Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།

33 occurrences of དགོངས་པ་
[Clear Hits]


 
 
  
  
 
  
  
  
 
  
  
 
collapse section
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་བཤགས་སྦྱོང་ཟབ་མོ་བག་ཆགས་རང་གྲོལ།
 
  
 
 
  
  
 
 
 
 


33 occurrences of དགོངས་པ་
[Clear Hits]

 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་བཤགས་སྦྱོང་ཟབ་མོ་བག་ཆགས་རང་གྲོལ།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་བཤགས་སྦྱོང་ཟབ་མོ་བག་ཆགས་རང་གྲོལ།

༄། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔ བཤགས་སྦྱོང་ཟབ་མོ་བག་ཆགས་རང་གྲོལ་བཞུགས་སོ༔

ན་མོ་མ་ཧཱ་གུ་རུ་པདྨ་བཛྲ་ཡེ༔ གྲངས་མེད་བསྐལ་བར་བསགས་པའི་སྒྲིབ་པའི་ཚོགས༔ ཤེལ་བུམ་ཆུ་ཡིས་བཀྲུས་བཞིན་དག་པའི་ཐབས༔ པདྨ་འབྱུང་གནས་བརྩེ་བས་འགྲོ་ལ་གདམས༔ ཉམས་སུ་ལོངས་ཤིག་ཕྱི་རབས་དད་ལྡན་རྣམས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་མཆོད་པའི་ཚོགས་རྒྱས་པར་བཤམས༔ ཚོགས་ཞིང་གསལ་བཏབ༔ དད་མོས་རྩེ་གཅིག་ཏུ་བསྒྲིལ༔ སྙིང་ནས་འགྱོད་ཅིང་བཤགས་པའི་བློས༔ འདི་ལྟར་གསོལ་བ་གདབ་པར་བྱའོ༔

ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་པས༔ འཛམ་གླིང་བོད་ཀྱི་སེམས་ཅན་དོན་ལ་དགོངས༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ གཞི་ཡི་རྟོག་མེད་འཐིབ་པོའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ནས་མ་སྟོངས་པར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཆོས་བཞིན་སྤྱོད་པ་ཡོངས་ཀྱི་གཉེན་གཅིག་པོ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་པདྨ་རྒྱལ་པོའི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ ཀུན་རྟོག་ལས་རླུང་གཡོ་བའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་དོན་ལ་དགོངས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་བློ་ལྡན་མཆོག་སྲེད་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ གཞི་སྣང་གཉིས་སུ་འཛིན་པའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་འགྲོ་བའི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔ ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་འབྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་ཉི་མ་འོད་ཟེར་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ གཞན་སེམས་སླུས་འདོད་ལོག་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་འཆོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད༔ དེ་འདྲའི་དུས་ན་ཨོ་རྒྱན་ཐུགས་རྗེས་བསྐྱེད༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་ཤཱཀྱ་སེངྒེའི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ འཁོར་འདས་སྡེ་གཉིས་གྱེས་པའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནག་ཕྱོགས་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ དམག་དཔུང་ཧུར་ཐུམ་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་དམར་ནག་མེ་ཕྲེང་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ ཞེ་སྡང་འཁྲུལ་བས་བསྐྱེད་པའི་སྡིག་སྒྲིབ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ནས༔ མི་བཟོད་སྡུག་བསྔལ་ཆེན་པོས་ནོན་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་སྨན་གྱི་བླ་མའི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ ལུས་སྲོག་གཅེས་འཛིན་པར་འཛིན་པའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་གཟིར་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་དྲྭ་བ་སྡོམ་པའི་ལྷ་ཚོགས་ཀྱི༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ སེར་སྣ་འཇུག་ཀེག་དམ་པོའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཡི་དམ་ལྷ་ཡི་ཚོགས་དང་བཅས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་དཔལ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ གཏི་མུག་རྟག་འཛིན་ཨ་འཐས་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྦས་ཡུལ་ནགས་རོང་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་ཟིལ་གནོན་དྲག་རྩལ་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ འཁྲུལ་སྣང་བདེན་པར་ཞེན་པའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་སེངྒེ་སྒྲ་སྒྲོགས་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ འཕོ་བཅས་རྟོག་པས་འཁྱམ་པའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་པདྨ་བཛྲ་ལྷ་ཚོགས་ཀྱི༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ རྩ་རླུང་ཐིག་ལེའི་བག་ཆགས་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལམ་འཕྲང་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་previous hit ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས next hit་པར་ལྡན༔ ཙོ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་རྟ་མཆོག་རོལ་བའི་ལྷ་ཚོགས་ཀྱིས༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ ཚོགས་དྲུག་ཡུལ་ལ་ཞེན་པའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་དྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་རྡོ་རྗེ་གྲོ་ལོད་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ ཉོན་མོང་རང་ཁར་སྤྱད་པའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབ༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་བ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་སྤྱན་རས་གཟིགས་དབང་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ རླུང་སེམས་དབང་མེད་འཕོ་བའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་ཆེན་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་གྲོལ་སྟོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་སྣང་བ་མཐའ་ཡས་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ རྨི་ལམ་འཁྲུལ་བར་ཞེན་པའི་སྒྲིབ་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ འཁྲུལ་སྣང་སྡུག་བསྔལ་རྩད་ནས་གཞིག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་ཀུན་ཏུ་བཟང་པོའི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ དངོས་ཞེན་འཛིན་པ་དམ་པོའི་སྒྲི་པ་དག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བདག་སོགས་འགྲོ་བ་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ དད་གུས་མོས་པས་གདུང་བས་གསོལ་འདེབས་ན༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་བདེ་བ་ཆེན་པོའི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨྠྀི༔ ས་མ་ཡ༔ ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་བདུད་རྩིའི་རང་བཞིན་ཅན་བྱུང་༔ རང་གི་མ་དག་པའི་ཕུང་ཁམས་ལྦི་བ་ཆུར་ཞི་བ་ལྟར་དག༔ ཡང་དག་པའི་ལྟ་བའི་ཀློང་དུ་སྡིག་སྒྲིབ་བག་ཆགས་ཐམས་ཅད་མིང་མེད་གཞི་གྲོལ་ཆེན་པོར་སངས་ཀྱིས་སོང་བར་དམིགས་ལ༔ མཉམ་པར་འཇོག༔ དེས་ཐོག་མེད་བསགས་པའི་ལས་ཉོན་བག་ཆག་མ་ལུས་པ་དག་ཅིང་རྒྱལ་བ་སྐུ་གསུམ་གྱི་ཡེ་ཤེས་འཆར་བསླུ་བ་མེད་པའི་ཐ་ཚིག་གོ༔ རྡོ་རྗེ་ཚེ་དབང་ནོར་བུའི་གཏེར་སྐལ་ལོ༔


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་བཤགས་སྦྱོང་ཟབ་མོ་བག་ཆགས་རང་གྲོལ།next