Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

2 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
 
  
  
  
  
 
རྟ་མགྲིན་དམར་པོའི་མངོན་རྟོགས་རྒྱས་པ།
  
  
  
  
  
  
  
  
  
  
  
  


2 occurrences of བྱམས་པ་གླིང་
[Clear Hits]

 
previousརྟ་མགྲིན་དམར་པོའི་མངོན་རྟོགས་རྒྱས་པ།next

རྟ་མགྲིན་དམར་པོའི་མངོན་རྟོགས་རྒྱས་པ།

རྟ་མགྲིན་དམར་པོའི་མངོན་རྟོགས་རྒྱས་པ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྙིང་རྗེའི་བདག་ཉིད་ཅན་ཡིན་ཀྱང་། །མ་ཏྲཾ་རུ་དྲའི་མ་རུངས་པར། ཁྲོས་ཏེ་ཚར་གཅོད་ཕྱིར་བསྟན་པ། །པདྨ་གར་དབང་དེ་ལ་འདུད།། འདིར་གྲུབ་པའི་རྒྱལ་མོའི་གཞུང་གི་རྗེས་སུ་འབྲངས་པ་རྟ་མགྲིན་གྱི་སྒྲུབ་ཐབས་རྒྱས་པ་ཞིག་བྲི་བར་བྱའོ། །དེ་ཡང་བདེ་བའི་སྟན་ལ་འདུག་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཐོབ་པར་ཤོག །རང་གི་སྙིང་གར་སྲཱིཿདམར་པོ་དེ་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་བླ་མ་རིགས་བདག་གི་རྣམ་པར་བཞུགས་པའི་རྟ་མགྲིན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། དཀོན་མཆོག་གསུམ་དངོས་བླ་མ་དང་། ཁྲོ་རྒྱལ་རྟ་མགྲིན་གཙོར་བཞུགས་པའི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པར། །རྣམ་པ་ཀུན་ཏུ་ཕྱག་འཚལ་ལོ། །བདག་ལུས་རྒྱལ་བ་མཉེས་བྱེད་པ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །རབ་འབྱམས་ནམ་མཁའི་ཁམས་ཁྱབ་པའི། །དངོས་པོ་ཀུན་གྱིས་མཆོད་པར་བགྱི། །སྡིག་པ་མ་ལུས་བཤགས་ལགས་ཤིང་། །བསོད་ནམས་ཀུན་ལ་ཡིད་དགའ་བས། །ཆོས་ཀྱི་རྔ་ཆེན་བརྡུང་བསྐུལ་ཏེ། །ནམ་མཁའ་ཇི་སྲིད་བཞུགས་པར་གསོལ། །ཡོན་གནས་དམ་པ་ཁྱེད་མཐུས་བདག ཁམས་གསུམ་མ་ལུས་དབང་བསྡུས་ཏེ། །སངས་རྒྱས་ཀུན་གྱི་དྲུང་ཕྱིན་ནས། །དམ་ཆོས་མ་ལུས་འཛིན་པར་ཤོག །ལན་གསུམ་གྱིས་ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སོགས་ཚངས་པའི་གནས་བཞི་བསྒོམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ཆེན་པོ་རྟ་མགྲིན་གྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་གྱི་རིམ་པ་ལ་འཇུག་པར་བྱའོ་སྙམ་པས་སྙིང་གའི་སྲཱིཿ ཡེ་ཤེས་ཀྱི་མེར་འབར་རྣམ་སྨིན་གྱི་ལུས་བསྲེགས་ནས་སྟོང་པ་ཉིད་དུ་གྱུར། ཨོཾ་སྭ་བྷཱ་ཝ་ཤུད་དྷཱཿསརྦདྷརྨཿ སྭ་བྷཱ་ཝ་ཤུད་དྷོ༔ཧཾ། སྟོང་པའི་ངང་ལས་སྔོན་གྱི་སྨོན་ལམ་གྱི་འཕེན་པས་རྒྱུ་བྱས་སྙིང་རྗེས་རྐྱེན་བྱས་ཏེ། སྐད་ཅིག་གིས་རིན་པོ་ཆེ་དམར་པོའི་ཁམས་ལས་གྲུབ་པའི་དཀྱིལ་འཁོར་ཟླ་གམ། མདུན་བཅད་ཁའི་ཕྱོགས་སུ་སྒོ་ཡོད་པ། ནང་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་པདྨ་དང་ཉི་མ་ལ། སྲཱིཿདམར་པོ་ལས་རྡོ་རྗེ་དབྱུག་ཐོ་དཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རྩ་བའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འགྱུར་བ་སྤྱན་གསུམ་པ་དབུ་སྐྲ་དང་སྨིན་མ་དང་སྨ་ར་སེར་པོ། སྟེང་དུ་རྟ་ཞལ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། ཕྱག་གཡས་རྡོ་རྗེའི་དབྱུག་ཐོ་ཕྱར་བས་བགེགས་དང་འབྱུང་པོ་མ་ལུས་པ་འཇོམས་ཤིང་། གཡོན་ཐུགས་ཀར་སྡིག་མཛུབ་མཛད་པའི་རྩེར་མེ་འབར་བས་གནོད་བྱེད་མ་ལུས་པ་བསྲེག་པ། མི་མགོ་སྐམ་པོ་ལྔའི་ཅོད་པན་དང་། རློན་པ་ཁྲག་འཛག་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་དང་། རུས་པའི་ཕྱག་རྒྱ་ལྔ་དང་། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཁྲག་གི་ཐིག་ལེ། ཞག་གི་ཟོར་རིས། ཐལ་ཆེན་གྱི་ཚོམ་བུ། གླང་པོ་ཆེའི་ཀོ་བ་དང་མིའི་པགས་པས་སྟོད་གཡོགས་པ། སྟག་ལྤགས་རློན་པས་སྨད་དཀྲིས་པ། ཅིས་ཀྱང་མི་ཚུགས་པ་རྡོ་རྗེའི་རང་བཞིན། གཤིན་རྗེའི་གཟུགས་ལྟ་བུའི་སྐུ་ལས་བསྐལ་པའི་མེའི་ཕུང་པོ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་དམར་འུར་འུར་འཕྲོ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བདུད་བཞི་བརྫིས་ཏེ་པདྨ་དང་ཉི་མ་ལ་བཞུགས་པ། སྲིད་པ་གསུམ་ཟིལ་གྱིས་གནོན་པ་ནམ་མཁའི་ཁམས་ཁྱབ་པ་ཞིག་ཏུ་གྱུར་བའི་དཔྲལ་བར་སྐུ་རྡོ་རྗེའི་རང་བཞིན་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་རང་བཞིན་ཨཱཿདམར་པོ། སྙིང་གར་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་སྔོན་པོ། སྙིང་ནང་དུ་དབྱུག་ཐོ་དཀར་པོ། སྲཱིཿ དམར་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་བསྒོམས་པ་ཇི་ལྟ་བའི་ཁྲོ་བོའི་རྒྱལ་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་མོས་ཏེ། སྲཱིཿ ལས་སྐྱེས་པའི་རྟ་མཆོག་སྐུ། །ཉི་མའི་འོད་མཚུངས་ཉོན་མོངས་བསྲེག །བདུད་བཞི་རྣམ་པར་འཇོམས་མཛད་པའི། །དཔའ་བོ་རྟ་མགྲིན་གཤེགས་སུ་གསོལ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བའི་རྒྱུན་གྱིས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ཕུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པར་མཛད་པས་དབང་བསྐུར། ལུས་གང་དྲི་མ་དག ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལ་རང་རིགས་ཀྱི་བདག་པོ་སྤྲུལ་པ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དྲི་ཞིམ་གཙང་དང་ཡིད་འཕྲོག་པའི། །མཆོད་ཡོན་ཆེ་དང་ཞལ་བསིལ་དང་། །ཞབས་བཀྲུ་ཐོར་འཐུང་སོ་རྩིའི་རྫས། །མཆོད་པ་ཀུན་གྱི་དབྱིབས་སུ་འབུལ། །ཨོཾ་མ་ཧཱ་ཨརྒྷཾ་ཨཉྩྨ་མཱ་ནཱཾ། པཱདྱཾ། པྲོཀྵཎཾ། ཏཾ་བུ་ལེ་པྲ་ཏཱི་ཙྪ་སྭཱ་ཧཱ། ལྷ་རྫས་མེ་ཏོག་སྤོས་ཀྱི་མཆོག །སྣང་གསལ་བྱུག་པ་ཞལ་ཟས་དང་། །སྙན་པའི་རོལ་མོ་རྣམས་ཀྱི་སྤྲིན། །ནམ་མཁའི་མཛོད་ལས་ཕྱུང་སྟེ་འབུལ། །ཨོཾ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤ་པྟ་པྲ་ཏཱི་ཙྪ་སྭཱ་ཧཱ། དགའ་བ་བསམ་ཡས་བསྐྱེད་པ་ཡི། །དཀྱིལ་འཁོར་ཀུན་གྱི་རྩེད་འཇོ་མཁན། །གཟུགས་སྒྲ་དྲི་རོ་རེག་བྱ་མ། །འདོད་པའི་དཔྱིད་ཀྱིས་མཆོད་པར་བགྱི། །ཨོཾ་རཱུ་པ། ཤཔྟ། གནྡྷེ། རཱ་ས། སྤརྴེ་པྲ་ཏཱི་ཙྪ་སྭཱ་ཧཱ། སྒྲོན་མ་ལྔ་དང་བདུད་རྩི་ལྔ། །མྱོས་བྱེད་རྣམ་པ་མང་པོའི་རིགས། །མིང་མེད་མཐེ་བོང་རྩེ་སྦྱར་ནས། །དངོས་གྲུབ་འདོད་པས་འབུལ་བར་བྱ། །ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པྲ་ཏཱི་ཙྪ་སྭཱ་ཧཱ། རྣམ་བཅས་རྣམ་པ་མེད་པ་ཞེས། །གཉིས་མེད་གཉིས་སུ་བྱར་མེད་པ། །ཤེས་རབ་ཕ་རོལ་ཕྱིན་ཡུམ་ལ། །མཉམ་པར་སྦྱོར་བའི་མཆོད་པ་བགྱི། །ཞེས་མཆོད་པ་བཞི་ཕུལ་ནས། །དྲིལ་བུ་དང་བཅས་ཏེ། སྲཱིཿ རང་བཞིན་མི་འགྱུར་གདངས་ལ་ཀུན་ཏུ་གཟུགས། །སྙིང་རྗེ་སྦྱར་བས་དབང་གི་དཀྱིལ་འཁོར་ཆེར། །སྲཱིཿདམར་རྡོ་རྗེ་དབྱུག་ཐོར་ལངས་ནས་ཀྱང་། །ལྷང་བྲལ་མཚལ་གྱི་ཁུ་བའི་མདོག་འཛིན་སྐུ། །སྦོམ་ཐུང་གསུས་པ་འཕྱང་ཞིང་ལྷུ་རགས་གེལ། །ཞལ་གདངས་མཆེ་གཙིགས་ལྗགས་དྲིལ་སྤྱན་གསུམ་དམར། །སྨིན་མ་ཨག་ཚོམས་སྐྲ་སེར་འཁྱིལ་ཞིང་བརྗིད། །འཚོགས་མར་རྟ་ཞལ་ལྗང་ཞུར་སྐད་འཚེར་བ། །མུ་ཏིག་ཕུང་པོ་དང་མཚུངས་ཐོད་པའི་རྩེ། །གསེར་གྱི་པ་ཏྲ་མཛེས་ལྔའི་ཅོད་པན་དང་། ཁྲག་འཛག་མི་མགོ་དྲེགས་པའི་སྙིང་སྤེལ་ནས། །ཨནྡྲར་རྒྱུས་པའི་ག་ཤ་རིང་པོ་འཕྱང་། །སྟོབས་ལྡན་ཀླུ་བརྒྱད་ཀྱིས་བརྒྱན་ཕྱག་རྒྱས་མཛེས། །སྟོད་གོས་གླང་ཀོ་སྐེད་དཀྲིས་ན་རའི་ཞིང་། །ཤམ་ཐབས་བྱཱ་གྷྲའི་པགས་རློན་ལྷབ་ལྷུབ་སྟེ། །ཕྱག་གཡས་རྡོ་རྗེའི་དབྱུག་ཐོ་རྡེག་གཟས་ཤིང་། །གཡོན་པ་ཐུགས་ཀར་སྡིགས་མཛུབ་རྩེ་ལ་མེ། །བདུད་ཀྱི་སྙིང་གར་གཡོན་རོལ་གྱི་འགྱིང་བག །སྒེག་པ་འཇིགས་རུང་དྲག་ཤུལ་ཞུད་ལ་རྔམ། །ཀུན་ཏུ་འོད་འཕྲོ་བསྐལ་པའི་མེ་དཔུང་ལྟའི། ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བདག་བསྟོད་ཀྱི། །སྲིད་གསུམ་ཟིལ་མནན་ཁམས་གསུམ་དབང་བསྡུས་ཏེ། །བདུད་སྡེ་འཇོམས་པའི་དཔའ་བོ་སངས་རྒྱས་སུ། །མྱུར་བར་འགྱུར་བའི་དངོས་གྲུབ་སྩལ་དུ་གསོལ། །སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྲཱིཿདམར་པོ། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄་ཅེས་བསྐོར་བ་དམར་པོ། །རྩ་བའི་བསྙེན་པ་བཟླས། དེ་དུས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བྱིན་རླབས་བསྡུས་བདག་གི་སྒོ་གསུམ་ཡོན་ཏན་བྱ་བ་དང་གཉིས་སུ་མེད་པར་གྱུར་པས་གཟི་བརྗིད་ནུས་པ་ཐམས་ཅད་འབར་བར་བསམ། འབྲུ་འབུམ་ཐོངས་ནས། ལུས་སྦྱོར་ལ། དེ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པའི་རྣམ་པ་དཔག་ཏུ་མེད་པ་འཕྲོས། ལྷ་འདྲེ་མི་གསུམ་ཟས་ནོར་གོས་གསུམ་སོགས་གང་འདོད་པར་ལྕགས་ཀྱུས་བཏབ། ཞགས་པས་བཅིངས་ནས་བདག་གི་མདུན་དུ་བཀུག བདག་གི་དབང་དུ་འདུས་པར་བསམ་མོ།། ཐུན་མཚམས་སུ་གཏོར་མ་ལ་ལག་པ་གཡས་པའི་སྙིམ་པ་བཀབ། ཨོཾ་མ་དག་པ་སྦྱངས། གཡོན་པ་བཀབ། ཨཱཿམང་པོར་སྤེལ། གཉིས་ཀ་བཀབ། ཧཱུྃ་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན་དུ་སྦར། ནམ་མཁའ་ལྡིང་གི་ཕྱག་རྒྱ་བཅིངས། ཧོཿཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་བསམ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་ལན་བདུན་བརྗོད། རང་གི་ཐུགས་ཀ་ནས་འོད་འཕྲོས། དེས་བཅོམ་ལྡན་འདས་དཔལ་རྟ་མགྲིན་ལ་བླ་མ་ཡི་དམ་སངས་རྒྱས་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད་ཀྱིས་བསྐོར་བ་སྤྱན་དྲངས་སྙིང་པོའི་མཐར་ས་པ་རི་ཝཱ་ར་བཏགས་ལ་འབུལ། ཅི་འདོད་པའི་དོན་གསོལ་བ་གདབ།། དགེ་བ་འདི་ཡིས་མྱུར་དུ་བདག །ཁྲོ་རྒྱལ་རྟ་མགྲིན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འཁོད་པར་ཤོག། ཅེས་སྨོན་ལམ་བཏབ་བོ། །འདི་ནི་གསལ་རྗེ་བླ་མ་སྐལ་བཟང་དབང་པོས་གསོལ་བ་བཏབ་པའི་ངོར་དགེ་སློང་པདྨ་དཀར་པོས་previous hit བྱམས་ཆེན་པོའི་ཆོས་གླིང ་དུ་སྦྱར་བའོ།། །།


previousརྟ་མགྲིན་དམར་པོའི་མངོན་རྟོགས་རྒྱས་པ།next