྒོལ་ན་ས་རྐོ་བ་བཀག་པ་དང་། གསོ་སྦྱོང་བྱ་བ་བསྒྲུབ་པ་ཡིན་པས་སྔ་མ་ནི་སྤྱི་བཀག་པས་བྱེ་བྲག་ཁེགས་པ་དང་། ཕྱི་མ་ནི་སྤྱི་བསྒྲུབས་པས་བྱེ་བྲག་མི་འགྲུབ་པའི་ཕྱིར་མི་མཚུངས་སོ་ཞེས་མཚོ་སྣ་པ་ཆེན་པོས་གསུངས་སོ། །གསུམ་པ་འདུལ་བ་མདོར་བསྡུས་ཀྱི་མཚན་ཉིད་ནི། ཚ་རོང་པ་ན་རེ། མཚན་ཉིད་ནི་ལུང་ལ་བརྟེན་པའི་རྗེས་དཔག་ཡིན་ཟེར་རོ། །འོ་ན་འདུལ་བ་མདོར་བསྡུས་ཆོས་ཅན། བློ་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར་རོ། །འདོད་ན། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག ། གང་རྣམས་ཐུབ་པས་གསུངས་དེ་དག ། ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་སོ། །དེས་ན་བརྒྱད་ཁྲིའི་ནང་དུ་འདུལ་བ་མདོར་བསྡུས་མ་འདུས་པ་ཅི། དེས་ན་འདུལ་བ་མདོར་བསྡུས་སྦྱིའི་མཚན་ཉིད་ནི། འདུལ་བའི་བསླབ་པ་རྣམ་པར་བཞག་པའི་བདག་ཉིད་དུ་གྲུབ་པ་གང་ཞིག ། བྱ་བ་བྱེ་བྲག་གི་གསལ་ཀ་མ་བཏོད་པའོ། །བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོར་མ་ལོན་པ་ན། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་གསུངས་པ་ཡང་བྱ་བ་བྱེ་བྲག་གི་གསལ་ཀ་མ་བཏོད་པའི་འདུལ་བ་ཡིན་མོད་ཀྱི། བཅས་པ་མཚན་ཉིད་པ་མ་ཡིན་ནོ། །དེས་ན་སྐབས་འདིའི་མཚན་ཉིད་ཀྱི་ཟུར་སྔ་མས་རྣམ་པར་བཅད་དོ། །དགེ་ཚུལ་གྱི་གསོ་སྦྱོང་ནི་གང་ཟག་གི་བྱེ་བྲག་གི་གསལ་ཀ་མ་བཏོད་པ་ཡིན་མོད་ཀྱི། དེ་ཡང་བྱ་བའི་བྱེ་བྲག་གིས་


K8Z004_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཀ་མ་བཏོད་པའི་ནང་དུ་འདུས་ཏེ། གང་ཟག་དེའི་བྱ་བ་བྱེ་བྲག་གི་གསལ་ཀ་མ་བཏོད་པ་ཉིད་ཡིན་པའི་ཕྱིར། འདུལ་བ་མདོར་བསྡུས་ཀྱི་བྱེ་བྲག་སོ་སོའི་མཚན་ཉིད་ནི་སྤྱིའི་མཚན་ཉིད་དེ་ལ་ཅུང་ཟད་ཁ་སྐོང་བ་སྟེ་གང་ཞིག་སྨོས་པ་དེ་ཡིན་ལ། དགག་བྱའི་རྒྱུ་མཚན་གྱི་འབྲེལ་ཡུལ་གང་ཞིག་དང་། དགོས་པའི་རྒྱུ་མཚན་གྱི་འབྲེལ་ཡུལ་གང་ཞིག་དང་། དགག་དགོས་མེད་པའི་རྒྱུ་མཚན་གྱི་འབྲེལ་ཡུལ་གང་ཞིག་ཅེས་ཁ་བསྐང་སྟེ། དགག་སྒྲུབ་གནས་གསུམ་གྱི་མདོར་བསྡུས་ཀྱི་མཚན་ཉིད་དུ་གོ་རིམ་བཞིན་དུ་སྦྱར་རོ། །བཅས་པའི་བདག་ཉིད་དུ་གནས་པ་གང་ཞིག་དང་། ཡན་ལག་གི་བདག་ཉིད་དུ་གནས་པ་གང་ཞིག་ཅེས་ཁ་བསྐང་སྟེ། རྒྱུ་ཚོགས་དང་བཅས་པའི་མདོར་བསྡུས་དང་། ཡན་ལག་མདོར་བསྡུས་ཀྱི་མཚན་ཉིད་དུ་སྦྱར་རོ། །གང་ཟག་གིས་སྦྱོར་མ་ཤེས་པ་གང་ཞིག་དང་། གང་ཟག་གིས་སྦྱོར་ཤེས་པ་གང་ཞིག་ཅེས་ཁ་བསྐང་སྟེ། ངོ་བོ་ཉིད་ཀྱི་མདོར་བསྡུས་དང་། བྱེད་པའི་མདོར་བསྡུས་ཀྱི་མཚན་ཉིད་དུ་སྦྱར་རོ། །བཞི་པ་འདུལ་བ་མདོར་བསྡུས་ཀྱི་ངེས་ཚིག་ནི། བོད་སྔ་མ་རྣམས་རུང་མཐུན་ཟེར་རོ། །འོ་ན་ས་རྐོར་མི་རུང་བ་དང་མཐུན་པ་སྟེ་དགག་བྱ་དང་ལྡན་པའི་བྱེ་བྲག་བྱེ་མ་རྐོར་མི་རུང་བ་ཆོས་ཅན། རུང་མཐུན་མ་ཡིན་པར་ཐལ། མི་རུང་མཐུན་ཡིན་པའི་ཕྱིར། འདོད་ན། རུང་མཐུན་ཡིན་པར་འདོད་པ་ཉམས་སོ་ཞེས་པའི་རྩོད་པ་ཡོད་དོ། །མིང་ཁྱབ་ཆེས་ཁྱབ་ཆུང་བརྩི་བ་མཁས་པའི་རྣམ་གཞག་མ་ཡིན་མོད་ཀྱི། །འོན་ཀྱང་མིང་དོན་འགལ་བས་མ་འགལ་ན་ལེགས་སོ། །ཚུལ་ཁྲིམས་སྟོན་པས་ན་འདུལ་བ་གསལ་ཀ་བཏོད་པ་ལ་བལྟོས་ནས་ཚིག་མདོར་བསྡུས་པ་ན་མདོར་བསྡུས་ཞེས་བྱ་སྟེ། ལུང་ལས། འདི་ལ་མདོར་བསྡུས། ཞེས་གསུངས་ཤིང་། རང་གི་


K8Z004_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཤད་དང་ཊཱི་ཀ་ལས། ད་ནི་འདུལ་བ་མདོར་བསྡུས་བརྗོད་པར་བྱ་སྟེ། ཞེས་གསུངས་ཤིང་། འོད་ལྡན་རྩ་བ་ལས་ཀྱང་། འདུལ་བ་མདོར་བསྡུས་ཞེས་བྱ་སྒྲོན་མ་དང་། །འདྲ་བ་གང་འདི་བདེ་བར་གཤེགས་པས་གསུངས། །ཞེས་སོ། །ལྔ་པ་གཞི་གང་ལ་མདོར་བསྡུས་སྦྱར་བ་ནི། སྤྱིའི་ཚུལ་གྱིས་ནི་དགག་པའམ་གནང་བ་མཛད་ལ། བྱ་བ་བྲེ་བྲག་དང་སྦྱར་ནས་གནང་བཀག་མ་མཛད་པའི་གཞི་ལ་སྦྱར་ཏེ། འོད་ལྡན་རྩ་བ་ལས། གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། །དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་སྦྱར། །ཞེས་སོ། །དྲུག་པ་རྒྱུ་མཚན་གང་གིས་སྦྱར་བ་ལ་གསུམ་སྟེ། དགག་བྱའི་རྒྱུ་མཚན་དང་། དགོས་པའི་རྒྱུ་མཚན་དང་། དགག་དགོས་མེད་པའི་རྒྱུ་མཚན་ནོ། །དང་པོ་ལ་བཞི་ལས། དགག་བྱ་ངོས་བཟུང་བ་ནི་འདིར་དགག་བྱ་གང་ཞེ་ན། ཉེས་དམིགས་གང་ཞིག་འདུལ་བའི་ཁྲིམས་སུ་བཅའ་བའི་སྒོ་ནས་དགག་པར་བྱ་བ་སྟེ། དངོས་སམ་བརྒྱུད་པས་རང་གཞན་གྱི་རྒྱུད་ལ་ལམ་གོང་མ་སྐྱེ་བའི་གེགས་ཀྱི་བྱེ་བྲག་གོ། །དགག་བྱ་ལ་ཕྱེ་ན་གཉིས་ཏེ། སྤྱིའི་དགག་བྱ་དང་། སྒོས་ཀྱི་དགག་བྱའོ། །དང་པོ་ནི། ཚོད་ཡོངས་སུ་མི་ཤེས་པ་དང་། ཧ་ཅང་ཐལ་བར་འགྱུར་བ་དང་། དེའི་རིགས་དང་ལྡན་པ་གསུམ་སྟེ། སྒོས་ཀྱི་དགག་བྱ་ལ་ཐུག་པར་འགྱུར་མི་འགྱུར་གྱི་ཚོད་མི་ཤེས་ཏེ། བཅས་པའི་རྒྱ་རལ་ཏེ་ཧ་ཅང་ཐལ་བར་འགྱུར་བ་དང་། བྱ་བ་དེ་ལ་གནས་སྐབས་དེ་ན་སྒོས་ཀྱི་དགག་བྱ་མེད་ཀྱང་སྤྱིར་བྱ་བ་དེ་ལ་དགག་བྱ་དེ་ཡོད་པའི་རིགས་ཅན་ཡིན་པའོ། །དགག་བྱ་གསུམ་པོ་དེ་དག་གང་ལས་བཤད་ན། འོད་ལྡན་ལས། ཉམས་པར་གྱུར་པའི་ཚོད་ཡོངས་སུ་མི་ཤེས་པའི་ཕྱིར་དང་། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་། དེའི་རིགས་དང་


K8Z004_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཉིད་ཡིན་པས། ཞེས་སོ། །བཅས་པའི་ས་མཚམས་འཛིན་བྱེད་དུ་འགྱུར་བ་ཤས་ཆེ་བས་དེ་དག་ནི་བཅས་པ་རྣམ་འཇོག་གི་དགག་བྱ་ཞེས་ཀྱང་བྱའོ། །སྲོག་གཅོད་ཀྱི་ཕམ་པ་ལ་སོགས་པའི་སྐབས་ཁ་ཅིག་ཏུ་ནི་སྒོས་ཀྱི་དགག་བྱས་ཀྱང་བཅས་པའི་ས་མཚམས་འཛིན་པ་ཡོད་དེ་གོང་དུ་བཤད་དོ། །གཉིས་པ་སྒོས་ཀྱི་དགག་བྱ་ནི། བྱ་བ་དེ་འབྲེལ་གྱི་དགག་བྱ་ཞེས་ཀྱང་བྱ་སྟེ། ས་བརྐོས་པས་སྲོག་ཆགས་ལ་གནོད་པ་དང་། དོན་དང་བྱ་བ་མང་བ་དང་གཞན་མ་དད་པ་སྐྱེ་བའོ། །དེའི་རྣམ་པར་བཞག་པ་ནི་གོང་དུ་རྣམ་འབྱེད་དུ་རང་རང་གི་སྐབས་སུ་བཤད་དོ། །གཉིས་པ་སྤྱིའི་དགག་བྱ་དང་། སྒོས་ཀྱི་དགག་བྱ་གཅིག་གམ་ཐ་དད་བསམ་པ་ནི། ཀ་བའི་ཞལ་ནས། སྤྱིའི་དགག་བྱ་དང་སྒོས་ཀྱི་དགག་བྱ་ངོ་བོ་གཅིག་སྟེ། ཟངས་དང་ཟངས་ཀྱི་བུམ་པ་ངོ་བོ་གཅིག་པ་བཞིན་ནོ། །ཞེས་གསུངས་པ་མི་རིགས་ཏེ། དགེ་སློང་ཚོད་ཡོངས་སུ་མི་ཤེས་པ་སྤྱིའི་དགག་བྱ་དང་། ཁྱིམ་པ་ལ་སོགས་པ་གཞན་མ་དད་པ་སྐྱེ་བ་སྒོས་ཀྱི་དགག་བྱ་ཆོས་ཅན། ངོ་བོ་ཐ་དད་པ་ཡིན་ཏེ། གང་ཟག་ཐ་དད་ཀྱི་བློའི་ཆོས་སོ་སོ་བ་ཡིན་པའི་ཕྱིར་རོ། །སྤྱིའི་དགག་བྱ་ཚོད་ཡོངས་སུ་མི་ཤེས་པ་དང་། དེ་ལ་བརྟེན་ནས་ཆང་གིས་མྱོས་པ་ལྟ་བུ། སྒོས་ཀྱི་དགག་བྱ་ཆོས་ཅན། ཐ་དད་པ་ཡིན་ཏེ་རྒྱུ་འབྲས་ཡིན་པའི་ཕྱིར། ཧ་ཅང་ཐལ་འགྱུར་ལ་སོགས་དང་སྒོས་ཀྱི་དགག་བྱ་ཡང་ཐ་དད་དོ། །གསུམ་པ་དགག་བྱ་གང་གིས་བཅས་པ་ཤེས་པར་བྱེད་པ་ནི་དམིགས་བསལ་གཞན་པའི་སྐབས་སུ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་འབྲེལ་བ་རྣམས་ཡིན་ལ། སྤྱིར་བཏང་གི་སྐབས་སུ་ནི་སྒོས་ཀྱི་དགག་བྱས་བཅས་པ་ཤེས་པར་བྱེད་པ་སྟེ། བཅས་པ་རྣམ་འཇོག་གི་སྒོས་ཀྱི་


K8Z004_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དགག་བྱ་དང་བཅས་པ་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། དཔེར་ན་སྲོག་བཅད་པའི་ཕམ་པའི་སྒོས་ཀྱི་དགག་བྱ་མིའི་སྲོག་བཅད་ན་ཕམ་པ་བསྐྱེད་ལ། མ་ཚང་ན་མི་བསྐྱེད་པ་བཞིན་ནོ། །དམིགས་བསལ་ནི། རྡེག་པའི་ལྟུང་བྱེད་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཀྱང་སྤྱིའི་དགག་བྱས་བཅས་པའི་ས་མཚམས་བཟུང་སྟེ། སྒོས་ཀྱི་དགག་བྱ་ལུས་སྲོག་ལ་གནོད་པར་འགྱུར་བ་ལ་ནི་མི་བལྟོས་སོ། །དམིགས་བསལ་གཞན་པའི་སྐབས་སུ་བཅས་པའི་ཁ་ན་མ་ཐོ་བ་རྣམས་དང་འབྲེལ་བ་རྣམས་ལ་སྤྱིར་བཏང་གི་སྐབས་ན་སྤྱིའི་དགག་བྱས་བཅས་པར་ཤེས་པར་བྱེད་དེ། སྤྱིའི་དགག་བྱ་དང་བཅས་པའི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཏེ། དཔེར་ན། དགེ་སློང་གིས་མཆོད་རྟེན་གྱི་རྩྭ་བརྔ་བ་ལྟ་བུའོ། །རྩྭ་བརྔས་པ་དེས་གལ་ཏེ་སྲོག་ཆགས་ལ་གནོད་པར་མ་གྱུར་ན་སྒོས་ཀྱི་དགག་བྱ་མེད་ཀྱང་སྤྱིར་སྐྱེ་བ་བཅད་ན་སྲོག་ཆགས་ལ་གནོད་པའི་རིགས་ཅན་ཡོད་པ་སྟེ། སྤྱིའི་དགག་བྱ་ཡོད་པས་ལྟུང་བྱེད་བསྐྱེད་པའོ། །དམིགས་བསལ་ནི། གནས་མལ་ཕན་ཕུན་དུ་གྱུར་པའི་ལྟུང་བྱེད་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཀྱང་སྒོས་ཀྱི་དགག་བྱས་བཅས་པའི་ས་མཚམས་བཟུང་སྟེ། གནས་མལ་མ་བསྡུས་པའི་སྒོས་ཀྱི་དགག་བྱ་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་བསྐྱེད་ལ། མ་གྱུར་ན་ལྟུང་བྱེད་མི་བསྐྱེད་པར་གསུངས་པའོ། །བཞི་པ་དགག་བྱ་དང་དགག་བཅས་ལ་འབྲེལ་པ་ཡོད་དམ་མེད་བསྟན་པ་ནི། ཤ་མིའི་ཞལ་ནས། དེ་གཉིས་ངོ་བོ་གཅིག་ཏུ་གསུངས་ཀྱང་མི་རིགས་ཏེ་། དེ་གཉིས་ལ་བདག་གཅིག་པའི་འབྲེལ་པ་མེད་དེ། སྐྱོན་དང་སྐྱོན་མེད་ཡིན་པའི་ཕྱིར་ཏེ། དགག་བྱ་ནི་སྐྱོན་ཡིན་ལ། བཅས་པ་ནི་སྐྱོན་མེད་སངས་རྒྱས་ཀྱི་གསུང་གིས་མཚམས་རྣམ་པར་བཞག་པ་ཁྱད་པར་ཅན་ཡིན་པའི་ཕྱིར། དེ་ལ་


K8Z004_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་འབྲེལ་བ་ཡོད་ན་དགག་བྱ་ལས་དགག་བཅས་འབྱུང་ངམ། དགག་བཅས་ལས་དགག་བྱ་འབྱུང་། གཉིས་པ་ལྟར་ན་དགག་བྱ་འགོག་པའི་ཆེད་དུ་དགག་བཅས་མཛད་པ་ཆོས་ཅན། དགག་བཅས་དེ་དགག་བྱ་འགོག་བྱེད་མ་ཡིན་པར་ཐལ། དགག་བཅས་ལས་དགག་བྱ་འབྱུང་བའི་ཕྱིར། དང་པོ་ལྟར་ན་མདོར་བསྡུས་སྦྱར་བའི་གཞི་ལ་དགག་བཅས་ཡོད་པར་བསྒྲུབ་པ་ལ་དགག་བྱ་ཡོད་པ་རྟགས་སུ་བཀོད་པ་དེ་ཆོས་ཅན། རྟགས་ཁྱབ་ཡོད་པོ་ཡིན་པར་ཐལ། འབྲས་བུ་ཡོད་པར་བསྒྲུབ་པ་ལ་རྒྱུ་ཡོད་པ་རྟགས་སུ་བཀོད་པ་ཡིན་པའི་ཕྱིར་ཏེ། དཔེར་ན་མྱུ་གུ་ཡོད་པར་བསྒྲུབ་པ་ལ་ས་བོན་ཡོད་པ་རྟགས་སུ་བཀོད་པ་བཞིན་ནོ། །འདོད་ན་ནི་དགག་བྱ་ཡོད་པ་རྟགས་སུ་བཀོད་པ་དེས་རྟགས་ཀྱི་གོ་མ་ཆོད་པས་མདོར་བསྡུས་ཀྱི་བཅས་པ་མི་རྟོགས་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་འབྲེལ་བ་མེད་ན་ཆོས་ཅན་སྔར་བཞིན། རྟགས་ཁྱབ་མེད་པོ་ཡིན་པར་ཐལ། རྟགས་ཆོས་འབྲེལ་བ་གཏན་མེད་པའི་ཕྱིར་ཏེ། དཔེར་ན་ས་ཕྱོགས་སུ་རྟ་ཡོད་པ་བསྒྲུབ་པ་ལ་གླང་ཆེན་ཡོད་པ་རྟགས་སུ་བྱས་པ་བཞིན་ནོ། །འདོད་ན་ཡང་སྔ་མ་བཞིན་ཏེ། བྱེ་སྨྲས་འདུས་བྱས་ཀྱི་མཚན་ཉིད་དང་འདུས་མ་བྱས་ཀྱི་མཚན་ཉིད་རྣམ་པར་བཞག་འཇོག་ཡིན་པ་བཞིན་མདོར་བསྡུས་ཀྱི་དགག་བྱ་མི་རྟོགས་པའི་སྐྱོན་དུ་འགྱུར་རོ། །འོ་ན་གང་ཞེ་ན། དེ་གཉིས་ལ་དེ་བྱུང་གི་འབྲེལ་བ་མེད་ཀྱང་བཞག་འཇོག་གི་འབྲེལ་བ་ཡོད་པས་བཅས་པ་རྣམ་འཇོག་གི་དགག་བྱ་ལ་བལྟོས་ནས་བཅས་པ་རྣམ་པར་གཞག་ཅིང་། བཅས་པ་ལ་བལྟོས་ནས་བཅས་པ་རྣམ་འཇོག་གི་དགག་བྱ་ཞེས་རྣམ་པར་གཞག་གོ། །དེས་ན་བཅས་པ་ཙམ་པོ་ལ་བཅས་པ་ཡོད་པས་མ་ཁྱབ་ཀྱང་བཅས་པ་རྣམ་འཇོག་གི་དགག་བྱ་


K8Z004_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ལ་བཅས་པ་ཡོད་པས་ཁྱབ་བོ་ཞེས་གསུངས་སོ། །དགག་བྱའི་རྒྱུ་མཚན་ནི། དགག་པའི་མ་ནོར་བསྡུས་ཀྱིས་སྒྲུབ་བྱེད་དུ་སྦྱོར་རོ། །གཉིས་པ་དགོས་པའི་རྒྱུ་མཚན་ནི། དངོས་སམ་བརྒྱུད་པས་རང་གཞན་གྱི་རྒྱུད་ལ་ལམ་གོང་མ་སྐྱེ་བའི་རྒྱུར་འགྱུར་བ་སྟེ། །འདུལ་བ་ལ་བསྟོད་པར། སངས་རྒྱས་རྣམས་དང་རང་རྒྱལ་རྣམས་ཀྱིས་ཀྱང་། །བྱང་ཆུབ་གང་བརྙེས་ཐུབ་བློ་རྣམ་དག་པ། །སེམས་ཅན་དགྲ་བཅོམ་ཡོན་ཏན་ལྡན་པ་རྣམས། །དེ་ལའང་རྒྱུ་ནི་འདུལ་བ་ཡིན་པར་གསུངས། །ཞེས་རྒྱུའི་ཆ་ནས་གསུངས་པ་དང་། ལུང་ལས། ལམ་གྱི་འབྲས་བུ་དགྲ་བཅོམ་པ་ཐོབ་པའི་ཚེ་ངས་རབ་ཏུ་བྱུང་བའི་བྱ་བ་བྱས་སོ་ཞེས་འབྲས་བུའི་ཆ་ནས་གསུངས་སོ། །དགོས་པའི་རྒྱུ་མཚན་ནི་སྒྲུབ་པ་མདོར་བསྡུས་ཀྱི་སྒྲུབ་བྱེད་དུ་སྦྱར་རོ། །ཆོས་གོས་སྲ་བརྐྱང་གདིང་བར་བཅས་པ་ཆོས་ཅན། སྒྲུབ་པའི་བཅས་པ་ཡིན་པར་ཐལ། དགོས་པ་ཡོད་པའི་ཕྱིར་ཏེ་ཆོས་གོས་སྲ་བརྐྱང་གི་ཕན་ཡོན་བཅུ་གསུངས་པའི་ཕྱིར་རོ་ཞེ་ན། མ་ངེས་ཏེ་དགོས་པ་ཙམ་ཞིག་ཡོད་ཀྱང་སྒྲུབ་པའི་བཅས་པ་རྣམ་འཇོག་གི་དགོས་པའི་རྒྱུ་མཚན་ནི་ཡོད་པ་མ་ཡིན་པས། སྒྲུབ་པའི་བཅས་པ་ཡིན་པར་ཐལ་བར་མི་འགྱུར་རོ། །གསུམ་པ་དགག་དགོས་མེད་པའི་རྒྱུ་མཚན་ནི། སྔར་གྱི་དགག་བྱེ་དང་དགོས་པ་ཡང་མེད་པ་སྟེ། གནང་བའི་མདོར་བསྡུས་ཀྱི་སྒྲུབ་བྱེད་དུ་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་བཅས་པ་མ་མཛད་པ་དགག་དགོས་གང་ཡང་མེད་པ་ལ་ནི་གནང་བའི་བཅས་པས་མ་ཁྱབ་བོ། །དེས་ན་བཅས་པའི་རྟེན་ཅན་གྱི་བྱ་བ་གང་ཞིག་ཅེས་སོ། །གལ་ཏེ་ཆོས་གོས་སྲ་བརྐྱང་གདིང་བར་གནང་བའི་བཅས་པ་ཆོས་ཅན། དགག་དགོས་སོགས་གང་ཡང་མེད་པར་ཐལ། གནང་བའི་བཅས་པའི་བྱེ་བྲག་ཡིན་པའི་ཕྱིར། འདོད་ན། ཆོས་


K8Z004_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སྔར་བཞིན། སྲ་བརྐྱང་གི་ཕན་ཡོན་མེད་པར་ཐལ། དགག་བྱ་དང་དགོས་པ་གང་ཡང་མེད་པའི་ཕྱིར། རྟགས་ཁས་བླངས། འདོད་ན། ལུང་ལས། སྲ་བརྐྱང་གི་ཕན་ཡོན་བཅུ་གསུངས་པས་སོ། །ཞེ་ན། སྤྱིར་དགོས་པ་ཙམ་ཡོད་ཀྱང་མ་བསྒྲུབས་ན་ཉེས་པ་བསྐྱེད་ནུས་ཀྱི་དགོས་པ་ཁྱད་པར་བ་མེད་པས་སྐྱོན་མེད་དོ། །བདུན་པ་མདོར་བསྡུས་སྦྱར་བའི་ཚུལ་ལ། དགག་པ་མདོར་བསྡུས་ནི། ཊཱི་ཀ་ལས། ཉལ་བ་དང་། འགྲོ་བ་དང་། བཤང་བ་མི་བྱ་བ་ཉིད་དང་། ཉལ་བ་དང་འགྲོ་བས་ཟས་བཟའ་བར་མི་བྱ་བ་ཉིད་ཅེས་བྱ་བ་ལ་སོགས་པ་དག་ནི་དགག་པའི་རྣམ་པ་ཡིན་ལ། ཞེས་བཤད་དོ། །སྒྲུབ་པ་མདོར་བསྡུས་ནི། སུམ་བརྒྱ་པ་ལས། གལ་ཏེ་དངོས་སུ་གསུངས་པ་མེད་གྱུར་ཀྱང་། །དགག་དབྱེ་གསུངས་ཕྱིར་འདི་ལ་གསོ་སྦྱོང་ཡོད། །དགག་དབྱེ་དག་པ་གོ་བར་བྱ་ཕྱིར་ཏེ། །དེ་ལས་གསོ་སྦྱོང་དོན་ནི་ཐ་དད་མིན། །ཅེས་བཤད་དོ། །གནང་བ་མདོར་བསྡུས་ནི། ཊཱི་ཀ་ལས། ཚྭ་དང་བསྲེས་པའི་རྒུན་ཆུ་བཏུང་བར་བྱ་བ་ཉིད་དང་། ཁམ་ཕོར་དག་ཏུ་ཟས་བཟའ་བར་བྱ་བ་ཉིད་ཅེས་བྱ་བ་ལ་སོགས་པ་དག་ནི་རྗེས་སུ་གནང་བའི་རྣམ་པ་ཡིན་ཏེ། ཞེས་བཤད་དོ། །འདི་ལྟར་ཡང་སྦྱར་ཏེ། སྲོག་ཆགས་ལ་གནོད་པ་ལ་སོགས་པའི་དགག་བྱ་དང་ལྡན་པའི་བྱེ་མ་འཐས་པར་གནས་པ་བཅས་ལྡན་དགེ་སློང་གིས་རྐོ་བ་ཆོས་ཅན། མི་རུང་བ་ཡིན་ཏེ། བཅས་པའི་རྟེན་ཅན་གྱིས་སྲོག་ཆགས་ལ་གནོད། དོན་དང་བྱ་བ་མང་། གཞན་མ་དད་པ་སྐྱེ་བའི་དགག་བྱ་ཡོད་པའི་ཕྱིར་ཏེ། དཔེར་ན་ས་བརྐོས་པ་བཞིན་ནོ། །འོ་ནལུང་རྣམ་འབྱེད་ལས། བྱེ་མ་འབའ་ཞིག་རྐོ་བ་ལ་ནི་ལྟུང་བ་མེད་དོ། །ཞེས་པ་དང་འགལ་སྙམ་ན། དེ་ནི་དགག་བྱ་དང་མི་ལྡན་པའི་བྱེ་མ་བརྐོ་བ་ལ་དགོངས་པའོ། །སྒྲུབ་པ་


K8Z004_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་ནི། གསོ་སྦྱོང་གི་བྱེ་བྲག་ཁ་ཅིག་ཆོས་ཅན། དགེ་ཚུལ་གྱིས་སྒྲུབ་དགོས་ཡིན་ཏེ། དགེ་ཚུལ་གྱི་ཆོས་དག་པ་དང་ཚུལ་ཁྲིམས་དག་པའི་དགོས་པ་ཡོད་པའི་ཕྱིར་རོ། །དཔེར་ན་དགེ་ཚུལ་གྱི་དགག་དབྱེ་བཞིན་ནོ། །གནང་བ་མདོར་བསྡུས་ནི། དཔེར་ན་དགེ་སློང་གཉིས་ཀྱིས་ཁམ་ཕོར་གཅིག་ཏུ་ཟས་ཟ་ན་ཉེས་བྱས་སོ། །གསེར་དངུལ་གྱིས་སྤྲས་པ་ལ་སོགས་པའི་ཁམ་ཕོར་དུ་དགེ་སློང་གཅིག་གིས་ཟས་ཟ་ན་ཡང་སྣོད་ཀྱི་ཆ་ནས་ཉེས་བྱས་སུ་གསུངས་པའི་རིགས་པས་དགེ་སློང་གཅིག་ཉིད་ཀྱིས་ཁམ་ཕོར་ཐ་མལ་པའི་ནང་དུ་ཟས་ཟ་བ་ཆོས་ཅན། སྣོད་ཀྱི་ཆ་ནས་ཉེས་པ་མི་འབྱུང་སྟེ། སྣོད་ཀྱི་ཆ་ནས་དགག་དགོས་གང་ཡང་མེད་པའི་ཕྱིར། དཔེར་ན་ཡོལ་གོར་དུ་ཟན་ཟ་བཞིན་ནོ། །འོ་ན་མདོར་བསྡུས་ཀྱི་བཅས་པ་ལས་འདས་པ་ན་ཅིར་འགྱུར་ཞེ་ན། བྱང་བརྩོན་ན་རེ། འདུལ་བ་མདོར་བསྡུས་ཀྱི་ལྟུང་བ་ཐམས་ཅད་ཉེས་བྱས་ཡིན་ཅེས་ཟེར་རོ། །དེ་ནི། ཊཱི་ཀ་ལས། འདུལ་བ་མདོར་བསྡུས་ལ་ཉེས་བྱས་སུ་གསུངས་པའི་ཕྱིར། ཞེས་དང་། རྣམ་འབྱེད་འགྲེལ་པ་ལས་ཀྱང་། འདུལ་བ་མདོར་བསྡུས་པ་ལ་འདྲ་བའི་ཕྱིར་ཉེས་བྱས་སུ་བལྟ་བར་བྱའོ། །ཞེས་པ་དང་། ཞུ་འགྲེལ་ལས་ཀྱང་ཉེས་བྱས་སུ་བརྗོད་དོ་ཞེས་བྱ་བ་ནི། འདུལ་བ་མདོར་བསྡུས་པ་ལས་མ་བརྟགས་པ་ཉིད་མིན་པར་གསུངས་པའི་ཕྱིར་ཞེས་པ་བརྟེན་པར་འོངས་ཏེ། འོན་ཀྱང་ཉེས་བྱས་སུ་གསུངས་པ་མཚོན་པ་ཙམ་དུ་ཟད་དེ། བམ་པོ་ལྔ་བཅུ་པ་ལས། མི་རུང་བ་དང་མཐུན་ལ། རུང་བ་དང་འགལ་བ་དེ་དག་གར་བསྡུ་ཞེ་ན། དེ་དག་རུང་བ་མ་ཡིན་པར་བསྡུ་སྟེ། དགེ་སློང་གིས་དེ་དག་བསྟེན་ཅིང་སྤྱད་དུ་མི་རུང་སྟེ། དེ་དག་བསྟེན་ཅིང་སྤྱད་ན་གཞི་ཅི་ལྟ་བ་ལས་ལྟུང་བ་སྡེ་ལྔའི་ཁ་ན་མ་ཐོ་བར་


K8Z004_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། ཞེས་སོ། །བརྒྱད་པ་སྔར་བཅས་རྗེས་བཅས་གང་ཡིན་བརྟག་པ་ནི། བླ་མ་དག་དངོས་བཅས་དང་། རང་རང་གི་མདོར་བསྡུས་གཉིས་དུས་མཉམ་དུ་བཅས་པ་སྔར་བཅས་ཡིན་ལ། དངོས་བཅས་མཛད་པ་ན་མདོར་བསྡུས་མ་བཅས་ཤིང་། སངས་རྒྱས་མྱ་ངན་ལས་འདས་ཁའི་ཚེ་ན་མདོར་བསྡུས་གསར་དུ་བཅས་པ་ནི་རྗེས་བཅས་ཡིན་ནོ་ཞེས་འཆད་དོ། །འདི་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། མགུར་གུ་རི་བ་ན་རེ། འདུལ་བ་མདོར་བསྡུས་ཐམས་ཅད་སྔར་བཅས་ཡིན་ཏེ། སྡིག་ཅན་དགོན་བབས་སྤྲ་མོ་ལ་ལོག་པར་ཞུགས་པའི་ཚེ་ན་མདོར་བསྡུས་ཀྱི་ཕམ་པ་བྱུང་བའི་ཕྱིར་མདོར་བསྡུས་ཀྱི་བཅས་པ་མཛད་ཟིན་པར་གྲུབ་བོ། །དེའང་སྡིག་ཅན་དགོན་པ་བའི་ཕམ་པ་གསལ་ཀ་མ་བཏོད་པའི་ཕམ་པ་དེ་ནི་མདོར་བསྡུས་ཀྱི་ཕམ་པ་ཡིན་ཏེ་ཕམ་པ་ནི་ཡིན་ལ། བྱེ་བྲག་གསལ་ཀ་མ་བཏོད་པ་ཡིན་པའི་ཕྱིར་ཏེ། སྡིག་ཅན་དགོན་པ་པས་སྒྲ་མོ་ལ་ལོག་པར་ཞུགས་དུས་དེའི་ཚེ་ན་དུད་འགྲོ་ལ་གསལ་ཀ་མ་བཏོད་ཅིང་། དེས་སྤྲ་མོ་ལ་ཞུགས་པའི་གླེང་གཞི་དེ་ལ་བརྟེན་ནས་དུས་ཕྱིས་དུད་འགྲོ་ལ་གསལ་ཀ་བཏོད་དེ། ལུང་ལས། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཕམ་པར་འགྱུར་ཞེས་གསུངས་པའི་ཕྱིར། ཞེས་ཟེར་རོ། །དེ་ནི་མི་འཐད་དེ། མདོར་བསྡུས་སྔར་བཅས་ཡིན་ན། ལུང་ཕྲན་ཚེགས་ལས། བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་འདུལ་བ་རྒྱས་པར་བསྟན་ན་མདོར་བསྡུས་ཏེ་མ་བསྟན་པས་ཞེས་གསུངས་པ་དང་འགལ་ལོ། །སྡིག་ཅན་དགོན་པ་པའི་ཕམ་པ་དེ་མདོར་བསྡུས་ཀྱི་ཕམ་པ་ཡིན་ཅེས་ཟེར་


K8Z004_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ཡང་མི་འཐད་དེ། ཕམ་པ་དེ་ནི་དངོས་བཅས་ལས་འདས་པའི་ཕམ་པ་ཡིན་གྱི། མདོར་བསྡུས་ཀྱི་ཕམ་པ་མ་ཡིན་ཏེ། སྔར་བཟང་བྱིན་ལ་བརྟེན་ནས་མི་ཚངས་པར་སྤྱོད་པ་གསལ་ཀ་བཏོད་དེ་བཀག་ཟིན་བའི་ནང་དུ་འདུས་པའི་ཕྱིར་རོ། །སྡིག་ཅན་དགོན་པ་བས་སྤྲ་མོ་ལ་ལོག་པར་ཞུགས་པའི་ཕམ་པ་ཆོས་ཅན། དེ་གསལ་ཀ་བཏོད་པའི་ཕམ་པ་ཡིན་ཏེ། སྔར་བཟང་བྱིན་པ་བརྟན་ནས་མི་ཚངས་པར་སྤྱོད་ན་ཕམ་པར་འགྱུར་རོ་ཞེས་དངོས་སུ་གསུངས་པའི་ཕྱིར་རོ། །འོ་ན་དགེ་ཚུལ་གྱི་གསོ་སྦྱོང་ཆོས་ཅན། གསལ་ཀ་བཏོད་པའི་གསོ་སྦྱོང་ཡིན་པར་ཐལ། གསོ་སྦྱོང་བྱའོ་ཞེས་དངོས་སུ་གསུངས་པའི་ཕྱིར་ཞེ་ན། དེ་སྐད་དངོས་སུ་གསུངས་ཀྱང་དགེ་ཚུལ་གྱིས་གསོ་སྦྱོང་བྱའོ་ཞེས་གསལ་ཀ་མ་བཏོད་པའོ་ཞེས་བརྗོད་དོ། །འོ་ན་མི་ཚངས་པར་སྤྱོད་ན་ཕམ་པར་འགྱུར་རོ་ཞེས་དངོས་སུ་གསུངས་ཀྱང་དུད་འགྲོ་ལ་མི་ཚངས་པར་སྤྱོད་ན་ཕམ་པར་འགྱུར་ཞེས་གསལ་ཀ་མ་བཏོད་པའོ་ཞེས་མགོ་མཚུངས་ཞེས་རྒོལ་ན། དེའི་ལན་ནི་ངོ་བོའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །གཉིས་པ་རང་ལུགས་བཞག་པ་ནི། འདུལ་བ་མདོར་བསྡུས་ཐམས་ཅད་རྗེས་བཅས་ཡིན་ཏེ། དངོས་བཅས་རྣམས་མཛད་ཟིན་པའི་རྗེས་སུ་མྱ་ངན་ལས་འདའ་ཀའི་ཚེ་ཞལ་ཐེམས་ཀྱི་ཚུལ་དུ་བཅས་པའི་ཕྱིར་ཏེ་སྔར་དྲངས་པའི་ལུང་དེས་གྲུབ་བོ། །གསུམ་པ་རྩོད་པ་སྤང་བ་ནི། ཤམ་ན་རེ། རྒྱུ་ཚོགས་དང་བཅས་པའི་མདོར་བསྡུས་རྗེས་བཅས་ཡིན་ཀྱང་ཡན་ལག་མདོར་བསྡུས་སྔར་བཅས་ཡིན་ཏེ། དེ་ལྟར་མ་ཡིན་ན་སྐྱོན་ཡོད་དེ། དངོས་བཅས་མཛད་ནས་མདོར་བསྡུས་མ་གསུངས་པའི་བར་སྐབས་དེར་ལྟུང་བ་འདི་ཡན་ལག་གཞན་ཚང་གི་དབང་དུ་བྱ་སྟེ། འཆར་ཀ་ལྟ་བུ་དགེ་སློང་གཅིག་གིས་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་


K8Z004_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབེན་པར་འདུག་འགྲེང་བྱས་པ་ལ་དབེན་པར་འདུག་འགྲེང་གི་ལྟུང་བྱེད་རྫོགས་པར་བསྐྱེད་དམ་མི་བསྐྱེད་བརྟག ། བསྐྱེད་ན་ནི་དགེ་སློང་གིས་བུད་མེད་རྫུ་འཕྲུལ་ཅན་དང་། དབེན་པར་འདུག་འགྲེང་བྱས་པ་ཆོས་ཅན། དགག་བྱ་མ་རྫོགས་པ་ལ་བཅས་པ་རྫོགས་པར་ཐལ། བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་དང་། དབེན་པར་འདུག་འགྲེང་བྱས་པ་ལ་ཆགས་པའི་རྒྱུར་འགྱུར་གྱི། དགག་བྱ་མ་རྫོགས་ཀྱང་ལྟུང་བྱེད་རྫོགས་པར་བསྐྱེད་པའི་ཕྱིར་ཞེས་པའི་སྐྱོན་ཡོད་ལ། ལྟུང་བྱེད་མི་བསྐྱེད་ན་ཡན་ལག་ཚང་ཡང་མི་བསྐྱེད་དམ། མ་ཚང་ནས་མི་བསྐྱེད་། སྔ་མ་ལྟར་ན་ཆོས་ཅན་སྔར་བཞིན། དབེན་པར་འདུག་འགྲེང་གི་ལྟུང་བྱེད་མི་སྲིད་པར་ཐལ། རང་གི་ཡན་ལག་མ་ཚང་ན་དབེན་པར་འདུག་འགྲེང་གི་ལྟུང་བྱེད་མི་བསྐྱེད་ཅིང་། ཡན་ལག་ཚང་ཡང་དབེན་པར་འདུག་འགྲེང་གི་ལྟུང་བྱེད་མི་བསྐྱེད་པའི་ཕྱིར་ཏེ། རྟགས་ཟུར་ཕྱི་མ་ཁས་བླངས་སོ། །ཕྱི་མ་ལྟར་ན་ཡན་ལག་གང་མ་ཚང་། ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དགོས་པ་ལ་དེ་མ་ཚང་ངོ་ཞེ་ན། དབེན་པར་འདུག་འགྲེང་གི་ལྟུང་བྱེད་མི་བསྐྱེད་པ་ལ་ཡུལ་བུད་མེད་ཀྱི་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཡན་ལག་ཏུ་དགོས་པ་ནི་དངོས་སུ་མ་གསུངས་ལ། དེའི་ཚེ་ཁྱེད་ལྟར་ན་ཡན་ལག་མདོར་བསྡུས་སྦྱར་དུ་མེད། དེའི་ཚེ་ན་ཁྱེད་ལྟར་ན་ཡན་ལག་མདོར་བསྡུས་མ་བཅས་པའི་ཕྱིར་ཞེ་ན། དེ་ནི་སྐྱོན་མེད་དེ། སྔར་གཞིར་བཞག་པ་དེ་ལ་དབེན་པར་འདུག་འགྲེང་གི་ལྟུང་བྱེད་འདི་གཉིས་ཀྱི་ཡན་ལག་མ་ཚང་བ་ཅུང་ཟད་ཀྱང་མེད་པས་དབེན་པར་འདུག་འགྲེང་གི་ལྟུང་བྱེད་རྫོགས་པར་བསྐྱེད་དོ་ཞེས་བརྗོད་དོ། །ཁྱོད་ཀྱི་སྔར་གྱི་ཐལ་འགྱུར་དེ་ལ་བརྟགས་ཏེ། བཅས་པ་རྣམ་འཇོག་གི་དགག་བྱ་མ་རྫོགས་པ་ལ་བཅས་པ་


K8Z004_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་ཐལ་ཟེར་རམ། བྱ་བ་དེ་འབྲེལ་གྱི་དགག་བྱ་མ་རྫོགས་པ་ལ་བཅས་པ་རྫོགས་པར་ཐལ་ཟེར། དེ་གཉིས་གང་ལྟར་ཡང་མི་རུང་སྟེ། བཅས་པ་རྣམ་འཇོག་གི་དགག་བྱ་མ་རྫོགས་པ་ལ་བྱ་བ་དེ་འབྲེལ་གྱི་དགག་བྱ་རྫོགས་པར་སྲིད་པའི་ཕྱིར་དང་། དེ་འབྲེལ་གྱི་དགག་བྱ་གཏན་ནས་མེད་ཀྱང་བཅས་པ་རྫོགས་པ་སྲིད་དེ། དགེ་སློང་གིས་དགེ་སློང་ལ་རྩྭ་ཉག་མ་གཅིག་གིས་བརྡེགས་ན་ལུས་སྲོག་ལ་གནོད་པའི་དགག་བྱ་མ་རྫོགས་ཀྱང་ལྟུང་བྱེད་རྫོགས་པར་བསྐྱེད་པ་དང་། སྐྱོན་ནས་སྨྲས་ན་མི་དགའ་བའི་བསམ་པ་གཏན་ནས་མ་སྐྱེས་ཀྱང་ལྟུང་བྱེད་བསྐྱེད་པ་བཞིན་ནོ། །རྩོད་སྤང་གི་རྣམ་གྲངས་གཞན་ཡང་དངོས་བཅས་མཛད་ནས་མདོར་བསྡུས་མ་གསུངས་པའི་བར་སྐབས་དེར་བཅས་ལྡན་དགེ་སློང་གིས་ས་རྐོ་ན་ལྟུང་བྱེད་བསྐྱེད་པ་ལྟར་དགག་བྱ་དང་ལྡན་པའི་བྱེ་མ་བརྐོས་ན་ལྟུང་བ་བསྐྱེད་པའི་བཅས་པ་ཡོད་དམ་མེད་ཅེས་འདྲི་ཞིང་། དང་པོ་ལྟར་ན་བྱེ་མ་བརྐོ་བ་ལ་དངོས་བཅས་མེད་ཅིང་། དེའི་ཚེ་ན་མདོར་བསྡུས་ཀྱི་བཅས་པ་མཛད་མ་ཟིན་པ་དང་འགལ། གཉིས་པ་ལྟར་ན་བཅས་ལྡན་དགེ་སློང་གིས་དགག་བྱ་དང་ལྡན་པའི་བྱེ་མ་རྐོ་བ་དེ་ཆོས་ཅན། དགག་བྱ་ཡོད་ཀྱང་བཅས་པ་མེད་པར་ཐལ། དགག་བྱ་དང་ལྡན་པའི་བྱེ་མ་བརྐོས་ཀྱང་ལྟུང་བར་མ་བཅས་པའི་ཕྱིར་ཞེས་བརྗོད་པ་ན། ཕ་རོལ་པོ་ན་རེ། བཅས་པ་རྣམ་འཇོག་གི་དགག་བྱ་ཡོད་ཀྱང་བཅས་པ་མེད་པར་ཐལ་ཟེར་རམ། བྱ་བ་དེ་འབྲེལ་གྱི་དགག་བྱ་ཡོད་ཀྱང་བཅས་པ་མེད་པར་ཐལ་ཟེར། དང་པོ་ལྟར་ན་ཁྱབ་པ་མ་གྲུབ་ཅིང་། གཉིས་པ་ལྟར་ན་འདོད་པ་ཡིན་ཏེ། ལས་དང་པོ་པ་དགག་བྱ་དང་ལྡན་པའི་བྱ་བ་བྱེད་པ་བཞིན་ནོ་ཞེས་ཟེར་ན། འོ་ན་སྔར་གྱི་ཐལ་འགྱུར་དེ་ལ་ཡང་བརྟག་སྟེ། བཅས་པ་རྣམ་


K8Z004_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་གི་དགག་བྱ་མ་རྫོགས་ལ་བཅས་པ་རྫོགས་པར་ཐལ་ཟེར་རམ། བྱ་བ་དེ་འབྲེལ་གྱི་དགག་བྱ་མ་རྫོགས་པར་བཅས་པ་རྫོགས་པར་ཐལ་ཅེས་སྔར་བཞིན་བརྟགས་པ་མཚུངས་པས་ཀྱང་ལན་གདབ་བོ། །རྩོད་པ་གཞན་ཡང་བར་སྐབས་དེར་ཕམ་པ་དང་པོ་མ་གཏོགས་པའི་ལྟུང་བ་རྫོགས་པར་བསྐྱེད་པ་ལ་བསླབ་པའི་ཡན་ལག་མི་དགོས་པར་ཐལ། བསླབ་པའི་ཡན་ལག་གསལ་ཀ་བཏོད་དེ་མ་གསུངས་ཤིང་། ཡན་ལག་མདོར་བསྡུས་སྔར་བཅས་མ་ཡིན་པའི་ཕྱིར་ཞེ་ན། གསལ་ཀ་བཏོད་དེ་མ་གསུངས་པའི་རྟགས་མ་གྲུབ་སྟེ། སོ་སོར་ཐར་པ་ལས། དགེ་སློང་གང་ཞེས་དགེ་སློང་གང་ཞེས་དགེ་སློང་གི་ལྟུང་བ་སྡེ་ལྔ་ལ་སྤྱིར་གསུངས་པའི་ཕྱིར། དེ་ལ་ཅིར་གསུངས་པ་ཅིས་ཤེས་ན། རྣམ་འབྱེད་འགྲེལ་པ་ལས། ཡང་ཞེས་བྱ་བ་ནི་སྦྱིར་བཏང་བའི་དོན་ནོ། །ཞེས་སོ། །ཡང་ཞེས་ལུང་ལས་གསུངས་པ་དེའི་དོན་བཤད་པས་གྲུབ་བོ། །མ་བྱིན་ལེན་ལ་སོགས་པའི་སྐབས་ཀྱི། ལུང་རྣམ་འབྱེད་ལས་ཀྱང་། ཡང་དགེ་སློང་གང་ཞེས་བྱ་བ་ནི། དོན་འདིར་གསོལ་བ་དང་བཞིའི་ལས་མི་གཡོ་བ་བཞག་པར་མི་འོས་པ་བསྙེན་པར་རྫོགས་པ་གང་ཡིན་པ་དེ་དགེ་སློང་དུ་དགོངས་ཏེ། ཞེས་གསུངས་པ་དང་། ཞུ་བ་ཉུང་ཤོས་ལས་ཀྱང་། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོར་འཁྲུགས་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ནི་ཉེས་བྱས་སུ་འགྱུར་རོ་ཞེས་ཕམ་པ་དང་། ལྷག་མ་ལ་སོགས་པ་རྣམས་ཀྱི་སྐབས་སུ་བསླབ་པའི་ཡན་ལག་མ་ཚང་ན་རང་རང་གི་ལྟུང་བ་མི་རྫོགས་པར་དངོས་སུ་གསུངས་སོ། །གཉིས་པ་ནི། མི་རུང་བ་ཉིད་དུ་སངས་རྒྱས་ཀྱིས་དངོས་སུ་གསུངས་པ་རྣམས་དང་སྟེ་དགག་བྱའི་རིགས་སོ། །དེ་དང་མཐུན་ལ་རུང་བ་དང་འགལ་བ་ནི་ཉལ་
བ་དང་འགྲོ་བས་བཤང་གཅི་མི་བྱ་བ་ཉིད་དང་། ཉལ་བ་དང་འགྲོ་བས་ཟས་བཟའ་བར་བྱ་བ་ཉིད་ལ་སོགས་པ་རྣམས་ནི་སངས་རྒྱས་ཀྱིས་དངོས་སུ་མ་གསུངས་ཀྱང་རུང་བ་མ་ཡིན་པར་བསྡུས་སོ། །ཕྱི་མ་རུང་བ་དང་མཐུན་ལ། སྔ་མ་མི་རུང་བ་དང་འགལ་བ་ཚ་དང་བསྲེས་པའི་རྒུན་ཆུ་བཏུང་བར་བྱ་བ་ཉིད་དང་། ཁམ་ཕོར་དུ་ཟས་བཟའ་བར་བྱ་བ་ལ་སོགས་པ་རྣམས་ནི་སངས་རྒྱས་ཀྱིས་དངོས་སུ་མ་གསུངས་ཀྱང་རུང་བར་བསྡུའོོ། །གནས་མལ་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། གནས་མལ་གྱི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།དཔལ་ལྡན་ནཱ་རོའི་བརྒྱུད་པ་ལ། །ལེགས་པར་འཁྲུངས་པ་དྭགས་པོའི་བརྒྱུད། །ཀརྨ་ཀམ་ཚང་གིས་བཟུང་སྲོལ། །དབྱངས་ཅན་གསར་མས་ཕྱེ་བར་འདོད། །ཕྲིན་ལས་དབང་བོའི་ཞབས་ལ་གཏུག ། གཙུག་ལག་ཐོས་པ་ཅི་མང་བྱས། །ཟབ་མོའི་དོན་ལ་མྱོང་བ་ཐོབ། །འཁྲུལ་བ་མེད་པར་བཤད་པ་ཡིན། །འདུལ་བའི་མདོ་རྫོགས་སོ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། གཞི་བཅུ་བདུན་གྱི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousའདུལ་བའི་མདོ་བམ་པོ་དགུ་པ། རྩོད་པའི་གཞི།next